འདུལ་བསྟན་འཕེལ་རིམ་གྱི་དཔྱད་པ་མཁས་པ་དགྱེས་པའི་གཏམ།

0
68

ནང་དོན་གནད་བསྡུས། སྟོན་པའི་རྣམ་ཐལ་གནས་བརྟན་སྡེ་བའི་ལུགས་གཞི་བྱས་ཏེ་སྟོན་པ་དགུང་ལོ་སོ་ལྔའི་ཐོག་སྤྱི་ལོའི་སྔོན་གྱི་(༥༨༩)ལོར་འདུལ་བསྟན་ཐོག་མར་དབུ་བརྙེས་པའི་ལོ་དང་། དམ་ཆོས་འདུལ་བ་ཐོག་མར་གསུང་པའི་ལོ། དགེ་འདུན་གྱི་སྡེ་ཐོག་མར་ཚུགས་པའི་ལོ། དཀོན་མཆོག་གསུམ་ཐོག་མ་དབུ་བརྙེས་པའི་ལོ་གཅིག་ཏུ་གྲུབ་པ་གཏན་འབེལ་བྱས་ཏེ། བཀའ་བསྡུ་བ་གསུམ་གྱི་བྱུང་རིམ་དང་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་བཞེད་ཚུལ་གཅིག་གྱུར་མ་བྱུང་བ་དག་བཀོད། དེའི་འཕྲོལ་བོད་དུ་བསྟན་པ་སྔ་དར་དང་ཕྱི་དའི་དུས་སུ་འདུལ་བསྟན་འཕེལ་འགྲིབ་ཀྱི་སྐོར་དང་། སྨད་འདུལ་གྱི་སྐོར་དེ་མཁས་པ་དག་གིས་བཞེད་ཚུལ་གཞན་ཡོད་པ་རྣམས་བྲིས་ཡོད།

༡  འཕགས་ཡུལ་དུ་འདུལ་བའི་སྐོར་ཇི་ལྟར་བྱུང་བ།

དེ་ལ་འདིར་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་ནི། དང་པོར་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་བསྐལ་པ་གྲངས་མེད་པ་དུ་མར་སྒྲིབ་གཉིས་སྦྱངས་ཤིང་། ཚོགས་གཉིས་རྫོགས་ནས་དགའ་ལྡན་ལྷའི་གནས་སུ་དམ་པ་ཏོག་དཀར་པོར་གྱུར་ཏེ་བཞུགས་པ་ལ། གདུལ་བྱ་དུས་ལ་བབ་པར་མཁྱེན་ཏེ། དགའ་ལྡན་ནས་འཕོ་བ་མཛད་པར་བྱེད་དོ། །རྩོད་ལྡན་གྱི་དུས་སུ་འཛམ་བུའི་གླིང་གི་མི་རྣམས་ཀྱིས་ཚེ་ལོ་བརྒྱ་ཐུབ་པའི་ཚེ། འཕགས་པ་བྱམས་པ་དགའ་ལྡན་དུ་རྒྱལ་ཚབ་དམ་པར་བསྐོས་ནས། གླིང་འདིར་རྒྱལ་པོ་ཟས་གཙང་མ་དང་། རྒྱལ་པོ་ལེགས་པ་རབ་བསད་ཀྱི་སྲས་མོ་སྒྱུ་འཕྲུལ་ཆེན་མོའི་སྲས་སུ་སྤྱི་ལོའི་སྔོན་གྱི་(༦༢༣)ལོའི་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན་སྟོན་པ་ཐུབ་པའི་དབང་པོ་སྐུ་བལྟམས། དགུང་ལོ་ཉེར་དགུའི་ཐོག་ལ་རང་བྱུང་གི་བསྙེན་རྫོགས་མཛད།

ལོ་དྲུག་ལ་དཀའ་སྤྱད་མཛད་དེ་སྤྱི་ལོའི་སྔོན་གྱི་(༥༨༩)ལོའི་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན། དགུང་ལོ་སོ་ལྔའི་ཐོག་ལ་མངོན་པར་རྫོགས་པར་སངས་རྒྱས། དེ་ནས་ཞག་བདུན་ཕྲག་བདུན་དུ་སྟོན་པས་ཆོས་མ་གསུང་བ་བཞུགས། ཚངས་པ་དང་བརྒྱ་བྱིན་གྱིས་ཆོས་གསུང་དགོས་པའི་གསོལ་བ་ཡང་ཡང་བཏབ་ནས། སྟོན་པའི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། འཇིག་རྟེན་དུ་སྐྱེས་ཤིང་འཇིག་རྟེན་དུ་རྒས་པའི་སེམས་ཅན་རྣམས་ལ་དབང་པོ་རྣོན་པོ་དང་། དབང་པོ་འབྲིང་པོ་དང་། དབང་པོ་རྟུལ་པོ་དང་། དྲང་སླ་བ་དང་། གདུལ་སླ་བ་དང་། ཉོན་མོངས་པ་ཆུང་བ་དང་། རྡུལ་ཆུང་བའི་རང་བཞིན་ཡོད་དེ། དེ་དག་དམ་པའི་ཆོས་མ་ཐོས་ན་ཡོངས་སུ་ཉམས་པར་འགྱུར་བ་གཟིགས་ནས་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་གཞོལ་བར་གྱུར་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞལ་གྱིས་བཞེས་སོ། །

དེ་ནས་ས་ག་ཟླ་བའི་ཚེས་བཅོ་ལྔ་ནས་བརྩམས་ཏེ། ཞག་བདུན་ཕྲག་བདུན་འདས་པའི་ཆུ་སྟོད་ཟླ་བའི་ཚེས་བཞིའི་ཉིན་ཡུལ་ཝ་ར་ཎ་སཱིར་བྱོན་ནས། འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོ་ལ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར། དེའི་ཚེ་འཁོར་ལྔ་སྡེ་བཟང་པོ་དགྲ་བཅོམ་པའི་འབྲས་བུ་ཐོབ་ཅིང་། ཡེ་ཤེས་ཁོང་ཆུད་ཀྱི་སྡོམ་པ་རྒྱུད་ལ་སྐྱེས་པས་སྟོན་པ་ལ་བརྟེན་ནས་སྡོམ་པ་ཐོབ་པའི་ཐོག་མ་བྱུང་། དེའི་ཚེ་བསྟན་པ་འདི་ལ་དཀོན་མཆོག་གསུམ་ཐོག་མ་དབུ་བརྙེས་ཤིང་། དེ་ནས་ཝ་ར་ཎ་སཱིར་ནས་གྲགས་པ་སོགས་ཉེ་བའི་ལྔ་སྡེ་ལ་ཆོས་བསྟན་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་ཅིང་ཚུར་ཤོག་གི་བསྙེན་རྫོགས་སོགས་རིམ་གྱིས་བྱུང་བས། དེས་ན་སྤྱི་ལོའི་སྔོན་གྱི་(༥༨༩)ལོར་འདུལ་བསྟན་ཐོག་མར་དར་བའི་ལོ་དང་། དམ་ཆོས་འདུལ་བ་ཐོག་མར་གསུང་པའི་ལོ། དགེ་འདུན་གྱི་སྡེ་ཐོག་མར་ཚུགས་པའི་ལོ། དཀོན་མཆོག་གསུམ་ཐོག་མ་དབུ་བརྙེས་པའི་ལོ་གཅིག་ཏུ་གྲུབ་བོ། །

