འདུལ་འགྲེལ་འཐད་ལྡན་རྩོམ་མཁན་ལ་ཐོག་མར་དཔྱད་པ་ཕྱོགས་ལྷུང་ཆུ་བོ་གྱེན་ལྡོག

0
42

ནང་དོན་གནད་བསྡུས། འདུལ་བ་མདོ་རྩའི་འགྲེལ་པ་འཐད་ལྡན་ཞེས་པ་དེ་འདུལ་འཛིན་ཆེན་པོ་བརྩོན་འགྲུས་འབར་གཉིས་ལས་སུས་བརྩམས་པའི་སྐོར་ལ། སྒྲུབ་བྱེད་དུ་མ་བཀོད་ནས་གསལ་བཀྲོལ་བྱས་ཤིང་། མཁས་པ་སྔ་མ་མང་པོའི་ནོར་བ་དག་པར་སེལ་ཡོད། ཞར་ལ་བོད་ཀྱི་འདུལ་བའི་གཞུང་ཐོག་མ་དང་། འདུལ་བསྟན་འཕེལ་རིམ་ལའང་དཔྱད་ཞིབ་དང་གླེང་སློང་བགྱིས་ཡོད།

གནད་ཚིག །འཐད་ལྡན། ཊཱི་ཀ །མཐའ་བཞི་བརྩོན་འགྲུས་འབར། བྱ་འདུལ་འཛིན་བརྩོན་འགྲུས་འབར། སུས་བརྩམས་པ།

 གླེང་གཞི།

བོད་དུ་ཆོས་བརྒྱུད་དག་ལས་རྙིང་མའི་རྗེས་ལ་བཀའ་གདམས་སྔ་སྙམ་པ་ནི། ཡོངས་ཀྱི་བསམ་པའི་འཁྱེར་སོ་ཡིན་མོད། འདུལ་བ་འཛིན་པའི་ཆོས་བརྒྱུད་ནི། ཇོ་བོ་བོད་དུ་བྱོན་པའི་སྔོན་གྱི་དྲུག་ཅུ་སྐོར་དེའི་ནང་དུ་རྒྱ་ཆེར་དར་བ་འགོས་ཀྱི་བཞེད་པ་ལྟར་ཤེས་དགོས། འདུལ་བ་འཛིན་པ་ནི་ཆོས་བརྒྱུད་གཞན་ཞིག་ཏུ་མི་འོས་སོ་སྙམ་པ་སྲིད་མོད། ལེགས་པར་བརྟགས་ན། ཆོས་བརྒྱུད་གང་ལ་ཡང་མི་འདྲ་བའི་ཁྱད་པར་མང་དུ་ཡོད་ཀྱི། གྲུབ་མཐའ་ཐ་དད་པར་ནི་འཇོག་པར་དཀའ། འཕགས་ཡུལ་གྱི་དབུ་སེམས་མཁན་པོ་དེ་དག་གི་དོད་ཐུབ་ས་དགེ་སོགས་ཡིན་པའི་དབང་དུ་ན། སྡེ་བ་བཅོ་བརྒྱད་ནི་ངེས་པར་དེ་དག་གང་དུ་ཡང་མི་གཏོགས་པའི་འདུལ་བ་འཛིན་པའི་བརྒྱུད་པ་དེ་དག་ཡིན།

འདུལ་བ་འཛིན་པའི་ལོ་རྒྱུས་སྐབས་མཁས་པ་སོ་སོའི་ལོ་རྒྱུས་གསུང་ཚེ། སློབ་མ་ཚན་དང་ཚན་དུ་བགྲངས་པ་ན། ཡུལ་ཐ་དད་སྣ་ཚོགས་ཀྱིས་ཁྱད་པར་བྱེད་པ་ནི། སྐབས་དེར་ཡུལ་མང་པོ་ཞིག་ལ་བསྟན་པ་མིང་ཙམ་ཡང་མ་ལུས་ཏེ། དེ་དག་ལ་སླར་ཁྱབ་པར་བྱེད་པའི་སྐབས་ལ་ཁེལ་བས་ཡིན་པར་ངེས། དཔེར་ན། གཟུས་ལ་གཙང་གི་བུ་ཆེན་གཉིས། དབུས་ཀྱི་བུ་ཆེན་གཉིས་ཞེས་འདྲེན་པ་བཞིན་ནོ། །

༡ དཔེ་ལ་བསྟེན་ནས་ཆེ་ལོང་ཙམ་བཤད་པ།

ད་སྐབས་མཇལ་དུ་ཡོད་པ་ལ། འདུལ་འགྲེལ་ཀུན་གྱི་སྔ་བ་འདི་སུས་མཛད་སྙམ་ན། འབྲས་སྤུང་གནས་བཅུ་ལྷ་ཁང་ནས་བྱུང་བའི་དབུ་མེད་ལག་བྲིས་མ། ད་ལྟ་མཐོང་རྒྱུ་ཡོད་པའི་དཔེ་ཇི་སྙེད་བཞུགས་པ་ལས་སྔ་བར་ཐག་ཆོད་པ། ཡིག་གཟུགས་དང་དག་ཐོབ། འབྲི་ལུགས། སྡེབ་སྦྱོར་དང་ཚིག་སྡུད་གང་ལ་བལྟས་ཀྱང་སྔ་བར་ངེས་པ་དེ་ལས། 《བྱ་འདུལ་བ་འཛིན་པ་ཆེན་པོས་མཛད་པའི་འདུལ་ཊིག་འཐད་ལྡན་ཅེས་བྱ་བ་བཞུགས། 》ཞེས་འཁོད་ཅིང་། གོང་དུ་འབྲས་སྤུང་གི་དཔེ་རྙིང་སྤྱི་ལུགས་ལྟར། ཕྱི། ཕ། ༤རྣམས་སྟེང་འོག་ཏུ་བྲིས་ནས་འདུག་ལ། ཐོག་མར་ཤེས་དགོས་པ་ནི། ཁ་བྱང་འདི་དང་ནང་གི་དཔེ་རྙིང་གཉིས་ནི། སྔ་གཞུག་ཆེན་པོ་བྱུང་བ་སྟེ། བསྟན་བཅོས་དུས་རབས་བཅུ་གཉིས་ལས་མི་འཕྱི་བ་ཙམ་དུ་སྔ་བ་ལ། ཁ་བྱང་འདི་ནི། ལྔ་བ་ཆེན་པོའི་དེ་ཤེད་ཙམ་ལ་བྲིས་པར་འོལ་མི་དབྱི། དེ་ཕྱིར་བསྟན་བཅོས་འདི་སྐབས་དེར་བཤུ་འབྲི་བྱས་པ་ཞིག་མིན་པར་དཔེ་གཞན་ནས་ཁྱེར་ཡོང་བར་ངེས་སོ། །དེ་ལ་གཏན་ཚིགས་གཅིག་ཁོ་ནས་ཆོག་སྟེ། ཁ་བྱང་ལ་ཊིག་ཅེས་བྲིས་ཤིང་གཞུང་རང་གི་ནང་དུ་ནི། ཏི་ག་ཞེས་པ་ཁོ་ན་འབྱུང་བས་སོ། །ལར་སྔོན་གྱི་ཡིག་རྙིང་རྣམས་སུ་ལེགས་སྦྱར་སྐོར་སྔ་རྟགས་གཉིས་འགོད་ཆོག་སྟེ། གཅིག །ལེགས་སྦྱར་བོད་རང་གི་ཡི་གེ་སྤྱིར་བཏང་བས་ཅི་ཐོན་ཐོན་ལྟར་འབྲི་བ་ལས། ཕྱིར་ལོག་སོགས་ཀྱིས་མི་འབྲི་བ་དང་། བོད་རང་གི་སྐབས་ལ་སྡེབ་སྲོལ་མེད་པའི་ཧ་དང་ག་སྡེབ་པ་ལྟ་བུ་མི་འབྱུང་བ་ཡིན་ནོ། །གཉིས། སྔོན་བོད་རང་གི་ཐ་སྙད་ལ་མེད་ངེས། ཚུལ་ཁྲིམས་དང་། སྡུག་བསྔལ་སོགས་ལ། ཤི་ལ་དང་དུ་ཁ་སོགས་ཀྱིས་འབྲི་བ་ཡིན་ནོ། །འདི་གཉིས་བྱུང་བའི་དཔེ་དེ་ཤིན་ཏུ་རྙིང་བར་བརྩི་ཆོག་པ་ཡིན། དཔེ་འདིའི་བསྟན་བཅོས་ལ་གཏན་ཚིགས་གཉིས་ཀ་ཚང་ཡང་། ཁ་བྱང་ནི་ལྡོག་ཕྱོགས་ཡིན་ནོ། །

