ག་གོན་གྱི་ངོས་འཛིན་དང་དེ་ལས་འཕྲོས་པའི་དཔྱད་ཞིབ།

0
80

ནང་དོན་གནད་བསྡུས། འདིར་ག་གོན་ཞེས་པ་ལ་སྔོན་གྱི་མཁས་པ་དག་གིས་ངོས་འཛིན་ཇི་ལྟར་མཛད་པ་དང་། དེ་དག་ལ་འཐད་པ་ཡོད་མེད་ལུང་རིགས་ཀྱིས་ཞིབ་མོར་དཔྱད་དེ། མདོ་རྒྱུད་བསྟན་བཅོས་དུ་མ་ལས་ག་གོན་ཞེས་འབྱུང་བ་ནི། འཁྲི་ཤིང་ལ་བརྟེན་པའི་འབྲས་བུ་རྒྱལ་མོ་ག་གོན་སོགས་དུ་མ་ཞིག་གི་སྤྱི་མིང་ཡིན་པ་ལུང་རིགས་ཚད་མས་འཐད་སྒྲུབ་བྱས་ཡོད།

བརྡ་ཆད་གཙོ་བོ།  ག་གོན། ཀ་ལིང་ཀ །རྒྱལ་མོ་ག་གོན། ཁརྦུ་ཛ། ཉུང་མ།

༡ སྔོན་དུས་ག་གོན་ཞེས་པ་ཇི་ལྟར་ངོས་འཛིན་ཚུལ།

མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་བསྟན་བཅོས་དུ་མ་ལས། ག་གོན་ཞེས་མང་དུ་འབྱུང་བ་གང་ལ་བྱ་སྙམ་ན། འདི་ལ་མཁས་པའི་བཞེད་ཚུལ་སྣ་ཚོགས་ཤིག་མཐོང་བ་ལས། གཅིག །སྟོན་པའི་སྐུ་དུས་ཀྱི་ཚོང་དཔོན་ཞིག་གི་མིང་ལ་འཇུག་པ་ནི། འཕགས་པ་རྒྱ་ཆེར་རོལ་པ་ལས། 1“དེའི་ཚེ་བྱང་ཕྱོགས་པའི་ཚོང་པ་ག་གོན་དང་བཟང་པོ་ཞེས་བྱ་བ་མཁས་པ་གསལ་བ་སྤུན་གཉིས་རྙེད་པ་ཆེན་པོ་རྙེད་ནས།”[1]ཞེས་འབྱུང་།  གཉིས། ཞ་ཉེ་ལ་འཇུག་པ་ནི་སྐྱོགས་སྟོན་གྱི་དག་ཡིག་ལི་ཤིའི་གུར་ཁང་ལས།ན “ག་གོན་དང་ཚོན་མོ་སྟེང་ནི་ཞ་ཉེ། རོ་ཉེ་ནི་ཞ་ཉེ་ནག་པོར་ཡན་ལག་བརྒྱད་པའི་འགྲེལ་པ་ཟླ་ཟེར་ལས་བཤད།”[2]ཞེས་འབྱུང་།  གསུམ། ཉུང་མའམ་ཡུང་མ་ལ་ངོས་འཛིན་མཛད་པ་ནི། ཀུན་མཁྱེན་མཚོ་སྣ་བས་མཛད་པའི་མདོ་རྩའི་མཆན་དུ། “ལ་སྟོད་ཀྱི་ཡུལ་ཁ་ཅིག་ན་ཉུང་མ་ལ་ག་གོན་ཟེར་སྐད།”[3]ཞེས་འབྱུང་། བཞི། ཤིང་ཏོག་སྐྱུར་མོ་ཞིག་གི་མིང་དུ་ངོས་འཛིན་མཁན་ནི་མཁས་གྲུབ་དགེ་ལེགས་དཔལ་བཟང་སྟེ། དེས་མཛད་པའི་རྣམ་འགྲེལ་འགྲེལ་ཆེན་རིག་པའི་རྒྱ་མཚོ་ལས།  “ག་གོན་ནི་ཤིང་ཏོག་འབྲས་བུ་ཆེན་པོ་སྨིན་པ་ན་རོ་སྐྱུར་ཞིང་ནང་ན་ཁུ་བ་མང་བ། འདུ་བའི་ནད་ཕལ་ཆེ་བ་ལ་གནོད་པ་ཞིག་གོ། །”[4]ཞེས་སོ། །ལྔ་། ཡུལ་སྡེ་ཞིག་གི་མིང་སྟེ། མཁས་པའི་དགའ་སྟོན་ལས། “བྱང་ཕྱོགས་སྐར་མ་སྨིན་བདུན་འཆར་བའི་མཐའ་སྔོན་ནགས་ཤོད་གཟིག་ཕྲེང་ལས་མ་མཆིས་པ་ལ་ག་གོན་དང་། ཧོར་དང་། སོག་པོ་བཏུལ་ཏེ་ད་ཤབ་ཧབ་ཀྱི་ལ་རྒྱུད་ལ་གཏུགས་པར་མངའ་མཛད་དོ། །”[5]ཞེས་འབྱུང་། དྲུག །ཞ་ཉེའམ་ཞ་ཉེ་ནག་པོའི་མིང་སྟེ། གོང་སྨན་པའི་པོད་དམར་ལས། “ག་གོན་ནི་ཞ་ཉེ་ནག་པོ་ཡང་ཟེར་བའི་ཚོན་མོ་ཏའི་མིང་ངོ་། །”[6]ཞེས་སོ། །

དུང་དཀར་ཚིག་མཛོད་དུ། ག་གོན། འདུལ་བ་མདོ་རྩ་བ། སྨན་གྱི་གཞི་ལས་ལ་ཕུག་གི་རིགས་ཡིན་པ་ལ་རོ་མངར་བ་དེང་སང་ཡོངས་གྲགས་སུ་ཉུང་མ་ཞེས་འབོད་པ་དེ་ཡིན་པར་གསུངས་ཞེས་བྲིས་འདག་མོད། སྨན་གྱི་གཞི་རྩ་འགྲེལ་གང་དུ་ཡང་ག་གོན་གྱི་བཤད་པ་ཟུར་ཙམ་ཡང་མི་སྣང་ངོ་། །ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་མཆན་དུ། ལ་སྟོད་ཀྱི་ཡུལ་ཁ་ཅིག་ན་ཉུང་མ་ལ་ག་གོན་ཟེར་སྐད་ཅེས་འབྱུང་བ་ནི་སོར་བཤགས་གསུམ་པའི་མཆན་འགྲེལ་ཡིན་ནོ། །

༢ དེ་དག་འཐད་མིན་གྱི་དཔྱད་ཞིབ་ཕྲན་བུ།

དེ་ཡང་། ག་གོན་ནི་ཉུང་མའམ་ཡུང་མར་བཤད་པ་འཐད་པར་མི་སེམས་ཏེ།  ཡན་ལག་བརྒྱད་པའི་འགྲེལ་པ་ཟླ་ཟེར་ལས། “འཁྲི་ཤིང་ལ་བརྟེན་པའི་འབྲས་བུའི་ནང་ན། ག་གོན་ནི་མཆོག་ཏུ་གཅིན་མང་བ་ཡིན་ནོ། །”[7]ཞེས་ཤིན་ཏུ་གསལ་བར་ག་གོན་ནི་འཁྲི་ཤིང་ལ་རྟེན་པའི་འབྲས་བུ་ཞིག་ཡིན་པར་བཤད་པ་གང་ཞིག །འདི་ཉིད་གོང་སྨོས་ཉུང་མར་ངོས་འཛིན་རྒྱུའི་ག་གོན་དེ་ལས་གཞན་དུ་འགྲོ་ས་མེད་པའི་ཕྱིར་རོ། །འཁྲི་ཤིང་ལ་བརྟེན་པའི་འབྲས་བུ་ཡིན་པས་ཅི་གནོད་ཅེ་ན། ཤིང་འབྲས་དང་ཉུང་མའི་གཞི་མཐུན་མི་སྲིད་པ་ནི་སུ་ཀྱང་ཤེས་སླ་བའི་ཕྱིར། ག་གོན་ལ་ཉུང་མ་ཡིན་པ་ཞིག་མི་སྲིད་པར་གྲུབ་བོ། །