དེ་ལྟར་སྟོན་པས་ལོ་བཞི་བཅུ་རྩ་དྲུག་གི་རིང་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནས། དགུང་ལོ་བརྒྱད་ཅུའི་དུས་སུ། སྤྱི་ལོའི་སྔོན་གྱི་(༥༤༣)ལོའི་དཔྱིད་ཟླ་ཐ་ཆུང་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པར་བཞེད་དོ། །

སྟོན་པ་འདས་པའི་ལོ་དེའི་ཕྱི་ལོ། བཀའ་བསྡུ་བ་དང་པོ་མཛད་དེ། དེ་ཡང་སྟོན་པས་སྤྱི་ལོའི་སྔོན་གྱི་ལོར་(༥༤༣)འོད་སྲུང་ལ་བསྟན་པ་གཏད་ནས་དེའི་ཕྱི་ལོ་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་གནངས་ཏེ། ཀུན་དགའ་བོ་དགྲ་བཅོམ་པར་གྱུར་པས་མདོ་སྡེའི་སྡེ་སྣོད་བསྡུས། འཕགས་པ་ཉེ་བར་འཁོར་གྱིས་འདུལ་བ་བསྡུས། འཕགས་པ་འོད་སྲུང་ཆེན་པོས་མངོན་པ་བསྡུས་སོ། །བཀའ་བསྡུ་འདི་ཐོག་མ་འབྱུང་བའི་རྒྱུ་རྐྱེན་ནི། རྒྱའི་མཁས་པ་ལུའི་ཁྲེང་གི་吕澄 {རྒྱ་གར་སངས་རྒྱས་ཆོས་ལུགས་ལོ་རྒྱུས་}ནང་དུ་པ་ལིའི་ཡི་གེ་སྟེང་གི་འདུལ་ཁྲིམས་སྐོར་གྱི་ལེའུ་བཅུ་གཅིག་པའི་ནང་དོན་གཏམ་རྒྱུད་ཅིག་དྲངས་ཡོད་དེ། སྟོན་པ་སྐུ་མྱ་ངན་ལས་འདས་རྗེས། འོད་སྲུང་ཆེན་པོས་དགྲ་བཅོམ་པ་ལྔ་བརྒྱ་ཁྲིད་ནས་འདས་མཆོད་ལ་ཕེབས་པའི་ལམ་ཁར་འཚོ་བ་ཅན་ལ་འཕྲད་པས་ཁོས་སྨྲས་པ། ལྷའི་མེ་ཏོག་མན་དཱ་ར་བ་བདག་གིས་བླངས་པ་འདི་ལགས་སོ། །ཡང་རྒན་ཞུགས་གཞན་ཞིག་གིས་ཚུལ་མ་ཡིན་པའི་ཚིག་སྨྲས་པ་ནི་དགེ་སློང་དག་འདི་བྱ་བའོ། །འདི་བྱ་བ་མ་ཡིན་པའོ་ཞེས་སྨྲས་པ་ལས་ཐར་བ་གྱུར་ཏེ། ད་ནས་བཟུང་རང་འདོད་ལྟར་བྱ་ཆོག་སོང་། འོད་སྲུང་གིས་ལོག་པའི་གཏམ་དེ་ཐོས་རྗེས་སངས་རྒྱས་བསྟན་པ་གཙང་སེལ་བཟོ་བའི་སེམས་ཐག་བཅད་ནས་ཐོག་མར་འདས་མཆོད་སྒྲུབ་ཅིང་དེ་ནས་མདོ་སྡེ་དང་འདུལ་བ་གྱེར་ནས་གཏན་ལ་ཕབ། ཅེས་བཀའ་བསྡུ་བའི་ཐག་བཅད་པ་གསུངས་ཡོད་ཅིང་། བོད་འགྱུར་འདུལ་བའི་གཞུང་{འདུལ་བ་ལུང་ཕྲན་ཚེགས་སུ་བཀོད་པའི་བཀའ་བསྡུ་དང་པོ་འབྱུང་རྐྱེན་གྱི་གཏམ་རྒྱུད་འདི་དང་ཆ་འདྲ་ཞིང་། དེ་གཉིས་ལས་མཐོང་ཐུབ་པ་ཞིག་ནི་བཀའ་བསྡུ་དང་པོ་བྱེད་དགོས་རྐྱེན་དེ་སྟོན་པ་སྐུ་མྱ་ངན་ལས་འདས་རྗེས་དགེ་སློང་འགའ་རེས་འདུལ་ཁྲིམས་ཡང་དག་པར་ལག་ལེན་བྱ་མི་དགོས་པའི་བསམ་བློ་ཆགས་པ་དེ་གདུལ་བའི་ཆེད་དུ་ཡིན་པ་ངེས་ཐུབ་ཅེས་དེང་གི་དཔྱད་རྩོམ་པ་འགས་བཤད་ཀྱང་། འདུལ་བ་ཕྲན་ཚེགས་དང་། ལུང་མ་མོ། བོད་མཁས་པའི་ཆོས་འབྱུང་ཁག་ལ་ཞིབ་ཚགས་མ་བལྟས་པའི་སྐྱོན་གྱིས་སོ། །