དཔེ་དེའི་རྗེས་སུ་སྔ་བར་ངེས་པ་ནི། འདན་མ་སྤུན་གཉིས་ཀྱིས་བྲིས་ཞེས་མཇུག་ཏུ་འཁོད་པའི་དཔེ་རྙིང་། དབུ་ལྷ་གཉིས་དང་། རྟིང་ལྷ་གཉིས་ཅན་ཏེ། དང་པོ་གཉིས་ཚོན་ལྡན་དང་། གཉིས་པ་གཉིས་སྐྱ་རིས་སུ་བཞུགས་པ་དེ་ལགས། དཔེ་སྔ་མ་ལས་འཕྱི་བ་ནི། ཡིག་གཟུགས་ནང་གི་བརྡ་ཡིས་ཀྱང་ཤེས་ལ། སྔ་མའི་ཡི་གེ་མ་ཆོད་པ་དང་། ནང་དོན་མ་གོ་བ་ལས་འབྲི་ཉེས་ཅི་རིགས་ཤིག་བདོག་པས་གསལ་པོ་ངེས་ནུས། སྐུ་དང་པོ་ལ། ཤག་ཐུབ་ཅེས་འོག་བྱང་བྲིས་ཤིང་། སྟོན་པ་ས་གནོན་མཉམ་བཞག་ཅན་ལ། ལྷུང་བཟེད་མེད་པ། གཉིས་པ་ལ། ཡོན་ཏན་འོད་ཅེས་པའི་འོག་བྱང་ཡོད་ཅིང་། ཤངས་དང་ཞལ་ཚོམས་སོགས་རྒྱ་གར་གྱི་མི་ཅི་ལྟ་བ་བཞིན་བྲིས་ཤིང་། ཕྱིས་སུ་པཎྜི་ཏའི་ཆས་ལ་ནང་འགག་སྔོན་པོ་འབྲི་བ་སོགས་དང་མི་འདྲ་བར། སྐུ་ལ་ཆོས་གོས་རྣམ་གསུམ་ལས་ཅི་ཡང་གསོལ་མེད་ཅིང་། དབུ་ཞྭ་སེར་པོ་རྣ་རིང་མནབས་པ། ཆོས་འཆད་ཀྱི་ཕྱག་རྒྱ་འདྲ་བ་ལ། །དེ་ཡང་ཡོངས་གྲགས་ཀྱི་དེ་འདྲ་མིན་པར། གཡས་པའི་མཐེའུ་ཆུང་དང་། མཛུབ་མོ་གུང་མོ་གསུམ་བརྐྱངས་ཤིང་། སྲིན་ལག་བལྟབས་པའི་ཚིགས་གོང་མར་མཐེ་བོང་གིས་མནན་པ། གཡོན་པའི་སྲིན་ལག་དང་གུང་མོ་གཉིས་ཀ་བལྟབས་པ་ལ། འཕྲིག་མའི་ཚིགས་ནས་མར་བཀུག་སྟེ་ཕྱག་མགོ་ཐུར་དུ་དཔྱངས་པའི་ཚུལ་གྱིས་སྟངས་སྟབས་ཀྱི་རྣམ་པ་དོད་པ་བྲིས་འདུག །རྟིང་ལྷ་གཉིས་ལས་ཅིག་ཤོས་ལ། མཁན་པོ་བྱ་འདུལ་འཛིན་ཞེས་བྲིས་ལ། ཅིག་ཤོས་ལ་གཤམ་བྱང་ཅི་ཡང་མ་བྲིས་པས། ཡིག་མཁན་གཉིས་དང་འབྲེལ་བའི་འདུལ་བའི་མཁན་པོ་ཞིག་ཡིན་ནམ་སྙམ་སྟེ། ཀུན་ལ་གསལ་བའི་དབང་དུ་བྱས་ནས་མཚན་མ་བྲིས་པ་འདྲ། ནང་གི་ཡི་གེ་དང་། ཚིག་སྦྱོར། དབུ་ཞབས་ཀྱི་ལྷ་སོགས་ལས་གཞལ་ཚེ། འདི་ཡང་ཅུང་ཟད་སྔ་བར་མངོན་ནོ། །འདིའི་དབུར་ཡང་། 《བྱ་ཏིག་ནག་པོ་འབྱམ་མེད་བཞུགས་སོ།།》ཞེས་བྲིས་འདུག །འདིས་གསལ་བཤད་བྱས་པ་ནི། དཔེ་རྙིང་འདི་དཔེ་རྙིང་དང་པོ་དེ་ཙམ་སྔ་མི་སྲིད་མོད། དེའི་ཁ་བྱང་འགོད་པའི་དུས་ནི། རྒྱལ་དབང་ལྔ་བའི་དུས་ལས་སྔ་བ་བྱ་ཏིག་ཅེས་པས་ཤེས་སོ། །

དེའི་རྗེས་སུ་བྱུང་བའི་དཔེ་ནི། 《འདོལ་བའི་རྣམ་བཤད་བྱ་འདུལ་བ་འཛིན་པ་ཆེན་པོ་ཤཀྱའི་དགེ་སློང་བརྩོན་འགྲུས་འབར་གྱིས་མཛད་པའོ།།》ཞེས་འཁོད་པའི་དབུ་མེད་ལག་བྲིས་མ། ཤིན་ཏུ་བྱོན་ལེགས། ཡི་གེ་སུག་རིང་ལ། ཞེང་ཆུང་བ། ཡི་གེ་རྣམས་ཀྱི་གཟུགས་མ་འདྲེས་པར་འབྲི་ཐུབ་པ། མཁས་པ་རྣམས་སྣག་ཤོག་གྲོན་པའི་ཐུགས་ཁྲལ་ཆེ་བའི་སྐབས་འགྲན་ཟླ་བྲལ་བའི་གཟུགས་ཀྱིས་བྲིས་པ་ཞིག་ཡིན་ཞིང་། ཁ་བྱང་ལས་ཀྱང་གསལ་པོར་གོ་ནུས་པ། ཁ་བྱང་རྒྱས་པར་བརྗོད་པ་དང་། ཏི་ཀ་བསྒྱུར་ནས་འདུག་པ་དང་། རྩོམ་མཁན་ལ་ཆེ་བརྗོད་བྱས་པ་སོགས་ཀྱིས། དཔེ་སྔ་མ་གཉིས་ལས་འཕྱི་བར་རྟོགས་ནུས་ཤིང་། ནང་དོན་ལ་ཁ་སྣོན་མང་དུ་བྱས་པ་དག་གིས་ཀྱང་གསལ་པོར་གོ་ནུས་སོ། །དཔེ་འདི་གསུམ་གྱིས། འཐད་ལྡན་རང་གི་འགྱུར་བ་དཔོག་ནུས་པ་ཙམ་དུ་མ་ཟད། བོད་ཀྱི་བསྟན་བཅོས་སྤྱིའི་འགྱུར་བ་ཞིག་དཔོག་ནུས་པས། བཅོས་བསྒྱུར་མཁན་དང་། ཡིག་མཁན་སོགས་ཀྱིས་བསླད་པ་དག་ཁབ་ཀྱི་རྩེ་མོས་འཚོལ་དགོས་པ་ཙམ་གཏིང་ལ་ཟུག་ཡོད་པ་དང་། གསེབ་ལ་འབྱམས་ཡོད་པའི་ཚུལ་དཔོག་ནུས་པས། དོན་གཉེར་མཁན་བྱུང་ཚེ་དཔྱད་པར་རིགས་སོ། །