དེ་བཞིན་དུ། ས་བོན་གྱི་ཆ་ནས་ཀྱང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་འགྱུར་བ། སོ་སོར་ཐར་པའི་བཤད་པ་རྣམས་མི་བརྗེད་དྲན་བྱེད་ཙམ་དུ་བྲིས་པ་ལས། “ས་བོན་ལ་རྣམ་པ་ལྔ་སྟེ། རྩ་བའི་ས་བོན་དང་། སྡོང་པོའི་ས་བོན་དང་། མགོ་ཐོགས་ཀྱི་ས་བོན་དང་། འགས་པའི་ས་བོན་དང་། ས་བོན་གྱི་ས་བོན་དང་ལྔའོ། །རྩ་བའི་ས་བོན་ནི་གླ་སྒང་དང་ཤུ་དག་དང་ཡུང་བ་དང་རོང་དང་སྒེའུ་གཤེར་དང་གཞན་ཡང་རྩ་བ་བཙུགས་པ་ལས་སྐྱེ་བའོ། །སྡོང་པོའི་ས་བོན་ནི་བུ་རམ་ཤིང་འོད་མ་དང་། ལྕང་མ་དང་། གཞན་ཡང་སྡོང་བུ་ལས་སྐྱེས་པ་རྣམས་སོ། །མགོ་ཐོགས་ཀྱི་ས་བོན་བཏབ་པ་ལས་སྐྱེས་པར་གྱུར་པའོ། །འགས་པའི་ས་བོན་ནི་འཇམ་བྱི་ར་དང་ག་གོན་དང་། ཁམ་རྩེག་ལ་སོགས་པའོ། །ས་བོན་གྱི་ས་བོན་ནི་ནས་འབྲས་དང་ཁྲེ་ལ་སོགས་པའོ། །”[8]ཞེས་ས་བོན་རྣམ་པ་ལྔ་བཤད་པ་ལས། ག་གོན་ནི་འགས་པའི་ས་བོན་དུ་གསུང་ལ། ཉུང་མ་ནི་འགས་པའི་ས་བོན་མ་ཡིན་པ་ཤེས་སླ་བའི་ཕྱིར་རོ། །

“ག་གོན་དང་ཞེས་པ་ནི་ཚིག་གི་བརྗེད་བྱང་དུ་རྒྱལ་མོ་ག་གོན་ནོ་ཞེས་ཏེ་ཤིང་ཏོག་ཞིག་ལ་འཆད།”[9]ཅེས་པས། ཚིག་གི་བརྗེད་བྱང་ལས་ཤིག་ཏོག་ལ་འཆད་པ་གསལ་བར་ཤེས་ལ། ཉུང་མ་ཤིང་ཏོག་མིན་པར་བྱིས་པས་ཀྱང་ཤེས་པའི་ཕྱིར་རོ། །དེ་བས་ན། མཁས་མཆོག་འགའ་ཞིག་གིས། ཉུང་མར་བཤད་པ་འཐད་ཕྱོགས་སུ་མཛད་པ་ལ་ངེས་པར་བསམ་དགོས་པར་མཐོང་སྟེ། མདོ་དང་དགོངས་འགྲེལ་གྱི་བཤད་པ་དོར་ནས། འདུལ་བ་གང་དུ་གསུང་པའི་ཡུལ་ལས་ཁད་རིང་བའི་ལ་སྟོད་པའི་ངག་སྒྲོས་ལ་ཁུངས་བཅོལ་བ་དེ། ཡུལ་དུས་གནས་བབ་གང་གི་ཆ་ནས་བསམས་རུང་འོས་འཚམས་སུ་མ་མཐོང་སྟེ། རྒྱུས་ཡོད་མཁས་པའི་བཤད་པ་དོར་ནས། རྒྱུས་མེད་བླུན་པོའི་གཏམ་ཚད་མར་བྱས་པ་ལྟ་བུར་སོང་འདུག་པའི་ཕྱིར་རོ། །འདི་ནི་ཀུན་མཁྱེད་མཚོ་སྣ་བ་ཚད་མར་མཛད་དྲག་པས་ཡིན་པར་སྣང་མོད། མཚོ་སྣ་བའི་ཁུངས་ནི། ལ་སྟོད་ཡུལ་ན་དེ་ལྟར་ལབ་སྲོལ་འདུག་ཟེར་བ་ཙམ་ལས་ལྷག་པའི་རྒྱུ་མཚན་ཞིག་གསུང་ཡོད་པར་མི་འདྲའོ། །ཕྱིས་ཉུང་མར་བཤད་མཁན་མཐའ་དག་གི་ཁུངས་ཀྱང་དེ་ཙམ་དུ་ཟད་དོ། །

རྣམ་པ་གཅིག་ཏུ་ན། མཚོ་སྣ་བའི་མཆན་འགྲེལ་ལས་བཤད་པ་ནི། ག་གོང་ལ་ག་གོན་དུ་འཁྲུལ་བ་ཡིན་སྲིད་སྙམ་སྟེ། ད་དུང་ཁམས་ཀྱི་ཡུལ་གྲུ་མང་པོའི་ཡུལ་སྐད་དུ། དཀར་པོ་གོང་བུའི་མིང་ལ། ག་གོང་དུ་འབོད་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་ཏེ།  དཔེར་ན། འཇུ་མི་ཕམ་གྱི་གཏོ་ཡི་ཆོ་ག་བཀྲ་ཤིས་འདོད་འཇོ་ལས། “མེད་ན་དཀར་གོང་ལ་མགོ་དང་ཁ་མིག་བཏོད། སྤྱི་བོར་མཚལ་གྱི་གཡུང་དྲུང་བྲིས།”[10]ཞེས་པའི་དཀར་གོང་ཡང་། ཡུང་མ་རྗེན་པ་མ་སྐམས་པའི་གོང་བུ་ལ་གོ་དགོས་པ་ལྟ་བུའོ། །གལ་ཏེ་འཁྲུལ་གཞི་དེ་འདྲ་ཞིག་གིས་བསྐྱེད་པ་མིན་ཚེ། བདེན་པའི་ཕུག་གསལ་བའི་སྒྲུབ་བྱེད་རེ་ཟུང་ཡོད་དགོས་ངེས་ལ། ག་གོན་ཉུང་མ་ཡིན་པའི་སྒྲུབ་བྱེད་ཕྲ་མོ་ཙམ་ཡང་ཡོད་པར་མི་སྣང་ཞིང་། གོང་སྨོས་གནོད་བྱེད་སྟོབས་ལྡན་དང་བཅས་པའོ། །མཁས་གྲུབ་དགེ་ལེགས་དཔལ་བཟང་གི་བཞེད་པ་དེ་ཡང་། བྱེ་བྲག་གི་མིང་སྤྱི་ལ་སྦྱར་བའི་དབང་དུ་བྱས་སོ། །ཞེ་ན་འོས་པ་ཙམ་མོ། །