ལུང་ཕྲན་ཚེགས་༼ད་༥༩༠༽ལས།[1] འདི་ལྟར་སྟོན་པ་མཆོག་ཟུང་དང་བཅས་པ་མྱ་ངན་ལས་འདས་པའི་ཚེ་ལྷ་དག་གིས་བཅོམ་ལྡན་འདས་ཀྱི་གསུང་རབ་ནི་དུད་པ་ཙམ་དུ་གྱུར་ཏེ། དགེ་སློང་དབང་ཡོད་པ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདས་པས་བཅོམ་ལྡན་འདས་ཀྱི་མདོ་སྡེ་དང་། འདུལ་བ་དང་། མ་མོ་དག་ཀྱང་མི་སྒྲོགས་སོ་ཞེས་འཕྱ་བར་བྱེད། སྨོད་པར་བྱེད། ཁ་ཟེར་བ་བྱེད་པའི་རྐྱེན་གྱིས་འོད་སྲུང་ཆེན་པོས་དགེ་འདུན་གྱི་གནས་བརྟན་མཛད་པའི་དགྲ་བཅོམ་པ་ལྔ་བརྒྱ་བསྡུས་ཏེ་བཀའ་བསྡུ་བ་དང་པོ་མཛད་པར་གསུངས་སོ། །གཞུང་དམ་པ་༼པ༽ལུང་མ་མོ་༤༧༦ལས་དང་། རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་དང་། བུ་སྟོན་ཆོས་འབྱུང་། ཆོས་འབྱུང་མཁས་པའི་དགའ་སྟོན་དག་གིས་འདི་ལྟར་བཞེད་དོ། །

བཀའ་བསྡུ་དང་པོ་བྱས་ནས་ལོ་ངོ་བརྒྱ་ལྷག་གི་དུས་ཡུན་བརྒྱུད་རྗེས་འདུལ་ཁྲིམས་ཀྱི་བརྩི་སྲུང་ལ་མི་མཐུན་པའི་ལྟ་བ་བྱུང་སྟེ། དཔེར་ན་སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་ཡི་སྐབས་སུ་ཡུལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་འདུལ་བའི་ལག་ལེན་རུང་བ་མ་ཡིན་པའི་བཞི་བཅུ་སྤྱོད་པ་ལས་སུན་འབྱིན་པའི་གྲགས་པ་སོགས་དགྲ་བཅོམ་པ་བདུན་བརྒྱས་བཀའ་བསྡུ་བ་གཉིས་པ་བྱས་ཏེ།[2] ལུང་ཕྲན་ཚེགས་༼ད་༦༣༥༽དང་། གཞུང་དམ་པ་ལུང་མ་མོ་༼པ་༤༧༦༽གཉིས་ལས། བཀའ་བསྡུ་གཉིས་པ་མཛད་པའི་དུས་སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་ཡི་སྐབས་ཡིན་པ་དང་། གྲགས་པ་སོགས་དགྲ་བཅོམ་བདུན་བརྒྱས་བཀའ་བསྡུ་མཛད་པ་མདོ་ལས་གསལ། གཞན་ཡང་ཐང་སན་ལམ་ཡིག དེབ་ཐེར་དམར་པོ་དང་། བུ་སྟོན་ཆོས་འབྱུང་། ཆོས་འབྱུང་མཁས་པའི་དགའ་སྟོན། སྐྱེད་ཚལ་མཁན་པོ། མང་ཐོས་ཀྱི་བསྟན་རྩིས་དང་། དགའ་ལྡན་ཁྲི་པ་རིན་ཆེན་འོད་ཟེར་གྱི་བསྟན་རྩིས། ཅོ་ནེའི་བསྟན་འགྱུར་དཀར་ཆགས་རྣམས་ལས་དེ་ལྟར་བཞེད་དོ། །

འདི་ལ་མཁས་པ་རྣམས་ཀྱིས་བཞེད་ཚུལ་གཅིག་གྱུར་མ་བྱུང་བ་འདོད་ཚུལ་གཞན་ཞིག་མཆིས་ཏེ། མཁས་པ་ལྡེའུས་སྟོན་པ་འདས་ནས་ལོ་བརྒྱ་རྩ་བརྒྱད་ནའོ་[3]ཞེས་འཆད་པ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བརྩམས་པའི་རྟོག་གེ་འབར་བ་དང་། སློབ་དཔོན་དབྱིག་བཤེས་ཀྱིས་བརྩམས་པའི་སྡེ་པ་ཐ་དད་དུ་འབྱེད་པ་ལས། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་དྲུག་བཅུ་ན་ཡིན་ཞེས་བཤད་ཀྱང་འདུལ་བ་ཕྲན་ཚེགས་དང་ལུང་མ་མོ་རྣམས་ལས་གསལ་ཁ་ཡོད་བཞིན། འདི་ལྟར་བཤད་པ་ལ་དགོས་པ་ཆུང་བར་ཟད་དོ། །

སྟོན་པ་འདས་ནས་ལོ་བཞི་བརྒྱ་ན་ཁ་ཆེའི་ཡུལ་དུ་རྒྱལ་པོ་ཀ་ནིཥྐ་ཡིས་སྦྱིན་བདག་བྱས་ཏེ། དགྲ་བཅོམ་པ་ལྔ་བརྒྱ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་སྡེ་སྣོད་འཛིན་པ་ལྔ་སྟོང་འདུས་ནས་བཀའ་བསྡུ་བ་གསུམ་པ་བྱས་སོ་ཞེས་གྲགས། འདི་འདུལ་བ་ལུང་ལས་གསལ་ཁ་མ་བྱུང་བའི་རྐྱེན་གྱིས་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་བཞེད་ཚུལ་མི་མཐུན་པ་མང་དུ་བྱུང་། དཔེར་ན། དེབ་ཐེར་དམར་པོ་དང་། རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་དང་། ལྡེའུ་ཇོ་སྲས་ཀྱི་རྒྱལ་རབས་ཆོས་འབྱུང་དང་། དགའ་ལྡན་ཁྲི་པ་རིན་ཆེན་འོད་ཟེར་གྱི་བསྟན་རྩིས་སོགས་བོད་ཀྱི་མཁས་པ་འགས་སྟོན་པ་འདས་ནས་ལོ་སུམ་བརྒྱ་ན་ཡིན་པར་བཞེད། དེ་མིན་ཐང་སན་ལམ་ཡིག་དང་། སྐྱེད་ཚལ་མཁན་པོ། མང་ཐོས་ཀྱི་བསྟན་རྩིས་རྣམས་ཀྱི་ལུགས་ལ་སྟོན་པ་འདས་ནས་ལོ་བཞི་བརྒྱ་ན་ཡིན་པ་གསུངས། ཀུན་མཁྱེན་བུ་སྟོན་དང་། དུང་དཀར་བློ་བཟང་འཕྲིན་ལས་རྣམ་གཉིས་ཀྱི་དགོངས་པ་ཡང་འདི་ཡིན་པར་མངོན།