དབུ་མེད་ལག་བྲིས་མ། མགོ་གཞུག་མ་ཚང་ལ། ཡིག་ཚུགས་ཤིན་ཏུ་ལེགས་པ། རྩ་བ་རྣམས་མཚལ་དམར་གྱིས་བྲིས་པ་ཞིག་ཀྱང་མཐོང་མོད། འཕྱི་བ་དང་། མ་ཚང་བས་མ་དཔྱད་དོ། །

དེས་ན་དཔེ་སྔ་ཕྱི་གསུམ་ཆར་དུ། བསྟན་བཅོས་འདིའི་རྩོམ་མཁན། བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་དུ་བཀོད་པས། དེ་ཀ་རང་དུ་ཐག་བཅད་ན་འགྲིག་གོ་སྙམ་ན། ཡོངས་ནི་དེ་ལྟར་ཚིམས་ནས། ཡིག་རྙིང་ལ་བྱས་པ་ཅན་དཔལ་བརྩེགས་ཚང་སོགས་ཀྱིས་སྤར་བ་དང་། གཞན་དག་ལུང་འདྲེན་པ། བགྲོ་གླེང་བྱེད་པ་སོགས་ཀུན་ལ་བྱ་ཊིཀ་འཐད་ལྡན་ཞེས་ཟེར་བས་དོགས་སློང་བྱེད་མཁན་ཙམ་ཡང་མ་བྱུང་ངོ་། །ཁོ་བོ་དེ་དག་གིས་མ་ཚིམས་པར་བསྟན་བཅོས་འདིའི་རྩོམ་མཁན་ལ་དཔྱད་པ་ན། བསྟན་བཅོས་རང་གི་མཇུག་དང་། དགེ་སློང་མའི་རྣམ་འབྱེད་ཀྱི་མཇུག་དང་། འདུལ་བ་རྒྱ་མཚོའི་མཇུག་ཏུ་ཤག་ཀྱའི་དགེ་སློང་བརྩོན་འགྲུས་འབར་གྱིས་ཉེ་བར་སྦྱར་བ་ཞེས་འཁོད་པས། བརྩོན་འགྲུས་འབར་གྱིས་བྱས་པ་ལ་ནི་དོགས་པ་ཅི་ཡང་མེད་ལ། དཔྱོད་ལ་དགའ་བ་རྣམས་དེ་ཡང་གཞན་གྱིས་བྱས་པ་སོགས་སུ་དོགས་ན། 《འཐད་ལྡན་གྱི་འགྲེལ་བ་རིན་ཆེན་རྒྱན་འབུམ་》ལས་ཀྱང་། གང་དག་བསླབ་པ་རིན་པོ་ཆེ་ལ་གཅེས་པར་འཛིན་པ་ཕྲག་དོག་མྱེད་ཅིང་བློ་དང་ལྡན་པ་རྣམས་ཡིད་དགའ་བ་རྒྱས་པར་བྱེད་པའི་ཏི་ཀ་འཐད་ལྡན་ཞེས་བྱ་བ། ཤཱཀྱའི་དགེ་སློང་བརྩོན་འགྲུས་འབར་གྱིས་ཉེ་བར་སྦྱར་བ་ལས། སླད་ཀྱིས་ཤཱག་ཀྱའི་དགེ་སློང་རིན་ཆེན་སྐྱབས་ཀྱིས་བླ་མ་ལས་མང་དུ་མཉན་ཅིང་ནན་ཏན་བྱས་ནས་དགོས་པའི་གཞུང་ལ་བལྟས་ཏེ་གཅེས་པ་རྣམས་ཁ་བསྐངས་ཏེ་ཏི་ཀ་འཐད་ལྡན་གྱི་འགྲེལ་པ་རིན་ཆེན་རྒྱན་འབུམ་ཞེས་བྱ་བ་ཉེ་བར་སྦྱར་པ་རྫོགས་སོ་[1]ཞེས་འབྱུང་བས་དོགས་པ་ཅི་ཡང་མ་དགོས།

འོན་ཀྱང་གཞུང་རང་དང་། རིན་ཆེན་རྒྱན་འབུམ་དུ། རྩོམ་མཁན་བྱ་འདུལ་ཡིན་པའི་སྐོར་ནི་ཚིག་གི་ཟུར་ཙམ་ཡང་མ་བྱུང་བས། དོགས་པ་ཆེ་བར་གནས་པ་ཡིན། དེ་ལ་ཐབས་ནི། སྔོན་དུས་སུ་བྱུང་བའི་བརྩོན་འགྲུས་འབར་གྱི་མཚན་ཅན་དུ་བྱུང་དང་། དེ་དག་ལས་གང་ཞིག་འདིའི་རྩོམ་མཁན་དུ་འོས་སྦྱོར་བ་ལས་ཐབས་གཞན་མེད། དེ་ཡང་འདུལ་བ་འཛིན་པའི་བརྒྱུད་པ་ལ། བརྩོན་འགྲུས་འབར་གཉིས་ཙམ་བྱུང་སྟེ། སྤྱིར་ཡང་། གྲགས་ཀྱི་མཐའ་ཅན་ལོ་ཆེན་ཏེ། །འབར་གྱི་མཐའ་ཅན་འདུལ་འཛིན་ལ། །སེང་གེའི་མཐའ་ཅན་མཚན་ཉིད་པར། །སྤྱིར་བཏང་བ་ཡི་ཁྱབ་པ་ཡོད། །ཅེས་བདག་གིས་བྲིས་པ་ལྟར་ཏེ། འདུལ་བ་འཛིན་པའི་བརྩོན་འབར་གཉིས་བྱུང་།

བརྩོན་འགྲུས་འབར་གཉིས་ཀྱི་རྣམ་འབྱེད།

བརྩོན་འགྲུས་འབར་གཅིག་ནི་ཡུལ་མཐའ་བཞི་ནས་ཡིན་ཏེ། ཁྲི་སྲོང་དུས་གྱི་བླ་སྨན་མཐའ་བཞི་དར་པོ་ཞུ་བའི་མཁས་པ་མི་དགུའི་ཡ་གྱལ་དེ་དང་ཡུལ་གཅིག་ལ། གཅིག་ནི་ཡུལ་བྱ་ཡུལ་ནས་ཡིན་ཏེ། བཀའ་གདམས་པའི་དགེ་བཤེས་བྱ་ཡུལ་བ་དང་འཁྲུངས་ཡུལ་གཅིག་ཏུ་སྙམ། དེ་ཕྱིར་གཅིག་ལ་ནི། མཐའ་བཞི་བརྩོན་འགྲུས་འབར་ཞུ་ཞིང་། གཞན་ཅིག་ཤོས་ལ་ནི། བྱ་འདུལ་འཛིན་བརྩོན་འགྲུས་འབར་ཞེས་ཟེར་རོ། །ལར་ཉང་སྟོད་རྒྱ་མང་ར་ནས་ཡིན་པའི་འདུལ་འཛིན་ཚུལ་ཁྲིམས་འབར་ལ། རྒྱ་འདུལ་འཛིན་དང་། དེ་བཞིན་ཚ་རོང་བ་དང་། རྨ་ཚོ་ཞེས་འདུལ་འཛིན་ཆེན་པོ་རྣམས་ལ་ཡུལ་གྱིས་མིང་འདོགས་པ་ལས། ཁུ་སྟོན་དང་མགོས་ལོ། རྔོག་ལོ་སོགས་ལྟར་རུས་དང་ཆོ་འབྲང་གིས་མཚན་བཏགས་པ་ཤིན་ཏུ་ཉུང་སྟེ། འདུལ་བ་ལས། རིགས་མི་གཙོ། རུས་མི་གཙོ་བའི་ལྟ་བ་རྩལ་དུ་བཏོན་ཡོད་པས་ཡིན་ནམ་སྙམ་མོ། །