ག་གོན་དང་རྒྱལ་མོ་ག་གོན་གཉིས་ཀྱི་ཁྱད་པར།

དེ་ཡང་། མདོ་དང་བསྟན་བཅོས་དུ་མ་ལས་ག་གོན་ཞེས་འབྱུང་བ་ཕལ་མོ་ཆེ་ཞིག་གིས་རྒྱལ་མོ་ག་གོན་སྟོན་པར་མཐོང་སྟེ།  དཔེར་ན། འདུལ་བ་གཞི་ལས། “འཕགས་པ་དག་ཅི་འདི་རྒྱལ་མོ་ག་གོན་གྱི་ར་བའམ། ལ་ཕུག་གི་ར་བའམ་ཞེས་ཅོ་འདྲི་བར་བྱེད་པའི་སྐབས་དེ་”[11](མཆན།)① ཞེས་དང་། འདུལ་བ་རྣམ་པར་འབྱེད་པ་ལས། “དགེ་སློང་འོངས་པ་རྣམས་ལ་ག་གོན་དང་ལ་ཕུག་ལ་སོགས་པ་འབྲས་བུ་དང་། རྩ་བ་དག་དང་། ལྡམ་ལྡུམ་ལ་སོགས་པ་ཚོད་མ་དག་ཕུལ་བ་དང་།”[12]ཞེས་དང་། འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས། “ལ་ཕུག་དང་། རྒྱལ་མོ་ག་གོན་དང་། མར་ཁུར་དག་ནི་དུམ་བུ་བྱས་ཏེ་བཟའ་བར་བྱའོ། །”[13]ཞེས་དང་། འདུལ་བའི་མདོ། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོར་བཤགས་སྐབས། “ག་གོན་དང་ལ་ཕུག་དང་ལྡམ་ལྡུམ་མོད་པ་དག་ནི་མ་གཏོགས་སོ། །”[14]ཞེས་པ་དག་གི་སྐབས་སུ། ག་གོན་དང་། རྒྱལ་མོ་ག་གོན་གང་སྨྲས་ཀྱང་། འབབ་ས་གཅིག་ཡིན་པ་ཤིན་ཏུ་གསལ་བར་མ་ཟད། འདུལ་བ་རྣམ་པར་འབྱེད་པ་སོགས་ལས། “ག་གོན་དང་ལ་ཕུག་”[15]ཞེས་པའི་དོན་འགྲེལ་བ་ན། ཚིག་གི་བརྗེད་བྱང་ལས་ཀྱང་རྒྱལ་མོ་ག་གོན་དུ་བཀྲལ་བ་ནི། “ག་གོན་དང་ཞེས་པ་ནི་ཚིག་གི་བརྗེད་བྱང་དུ་རྒྱལ་མོ་ག་གོན་ནོ་ཞེས་ཏེ་ཤིང་ཏོག་ཞིག་ལ་འཆད།”[16]ཅེས་གསལ་པོར་འཁོད་འདུག་པས་སོ། །ཚིག་གི་བརྗེད་བྱང་འདི་དཱ་ན་ཤྲཱི་ལས་མཛད་པར་གྲགས་པ་དེ་ཡིན་ངེས། །

འོ་ན། རྒྱལ་མོ་ག་གོན་ཞེས་པ་གང་ལ་ངོས་འཛིན་དགོས་སམ་ཞེ་ན།  ཨིན་ཇི་སྐད་དུ། ཝ་ཋར་མེ་ལོན་(watermelon)དང་།  རྒྱ་ནག་སྐད་དུ། ཞི་ཀྭ་(西瓜) ཞེས་པ་དེའོ། །ཡན་ལག་བརྒྱད་པའི་འགྲེལ་པ་ཟླ་ཟེར་ལས། “ཀ་ལིང་ཀ་དང་ཀར་ཀ་དང་། ཨེར་བ་རུ་དང་། ལོ་མ་ཤིང་དག་ནི་ག་གོན་གྱི་རྣམ་གྲངས་ཡིན་ནོ། །”[17]ཞེས་བཤད་པའི་ཀ་ལིང་ཀ་ཞེས་པ་དེ་ཡང་དེ་ཡིན་ཏེ། །འདི་ལ་ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པར། “ཀ་ལིང་གེ་”[18]ཞེས་འཁོད་ལ། དེང་སང་ཡང་རི་བོ་འབིགས་བྱེད་ཀྱི་ལྷོ་ཕྱོགས་སུ་ཆགས་པའི་ཡུལ་ཀ་ཎ་ཊ་ཀཱའི་(མཆན།)② སྐད་དུ། དེ་ལ་ད་དུང་ཀ་ལིང་ཀ་ཞེས་འབོད་ཀྱིན་ཡོད་དོ། །ཁོང་དག་གི་ཡིག་སྐད་ཟུར་ཕྱིན་པར་ཀློག་པའི་དབང་དུ་བྱས་ན། ཀ་ལིང་ཀར་ལྟ་བུ་ཞིག་འབྱུང་མོད། ཀ་ལིང་ཀ་ཞེ་ན་ཡུལ་མི་དག་གིས་བདེ་བླག་ཏུ་གོ་ནུས་པ་ཡིན།  འོ་ན་རྒྱལ་མོ་ག་གོན་ཞེས་པ་ཡང་དེ་ཉིད་ཡིན་པ་གང་ལས་ཤེས་ཞེ་ན། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་སློབ་དཔོན་ཆེན་པོ་སྤྱོད་འཆང་དབང་པོའི་རྣམ་ཐར་ངོ་མཚར་སྙན་པའི་སྒྲ་དབྱངས་ལས། “ཚོགས་ཀྱི་བཟའ་བའི་ཁྱད་པར་ལས་ཁརྦུ་ཛ་(མཆན།)③སྟེ་ཤིང་ཐོག་རྒྱལ་མོ་ག་གོན་རེ་གཅིག་ཡོད་པ་བརྒྱ་སྟོང་དུ་འཕེལ་ཏེ་ཀུན་ལ་སྩལ་བ། དེ་རྣམས་ཀྱིས་ཟོས་པས་རྒྱུད་བྱིན་གྱིས་བརླབས།”[19]ཞེས་འབྱུང་བ་གང་ཞིག །ཁརྦུ་ཛ་ (खरबुजा ) ནི་ད་དུང་བལ་ཡུལ་རང་སྐད་དུ་སྤྱོད་བཞིན་པ་སྟེ། ཀ་ན་ཊ་ཀཱས། (ಕಲ್ಲಂಗಡಿ) ཀ་ལིང་ཀ་ཞེས་འབོད་ས་དང་། ཨིན་ཇི་སྐད་དུ། ཝ་ཋར་མེ་ལོན་(watermelon) ཞེས་པ་དང་། དེང་རྒྱ་གར་ཧིན་རྡུའི་སྐད་དུ། ཏར་བྷུ་རྗ། (तरबुजा) ཞེས་དང་། རྒྱ་ནག་སྐད་དུ། ཞི་ཀྭ་(西瓜) ཞེས་པ་དེ་ཡིན་པའི་ཕྱིར་རོ། །དེ་བས་ན། འདུལ་ལུང་དག་ལས། རྒྱལ་མོ་ག་གོན། ཞེས་འབྱུང་བ་ཀུན་ཀྱང་དེ་ལྟར་ངོས་འཛིན་དགོས་པ་ལ་བསྙོན་དུ་མེད་པས།  རང་རེའི་འཕྲུལ་མཛངས་མེས་པོ་དག་གིས། མི་ལོ་ཆིག་སྟོང་གོང་ནས། ཤིང་འབྲས་འདི་ལ་རྒྱལ་མོ་ག་གོན་ཞེས་བརྡ་སྦྱར་ནས་བཞག་ཡོད་པ་ཤེས་ནུས།