གཞན་ཡང་རྟོག་གེ་འབར་བ་ལས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་དྲུག་གི་ཚེ་རྒྱལ་པོ་དྷརྨ་ཨ་ཤོ་ཀའི་སྐབས་སུ་རྩོད་པའི་རྐྱེན་གྱིས་དགེ་འདུན་གྱི་དབྱེན་ཆེན་པོ་གྱུར་ཏེ། སྡེ་པ་བཅོ་བརྒྱད་དུ་གྱེས་པར་གསུངས་པ་དང་། ཐུའུ་བཀྭན་ཆོས་འབྱུང་དུ། དེ་ཡང་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་དྲུག་ལོན་པ་ན་གྲོང་ཁྱེར་མེ་ཏོག་གིས་རྒྱན་པ་ཞེས་བྱ་བར་དགེ་འདུན་གྱི་གནས་བརྟན་བཞི་སྐད་རིགས་མི་མཐུན་པ་བཞིས་ལུང་འདོན་པ་བརྟེན། སློབ་མ་རྣམས་མི་མཐུན་པར་གྱུར་ཏེ་རྩ་བའི་སྡེ་བཞིར་གྱེས། དེ་དག་ཀྱང་ནང་གསེས་ཀྱིས་བཅོ་བརྒྱད་དུ་གྱུར་ཏེ་ཕན་ཚུན་རྩོད་པར་གྱུར་ཏོ། །ཞེས་གསུངས་ཚུལ་ལས་དཔོག་ན་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་དྲུག་ལོན་པ་ན་རྒྱལ་པོ་དྷརྨ་ཨ་ཤོ་ཀའི་སྐབས་སུ་རྩོད་པའི་རྐྱེན་གྱིས་སྡེ་པ་བཅོ་བརྒྱད་དུ་གྱེས་ཤིང་། རྒྱལ་པོ་ཀ་ནིཥྐ་ཡིས་རྩོད་པ་དེ་དག་ཞི་ཕྱིར་དུ་བཀའ་བསྡུ་མཛད་པ་ཡིན་པར་སེམས། ཡང་དོན་དག་གཞན་ཞིག་ནི། རྟོག་གེ་འབར་བ་ལས་འདོད་ཚུལ་གསུམ་བྱུང་བས་གསུམ་པ་སྟེ། སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ལོན་པ་ན་རྒྱལ་པོ་དགའ་བོ་དང་། པད་མ་ཆེན་པོའི་དུས་བདུད་སྡིག་ཅན་གྱི་སྤྲུལ་པ་དགེ་སློང་གི་ཆ་བྱད་འཛིན་པ་བཟང་པོ་ཞེས་བྱ་བས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་གཞི་ལྔས་དགེ་འདུན་གྱི་དབྱེན་ཆེན་པོ་བསྐྱེད་དེ། གནས་བརྟན་ཀླུ་དང་། ཡིད་བརྟན་གཉིས་ཀྱིས་དེའི་རྗེས་སུ་འབྲང་ནས་གཞི་ལྔ་རྗེས་སུ་བསྒྲགས་ཏེ། རྩ་བའི་སྡེ་བ་གཉིས་སུ་གྱེས་ནས་ལོ་དྲུག་བཅུ་རྩ་གསུམ་གྱི་བར་དུ་འཁྲུགས་ལོང་བྱུང་། དེ་ནས་ལོ་བརྒྱ་ཕྲག་གཉིས་པ་འདས་པ་ན་གནས་བརྟན་གནས་མ་བུའི་བསྟན་པ་ཡང་དག་པར་བསྡུས་སོ། །ཞེས་གསུངས། སྐྱེད་ཚལ་མཁན་པོ་དང་། མང་ཐོས་ཀྱི་བསྟན་རྩིས་གཉིས་ལས་ཀྱང་དེ་ལྟར་བཞེད་དོ། །རྒྱ་གར་ཆོས་འབྱུང་ལས་གསུངས་ཚུལ་ལུགས་གཉིས་དང་མི་མཐུན་པར་བྱུང་བས། ལེའུ་བཅུ་གཅིག་པ་དང་། བཅུ་གཉིས་པ་གཉིས་ལས་གསལ་ལོ། །

མདོར་ན་སྟོན་པ་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་བཀའ་བསྡུ་བ་གསུམ་པ་བྱས་ཏེ། ཐང་སན་ལམ་ཡིག་[4]ལས། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན། རྒྱལ་པོ་ཀ་ནིཥྐ་ཡི་ཕོ་བྲང་དུ་ཉིན་རེ་རབ་ཏུ་བྱུང་བ་རེ་གདན་ཞུས་བྱས་ཏེ་ཆོས་ཉན་པར་བྱས་པས། འོན་ཀྱང་སྡེ་བ་སོ་སོའི་བཤད་པ་ཡང་ཐ་དད་པ་སྣ་ཚོགས་པ་ཉིད་ན། དེའི་ཕྱིར་ཡང་རྒྱལ་པོ་ཡིད་གཉིས་སུ་གྱུར་ཏེ་ཐེ་ཚོམ་ཆོད་པར་མ་གྱུར་པས། དགེ་སློང་རྩིབས་ལོགས་དྲིས་པས། ཞེས་སོགས་ཀྱིས་གསུངས་པ་ལྟར། སྐབས་དེར་སྡེ་བ་སོ་སོར་གྱེས་ཟིན་ཞིང་། སྡེ་བ་སོ་སོས་རང་རང་གི་གྲུབ་མཐའ་རེ་བཟུང་། སོ་སོའི་འདོད་ཚུལ་སྣ་རེ་ལ་རང་རང་གི་ཐོས་པ་དང་གོ་བ་རེ་ལ་རྒྱབ་བརྟེན་པ་ན། རྒྱལ་པོས་སྡེ་བ་སོ་སོའི་གཞུང་བཀའ་ཉིད་དུ་སྒྲུབ་ཕྱིར་བཀའ་བསྡུ་གསུམ་པ་མཛད་པ་བྱུང་ངོ་། །སྐབས་དེར་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། མངོན་པ་དང་། མདོ་སྡེ། སྔར་གླེགས་བམ་དུ་མ་འཁོད་པ་རྣམས་བཀོད་པ་དང་། འདུལ་བའི་སྡེ་སྣོད་གཞི་ནས་གླེགས་བམ་དུ་བཀོད་པས་བཀའ་སྡེ་སྣོད་རྣམས་གཞུང་ཚིག་ཡི་གེར་བསྡུས་ཏེ། པོ་ཏི་དང་གླེགས་བམ་དུ་བྲིས་པ་དེ་ལོ་རྒྱུས་ཐོག་བཀའ་བསྡུ་གསུམ་པ་ཟེར་རོ། །དེ་ནས་བསྟན་པའི་གཏད་རབས་བདུན་ནས་བཟུང་། སློབ་དཔོན་ཀླུ་སྒྲུབ། ཟླ་བ་གྲགས་པ། ཡོན་ཏན་འོད། ཤཱཀྱ་འོད་སོགས་མཆོག་བརྒྱད། པཎྜི་ཏ་རྣམས་རིམ་པར་བྱོན་པས་བསྟན་པ་རྒྱས་པར་མཛད་དོ། །