གང་ལྟར་མཐའ་བཞི་བརྩོན་འགྲུས་འབར་ནི། རྒྱ་འདུལ་གྱི་སློབ་མ་སྔ་ཚར་ཀ་བ་བཞིའི་ཡ་གྱལ་ཏེ། བུ་སྟོན་གྱི་《འདུལ་བ་སྤྱིའི་རྣམ་པར་བཞག་པ་འདུལ་བ་རིན་པོ་ཆེ་མཛེས་རྒྱན་》ལས། ཁྱད་པར་དུ་སྔ་ཚར་ལ་ཀ་བ་བཞི། གདུང་མ་བཅུ་རུ་གྲགས་པ་ཡིན་ཏེ། ཀ་བ་བཞི་ལ་གཙང་བ་གཉིས་ནི་འདར་འདུལ་བ་འཛིན་པ་དང་། མཐའ་བཞི་བརྩོན་འགྲུས་འབར་ཏེ[2]། ཞེས་གསུངས་ལ། དེབ་ཐེར་སྔོན་པོ་དང་། མཁས་པའི་དགའ་སྟོན། མྱང་ཆོས་འབྱུང་སོགས་ཞལ་མཐུན་པར་དེ་ལྟར་བཞེད། བྱ་བརྩོན་འགྲུས་འབར་ནི། རོང་པ་ཕྱག་སོར་བའི་བུ་བཞིའི་ཡ་གྱལ་ཡིན་ཏེ། 《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་》ལས། བྱ་འདུལ་འཛིན་འདི་རོང་པ་ཕྱག་སོར་བའི་སློབ་མ་བུ་བཞིར་གྲགས་པའི་ནང་མཚན་ཞིག་ཡིན་[3]ཞེས་གསུངས་སོ། །ཡང་མཐའ་བཞི་བརྩོན་འགྲུས་འབར་གྱིས་ནི། གཙང་གི་ཉང་རོང་འུམ་ཕུག་བཟུང་ནས་བཤད་པ་མཛད་དེ་བུ་ཆེན་བསྐྱངས་པ་ཡིན་ཏེ། 《འདུལ་བ་སྤྱིའི་རྣམ་པར་བཞག་པ་འདུལ་བ་རིན་པོ་ཆེ་མཛེས་རྒྱན་》ལས། མཐའ་བཞིས་ཉང་རོ་འུམ་ཕུག་བཟུང་ནས་བཤད་པ་བྱས་པས་དེའི་བུ་ཆེན་རྩང་ངུ་རིན་སྐྱབས་ཡིན་ནོ་[4]ཞེས་འབྱུང་ཞིང་། དེབ་སྔོན་དང་མཁས་པའི་དགའ་སྟོན་དུ་ཡང་དེ་བཞིན་ནོ། །བྱ་འདུལ་འཛིན་གྱིས་ནི། ཟུལ་ཕུའི་གདན་ས་བཏབ་ནས་བཤད་པ་མཛད་པ་ཡིན་ཏེ། 《དེབ་ཐེར་སྔོན་པོ་》ལས། དེ་རྗེས་ཟུལ་ཕུར་བཤད་གྲྭ་བཙུགས་ཞེས་འབྱུང་ངོ་། །དེ་ལྟར་ན་མཐའ་བཞི་བརྩོན་འགྲུས་འབར་དང་། བྱ་འདུལ་འཛིན་བརྩོན་འགྲུས་འབར་གཉིས་ནི། དང་པོ་འཁྲུངས་པའི་ཡུལ། བར་དུ་བསྟེན་པའི་བླ་མ། ཐ་མར་བཤད་པ་མཛད་ས་དང་བསྐྱངས་པའི་བུ་ཆེན་ཡང་མི་འདྲ་བས་ཐ་དད་འབྱེད་ཆོས་དེ་དག་དམིགས་ལ། རྒྱའི་བུ་ཆེན་དུ་བྱ་འདུལ་བགྲངས་པ་མེད་ལ། རྨ་ཚོའི་བུ་ཆེན་དུ་མཐའ་བཞི་བགྲངས་པ་མེད། དེ་བཞིན་དུ་སྔོན་གྱི་ཡིག་ཚང་ཁུངས་མ་དག་གིས་མཐའ་བཞི་དང་བྱ་འདུལ་འཛིན་གྱི་ལོ་རྒྱུས་སྐབས་སོ་སོའི་ཐད་ལ་སོ་སོའི་མཚན་སྨོས་ཀྱི་ཕན་ཚུན་བརྗེས་པ་དང་། བསྣོར་བའམ་གདམས་ང་བྱས་པ་མེད་དོ། །