དེས་ན་འདི་ལ་དེང་སང་མིང་གསར་འདོགས་ཀྱི་ངལ་བ་ནི་རྨོངས་པའི་དབང་གིས། དགོས་མེད་ཀྱི་ཁུར་པོ་ཕྲག་ཏུ་བླངས་བ་ཙམ་དུ་ཟད་དོ། །སྤྱིར་བལ་པོའི་སྐད་དང་ལེགས་སྦྱར་འབྲེལ་ཆེ་མོད། (མཆན།)④ འདི་དག་གི་སྐད་དོད་ཚང་མ་གཅིག་པ་མིན་སྟེ།  བྱེ་བྲག་ཏུ་རྟོགས་པར་བྱེད་པ། ཞོ་མར་དང་ཟས་སྐོམ་གྱི་མིང་གི་སྐབས་སུ། “ལ་ཤུ་ནཾ། ལ་ཏརྐཿ  ། གྲྀཉྫ་ན་ཀ །པ་ལཱཎྜུཿ  ། རཱ་ཛི་ཀཱ། གུགྒུ་ལཿ  ། བ་ཧུ་རི། དྷཱ་ལཱ། ལཱ་ཛཱ། ག་ཎཱ། ཏུ་ཥཿ  ། བུ་སཿ  ། ཀིཾ་ཤཱ་རུཿ  ། ཤཱུ་ཀཿ  ། མཉྫ་རཱི། ཨ་པུ་པཿ  ། ཀུལྨཱ་སཿ  ། ཏྲ་ཡུ་སཾ། ཀརྐ་ཊི་ཀཿ  །  སྒོག་སྐྱའམ་བྱི་རྐུ། མེ་མོའམ་སྒྲེའུ། ཀེའུ། ཀུན་དོང་། སྐེ་ཚེ། ཡུངས་མ། ཡོས། ཡོས། འབྲས་ཡོས། གཟེགས་མ། ཕུབ་མ། སྦུན་པ། གྲ་མ། གྲ་མ། སྙེ་མའམ་དོག་པ། སྣུམ་ཁུར། ཟན་དྲོན། ག་གོན། རྒྱལ་མོ་ག་གོན།”[20]ཞེས་ལེགས་སྦྱར་གྱི་ཐ་སྙད་རེ་རེའི་ཐད་ཀའི་གཤམ་འོག་ཏུ་བོད་སྐད་ཀྱི་མིང་འདི་དག་སྦྱར་འདུག་པ་ལ། འཇུ་མི་ཕམ་གྱི་སྐད་གཉིས་ཤན་སྦྱར་དུ།  “ལ་ཤུ་ནཾ། སྒོག་སྐྱའམ་བྱི་ཀུ། ལ་ཏརྐཿ  ། མེ་མོའམ་སྒྲེའུ། གྲྀཉྫ་ན་ཀཾ ཀེའུ། པ་ལཱཎྚུ། ཀུན་དོང་། དེ་དེ་རྣམས་སྒོག་རིགས་སོ། །རཱ་ཛིཀཱ །སྐེ་ཚེ། གུགྒུ་ལཿ  ། ཡུངས་མ། ཏྲ་ཡུ་སཾ། ག་གོན། ཀརྐ་ཊི་ཀཿ  ། རྒྱལ་མོ་ག་གོན།” ཞེས་དེ་ཉིད་ལས་བོད་ཀྱི་སྐད་ལ་སྐད་དོད་ཐ་དད་མེད་པ་དག་བསལ་ནས་གཞན་རྣམས་ཅི་རིགས་པར་ཤན་སྦྱར་བ་སྟེ། དེ་དག་ཏུ་ག་གོན་གྱི་སྐད་དོད་དུ། ཏྲ་ཡུ་སཾ།[21]ཞེས་དང་། རྒྱལ་མོ་ག་གོན་གྱི་སྐད་དོད། ཀརྐ་ཊི་ཀཿ  ། འཁོད་འདུག་པས་སོ། །ཡང་། འགྲེལ་བ་ཟླ་ཟེར་དུ། “ག་གོན་ནི་དྲི་བུ་ཏ་ཞེས་བྱ་བ་སྟེ་དེའི་ས་བོན་རྒྱལ་མོ་ག་གོན་ཞེས་བྱ་བ་ཨེ་ར་པ་རུ་ཞེས་བྱ་བའི་ག་གོན་གྱི་ཁྱད་པར་གྱི་ས་བོན་ནོ། །དེ་བཞིན་དུ་ལེ་བརྒན་རྩིའི་ས་བོན་གཟུང་ངོ་། །”[22]ཞེས་གསལ། འདིས་ཀྱང་རྒྱལ་མོ་ག་གོན་དེ་ག་གོན་གྱི་བྱེ་བྲག་ཡིན་པ་ཤེས་སོ། །དེ་ལྟར་ཡང་། ག་གོན་དང་རྒྱལ་མོ་ག་གོན་གཉིས་དོན་གཅིག་མིན་སྟེ། རྒྱལ་མོ་ག་གོན་ནི་ག་གོན་ལ་རྣམ་གྲངས་དུ་མ་ཞིག་ཡོད་པའི་ནང་ཚན་ཞིག་གོ། །ཞེས་འཆད་དགོས་པར་ཡོད་དོ། །

དོན་དངོས་སུ་ག་གོན་ཅི་ཞིག་ཡིན་མིན་བཤད་པ།  

མདོ་དོན་སྙིང་པོར་དྲིལ་ན། ག་གོན་ཞེས་པ་དེའི་སྤྱིའི་ངོ་བོ་དང་རྣམ་པ་གང་འདྲ་ཞིག་ལ་ངོས་འཛིན་དགོས་ཞེ་ན།  ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་ལས། “ཀུ་བ་ལ་སོགས་པ་འཁྲི་ཤིང་ལ་བརྟེན་ཏེ། སྐྱེས་པའི་འབྲས་བུ་རྣམས་ཀྱི་མཆོག་ནི་ཀུ་སྨན་ད་ཡིན་ཏེ། དེ་ནི་རླུང་དང་མཁྲིས་པ་སེལ་བའི་དམ་པ་ཡིན་པ་དང་། གཅིན་ནད་ཀྱི་རྒྱུན་ལམ་སྦྱོང་ཞིང་སེལ་བར་བྱེད་པ་དང་། རོ་ཙ་བ་ཡིན་ནོ། །ག་གོན་ཤིན་ཏུ་གཅིན་མང་ཞིང་། །ཞེས་བྱ་བ་ནི། འཁྲི་ཤིང་ལ་བརྟེན་པའི་འབྲས་བུའི་ནང་ན། ག་གོན་ནི་མཆོག་ཏུ་གཅིན་མང་བ་ཡིན་ནོ། །ཀུ་བ་ཤིན་ཏུ་རྩུབ་པ་ཡིན། །ཞེས་བྱ་བ་ནི། འཁྲི་ཤིང་ལ་བརྟེན་པའི་འབྲས་བུའི་ནང་ན། ཀུ་བ་ནི་ཤིན་ཏུ་རྩུབ་པ་ཡིན་ནོ། །”[23]ཞེས་གསལ་བ་འདིས།  འཁྲི་ཤིང་ལ་བརྟེན་པའི་འབྲས་བུ་ལ། ཀུ་སྨན་ད་དང་། ག་གོན་དང་། ཀུ་བ་གསུམ་བཤད་པའི་ཡ་གྱལ་ཏེ།  ག་གོན་ནི་འཁྲི་ཤིང་ལ་བརྟེན་པའི་འབྲས་བུར་གསུངས་ལ།  ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ་ལས། “ག་གོན་རོ་ཁ་བའི་ཐོར་ཏོ་དང་།” [24]ཞེས་རོ་ཁ་བ་རྩེ་མོ་ཅན་ཞིག་ཡོད་པར་གསུངས་པ་དང་། མིང་གི་རྣམ་གྲངས་སུ། “ཏིག་ཏ་དང་།”[25] ཞེས་སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོའི་འགྲེལ་པ་ལས་བཤད་ཅིང་། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། “ཏིག་ཏ་ནི། ལེགས་སྦྱར་གྱི་སྐད་ཀྱི་ཏིཀྟཿ  ཞེས་པ་ཟུར་ཆག་པ་ཡིན་པས། བོད་སྐད་དུ་ཁ་བ་ཞེས་འགྱུར། ངོ་བོ་ནི་རྒྱ་གར་ནས་འབྱུང་བའི་ཤིང་ཕྲན་གྱི་རིགས་རོ་ཤིན་ཏུ་ཁ་ཞིང་ནུས་པས་མཁྲིས་ནད་སེལ་ནུས་པ་ཞིག་གི་མིང་ངོ་། །”[26]ཞེས་གསུངས་པས། རོ་ཤིན་ཏུ་ཁ་བ་ཡོད་པར་དཔོག་ནུས།