༢  བོད་དུ་བསྟན་པ་སྔ་དར་སྐབས་ཀྱི་འདུལ་བའི་སྐོར།

དུས་རབས་བཞི་པ། རྒྱ་གར་གྱི་གུཔྟའི་རྒྱལ་རབས་ཀྱི་འགོ་ཚུགས་པ་དང་དུས་མཉམ་པ། བོད་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་དགུང་ལོ་དྲུག་ཅུ་ལོན་པ་ན་ཕོ་བྲང་ཡུམ་བུ་བླ་སྒང་གི་རྩེ་ན་བཞུགས་པའི་ཚེ་ནམ་མཁའ་ནས་ཟ་མ་ཏོག་ཅིག་བབས་པ་ཁ་ཕྱེ་བས། ཟ་མ་ཏོག་བཀོད་པ། པང་ཀོང་ཕྱག་རྒྱ་པ། སྙིང་པོ་ཡི་གེ་དྲུག་པ། གསེར་གྱི་མཆོད་རྟེན་ཁྲུ་གང་པ་རྣམས་བྱུང་། དེ་ནས་བཟུང་སྐུ་གསུང་ཐུགས་ཀྱི་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་པ་ཙམ་ཡིན་ནོ། །དེ་ཡང་དུས་རབས་བདུན་པའི་ནང་དུ་བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐབས་ན་ཇོ་ཤཱཀྱ་གཉིས་གདན་དྲངས་ཤིང་གཙུག་ལག་ཁང་བཞེངས་པ། མདོ་རྒྱུད་ཉེར་གཅིག་བསྒྱུར་བ་སོགས་ལས་དམ་པའི་ཆོས་ཀྱི་སྲོལ་གཏོད་ཅེས་གྲགས་སོ། །

དེ་རྗེས་དུས་རབས་བརྒྱད་པའི་ནང་བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རྒྱ་གར་གྱི་མཁན་པོ་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་སོགས་གདན་དྲངས་ནས་བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན་དང་། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན་སོགས་དང་མཉམ་དུ་ཆོས་མང་དུ་བསྒྱུར་ཞིང་། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། དེའི་ཚེ་ཐམས་ཅད་ཡོད་པ་སྨྲའི་སྡེ་པ་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། མཁན་པོ་ཞི་བ་འཚོ་དང་། ལས་གསང་གི་སློབ་དཔོན་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་ཡིན་ཞིང་། སྦ་རཏྣ་གཙོས་པའི་སད་མི་མི་བདུན་རབ་ཏུ་བྱུང་། སྐབས་དེར་བོད་གངས་ཅན་དུ་རབ་བྱུང་གི་སྡེ་ཡོད་པར་གྱུར་ཞིང་། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ནས་སངས་རྒྱས་ཀྱི་བསྟན་པའི་ཆ་རྐྱེན་གསུམ་སྟེ་ལུས་ངག་ཡིད་གསུམ་གྱི་རྟེན་དང་བརྟེན་པ་སངས་རྒྱས་ཆོས་དགེ་འདུན་གསུམ་ཡོངས་སུ་ཚང་བར་གྱུར་ཞིང་། བསྟན་པའི་རྩ་བ་དམ་ཆོས་འདུལ་བའི་བསྟན་པའི་གཞི་གསུམ་གྱི་ཆོ་ག་ལག་ལེན་ཆ་ཚང་བར་གྱུར་བས་དམ་པའི་ཆོས་བོད་ལ་དར་ཞིང་རྒྱས་པར་མཛད་དོ། །ཁྲི་སྲོང་ལྡེ་བཙན་ནས་མངའ་བདག་ཁྲི་རལ་པ་ཅན་གྱི་བར་ལོ་བརྒྱ་ལྷག་གི་རིང་དམ་པའི་ཆོས་ཤིན་ཏུ་དར་ཞིང་རྒྱས་པས། ཤིན་ཏུ་སྐྱིད་པའི་གདུང་རབས་ཕྱེད་དང་བཞི་ཞེས་གྲགས་སོ། །

༣  བསྟན་པ་ཕྱི་དར་སྐབས་ཀྱི་འདུལ་བའི་སྐོར།

དུས་རབས་དགུ་པ། སྤྱི་ལོ་(༨༤༡ལོའི་རྒྱལ་པོ་འུ་དུམ་བཙན་པོས་རྒྱལ་སྲིད་ཆོས་ལ་ཤོར་བ་དོགས་ནས་བསྟན་པ་དང་ཆོས་ཁྲིམས་མེད་པར་བཟོ་རྒྱུའི་འགོ་བཙུགས་ནས་ལོ་བདུན་ཅུ་འམ། བདུན་ཅུ་དོན་བདུན། ཡང་ན་ལོ་བརྒྱ་རྩ་བརྒྱད་ཀྱི་རིང་དབུས་གཙང་དུ་བསྟན་པ་མེད་ཅེས་འདོད་ཚུལ་དུ་མ་མཆིས་ཀྱང་། ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་དབུས་གཙང་གི་མི་བཅུས་འདུལ་བའི་བསྟན་པ་མ་སྤེལ་གྱི་བར་བསྟན་པ་མེད་ཅེས་གྲགས་སོ། །སྤྱིར་བསྟན་པ་ཕྱི་དར་དང་སྔ་དར་གྱི་རྣམ་བཞག་འདི་འདུལ་བའི་བསྟན་པ་གནས་མི་གནས་ལ་རག་ལས་ཡོད། དཔེར་ན་རྒྱལ་པོ་འུ་དུམ་བཙན་པོས་བསྟན་པ་བསྣུབས་པའི་རྣམ་པ་དེ་ཞིབ་བརྗོད་བྱ་སྐབས། གཙོ་བོར་གྲྭ་བཙུན་གྱི་རྟགས་བོར་དུ་བཅུག་པ་དང་ཁྱི་ར་བ་བྱེད་དུ་བཅུག་སྟེ་རྩ་བའི་སྡོམ་པ་གཏོང་བར་བྱས་ཡོད་པ་བཞིན་ནོ། །