དེས་ན་ཐ་དད་དུ་བྱས་པས་ཆོག་གི། སོ་སོར་རྣམ་འབྱེད་རྩོམ་ཅི་དགོས་སྙམ་ན། བྱ་འདུལ་འཛིན་གྱིས་ཀྱང་རྒྱ་བླ་མར་བརྟེན་པ་དང་། མཚན་གཅིག་པས་གཅིག་ཏུ་འཁྲུལ་བའི་གཞི་གནས་པས། མང་པོ་དག་གཅིག་ཏུ་སྨྲ་ཞིང་སྙམ་པའི་འཁྲུལ་པ་ལྡོག་དགོས་སོ། །བྱ་འདུལ་གྱིས་རྒྱ་འདུལ་བསྟེན་ཡང་བུ་ཆེན་དུ་མི་འཇོག་པས། 《འདུལ་བ་སྤྱིའི་རྣམ་པར་བཞག་པ་འདུལ་བ་རིན་པོ་ཆེ་མཛེས་རྒྱན་》ལས། བྱ་དང་ཤ་མི་གཉིས་ཀས་རྨ་ཚོ་ལ་གསན་ཡང་། རྨ་ཚོ་དང་། བྱོ་གདན་གྱི་བགྲོས་ལ་གཙོ་བོར་མཛད་པས་དེ་གཉིས་ཀྱི་བུ་ཆེན་དུ་གྲགས་ཀྱི། རྒྱའི་བུ་ཆེན་དུ་མ་གྲགས་[5]ཞེས་ཆེས་ཤིན་ཏུ་གསལ་པོར་གསུངས་ལ། བུ་སྟོན་རིན་པོ་ཆེའི་གསུང་དེ་དང་མཐུན་པར། བྱ་འདུལ་འཛིན་གྱིས་མཛད་པའི་《འདུལ་བ་འོད་ལྡན་གྱི་ཏི་ཀ》འི་མཇུག་རྩོམ་དུ། འདུལ་བ་འོད་ལྡན་གྱི་སྟོད་སྨད་ཀྱི་ཏི་ཀ་སྨྲ་བའི་སེང་གེ་ཆེན་པོར་གྱུར་པའི་དགེ་སློང་བསྟན་པའི་མངའ་བདག་བྱང་ཆུབ་རྡོ་རྗེས་ཉེ་བར་སྦྱར་བ་ལས་སླད་ཀྱིས་ཤཱཀྱའི་དགེ་སློང་བརྩོན་འགྲུས་འབར་གྱིས་ཚིག་མ་བཀྲོལ་བའི་དོན་རྣམས་ཀྱང་ལེགས་པར་ཁ་བསྐངས་ཏེ་གཞན་ལ་ཕན་པའི་དོན་དུ་བཀོད་པ་འོ་[6]ཞེས་གསུངས་པས་ཁོང་གི་བླ་མའི་གཙོ་བོ་རྨ་ཚོ་བྱང་རྡོར་ལ་གསུངས་པ་དང་། ལོ་རྒྱུས་དག་ཏུ་བྱ་འདུལ་འཛིན་གྱིས། རྒྱ་ཅུང་ཟད་བསྟེན་ཡང་། གཙོ་བོ་རྨ་ཚོ་ལ་བསྟེན་ཚུལ་བཤད་པ་དང་། གོང་གི་བུ་སྟོན་རིན་པོ་ཆེའི་གསུང་དེ་གསུམ་གཅིག་ཏུ་མཐུན་པར་གྱུར་ཏོ། །འོན་ཀྱང་བུ་སྟོན་རིན་པོ་ཆེའི་གཞུང་དེར། དེ་ལ་བུ་ཆེན་གསུམ། མ་ནིང་གཅིག་དང་བཞི་ཞེས་གྲགས་ཏེ། བུ་ཆེན་གསུམ་ནི། ཀ་བ་དར་སེང་། རྣལ་འབྱོར་བྱང་སེང་། རྗེ་མོ་ཆོས་སེང་དང་གསུམ་གྲགས། ཀ་བ་དང་། རྣལ་འབྱོར་བྱང་སེང་གཉིས་ཀྱི་ཆིག་རྫོགས་ཀྱི་མཁན་པོ་ཡིན་ཞིང་འདུལ་འཛིན་ཆེན་པོ་ཡིན་པས་བུ་ཆེན་དུ་བགྲངས་ཤིང་། བཤད་པའི་སྲོལ་ནི་ཤ་མིའི་བགྲོས་ལ་མཛད་དོ། །ཙ་ངུ་རིན་སྐྱབས་སློབ་མ་འདུལ་འཛིན་ཆེན་པོ་ཡིན་ཡང་གཞན་གྱི་བགྲོས་འཆད་པས་མ་ནིང་ཡིན་ཞེས་གྲགས་སོ་[7]ཞེས་པ་འདི་ཡང་འགའ་ཞིག་འདི་ལ་གནོད་བྱེད་དུ་སྙམ་སྲིད་ཀྱང་། དོན་གྱིས་སྒྲུབ་བྱེད་དཔང་བཙན་པོ་ཡིན་ཏེ། རིན་ཆེན་སྐྱབས་མཐའ་བཞི་བརྩོན་འགྲུས་འབར་གྱི་སློབ་མའི་མ་ནིང་དུ་བགྲངས་ན་ནི། ཤིན་ཏུ་མི་རིགས་ཏེ། འདིར་བུ་སྟོན་རིན་པོ་ཆེས་མ་ནིང་དུ་འདྲེན་པའི་རྒྱུ་མཚན་གཞན་གྱི་སྒྲོས་ལས་སློབ་དཔོན་ཉིད་ཀྱི་སྒྲོས་མི་འཆད་པར་བཤད་པ་གང་ཞིག །དེ་ལྟར་ན།  རིན་ཆེན་སྐྱབས་ཀྱིས་ཁོང་གི་སྒྲོས་འཛིན་པར་མ་ཟད། འཐད་ལྡན་གྱི་འགྲེལ་བ་ཡང་བརྩམས་པའི་འགལ་བ་འདུམ་དུ་མེད་པའི་ཕྱིར་རོ། །གཞན་ཡང་དེ་ལྟར་ན་བུ་སྟོན་རིན་པོ་ཆེའི་ལུགས་ལ་བརྩོན་འབར་རྣམ་གཉིས་གཅིག་ཏུ་སོང་བས། བུ་སྟོན་གྱིས་གོང་དུ། མཐའ་བཞིས་ཉང་རོ་འུམ་ཕུག་བཟུང་ནས་བཤད་པ་བྱས་པ་དེའི་བུ་ཆེན་གཙང་ངུ་རིང་སྐྱབས་ཡིན་ནོ་[8]ཞེས་བུ་ཆེན་དུ་བགྲངས་པ་དང་། འདིར་བུ་ཆེན་དུ་བགྲངས་མི་རུང་བར་བཤད་པས། ཚིག་སྔ་མ་རྩོམ་པའི་བྱེད་པ་ཙམ་ཡང་མ་ཉམས་པར་ཕྱི་མར་དེ་དང་འགལ་བ་འབྲི་བའི་ནོར་བ་ནི་ཀུན་མཁྱེན་བུ་ལྟ་བུར་ག་ལ་འབྱུང་།

སྤྱིར་ཡང་དཀའ་བ་དགྲོལ་བ་དང་། འཐོར་བ་སྡུད་པ། འདྲེས་པ་འབྱེད་པ་ལ་བུ་རིན་པོ་ཆེ་ནི་གཅིག་ཏུ་ཚད་མར་གྱུར་པ་བཞིན་འདིར་ཡང་ཤེས་པར་བྱའོ། །