དེ་བཞིན་ག་གོན་མངར་མོ་ཡོད་པ་ཡང་། ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ་ལས། “ག་གོན་ནི་ཁོང་འཁྲུ། གཅིན་མང་ངོ་། །ཚོད་མ་ཙི་ན་ཀ་ནི་བཤང་བ་ཐུར་དུ་མི་འོང་སྟེ་སྲའོ། །ཙིར་བི་ཏ་ནི་བད་ཀན་དུ་འགྱུར་རོ། །འདི་གསུམ་གྱི་རོ་འདྲ་སྟེ་འཇུ་དཀའ། ཞུ་བའི་རྗེས་ཀྱང་མངར། རླུང་ནད་དང་བད་ཀན་དུ་ཡང་འགྱུར་རོ། །”[27]ཞེས་པ་ལས། ཞུ་བའི་རྗེས་ཀྱང་མངར། ཞེས་པའི་ཀྱང་སྒྲས་རོ་མངར་བར་མ་ཟད་ཞུ་རྗེས་ཀྱང་མངར་ཞེས་བསྟན་པ་དང་། རྒྱལ་མོ་ག་གོན་ཞེས་པས་ཀྱང་ཤིན་ཏུ་མངར་བ་བསྟན་སྟེ། རྒྱལ་མོ་ཀ་ར་བཞིན་ནོ། །སྐྲན་ཞི་བའི་གཟུངས་ལས། “ག་གོན་རིང་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ཏེ་གཤགས་ན་མཚེར་པའི་སྐྲན་ཞི་བར་འགྱུར་རོ། །”[28]ཞེས་ག་གོན་རིང་པོ་ཡང་བཤད་དོ། ། འདུལ་བ་མདོའི་འགྲེལ་པ་ལས། “ཚོད་མ་དང་ག་གོན་ལྟ་བུ་ནི་ཁ་དོག་འགྱུར་ཞིང་འཇམ་པོར་གྱུར་ན་བཙོས་པའོ། །”[29]ཞེས་བཙོས་ནས་བཟའ་བའི་ཚུལ་ཡང་གསུངས་སོ། །

དེ་བས་ན། དེ་དག་གི་དོན་རྡོག་བསྒྲིལ་ན། ག་གོན་ཞེས་པ་ནི། འཁྲི་ཤིང་ལ་བརྟེན་པའི་འབྲས་བུ་གང་ཞིག་ལ། རྩེ་མོའི་རོ་ལྷག་ཏུ་ཁ་བ་ཞིག་དང་། རོ་ཤིན་ཏུ་ཁ་བ་འཁྲིས་ནད་སེལ་ནུས་པ་ཞིག་དང་། རོ་ཤིན་ཏུ་མངར་མོ་ཞིག་ཀྱང་ཡོད་པ་དང་། དབྱིབས་ཀྱི་ཆ་ནས་རིང་པོ་ཡང་ཡོད་ལ། བཙོས་ནས་གཟའ་ཆོག་པ་ཞིག་ཀྱང་ཡོད་པ་དང་། འགས་པ་ན་ས་བོན་ཐོན་ཡོང་བ་ཞིག་ཡིན་པར་བསྟན་པས་ན།  ཨིན་སྐད་དུ། bitter gourd (བྷི་ཋར་གྷུར་ཌི་)ཞེས་པ་དང་། cucumber(ཁུ་ཁུམ་བྷར།) དང་། watermelon(ཝ་ཋར་མེ་ལོན་)དང་། muskmelon (མ་སི་ཁི་མེ་ལོན་)ཞེས་པ་སོགས་ཀྱི་སྤྱི་མིང་ཡིན་པར་ཤིན་ཏུ་གསལ་བར་ཐོན་པ་ཡིན་ཏེ། མཐའ་གཞན་འགོག་པའི་རིག་པས། དེ་དག་ལས་གཞན་དུ་འགྲོ་ས་མེད་པར་གྲུབ་ནས་འདུག་པའི་ཕྱིར་རོ། །

དེ་ལ། རྒྱལ་མོ་ག་གོན་(西瓜) རྒྱ་ནག་ཏུ་མ་སླེབས་གོང་ནས་བོད་མིང་གཏན་ལ་ཕབ་ཟིན་པར་ལོ་རྒྱུས་གུང་བསྒྲིགས་ན་གསལ་བར་ཤེས་ནུས། འོན་ཀྱང་ད་ལྟ་ང་ཚོས་མིང་དོན་གཉིས་ཀ་མ་ཤེས་པར། 西瓜 ཞེས་པའི་ཡིག་འབྲུག་གཉིས་ལ་བརྟེན་ནས་དེ་ལ་མིང་གསར་པ་འདོགས་བཞིན་ཡོད་པ་འདིས་ཅི་ཞིག་མཚོན་བཞིན་འདུག

ཚིག་མཛོད་གསར་པ་འགའ་ཞིག་ན། རྒྱ་ནག་སྐད་དུ། ཀྭ་ཟེར་བའི་རྒྱུ་མཚན་གྱིས་ཚང་མ་ཀུ་བ་ཡིན་ཤག་གིས་ཀུབ་ཏུ་བཅོས་པ་སྟེ། དེ་དག་ལ། ཁ་ཀུབ། རྡོ་ཀུབ། ཆུ་ཀུབ། མངར་ཀུབ། ཅེས་བཏགས་པར་སྣང་མོད། འདི་དག་ཀུ་བ་མིན་སྟེ། ཀུ་བ་དང་ཀ་པེད་ཆེ་བ་དོན་གཅིག་པ་གང་ཞིག །དེ་དག་ཀ་པེད་མ་ཡིན་པའི་ཕྱིར་རོ། །རྒྱུ་མཚན་རྒྱས་པར་ཀུ་བ་ལ་དཔྱད་པའི་སྐབས་སུ་འཆད་དོ། །མིང་གི་རྣམ་གྲངས་ཡང་། སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོའི་འགྲེལ་པ་ལས། “པྲ་པུ་ས་དང་། ཀུ་ཏུ་ཀ་དང་། ཏིག་ཏ་དང་། མུ་ཏྲ་ལ་དང་། ཧ་ཏི་པརྞི་དང་། ཚར་དང་པརྞི་དང་། མུ་ཏྲཱ་ཕ་ལ་དང་། པན་དུ་པ་ཏྲ་དང་། མུ་ཁ་ཕྲི་ཡང་དང་། དེ་དག་ནི་ག་གོན་གྱི་མིང་ཡིན་ནོ། །”[30]ཞེས་པ་ལྟར་རོ། །རིགས་དུ་མ་ཡོད་དེ། ཡན་ལག་བརྒྱད་པའི་འགྲེལ་པ་ཟླ་ཟེར་ལས། “ཀ་ལིང་ཀ་དང་ཀར་ཀ་དང་། ཨེར་བ་རུ་དང་། ལོ་མ་ཤིང་དག་ནི་ག་གོན་གྱི་རྣམ་གྲངས་ཡིན་ནོ། །”[31]ཞེས་སོ། །འདིར་རྣམ་གྲངས་ནི། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ལས། “རྣམ་གྲངས་ནི་རབ་ཏུ་དབྱེ་བ་སྟེ།”[32]ཞེས་པ་ལྟར་དུ་གོ་དགོས་སྟེ། དཔེར་ན། འདིར་སྨོས་པའི་ཀ་ལིང་ཀ་ནི། ག་གོན་གྱི་བྱེ་བྲག་རྒྱལ་མོ་ག་གོན་གྱི་མིང་ཡིན་པ་ལྟ་བུའོ། །དེ་ཡང་། རྒྱལ་མོ་ག་གོན་ཞེས་པ་གཙོ་བོ་ག་གོན་མངར་མོ་ནང་ཤ་དམར་པོ་ཅན་(watermelon) ལ་གོ་བ་གོང་སྨོས་ལྟར་ལ། སྒྲ་ཡངས་པའི་དབང་དུ་བཏང་ན་(muskmelon)ཞེས་པ་ག་གོན་ནང་ཤ་སེར་པོ་དྲི་ཞིམ་ཅན་དེ་ལ་ཡང་འཇུག་ཆོག་པར་སྙམ་སྟེ། བལ་པོའི་སྐད་ཀྱི་ཁརྦུ་ཛ་ཞེས་པ་སྒྲ་ཡངས་པའི་དབང་དུ་བྱས་ན། དེ་གཉིས་ཀར་འཇུག་པར་བཤད་པ་གང་ཞིག །རྒྱུ་མཚན་མཚུངས་པས་སོ། །