དེ་ཡང་བསྟན་པ་ཕྱི་དར་དེ་སྟོད་འདུལ་སྨད་འདུལ་གཉིས་སུ་དབྱེ་ཞིང་འདུལ་རྒྱུན་མི་འདྲ་བ་གསུམ་དུ་ཕྱེ་ཡོད་དེ། དམར་གཡོ་གཙང་གསུམ་གྱིས་རྒྱལ་པོ་འུ་དུམ་བཙན་པོས་བསྟན་པ་བསྣུབས་པ་ཤེས་ནས། འདུལ་བ་དྲེལ་ཁལ་གཅིག་བཀལ་ཏེ་མངའ་རིས་སྟོད་དུ་བྲོས་ནས་གར་ལོག་ནས་ལམ་ཐོན་ནས་ཧོར་ཡུལ་དུ་ཕྱིན་ཏེ་སྐད་རིགས་མི་གཅིག་པའི་སར་བསྟན་པ་དར་བར་བྱ་སྙམ་པ་ལ་དར་བ་མ་ནུས་ནས་མདོ་སྨད་དུ་ཕྱིན་ཞིང་། དན་ཏིག་ཡང་རྫོང་དུ་སྒོམ་སྒྲུབ་བྱས་ནས་བསྡད་པ་རེད། སྐབས་དེར་བླ་ཆེན་དགོངས་པ་རབ་གསལ་ཁོང་རྣམ་པའི་མདུན་ནས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་བླངས་སོ། །དེའི་སྡོམ་པའི་བརྒྱུད་པ་བྱོན་ཚུལ་ནི། གཞི་ཐམས་ཅད་ཡོད་པར་སྨྲ་བ་སྟེ། སྒྲ་གཅན་འཛིན། འོད་སྲུངས་ཆེན་པོ། འཕགས་པ་ཀ་ཏ་ཡ་ན། འཕགས་པ་ཉེ་བར་འཁོར་རྣམས་ལས། སྟོན་པས་ཤཱ་རིའི་བུ་ཚུར་ཤོག་གིས་བསྙེན་པར་རྫོགས་པ་ལ། སྲས་སྒྲ་གཅན་འཛིན་གྱིས་མཁན་པོར་ཞུས་བས་བསྙེན་པར་རྫོགས། དེའི་མཁན་བུ་བྲམ་ཟེ་སྒྲ་གཅན་འཛིན། དེའི་མཁན་བུ་སློབ་དཔོན་ཀླུ་སྒྲུབ། དེའི་མཁན་བུ་ལེགས་ལྡན་འབྱེད། དེའི་མཁན་བུ་དཔལ་སྦས། དེའི་མཁན་བུ་ཡེ་ཤེས་སྙིང་པོ། དེའི་མཁན་བུ་ཞི་བ་འཚོ། ཁོང་བསམ་ཡས་སུ་བྱོན་ནས། སད་མི་མི་བདུན་རབ་ཏུ་བྱུང་། བདུན་གྱི་ནང་ནས་སྦ་རཏྣའི་མཁན་བུ་ལེ་ཡེ་ཤེས་རིན་ཆེན། དེའི་མཁན་བུ་གཡོ་དགེ་འབྱུང་སོགས་ཡིན། གཡོ་དགེ་འབྱུང་དང་། དམར་ཤཱཀྱ་མུ་ནི། གཙང་རབ་གསལ་གསུམ། མདོ་སྨད་དུ་ཕྱིན་ཏེ། གཙང་རབ་གསལ་གྱིས་མཁན་པོ་དང་། གཡོས་སློབ་དཔོན་དམར་གྱིས་གསང་སྟོན་མཛད་ནས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས། དེའི་ཚེ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང་། འབྲིང་ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་འབྱུང་གནས། རྦ་ཚུལ་ཁྲིམས་བློ་གྲོས་སོགས་དབུས་གཙང་གི་མི་བཅུ་མདོ་སྨད་དུ་སྡོམ་པ་ལེན་དུ་བྱོན་པ། བླ་ཆེན་དགོངས་པ་རབ་གསལ་གྱིས་མཁན་པོ། གཙང་རབ་གསལ་དང་གཡོ་དགེ་འབྱུང་གཉིས་ཀྱིས་ལས་སློབ་དང་གསང་སྟོན་བྱས་ཏེ་བསྙེན་པར་རྫོགས། ཡར་དབུས་གཙང་དུ་བྱོན་ཏེ། བསམ་ཡས་སུ་ཕེབས་པ། སོ་སོས་རབ་བྱུང་གི་བསྙེན་རྫོགས་མང་དུ་སྤེལ། སྐབས་དེར་རབ་ཏུ་བྱུང་བའི་དགེ་འདུན་གྱི་སྡེ་གསར་དུ་བཙུགས་པ་ནི་བསྟན་པ་ཕྱི་དར་གྱི་སྲོལ་བཏོད་ཅེས་གསུངས་སོ། །

ཁྱད་པར་དུ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་གྲུ་མེར་ཚུལ་ཁྲིམས་འབྱུང་གནས་དང་། གླན་ཡེ་ཤེས་ཤེས་རབ་སོགས་རབ་བྱུང་བསྙེན་རྫོགས་བསྒྲུབས་པ་ནས་བཟུང་སྟེ། གཟུས་རྡོ་རྗེ་རྒྱལ་མཚན་གྱི་བུ་བཞི་སློབ་བརྒྱུད་དང་བཅས། རྒྱ་འདུལ་འཛིན་སོགས་འདུལ་བ་འཛིན་པ་ཕལ་ཆེ་བ་ལ་བླ་ཆེན་མཁན་རྒྱུད་དམ་སྨད་འདུལ་ཞེས་གྲགས་སོ། །