༣ གཏན་ཚིགས་ལ་བསྟེན་ནས་ཞིབ་མོར་བཤད་པ།

བར་སྐབས་ཤིག་ནས་བརྩོན་འབར་རྣམ་གཉིས་གཅིག་ཏུ་སོང་བ་དང་། འཐད་ལྡན་ནི་བྱ་འདུལ་གྱིས་མཛད་པར་མཁས་བླུན་ཀུན་གྱིས་སྙམ་སྟེ། ལོ་རྒྱུས་སྨྲ་བའི་ལྗགས་མི་ཐུང་བ་ཨ་མེས་ཞབས་ཀུན་དགའ་བསོད་ནམས་སོགས་ཀྱིས་གཅིག་ཏུ་བྱས་ལ། པཎ་ཆེན་ངག་ཆོས་ཀྱིས་ཀྱང་། འདུལ་གཞུང་ཞིག་ལས། མཐའ་བཞི་བ་བྱ་འདུལ་འཛིན་ཞེས་བྲིས་མོད། དོན་དུ་ཁོང་རྣམ་གཉིས་ནི། སྐྱེས་པའི་ཡུལ། འཁྲུངས་པའི་དུས། བསྟེན་པའི་བླ་མ། བཟུང་བའི་ཆོས་གཞིས། བསྐྱངས་པའི་བུ་སློབ། བརྩམས་པའི་གཞུང་ཡང་ཐ་དད་དུ་གནས་མོད། མཚན་གྱི་དངོས་གཞི་འདྲ་བ་དང་། འདུལ་འཛིན་མཁས་པར་མཚུངས་པ་དང་། གཉིས་ཀར་ཐུན་མོང་གི་བླ་སློབ་ཡོད་པ་གསུམ་གྱིས་གཅིག་ཏུ་འཁྲུལ་པར་གྱུར་ཏོ། །འགོས་ལོ་དང་། གཙུག་ལག་འཕྲེང་བ། ཏཱ་ར་ནཱ་ཐ་སོགས་ཀྱིས་སོ་སོའི་ཐད་དུ་མ་འདྲེས་པར་བཤད་མོད། ཐ་དད་འབྱེད་ཆོས་དངོས་སུ་གསུངས་པ་མི་སྣང་ཡང་། ཀུན་མཁྱེན་བུས་ཆེད་དུ་ཐ་དད་འབྱེད་ཆོས་བཀོད་པའི་གཏན་ཚིགས་མིན་ཡང་། གཏན་ཚིགས་ཤུགས་ཀྱིས་འདྲེན་པའི་འབྱེད་ཆོས་ནི་ཤིན་ཏུ་གསལ་པོར་གསུངས་ནས་སྣང་། ཕྱིས་ཀྱི་མ་མེས་ཀུན་དགའ་བསོད་ནམས་སོགས་ཀྱིས་གཅིག་ཏུ་འདྲེས་ནས། བལ་བ་ཛ་བཞིན་བསྲེས་ནས་བཤད་པ་ལ། བདག་གིས་གསལ་པོར་ཐ་དད་དུ་ཕྱེས་པ་ཡིན། འོ་ན་འཐད་ལྡན་དེ་བརྩོན་འབར་རྣམ་གཉིས་སུ་ཞིག་གིས་བྱས་སྙམ་ན། སྤྱིར་ཡོངས་གྲགས་སུ་འདུལ་འཛིན་སྔ་རབས་པ་ཞེས་པ་དེ། ཡོངས་ཀྱི་བསམ་ངོར་རྒྱ་དང་ཤ་མི་སོགས་ཡིན་ཆགས་བྱེད་མོད། བདག་གིས་བསམ་ན། འདུལ་འཛིན་སྔ་རབས་པ་ཞེས་པ་ནི། བཙན་པོའི་སྐབས་ཀྱི་འདུལ་འཛིན་དག་ལ་ཟེར་བར་སྣང་སྟེ། རིན་ཆེན་སྐྱབས་སོགས་ཀྱིས་ཀྱང་། འདུལ་འཛིན་སྔ་རབས་པ་ཞེས་བཀོད་སྣང་བའི་ཕྱིར་དང་། བུ་སྟོན་རིན་པོ་ཆེའི་གསུང་དུ། བར་གྱི་འདུལ་འཛིན་རྣམས་ཞེས་པའི་ཐ་སྙད་འབྱུང་བའི་ཕྱིར་རོ། །བསྟན་པ་ཕྱི་དར་དུས་སུ། ཀླུ་མེས་སོགས་ཀྱིས་གཙོ་བོ་གནས་གཞི་བཟུང་ནས་བཤད་ཉན་བྱས་པར་མངོན་ཞིང་། གཟུས་རྡོ་རྗེ་རྒྱལ་མཚན་གྱི་སྐབས་ཙམ་མམ། རྒྱའི་སྐུ་དུས་སུ་ད་གཟོད། བསྟན་བཅོས་བརྩམས་པ་མགོ་བཟུང་བར་སྙམ་སྟེ། སྔོན་གྱི་བསྟན་བཅོས་དག་གི་སྔ་རྒོལ་ལ། ཀླུ་མེས་དང་། གྲུ་མེར། སྣ་ནམས་པ་སོགས་འདུལ་འཛིན་ཆེན་པོ་རྣམས་ཕལ་ཆེར་མི་འབྱུང་ཞིང་། རྒྱ་དཔོན་སློབ་རྣམས་ནས་འདོད་པ་མི་མཐུན་པ་སྣ་ཚོགས་བྱུང་འདུག་པའི་ཕྱིར། རྣམ་པ་གཅིག་ཏུ་ན་རྒྱ་འདུལ་འཛིན་གྱིས་བསྟན་བཅོས་བརྩམས་ཡོད་སྲིད་ལ། ཡང་རྣམ་པ་གཅིག་ཏུ་ནི། ལོ་རྒྱུས་ཀྱི་བབ་ལས་བརྟགས་ན་ཁོང་གིས་འཆད་ཉན་ཆེས་ཆེར་བྱས་ཚུལ་ལས། བསྟན་བཅོས་བརྩམ་ཚུལ་མ་མཐོང་ཞིང་། ད་ལྟ་ཡང་དཔེ་རྒྱུན་ཅི་ཡང་མི་སྣང་བས། ཁོང་གི་འདོད་པ་བཀོད་པ་རྣམས་ནི། ཁོང་གིས་ལོ་ལྔ་བཅུ་ཏག་ཏག་ལ་འཆད་ཉན་གནང་པའི་གསུངས་བསྒྲོས་ཡིན་སྲིད་པ་ཞིག་གོ །ཡིན་ན་ཡང་། ཁོང་དཔོན་སློབ་ཀྱི་དུས་དེ་ཀ་རང་དུ་བོད་ཀྱི་འདུལ་བསྟན་གྱི་ཉི་མ་ཉིན་གུང་དུ་སླེབས་པར་གྱུར་ཏེ། བོད་ཀྱི་འདུལ་བ་འཛིན་པའི་ཆུ་མགོ་གངས་ལ་ཐུག་ས་ཞིག་ཡིན་ཏེ། 《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་》ལས། བོད་ཡུལ་དུ་འདུལ་བའི་བཤད་གྲྭ་རྣམས་དང་འདུལ་འཛིན་གསེར་རིའི་ཕྲེང་བ་ལྟ་བུ་བྱོན་པ་རྣམས་ཕལ་ཆེར་མཆེད་པའི་ས་ཡུལ་ཡང་དགའ་སྡོང་འདི་ཡིན་[9]ཞེས་ཇི་སྐད་གསུངས་པ་བཞིན་ནོ། །དེ་ལྟར་ན་བསྟན་པ་ཕྱི་དར་འདི་ལ་བབ་གསུམ་སྣང་སྟེ། ཀླུ་མེས་སོགས་ཀྱིས་གཙོ་བོ་གནས་གཞི་བཏབ་ཅིང་། གཟུས་དང་རྒྱ་འདུལ་སོགས་ཀྱིས་བཤད་པ་མཛད་ལ། བརྩོན་འབར་རྣམ་གཉིས་སོགས་ཀྱིས་གཞུང་ལུགས་བརྩམས་པའི་འགྲོས་ཤིག་སྣང་ངོ་། །

གང་ལྟར་ཡང་འཐད་ལྡན་འདི་ནི། བོད་ཀྱི་འདུལ་འགྲེལ་ཀུན་ལས་སྔ་བའི་གྲས་སུ་གཏོགས་ལ། འདི་དང་གཉལ་ཊཱིཀ་སོགས་ནི་བོད་ཀྱི་བསྟན་བཅོས་ཀྱི་བརྡ་སྐད་འཕེལ་འགྱུར་དང་། རིག་གཞུང་ལོ་རྒྱུས་འཚོལ་བར་ཤིན་ཏུ་གལ་ཆེ་བའི་རྒྱུ་ཆར་མཐོང་། ཡིན་ཡང་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་འགའ་བཀླགས་ནས་བོད་རིག་པའི་རིག་གཞུང་སྨྲ་བའི་ཁྲོད་དུ་འཚང་བ་དག་གིས་བརྡ་ཆད་ཙམ་ཡང་ག་ལ་རྟོགས།

གོང་དུ་བུ་སྟོན་རིན་པོ་ཆེའི་ལུང་དྲངས་པ་བཞིན་འདུལ་འཛིན་ཆེན་པོ་རིན་ཆེན་སྐྱབས་ནི། བྱ་འདུལ་འཛིན་ལ་ཡང་བསྟེན་མོད། བྱ་ཡི་སྒྲོས་མི་འཛིན་པ་ཡིན། འོན་ཀྱང་། འཐད་ལྡན་གྱི་འགྲེལ་བ་རྩོམ་པར་མཛད་དེ། 《འཐད་ལྡན་འགྲེལ་བ་རིན་ཆེན་རྒྱན་འབུམ་》ལས། འདུལ་བའི་མདོ་འི་ཏི་ཀ་འཐད་པར་ལྡན། །དེ་ཉིད་གསལ་བྱེད་རིན་ཆེན་རྒྱན་འབུམ་བརྩམ[10]། །ཞེས་རྩོམ་པར་དམ་བཅའ་བ་ན་འདུག་ཅིང་། མཇུག་རྩོམ་དུ་ཡང་འཐད་ལྡན་གྱི་ཚིགས་སུ་བཅད་པ་རང་བཞག་པ་དང་། མཇུག་བྱང་དུ་ཡང་དེ་སྐད་དུ་འདུག་པ་དང་།  ལོ་རྒྱུས་རྣམས་སུ། འཐའ་བཞི་བརྩོན་འགྲུས་འབར་གྱིས་མྱང་རོ་འུམ་ཕུག་བཟུང་ནས་བཤད་བའི་བུ་ཆེན་ཙ་ངུ་[11]རིན་སྐྱབས་ཡིན་ཞེས་གསུངས་པ་གཉིས་ཤིན་ཏུ་འགྲིག་པར་ཡོད་དེ། རིན་སྐྱབས་ནི། མཐའ་བཞིའི་བུ་ཆེན་དུ་བགྲངས་པ་ཡོངས་སུ་གྲགས་ཤིང་། གྲགས་པ་དེ་དང་མཐུན་པར་ཁོང་གིས་འཐད་ལྡན་གྱི་འགྲེལ་བ་བརྩམས་པ་ད་ལྟ་འོ་ཅག་གིས་མཐོང་སྐལ་ལྡན་པ་དེ་ཉིད་དོ། །དེ་ན་བུ་སྟོན་རིན་པོ་ཆེས་རིན་སྐྱབས་ཀྱིས་གཞན་གྱི་སྒྲོས་འཛིན་པས། བྱ་འདུལ་འཛིན་གྱི་བུ་ཆེན་དུ་མི་བགྲངས་པར་བཤད་པའི་གཞན་དེ། འཐད་ལྡན་རྩོམ་མཁན་ལས་འོས་མེད་དེ། བསྟན་བཅོས་ལ་འགྲེལ་བ་བརྩམས་པ་ལས་ལྷག་པའི་སྒྲོས་འཛིན་ཚུལ་མེད་པས་སོ། །