ག་གོན་ཞོ་འདྲེར་རིམས་སུ་འགྱུར།

དཔལ་ཆོས་ཀྱི་གྲགས་པས། “དཔེར་སྨན་ཁ་གཅིག་ཐ་དད་ཀྱང་། །ལྷན་ཅིག་པའམ་སོ་སོ་ཡིས། །རིམས་ལ་སོགས་པ་ཞི་བྱེད་པ། །གཞན་གྱིས་མ་ཡིན་མཐོང་བ་བཞིན། །ཡང་ན་དཔེར་ན་སླེ་ཏྲེས་ཀྱིས་བསལ་བ་ལ་སོགས་པ་ལྷན་ཅིག་པའམ། སོ་སོར་རིམས་ལ་སོགས་པ་ཞི་བ་ལ་སོགས་པའི་མཚན་ཉིད་ཀྱི་འབྲས་བུ་གཅིག་བྱེད་པ་ལྟ་བུའོ། །དེ་ལ་སྤྱི་ལ་ལྟོས་པ་ནི་མེད་དོ། །ཐ་དད་ཀྱང་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །དེར་ཁྱད་པར་མེད་ཀྱང་ཞོ་དང་ག་གོན་ལ་སོགས་པ་ལས་ནི་མ་ཡིན་ནོ། །”[33]ཞེས་གཞན་སྡེས་འདོད་པའི་སྤྱི་དོན་གཞན་མེད་ན། སྤྱི་འཛིན་རྟོག་པ་རྒྱུ་མེད་དུ་ཐལ་བ་སྤངས་པའི་སྐབས་སུ། ཞོ་དང་ག་གོན་གྱིས་རིམས་ཞི་བར་བྱེད་མི་ནུས་པར་གསུངས་པ་ནི་རིམས་ལ་མི་ཕན་པ་ཙམ་མིན་པར། རིམས་ཀྱི་རྒྱུ་ཡིན་པས་མངོན་གསལ་གྱི་དཔེར་བཀོད་པ་སྟེ། སློབ་དཔོན་བློ་བརྟན་གྱི་དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད་ལས། “འདུན་པ་ནི་དབང་བྱེད་པ་ཞེས་བྱ་བ་ནི་རྒྱུ་ལ་འབྲས་བུ་བཏགས་ནས་དད་པ་ཉིད་ལ་འདིར་འདུན་པའི་སྒྲར་བཤད་དེ། དཔེར་ན་ཞོ་དང་ག་གོན་ལ་འཕྲལ་དུ་རིམས་ཞེས་བྱ་བ་ལྟ་བུའོ། །”[34]ཞེས་ཞོ་དང་ག་གོན་ལ་རིམས་ཞེས་བྱ་བ་དེ་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པར་བཤད་ཅིང་། སློབ་དཔོན་གང་སྤེལ་སོགས་ཀྱིས་ཀྱང་དེ་ལྟར་བཤད་དོ། །སྨན་འཚོ་བའི་མདོ་ལས་ཀྱང་། “སྨན་འཐུངས་ཤ་བའི་ཤ་གནོད་ག་གོན་ཞོ་འདྲེར་རིམས་སུ་འགྱུར། །”[35]ཞེས་ག་གོན་ཞོ་དང་འདྲེས་པས་རིམས་བསྐྱེད་པར་བཤད་པས་སོ། །

མཁས་གྲུབ་དགེ་ལེགས་དཔལ་བཟང་གི་ཚད་མའི་འགྲེལ་ཆེན་ལས་བཤད་པ་ཡང་། ཞོ་དང་འདྲེས་པས་རིམས་སུ་འགྱུར་བའི་ག་གོན་འདི་ཉིད་ཡིན་ནོ། །དེ་བས་ན། བོད་ཀྱི་སྨན་པ་མཁས་པ་དག་གིས། རོ་ནུས་ཞུ་རྗེས་སོགས་ལ་བརྟགས་ནས། ཞོ་དང་འདྲེས་པས་རིམས་སུ་འགྱུར་བ་དེ་ཉུང་མ་ཡིན་ནམ། ཡང་ན། གོང་སྨོས་བཞིན་འཁྲི་ཤིང་ལ་བརྟེན་པའི་འབྲས་བུའི་རིགས་ཤིག་ཡིན། གཟུ་བོའི་བློ་གྲོས་ཀྱིས་དཔྱད་དེ་ཞལ་གསལ་གནང་བའི་གསོལ་འདེབས་ཞུས་པ་ཡིན།ཁོ་བོས་ཤེལ་གོང་ཤེལ་ཕྲེང་སོགས་ལ་གོ་བ་ལོན་ཚོད་བྱས་ན་ཉུང་མ་ཞོ་དང་འདྲེས་པས་རིམས་སུ་འགྱུར་བའི་དོན་མེད་ལ། གལ་དེ་ཉུང་མ་མིན་ན། སྐབས་འདིར་སྨོས་པའི་ག་གོན་ཞེས་པ་ཞ་ཉེ་དང་ཡུལ་དང་གང་ཟག་སོགས་ལ་གོ་བའི་དོན་མེད་པས་ན། ཚུལ་འདིས་ཀྱང་གོང་སྨོས་བཞིན་ག་གོན་ཞེས་པ་འཁྲི་ཤིང་ལ་བརྟེན་པའི་འབྲས་བུ་དེ་དག་གི་མིང་དུ་གྲུབ་པ་ལ་བསྙོན་དུ་ཅི་ཞིག་ཡོད།

མཇུག་སྡུད་གཏམ་གྱི་ཡང་ཞུན།

དེ་ལྟར་ལེགས་པར་དཔྱད་པ་ན། ག་གོན་ཞེས་པ་ནི་འཁྲི་ཤིང་ལ་བརྟེན་པའི་འབྲས་བུ་ཡི་རིགས་ལས། ཀུ་སྨན་ད་དང་། ཀུ་བ་དང་། བིལ་པ་ལྟ་བུ་འབྲས་བུ་སྨིན་ཅིང་སྐམས་པའི་ཚེ། ཤུན་ལྤགས་སྲ་མཁྲེག་གི་རྣམ་པར་འགྱུར་བ་མིན་པར། འཁྲི་ཤིང་གི་འབྲས་བུ་ཤུན་ལྤགས་སྙི་མོ་ཅན། བཙོས་རྗེན་གཉིས་ཀར་བཟའ་རུང་བ། ཨིན་སྐད་དུ། cucumber(ཁུ་ཁུམ་བྷར།) དང་། རྒྱ་ནག་སྐད་དུ། 黄瓜 (ཧོང་ཀྭ་)ཞེས་པའི་རིགས་དང་། རྒྱལ་མོ་ག་གོན་སྟེ། ཨིན་སྐད་དུ་watermelon(ཝ་ཋར་མེ་ལོན་)ཞེས་པ། རྒྱ་ནག་སྐད་དུ།西瓜 (ཞི་ཀྭ་)ཟེར་བ་སོགས་ཀྱི་སྤྱི་མིང་སྟེ། དེ་ལྟར་ཡིན་པར་དམ་བཅས་པ་ལ། སྒྲུབ་བྱེད་ལུང་རིགས་ཚད་མ་གོང་སྨོས་ཇི་སྙེད་ཡོད་ཅིང་། དེ་ལྟར་ཡིན་པ་ལ་གནོད་བྱེད་རྡུལ་ཕྲན་ཙམ་ཞིག་མེད་པའི་ཕྱིར་རོ། །དེ་ཡང་ཡིན་སྟེ།  ག་གོན་ནི་རྒྱ་གར་སོགས་ཚ་བའི་ཁུལ་གྱི་སྐྱེ་དངོས་ཤིག་ཡིན་པས། དེ་ཉིད་གང་ཡིན་ངོས་འཛིན་པའི་སྐབས་སུ། གང་དུ་སྐྱེ་བའི་ཡུལ་དེའི་སྐྱེ་དངོས་ཀྱི་སྐོར་ལ་ཤིན་ཏུ་མཁས་པ། སློབ་དཔོན་དཔའ་བོ་སོགས་ཀྱིས་མཛད་པ། ཡན་ལག་བརྒྱད་པ་རྩ་འགྲེལ་དང་། དེའི་རྣམ་པར་འགྲེལ་བ་ཟླ་ཟེར་སོགས་ལས་ལྷག་པའི་ལུང་ཞིག་དང་། ལུང་དེ་དག་ལ་བརྟེན་པའི་རིགས་པ་ལས་ལྷག་པའི་རིགས་པ་གཞན་ཞིག་ཡོད་མི་སྲིད་དེ། དཔེར་ན། དེང་གི་དུས་སུ།  དངོས་པོ་གང་དེའི་སྐོར་ལ་མཁས་པའི་ཆེད་མཁས་པ་ལ། དངོས་པོ་དེའི་སྐོར་ཞིབ་ཏུ་དྲིས་པ་དང་མཚུངས་པའི་ཕྱིར་རོ། །