འདུལ་བ་སྨད་འདུལ་གྱི་སྐོར་འདི་མཁས་པ་དག་གིས་བཞེད་ཚུལ་གཞན་ཞིག་ཡོད་པ་ནི། དུས་རབས་བཅུ་གཉིས་པར་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད་དུ། དང་པོ་རྒྱལ་པོ་འུ་དུམ་བཙན་པོས་བསྟན་པ་བསྣུབས་ནས་དམར་གཡོ་གཙང་གསུམ་མར་བྲོས་པ་ལས་མཆེད་པའི་འདུལ་རྒྱུན་མདོ་ཁམས་ན་འདུག་ཅེས་གསན་ནས་དབུས་གཙང་གྱི་མི་བཅུ་གཉིས་སམ་བཅུ་གསུམ་མདོ་ཁམས་སུ་ཕྱིན་ནས། བླ་ཆེན་དགོངས་པ་རབ་གསལ་གྱིས་མཁན་པོ་མཛད། གྲུམ་ཡེ་ཤེས་རྒྱལ་མཚན་གྱིས་སློབ་དཔོན་མཛད། སོ་མཉྫུ་ཤྱིས་གསང་སྟེ་མཛད་ནས། དབུས་ཤར་གྱི་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་སོགས་ལ་འདུལ་རྒྱུན་གནང་། ཞེས་བླ་ཆེན་དགོངས་པ་རབ་གསལ་དམར་གཡོ་གཙང་གསུམ་ལས་དངོས་སུ་རབ་ཏུ་བྱུང་བ་གསལ་བོ་གསུངས་མེད་པ་དང་། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ལས། དམར་གཡོ་གཙང་གསུམ་ལས་བླ་ཆེན་དགོངས་པ་རབ་གསལ་དངོས་སུ་རབ་ཏུ་བྱུང་ཞིང་དབུས་གཙང་གི་མི་བཅུ་བླ་ཆེན་ལས་དངོས་སུ་རབ་ཏུ་བྱུང་མེད་པ་གསུངས་པ་དང་། མདོ་སྨད་ཆོས་འབྱུང་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ཀྱིས་ཡོངས་གྲགས་ཀྱི་བཤད་སྟངས་ཏེ་དམར་གཡོ་གཙང་གསུམ་ལས་བླ་ཆེན་དངོས་སུ་རབ་ཏུ་བྱུང་བ་དང་། བླ་ཆེན་ལས་དབུས་གཙང་གི་མི་བཅུ་ཡང་དངོས་སུ་རབ་ཏུ་བྱུང་བ་སྟེ་ཆོས་འབྱུང་དེབ་ཐེར་ཁག་ལས་གསུངས་ཚུལ་འདྲ་མིན་མཆིས།

དེ་ལྟར་ན་བླ་ཆེན་གྱི་འདུལ་རྒྱུད་དེ་དམར་གཡོ་གཙང་གསུམ་ཡིན་མིན་གྱི་དོགས་གཞི་ཡོད་པ་སྟེ།[5] དཔེར་ན། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་ལས་བླ་ཆེན་དགོངས་པ་རབ་གསལ་ནི་(༩༥༢)ལ་འཁྲུངས་ཏེ་(༡༠༣༦)འདས་པར་གསུངས་འདུག འོན་ཀྱང་དམར་གཡོ་གཙང་གསུམ་གྱི་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་བོར་བཀོད་པ་གཞན་གང་དུའང་མ་མཐོང་བས། འདིར་རིགས་པས་སྒྲུབ་པ་ལས་ཐབས་གཞན་གང་ཡང་མ་མཆིས། སྤྱི་ལོ་(༨༤༡)སྔ་གཞུག་ཏུ་བོད་ཀྱི་འདུལ་བའི་བསྟན་པ་ལ་རྡུང་རེས་ཚབས་ཆེན་ཐེབས་པ་ནས་དམར་གཡོ་གཙང་གསུམ་སོག་པོ་བརྒྱུད་དེ། མདོ་ཁམས་སུ་ཕེབས་དུས་ཁོང་ཚོ་ལོ་ཉི་ཤུ་ཡས་མས་ཡིན་པའི་དབང་དུ་བཏང་ན། ཁོང་ཚོའི་འཁྲུངས་ལོ་ནི་(༨༢༠)ཡས་མས་ཡིན་དགོས་ཀྱིན་འདུག དེ་ལྟར་སོང་ན་དམར་གཡོ་གཙང་གསུམ་གྱི་འཁྲུངས་ལོ་ནས་བླ་ཆེན་གྱི་འཁྲུངས་ལོའི་བར་དུ་ལོ་༡༣༢)བར་ཁྱད་ཡོད་པས། བླ་ཆེན་གྱིས་དམར་གཡོ་གཙང་གསུམ་ལས་སྡོམ་པ་བཞེས་ཞེས་པ་དེ་ཡིད་ཆེས་པའི་ཁུང་ཞིག་མ་མཐོང་ངོ་། །གཞན་ཡང་བླ་ཆེན་གྱི་སྡོམ་རྒྱུན་དེ་གཙང་མ་ཡིན་མིན་གྱི་གནས་ཚུལ་ཞིག་ཡོད་པ་སྟེ། རྒྱལ་དབང་ལྔ་བའི་རང་རྣམ་ཀཱུ་ལའི་གོས་བཟང་དུ། ཁོང་སྐུ་ཚེ་སྨད་དུ་སླེབས་སྐབས་ཁོང་གིས་སྔོན་གྱི་བླ་ཆེན་སྡོམ་རྒྱུན་དེ་གཙང་མ་ཡིན་མིན་ལ་ཐེ་ཚོམ་སྒོས་ཡང་བསྐྱར་པཎ་ཆེན་སྡོམ་རྒྱུན་བཞེས་ཞེས་གསུངས་པས་དཔྱད་དགོས་པ་ཞིག་ཏུ་སྣང་ངོ་། །

ཡང་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་རིང་ལ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ་སྤྱན་དྲངས་ཏེ་དེའི་སློབ་མའི་གཙོ་བོ་ས་དྷུ་པཱ་ལ། གུ་ཎ་པཱ་ལ། པྲཛྙཱ་པཱ་ལ་སྟེ་པཱ་ལ་གསུམ་བསྙེན་པར་རྫོགས། པྲཛྙཱ་པཱ་ལའི་མཁན་བུ་ཞང་ཞུང་བ་རྒྱལ་བའི་ཤེས་རབ་ཀྱིས་སྡོམ་པ་བླངས། དེའི་སློབ་མ་དཔལ་འབྱོར་དང་ཞིང་མོ་ཆེ་བ་བྱང་ཆུབ་སེང་གེ་ལ་སོགས་པ་ནས་བརྒྱུད་དེ་མཆེད་པ་རྣམས་ལ་སྟོད་འདུལ་ཏེ་སྡོམ་རྒྱུན་འདི་ཤིན་ཏུ་དག་པར་གྲགས་སོ། །

ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་མཁན་བུ་གུ་ན་མི་ཏྲ། དེའི་མཁན་བུ་རཏྣ་མི་ཏྲ། དེའི་མཁན་བུ་ཤྲིདྷརྨ་བྷ་ཏྲ། དེའི་མཁན་བུ་གུ་ན་མ་ཏི། དེའི་མཁན་བུ་དྷརྨ་མ་ལི། དེའི་མཁན་བུ་ཨ་ཀ་ར་གུཔྟ། དེའི་མཁན་བུ་ཁ་ཆེ་པཎ་ཆེན་ཤཀྱ་ཤྲཱི་བྷ་དྲ། ཁོང་ཁྲོ་ཕུ་ལོ་ཙཱ་བས་བོད་དུ་སྤྱན་དྲངས། བྱང་ཆུབ་དཔལ་དང་། གཙང་པ་རྡོ་རྗེ་དཔལ་དང་། ཆོས་རྗེ་ས་པཎ་སོགས་བསྙེན་རྫོགས་ཀྱི་སྡོམ་པ་གནང་ཞིང་། ཁོང་རྣམས་ལས་མཁན་བུ་རིམ་པར་ད་ལྟའི་བར་དུ་བརྒྱུད་པ་ལ། པཎ་ཆེན་མཁན་བརྒྱུད་དུ་གྲགས། རྒྱུད་པའི་ཁུངས་གཙང་ལ་བར་ནས་མ་ཆད་པའི་སྡོམ་རྒྱུན་རྣམ་དག་ཅིག་ཡིན་པ་ནི་ས་དགེ་གཉིས་དང་། ཇོ་ནང་། བཀའ་བརྒྱུད་ཅེེས་ཆོས་རྒྱུད་ཁག་ཏུ་གྲགས་ཤིང་གྲུབ་པའོ། །ལྷག་པར་དུ་དཔལ་ལྡན་ས་སྐྱ་པའི་དགོན་སྡེ་གྲྭ་ཚང་ཁག་གིས་གནའ་ནས་ད་བར་སྡོམ་རྒྱུན་ཁུངས་གཏུགས་ས་ངོར་པའི་སྡོམ་རྒྱུན་འདི་ཉིད་ཡིན་པས། འདི་ཡང་པཎ་ཆེན་གྱི་སྡོམ་རྒྱུན་ཡིན་པ་གྲགས་སོ། །

དཔྱད་ཡིག་དང་ཞབས་མཆན།

[1] འདུལ་བ་ཕྲན་ཚེགས། རྫོང་སར་བཀའ་འགྱུར་འདུལ་བའི་སྐོར་སྤྱི་དེབ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། པོད་གྲངས་(ད)ཤོག་ངོས་༥༩༠གསལ། པོད་གྲངས་(པ)༤༧༦ལས་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2019

[2] རྫོང་སར་བཀའ་འགྱུར་འདུལ་བའི་སྐོར་སྤྱི་དེབ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ལུང་ཕྲན་ཚེགས་པོད་གྲངས་(ད)༦༣༥ ལས་གསལ། པོད་གྲངས་(པ)ལུང་མ་མོ་ཤོག་ངོས་༤༧༦ལས་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2019

[3] རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། མཁས་པ་ལྡེའུས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ་2012

[4] ཐང་སན་ལམ་ཡིག རྫོང་སར་མཁན་པོ་ཚེ་བསྟན་གྱི་འགྱུར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་དེབ། ཤོག་ངོས་༡༡༤ དང་། (༢༥༠) (༣༢༣)ལས་གསལ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2022

[5] རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད། ཡོངས་འཛིན་དྲྭ་ཚིགས་ལས་གསལ།

དཔྱད་གཞིའི་ཡིག་ཆ།

ལོ་རྒྱུས་ཀྱི་སྐོར། ༡ འདུལ་བ་ཕྲན་ཚེགས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས། རྫོང་སར་བཀའ་འགྱུར་འདུལ་བའི་སྐོར་སྤྱི་དེབ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2019

༢ འདུལ་བ་ལུང་མ་མོ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས། རྫོང་སར་བཀའ་འགྱུར་འདུལ་བའི་སྐོར་སྤྱི་དེབ།   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2019

༣ ཐང་སན་ལམ་ཡིག ཐང་སྡེ་སྣོད་གསུམ་པ་སློབ་དཔོན་ཤན་ཙང་གིས་མཛད། གུང་མགོན་པོ་སྐྱབས་ཀྱི་འགྱུར་དང་། རྫོང་སར་མཁན་པོ་ཚེ་བསྟན་གྱི་འགྱུར་གཉིས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2022

༤ དེབ་ཐེར་སྔོན་པོ། འགོས་ལོ་གཞོན་ནུ་དཔལ་གྱིས་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  སྤྱི་ལོ་2009

༥ བུ་སྟོན་ཆོས་འབྱུང་། ཀུན་མཁྱེན་བུ་སྟོན་གྱིས་མཛད། སྤྱི་དེབ། ཤོག་ངོས་༡༧༡དང་། ༡༨༨ལས་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་2009

༦ ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པ། སྤྱི་དེབ། ཤོག་ངོས་༣༡ནས་༣༧བར་དུ་གསལ། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2006

༧ མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ཀྱི་བསྟན་རྩིས་དང་། དགའ་ལྡན་ཁྲི་པ་རིན་ཆེན་འོད་ཟེར་གྱི་བསྟན་རྩིས། ལྡེའུ་ཇོ་སྲས་ཀྱི་རྒྱལ་རབས་ཆོས་འབྱུང་། ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི་དེབ་ཐེར་དམར་པོ། དུང་དཀར་བློ་བཟང་ཕྲིན་ལས་ཀྱི་མཛད་པའི་དེབ་དམར་པོའི་ཚིག་འགྲེལ་གནད་བསྡུས། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད་རྣམས། འཇམ་དབྱངས་ཤེས་རིག་དཔེ་ཚོགས། དཔེ་སྐྲུན་ཁང་དང་། དཔར་ལོ་མི་གསལ།

༨  རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། མཁས་པ་ལྡེའུས་མཛད། སྤྱི་དེབ། ཤོག་ངོས་༡༥༧ནས་༡༦༠བར་དུ་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ་2012

༩ རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད། དཔེ་སྐྲུན་ཁང་མི་གསལ།

༡༠ ཅོ་ནེའི་བསྟན་འགྱུར་དཀར་ཆག

༡༡ རྒྱ་གར་ཆོས་འབྱུང་། རྗེ་ཏཱ་ར་ནཱ་ཐས་མཛད། དཔེ་སྐྲུན་ཁང་མི་གསལ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།