གཞི་གྲངས་དེ་ལ་མཚུངས་རྟགས་ཅི་ཞིག་ཐོབ་སྙམ་ན། འཐད་ལྡན་ནི། རིན་ཆེན་སྐྱབས་ཀྱིས་སྒྲོས་གཙོ་བོར་བཟུང་བའི་བླ་མ་དེས་བརྩམས་ཞིང་། རིན་ཆེན་སྐྱབས་ཀྱིས་བྱ་འདུལ་འཛིན་གྱི་སྒྲོས་མ་བཟུང་བས་ཁོང་གི་བུ་ཆེན་དུ་འཇོག་པའི་ཆ་རྐྱེན་གཉིས་ཏེ། ཉིད་ཀྱི་སློབ་མ་གང་ཞིག་ལ་བཤད་སྒྲོས་འཛིན་པ་དང་། འདུལ་འཛིན་ཆེན་པོ་ཡིན་པ་ལས་སྔ་མ་མ་ཚང་བས། མ་ནིང་དུ་ཙམ་དུ་གྱུར་ལ། མཐའ་བཞི་བརྩོན་འགྲུས་འབར་གྱི་མྱང་རོ་འུམ་ཕུག་བཟུང་ནས་བཤད་པ་མཛད་པའི་བུ་ཆེན་ནི་རིན་སྐྱབས་གཅིག་པུ་ཡིན་པའོ། །ཚིག་རྗེན་པ་ལ་དགའ་བ་རྣམས་ལ། འཐད་ལྡན་ནི་མཐའ་བཞི་བརྩོན་འགྲུས་འབར་གྱིས་མཛད་ཅིང་། དེས་མཛད་པའི་སྤྱི་དོན་རྒྱས་པ་ཞིག་ཀྱང་ཡོད་པ། འཐད་ལྡན་རང་ལས་རྟོགས་ནུས་པ་དང་། ཁོང་ནི་བྱ་འདུལ་བརྩོན་འགྲུས་འབར་དང་གཅིག་མ་ཡིན་ནོ་ཞེས་སྒྲོག་པར་བྱའོ། །

དོག་པ་ཆེན་པོ་ཞིག་ལ། བྱ་འདུལ་གྱིས་མདོ་རྩའི་འགྲེལ་བ་ཡོད་ཚུལ་ཀུན་མཁྱེན་བུའི་རྣམ་ཐར་དང་། ཉིད་ཀྱི་འོད་ལྡན་འགྲེལ་བ་ན་ཡོད་མོད། ད་ལྟའི་བར་གང་ཡང་མ་མཐོང་། རིན་ཆེན་རྒྱན་འབུམ་བུ་འདོད་པ་བཀོད་པའི་མཆན་ལ་བྱ་འདུལ་ཐེངས་དུ་མར་འབྱུང་བས་ཀྱང་གནད་ཅིག་གོ་བར་ནུས་སོ། །

འབྲས་སྤུང་གནས་བཅུ་ལྷ་ཁང་གི་ཕྱི་ར་༨༢༤པ། 《ཟུལ་ཕུ་མཁན་ཆེན་གྱི་རྣམ་ཐར་》ཞེས་པ་ལས། བྱ་འདུལ་གྱི་རྣམ་ཐར་རྒྱས་ཙམ་བྱུང་བར། སློབ་མ་བགྲངས་པ་ན། རྩགས་འདུལ། ལྕེ་འདུལ། དོལ་པ་གཞན། ཇོ་བཙུན་ཆོས་སེང་། ཇོ་བཙུན་ཆོས་མཆོག །རྩིས་པ་གཞོན་སེང་། སྟོན་པ་བྱང་རྒྱལ། ཙ་ཚིགས་པ་དར་མ་དཔལ། དཔལ་ཆེན་ཡེ་འབྱུང་། ཁམས་པ་འགའ་ལོ་སོགས་བྱུང་ངོ་[12]ཞེས་འབྱུང་བའི་ནང་རིན་ཆེན་སྐྱབས་ཀྱི་མཚན་ཙམ་ཡང་མ་ཐོན་ནོ། །

གཞན་ཡང་འདི་ལྟར་དཔྱོད་པར་རིགས་ཏེ། བྱ་འདུལ་འཛིན་བརྩོན་འགྲུས་འབར་ནི། གཙང་རོང་གཡུང་དུ་ལྕགས་མོ་ལུག་ལ་འཁྲུངས་ཞེས་པ་ཙམ་ནི་ཡོངས་སུ་གྲགས་ཤིང་། ལྕག་ལུགས་དེ་ནི། རབ་བྱུང་གཉིས་པའི་བགྲང་བྱ་ལྔ་པ་༡༠༩༡གི་ལྕགས་ལུག་དེ་ཡིན་ལ། རྒྱ་འདུལ་འཛིན་༡༠༤༧ལ་འཁྲུངས་པའི་དབང་དུ་ན། དགུང་ལོ་ཞེ་ལྔ་པར་ཁེལ། ཁོང་རབ་ཏུ་བྱུང་ས་ནི་འབྲེ་ཤེས་རབ་འབར་དང་། རྫོགས་པར་བསྙེན་ཡུལ་ཁྱུང་རིན་ཆེན་གྲགས་ཡིན་པས། ཆུང་དུས་ནས་རྒྱ་བསྟེན་པ་ཞིག་ནི་ངེས་པར་མིན། དེབ་ཐེར་སྔོན་པོར། རྒྱ་དང་རྨ་ཚོ་བླ་ཟུར་དུ་བྱས་པ་ལ་འདུལ་བ་མཁས་པར་བསླབས། ཞེས་འབྱུང་བའི་རྨ་ཚོ་བླ་ཟུར་དུ་བྱས་པ་ལ་ཞེས་པ་ཡང་། དེབ་སྔོན་ཉིད་དུ། བརྒྱད་ཅུ་ན་སྐུ་ན་བགྲེས་པས་སོ་སོར་ཐར་པའམ། རྒྱ་ཆེར་འགྲེལ་བའམ། ཀ་རི་ཀ་ཐུན་རེ་ཙམ་གསུངས། བཤད་པའི་རྐངས་ཞར་ཆོས་པས་བཟུང་ཞེས་པའི་ཞར་ཆོས་བྱེད་པར་གོ་བར་འདུག་ལ། བྱ་འདུལ་དགའ་སྡོང་དུ་སླེབས་དུས། འཆད་ཉན་གཙོ་བོར་ཞར་ཆོས་པས་བྱེད་པའི་རྒྱ་དགུང་ལོ་བརྒྱད་ཅུ་ཡན་སླེབས་པའི་སྐབས་ཏེ། ཉིད་དགུང་ལོ་སོ་དྲུག་ཡན་ལ་སླེབས་པའི་དུས་སུ་ངེས། དེའི་ཕྱིར་རྒྱ་ཡིས་དགུང་ལོ་བརྒྱད་ཅུ་ལྷག་ལོན་ནས། ཆོས་ཐུན་ཙམ་རེ་ལས་མི་གསུངས་པའི་སྐབས་སུ་བསྟེན་པ་ཡིན་པས། ཁོང་གི་བུ་ཆེན་དུ་འགྱུར་མ་ཐུབ་ལ། རྨ་ཚོས་བཤད་པའི་རྐངས་བཟུང་ནས་བཤད་པའི་སྐབས་ཡིན་པས། ཁོང་གི་བུ་ཆེན་དུ་གྱུར་པ་ཡིན་ནོ། །དེ་ལྟར་སྨྲས་པའི་གྲུབ་དོན་ནི། མཐའ་བཞི་བརྩོན་འབར་ནི་རྒྱའི་སློབ་མ་རྣམས་ལས་སྔ་ཚར་གྱི་ཀ་བར་གཏོགས་ལ། བྱ་ནི་ཕྱི་ཚར་དུ་གཏོགས་པ་ཉིད་དོ། །དེ་ལྟར་ཡང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། སྔ་ཚར་དང་བར་ཚར་བཤད་ཟིན་པའི་རྗེས་སུ། ཕྱི་ཚར་ལ་བྲག་དམར་རྡོ་རྗེ་ཕུར་བུ། བརྡ་འདུལ་འཛིན་སོགས་བྱོན་ཞིང་། གཞན་ཡང་། སྐྱི་ཤོད་པ་ཚུལ་འཕགས་དང་། བྱ་འདུལ་འཛིན་སོགས་བྱོན་[13]ཞེས་བྱ་འདུལ་ནི་རྒྱའི་སློབ་མའི་ཚོགས་ལས་ཆེས་ཕྱི་མར་བགྲངས་པ་དང་ཤིན་ཏུ་འཕྲོད་པར་གྱུར་པ་ཉིད་དོ། །དོན་ཆུང་བ་ཉིད་ཀྱང་། འཁྲུལ་བ་ཆེ་བར་མཐོང་ནས་དེ་ཙམ་དུ་སྨྲས་ཀྱི། ད་དུང་སྤྲོས་པས་ཆོག་གོ། །