མཆན་བུ།

①  འཇང་བཀའ་འགྱུར་དུ། པོད། ཀ། ལྡེབས་མ། ༡༣༥ རྒྱབ་ཏུ། འདི་ལ། “རྒྱལ་པོའི་ག་གོན་གྱི་ར་བའམ།” ཞེས་གསལ་མོད། སྡེ་དགེ་བཀའ་འགྱུར་དང་ལྷ་ས་བཀའ་འགྱུར་དག་ཏུ། དེ་ཉིད་ཡིག་ནོར་དུ་བརྩིས་ནས་བཅོས་པར་གསལ་བས་དཔྱད།

②  ཀ་ཎ་ཊ་ཀཱ་ནི།  གནའ་ནས་ད་བར་ཚེ་ཡི་རིག་བྱེད་དར་ཞིང་རྒྱས་ས་ཞིག་དང་། ཀ་ཎ་ཊ་ཀཱ་མངའ་སྡེའི་ནུབ་ཕྱོགས་རི་རྒྱུད་ནི། འཛམ་གླིང་ནང་རང་བྱུང་སྐྱེ་དངོས་སྣ་ཚོགས་ཀྱིས་ཕྱུག་པའི་ས་ཆ་གལ་ཆེན་ཞིག་ཡིན་པར་བཤད། འདིར་ཚེ་ཡི་རིག་བྱེད་ཀྱི་སྨན་སྦྱོར་ནང་མེད་དུ་མི་རུང་བའི་རྩ་ཆེན་སྨན་རྩྭ་དང་། ཙན་དན་དཀར་དམར། སྤོས་དཀར་སོགས་རང་བཞིན་གྱིས་སྐྱེ་འཕེལ་བྱེད་ཀྱི་ཡོད། ཡུལ་འདི་གནའ་བོའི་དུས་ནས་སྨན་རྫས་མཁོ་སྤྲོད་ཀྱི་གནས་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད་པར་མ་ཟད། ཡུལ་འདི་སྐད་ཡིག་རིག་གནས་རང་སྐྱ་བ་ཡོད་པའི་ཡུལ་གྲུ་ཞིག་ཀྱང་ཡིན། ཡུལ་དེའི་མཻ་སུར་རྒྱལ་པོས་ཚེ་ཡི་རིག་བྱེད་ལ་བྱང་བའི་མཁས་པ་ཆེད་དུ་གདན་འདྲེན་དང་། རྒྱལ་པོའི་མཐུན་རྐྱེན་འོག་སྲོལ་རྒྱུན་སྨན་ཁང་ཇི་ལྟར་བཙུགས་པའི་སྐོར། ལོ་རྒྱུས་སྨྲ་བ་བྷི•ལེ་ཝི་སི•རའེ་སི་(B. Lewis Rice) ཡི་དེབ་ཐེར་དུ་གསལ།  དེང་སང་ཡང་། ཚེ་ཡི་རིག་བྱེད་སློབ་གཉེར་ཁང་དང་། འཕྲོད་རྟེན་ཡུལ་སྐོར་ལྟེ་གནས། ཉམས་ཞིབ་ལྟེ་གནས་སོགས་ཤིན་ཏུ་མང་ཁར། སྨན་རྫས་བཟོ་གྲྭ་ཆེན་པོ་དག་གིས་གནའ་བོའི་སྨན་སྦྱོར་དེ་དག་དེང་རབས་ཀྱི་ཚན་རིག་དང་མཐུན་པར་ཉམས་ཞིབ་དང་བཟོ་སྐྲུན་བྱེད་བཞིན་ཡོད།  རྒྱུན་ལྡན་ལེགས་སྦྱར་སྐད་ཡིག་བེད་སྤྱོད་བྱེད་སའི་མཐའ་འཇུག་གི་གྲོང་ཚོ་ཞིག་ཀྱང་ཡུལ་དེར་ད་དུང་གནས་པར་བཤད།

③  ཏཱ་ར་ནཱ་ཐས་མཛད་པའི་སློབ་དཔོན་ཆེན་པོ་སྤྱོད་འཆང་དབང་པོའི་རྣམ་ཐར་ངོ་མཚར་སྙན་པའི་སྒྲ་དབྱངས་ལས། “ཁརྦུ་ཛ་སྟེ་ཤིང་ཐོག་རྒྱལ་མོ་ག་གོན།” ཞེས་འབྱུང་བའི་ཁརྦུ་ཛའི་རྦུ་འདི་ལ། རྦ་དང་ཞབས་ཀྱུའི་བར་དུ། འ་ཆུང་འདུག་མོད། ཡིག་བཏགས་སྐབས་བརྩིག་མི་ཐུབ་པར་འདུག་ལ། ཀུན་གསལ་མེ་ལོང་དུ་དེའི་དབང་གིས་ཞབས་ཀྱུ་ཆད་འདུག །

④ བལ་པོའི་སྐད་ཡིག་ལ་བྱང་བ་དག་གིས། ལེགས་སྦྱར་མ་སྦྱང་ཡང་བརྒྱ་ཆ་བདུན་ཅུ་ཙམ་གོ་ནུས། ཞེས་རྒྱུས་ཡོད་མཁས་པའི་ངག་ལས་དངོས་སུ་ཐོས།

དཔྱད་གཞིའི་ཡིག་ཆ།

[1] འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སྡེ་དགེ་བཀའ་འགྱུར། པོད། ཁ། ལྡེབས་མ།  ༡༨༢ མདུན།

[2] དག་ཡིག་ལི་ཤིའི་གུར་ཁང་། སྐྱོགས་སྟོན་གྱིས་རེག་ཟིག་ཏུ་བཀོད་པ། སྔོན་བྱོན་ས་སྐྱའི་མཁས་པ་རྣམས་ཀྱི་གསུང་འབུམ། པོད། ཅ། ཀུན་གསལ་མེ་ལོང་། པར་ངོས། 5-1856

[3] མདོ་རྩ་བའི་མཆན་འགྲེལ། མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། སྟོད་ཆ། ཤོག་ངོས། ༣༩༡ སེར་བྱེས་རིག་མཛོད་ཀྱི་འཕྲུལ་དེབ།

[4] རྣམ་འགྲེལ་འགྲེལ་ཆེན་རིག་པའི་རྒྱ་མཚོ། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད། མ་དཔེ་མ་ཐོབ། སྨོན་ལམ་ཚིག་མཛོད་ཆེན་མོའི་མཉེན་ཆས་སུ་དྲངས་པ་ལས་བཀོད།

[5] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་མཛད། གངས་ཅན་གཙུག་ལག་ཕྲེང་བ། དེབ་དགུ་པ། སྟོད་ཆ། ཤོག་ངོས་ ༢༢༨ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༣ ལོའི་ཟླ། ༩ པར་ཐེངས། ༣ བཏབ།

[6] གོང་སྨན་པའི་པོད་དམར། མ་དཔེ་མ་ཐོབ། སྨོན་ལམ་ཚིག་མཛོད་ཆེན་མོའི་མཉེན་ཆས་སུ་དྲངས་པ་ལས་བཀོད།

[7] ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བ་ཞེས་བྱ་བས་མཛད། སྡེ་དགེ་བསྟན་འགྱུར། པོད། ཀོ།  ལྡེབས། ༨༢ མདུན།

[8] སོ་སོར་ཐར་པའི་བཤད་པ་རྣམས་མི་བརྗེད་དྲན་བྱེད་ཙམ་དུ་བྲིས་པ། རྒྱ་གར་གྱི་མཁན་པོ་ཛཱ་རན་དྷ་ར་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སྡེ་དགེ་བསྟན་འགྱུར། པོད། མུ། ལྡེབས། ༩༢ མདུན།

[9] འདུལ་ཊཱིག་ཉི་མའི་དཀྱིལ་འཁོར། ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས་མཛད། བར་ཆ། ཤོག་ངོས། ༧༢༩ ནང་ཆེན་གོ་ཆེ་དགོན་ཆོས་རིག་དཔེ་ཚོགས་ཀྱི་འཕྲུལ་དེབ།

[10] གཏོ་སྒྲོམ་འབུམ་ཏིག་གི་དགོངས་དོན་ལག་ལེན་ཁྱེར་བདེར་བཀོད་པའི་གཏོ་ཡི་ཆོ་ག་བཀྲ་ཤིས་འདོད་འཇོ་ཞེས་བྱ་བ། འཇུ་མི་ཕམ་གྱི་གསུང་འབུམ། པོད། དྷཱིཿ  ལྡེབས་མ། ༧༢ རྒྱབ།

[11] འདུལ་བ་གཞི། སྡེ་དགེ་བཀའ་འགྱུར། པོད། ཀ། ལྡེབས་མ། ༡༣༢ རྒྱབ།

[12] འདུལ་བ་རྣམ་པར་འབྱེད་པ། སྡེ་དགེ་བཀའ་འགྱུར། པོད། ཉ། ལྡེབས་མ། ༢༣༣ རྒྱབ།

[13] འདུལ་བ་ཕྲན་ཚེགས་ཀྱི་གཞི། སྡེ་དགེ་བཀའ་འགྱུར། པོད། ད། ལྡེབས་མ། ༡༩༠ རྒྱབ།

[14] འདུལ་བའི་མདོ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད། སྡེ་དགེ་བསྟན་འགྱུར། པོད། ཝུ། ལྡེབས་མ། ༤༨ རྒྱབ།

[15] འདུལ་བ་རྣམ་པར་འབྱེད་པ། སྡེ་དགེ་བཀའ་འགྱུར། པོད། ཉ། ལྡེབས་མ། ༢༣༣ རྒྱབ།

[16] འདུལ་ཊཱིག་ཉི་མའི་དཀྱིལ་འཁོར། ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས་མཛད། བར་ཆ། ཤོག་ངོས། ༧༢༩ ནང་ཆེན་གོ་ཆེ་དགོན་ཆོས་རིག་དཔེ་ཚོགས་ཀྱི་འཕྲུལ་དེབ།

[17] ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བ་ཞེས་བྱ་བས་མཛད། སྡེ་དགེ་བསྟན་འགྱུར།  པོད། ཀོ། ལྡེབས་མ། ༨༢ མདུན།

[18] ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ།  སྨན་པའི་བདག་པོ་སེང་གེ་སྦས་པ་ཞེས་བྱ་བའི་བུ་སྨན་པ་ཆེན་པོ་ཕ་ཁོལ་ཞེས་བྱ་བས་མཛད། སྡེ་དགེ་བསྟན་འགྱུར། པོད། ཧེ། ལྡེབས་མ། ༣༦༨ རྒྱབ།

[19] སློབ་དཔོན་ཆེན་པོ་སྤྱོད་འཆང་དབང་པོའི་རྣམ་ཐར་ངོ་མཚར་སྙན་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །ངོ་སྤྲོད་འགར། ཕུན་ཚོགས་གླིང་གི་པར་མ་ཡིན་ཞེས་བྲིས་པ། པར་མ། ཤོག་གྲངས། ༡༤ མདུན་ངོས། ཡིག་ཕྲེང་། ༣ པར་གསལ།

[20] བྱེ་བྲག་ཏུ་རྟོགས་པར་བྱེད་པ།   ཞོ་མར་དང་ཟས་སྐོམ་གྱི་མིང་གི་སྐབས། སྡེ་དགེ་བསྟན་འགྱུར། པོད། ཅོ། ལྡེབས་མ། ༨༢ མདུན།

[21] སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ། འཇུ་མི་ཕམ་གྱི་གསུང་འབུམ།  པོད། དྷཱིཿ   ལྡེབས་མ། ༤༠ རྒྱབ།

[22] ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བ་ཞེས་བྱ་བས་མཛད། སྡེ་དགེ་བསྟན་འགྱུར།  པོད། ཁོ། ལྡེབས་མ། ༣༡༣ མདུན།

[23] ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བ་ཞེས་བྱ་བས་མཛད། སྡེ་དགེ་བསྟན་འགྱུར། པོད། ཀོ། ལྡེབས་མ། ༨༢ མདུན།

[24] ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ།  སྨན་པའི་བདག་པོ་སེང་གེ་སྦས་པ་ཞེས་བྱ་བའི་བུ་སྨན་པ་ཆེན་པོ་ཕ་ཁོལ་ཞེས་བྱ་བས་མཛད། སྡེ་དགེ་བསྟན་འགྱུར། པོད། ཨེ། ལྡེབས་མ། ༡ རྒྱབ།

[25] སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོའི་འགྲེལ་པ་བཞུགས། སློབ་དཔོན་ཟླ་བ་ལ་དགའ་བས་མཛད། སྡེ་དགེ་བསྟན་འགྱུར། པོད། ཧེ། ལྡེབས་མ། ༡༤ མདུན།

[26] བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ། མ་དཔེ་མ་ཐོབ། སྨོན་ལམ་ཚིག་མཛོད་ཆེན་མོའི་མཉེན་ཆས་སུ་དྲངས་བ་ལས་འདིར་བཀོད་པའོ།།

[27] ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ།  སྨན་པའི་བདག་པོ་སེང་གེ་སྦས་པ་ཞེས་བྱ་བའི་བུ་སྨན་པ་ཆེན་པོ་ཕ་ཁོལ་ཞེས་བྱ་བས་མཛད། སྡེ་དགེ་བསྟན་འགྱུར། པོད། ཧེ། ལྡེབས་མ། ༣༦༨ རྒྱབ།

[28] སྐྲན་ཞི་བའི་གཟུངས། སྡེ་དགེ་བཀའ་འགྱུར། གཟུངས་འདུས། ཝཾ། ལྡེབས་མ། ༡༩༠ མདུན།

[29] འདུལ་བ་མདོའི་འགྲེལ་པ།  སློབ་དཔོན་ཡོན་ཏན་འོད། སྡེ་དགེ་བསྟན་འགྱུར། པོད། ལུ། ལྡེབས་མ། ༡༤༤ རྒྱབ།

[30] སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོའི་འགྲེལ་པ་བཞུགས། སློབ་དཔོན་ཟླ་བ་ལ་དགའ་བས་མཛད། སྡེ་དགེ་བསྟན་འགྱུར། པོད། ཧེ། ལྡེབས་མ། ༡༤ མདུན།

[31] ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བ་ཞེས་བྱ་བས་མཛད། སྡེ་དགེ་བསྟན་འགྱུར།  པོད། ཀོ། ལྡེབས་མ། ༨༢ མདུན།

[32] བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ། མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད། སྡེ་དགེ་བསྟན་འགྱུར། པོད། ཐ། ལྡེབས་མ། ༢༡ རྒྱབ།

[33] ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། དཔལ་ཆོས་ཀྱི་གྲགས་པས་མཛད། སྡེ་དགེ་བསྟན་འགྱུར། པོད། ཅེ། ལྡེབས་མ། ༢༨༤ མདུན།

[34] དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད། སློབ་དཔོན་བློ་བརྟན་གྱིས་མཛད། སྡེ་དགེ་བསྟན་འགྱུར། པོད། བི། ལྡེབས་མ། ༢༧༥ མདུན།

[35] སྨན་འཚོ་བའི་མདོ་བཞུགས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་སྙིང་པོས་སྨན་པ་རྣམས་ལ་བརྫངས་པ། སྡེ་དགེ་བསྟན་འགྱུར། པོད། ཧེ། ལྡེབས་མ། ༡༡ རྒྱབ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།