མཇུག་བསྡུ་བའི་གཏམ།

འདུལ་བའི་ཊཱི་ཀ་འཐད་ལྡན་འདི་ནི་མཐའ་བཞི་བརྩོན་འགྲུས་འབར་ཀྱིས་བརྩམས་པ་དང་། མཐའ་བཞི་བརྩོན་འགྲུས་འབར་ནི་བྱ་འདུལ་འཛིན་བརྩོན་འགྲུས་འབར་མིན་པའི་ཚུལ་གསལ་པོར་བསྟན་པས། ཤེས་རབ་ཀྱི་མིག་དང་ལྡན་པ་ལ་བལྟ་བྱའི་གཟུགས་སུ་གྲུབ་པ་དེ་ལྟར་ལགས་ཀྱང་། ད་དུང་ཡང་དོགས་པར་ལུས་པ་ནི། བྱ་འདུལ་རང་གིས་འོད་ལྡན་གྱི་འགྲེལ་པར་ཉིད་ཀྱིས་བྱས་པའི་མདོ་རྩའི་འགྲེལ་པ་ཡོད་ཚུལ་གསུངས་ཤིང་། བུ་སྟོན་རིན་པོ་ཆེའི་རྣམ་ཐར་དུ་ཡང་བྱ་ཊཱིཀ་ལ་འཆད་ཉན་བྱས་ཚུལ་གསལ་མོད། ཁོང་གི་གཞུང་དེ་མི་སྣང་བས། བརྩོན་འབར་གཉིས་ལས་བྱ་འདུལ་འཛིན་གྲགས་ཆེ་ཡང་ཁོང་གི་གཞུང་དེའི་རྒྱུན་མི་སྣང་བ་དང་། འཐད་ལྡན་འདི་གྲགས་ཆེ་ཞིང་། དཔེ་ཡང་མང་དུ་འཕེལ་མོད། ཆོས་འབྱུང་དང་བྱུང་བ་རྣམས་སུ་རྒྱ་འདུལ་འཛིན་གྱི་སློབ་མ་བགྲངས་པའི་སྐབས་ཙམ་མ་གཏོགས་མཐའ་བཞི་བརྩོན་འགྲུས་འབར་གྱི་སྐོར་ཆེར་མི་འདུག་པས་མུ་མཐུད་དུ་དཔྱད་པར་རིགས་སོ། །

དཔྱད་ཡིག་དང་ཞབས་མཆན། 

[1] འགྲེལ་བ་རིན་ཆེན་རྒྱན་འབུམ། དགེ་སློང་རིན་ཆེན་སྐྱབས། དབུ་མེད་ལག་བྲིས་མ། ལྡེབ་མ་༡༩༥པའི་སྲིབ་ངོས་ཕྲེང་༧ནས་གསལ།

[2] དབུ་མེད་ལག་བྲིས་མའི་ལྡེབ་ངོས་༧༩པའི་སྲིབ་ངོས་ཕྲེང་འོག་མ་ན་གསལ།

[3] མྱང་ཆོས་འབྱུང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ། ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༣ ཤོག་༢༠༤

[4] དབུ་མེད་ལག་བྲིས་མའི་ལྡེབ་ངོས་༨༠པའི་སྲིབ་ངོས་ཕྲེང་༢་ནས་གསལ།

[5] དབུ་མེད་ལག་བྲིས་མའི་ལྡེབ་ངོས་༨༠པའི་སྲིབ་ངོས་ཕྲེང་འོག་མ་ནས་གསལ།

[6] འདུལ་བ་འོད་ལྡན་གྱི་ཏི་ཀ་བྱ་འདུལ་གྱིས་མཛད་པ་བཞུགསྷོ་ཞེས་པའི་དབུ་མེད་ལག་བྲིས་མའི་ལྡེབ་མ་༥༢པའི་སྲིབ་ངོས་ཀྱིས་ཕྲེང་༥པ་ནས་གསལ།

[7] དབུ་མེད་ལག་བྲིས་མའི་ལྡེབ་ངོས་༨༡པའི་ཉིན་ངོས་ཕྲེང་གསུམ་པ་ནས་གསལ།

[8] དབུ་མེད་ལག་བྲིས་མའི་ལྡེབ་ངོས་༨༠པའི་ཉིན་ངོས་ཕྲེང་༢ནས་གསལ།

[9] མྱང་ཆོས་འབྱུང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༣ ཤོག་༡༢༩

[10] དབུ་མེད་ལག་བྲིས་ཤིན་ཏུ་རྙིང་བའི་ལྡེབ་མ་དང་པོའི་སྲིབ་ངོས་ཕྲེང་དང་པོར་གསལ།

[11] ལོ་རྒྱུས་མང་པོར་གཙང་དུ་རིན་སྐྱབས་ཞེས་སྣང་མོད། ལ་ལར་གཙང་དུ་ཙ་ངུ་རིན་སྐྱབས་སོགས་འདུག་པས། གནས་སྐབས་དེ་ལྟར་བྲིས།

[12] ལྡེབ་མ་བཞི་པའི་ཉིན་ངོས་ཕྲེང་གཉིས་པ་ནས་གསལ།

[13] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ཤོག་༢༥༡

དཔྱད་གཞིའི་ཡིག་ཆ་ཁག

[1] བུ་སྟོན་གྱི་རིན་ཆེན་གྲུབ་ཀྱི་འདུལ་བ་སྤྱིའི་རྣམ་པར་བཞག་པ་འདུལ་བ་རིན་པོ་ཆེ་མཛེས་རྒྱན་དབུ་མེད་ལག་བྲིས་མ།

[2] འདུལ་བ་མདོ་རྩའི་འགྲེལ་བ་འཐད་ལྡན་ལག་བྲིས་པ་མ་མི་འདྲ་བ་ལྔ།

[3] དགེ་སློང་རིན་ཆེན་སྐྱབས་ཀྱི་འགྲེལ་བ་རིན་ཆེན་རྒྱན་འབུམ་དབུ་མེད་ལག་བྲིས་མ།

[4] ༡༩༨༣ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤར་བའི་ཏཱ་ར་ནཱ་ཐའི་མྱང་ཆོས་འབྱུང་།

[5] མི་རིགས་དཔེ་སྐྲུན་ཁང་གིས་སྤར་བའི་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན།

[6] འདུལ་བ་འོད་ལྡན་གྱི་ཏི་ཀ་བྱ་འདུལ་གྱིས་མཛད་པ་དབུ་མེད་ལག་བྲིས་མ།

[7] ༡༩༨༤ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤར་བའི་དེབ་ཐེར་སྔོན་པོ།

[8] ཟུལ་ཕུ་མཁན་ཆེན་གྱི་རྣམ་ཐར་དབུ་མེད་ལག་བྲིས་མ་སོགས་སོ། །

 

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།