སྔོན་གླེང་།
དུས་རབས་ཉི་ཤུ་དང་ཉེར་གཅིག་པའི་ནང་བོད་ཀྱི་ཤེས་རིག་ལོ་རྒྱུས་ཕྱོགས་ལ་ཞིབ་འཇུག་གི་ལྟ་བ་ཚད་ངེས་ཅན་ཞིག་ཏུ་སླེབས་ནས་ལྷ་སྒྲུང་དང་རྟོག་སྒྲུང་གི་རྣམ་པ་ལྟ་བུ་མ་ཡིན་པར་དངོས་མཐོང་ལག་ཟིན་ཡོད་པ་ཚན་རིག་པའི་ཞིབ་འཇུག་དང་མཐུན་པའི་ལམ་སྲོལ་བཟང་པོ་ཞིག་བཏོད་ཡོད་པ་འདི་ནི་ཤིན་ཏུ་དགའ་གུས་བསྔགས་བརྗོད་ཞུ་དགོས་པའི་གནས་ཞིག་རེད། དེང་གི་དུས་ན་བོད་ཀྱི་གནའ་བོའི་རིག་གཞུང་ལ་ཞིབ་འཇུག་གནང་མཁན་གྱི་གཞོན་རབས་ཀྱི་ཚོགས་སྡེ་ཡང་ཟླ་བ་ཡར་ངོ་བཞིན་དུ་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པ་དགའ་སྤོབས་སྐྱེས་འོས་པའི་ལྟོས་བཟང་ཞིག་ཀྱང་རེད་བསམ་བྱུང་། དེས་ན་ཞང་བོད་ཀྱི་གནའ་བོའི་རིག་གནས་ཡུལ་སྲོལ་ལ་ཞིབ་འཇུག་བྱེད་པར་མདོ་དབུས་མཐོ་སྒང་ནས་བྱུང་བའི་ས་སྐྱེས་རྡོ་སྐྱེས་ཀྱི་བོན་པོའི་རིག་གཞུང་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་མཆིས་པས་དཔེར་ན་ཚེ་འདིའི་ཁྱིམ་ཐབ་བག་མ་གཏོང་ལེན་ཚེ་འགུགས་གཡང་བླན་སོགས་ཀྱིས་མཚོན་པ་དང་འཇིག་རྟེན་ལས་འདས་པ་སྒྲུབ་བྱེད་སྤངས་བསྒྱུར་གྲོལ་གསུམ་མདོ་སྔགས་ཆ་ཚང་པའི་གཞུང་ལུགས་འདི་ལ་ཕྱོགས་ཀུན་ནས་དཔྱད་གཞིའི་རིན་ཐང་ལྡན་པའི་ཡིག་ཆ་ཤིན་ཏུ་གལ་ཆེན་པོ་ཞིག་ཏུ་མཐོང་ཞིང་། བོན་པོའི་རིག་གཞུང་དེའི་ནང་ནས་ཀྱང་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་ནི་བན་བོན་རིས་མེད་སྤྱི་ཚོགས་སུ་ཆོས་སྤྱོད་ཀྱི་དགོས་མཁོ་དང་རྒྱུགས་ཤིན་ཏུ་ཆེ་བ་ཞིག་ཡིན་པས་འདི་ཡི་བྱུང་ཁུངས་ངོ་སྤྲོད་ཀྱི་ལོ་རྒྱུས་ཉུང་ཙམ་དང་བོན་གྱི་ཀླུ་འབུམ་དཀར་ནག་ཁྲ་གསུམ་གྱི་མ་དཔེ་ཁག་མི་འདྲ་བ་ལྔ་ལ་མཐུན་མིན་གྱི་དཔྱད་ཞིབ་ཞུས་པའི་གྲུབ་དོན་ཅུང་ཙམ་བརྗོད་འདོད་བྱུང་།
༡༽དང་པོ་གཙང་མ་ཀླུ་འབུམ་ངོ་སྤྲོད།
གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་ནི་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་གསུངས་པའི་བཀའ་དང་ཁོང་ནི་བསྐལ་བཟང་སངས་རྒྱས་སྟོང་གི་ནང་ཚན་རྣམ་འདྲེན་བརྒྱད་པ་[1]དེ་ཡིན་པ་བོན་ལུགས་སུ་ཡོངས་གྲགས་སུ་བཞེད་ཡོད། ཁོང་གིས་བཀའ་སྲོལ་ལེགས་པར་ཕྱེས་པའི་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་བོད་གངས་ཅན་གྱི་ལྗོངས་སུ་དར་ནས་ཀྱག་ཀྱོག་གི་འཕྲང་ལམ་རིང་མོ་ཞིག་བརྒྱུད་ནས་སྔ་རབས་ནས་ཕྱི་རབས་དང་ཕྱི་རབས་ནས་ད་ལྟ་དུས་རབས་ཉེར་གཅིག་པར་ཤེས་རིག་ལོངས་སུ་སྤྱོད་པའི་བགོ་སྐལ་དུ་ཐོབ་ཡོད་ཅིང་གདུལ་བྱ་སེམས་ཅན་གྱི་བློ་དང་འཚམས་པར་གནས་སྐབས་ཀྱི་ཕན་བདེ་སྐྱེད་བྱེད་མོ་རྩིས་གཏོ་དཔྱད་ཀྱིས་མཚོན་པའི་ལྷོ་གཏེར་རྒྱུ་ཡི་ཐེག་པ་དང་མཐར་ཐུག་གི་ཕན་བདེ་སྒྲུབ་བྱེད་འབྲས་བུ་ཐེག་པ་སོགས་བོན་ཐེག་པ་རིམ་པ་དགུ་[2]ཞེས་ཡོངས་སུ་གྲགས་པ་རྒྱུ་འབྲས་ཕུན་སུམ་ཚོགས་པ་ལུང་རྟོགས་[3]གཉིས་ཀྱིས་བསྡུས་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་རྒྱལ་བའི་བཀའ་དྲི་མ་མེད་པ་དེ་ལ་དབྱེ་སྒོ་མང་[4]དུ་མཆིས་ཀྱང་བསྡུ་ཚུལ་གྱིས་”བཀའ་ཕུན་སུམ་ཚོགས་པ་མདོ་ཡི་སྡེ་དང་། རྣམ་དག་རྒྱས་པ་འབུམ་གྱི་སྡེ་དང་། ཟབ་ལམ་གསང་སྔགས་རྒྱུད་ཀྱི་སྡེ་དང་། བླ་མེད་སེམས་ཕྱོགས་མཛོད་ཀྱི་སྡེ་”[5]ཞེས་དང་མཛད་མདོ་བསྡུས་པར་གསུངས་པའི་མདོ་འབུམ་རྒྱུད་མཛོད་བཞི་ཕྱེ་བའི་ནང་དུ་ཀླུ་འབུམ[6]་དཀར་ནག་ཁྲ་གསུམ་ནི་ཐེག་པ་ཆེན་པོའི་འབུམ་སྡེ་ཁོངས་སུ་མཁས་གྲུབ་ཕལ་མོ་ཆེས་བཞག་ཡོད།
རྒྱལ་དབང་ཀུན་གྲོལ་གྲགས་པས་(1700-1767) མཛད་པའི་བཀའ་རྟེན་འགྱུར་དཀར་ཆག་[7]དང་བླ་མ་གཡུང་དྲུང་ཚུལ་ཁྲིམས་དབང་གྲགས་སམ་ཡོངས་གྲགས་སུ་བདུད་འདུལ་སྤྲུལ་སྐུས་(1832-1890)གྱིས་(1875)མཛད་པའི་བཀའ་རྟེན་འགྱུར་དཀར་ཆག་[8]སོགས་ལས་རྣམ་དག་རྒྱས་པ་འབུམ་གྱི་སྡེ་རུ་བཞག་ཡོད། སྨན་རིའི་མཁན་རབས་ཉེར་གསུམ་པ་[9]ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་(1813-1870)གིས་མཛད་པའི་བཀའ་བརྟེན་འགྱུར་དཀར་ཆག་[10]ལས་”ཨ་ཙ་ར་མི་གསུམ་གྱིས་གཏེར་ནས་ཐོན་པའི་གདུལ་བྱའི་ཀླུ་འབུམ་ནག་པོ་དང་འདུལ་བྱེད་ཀླུ་འབུམ་ཁྲ་བོ་གཉིས་ལོ་རྒྱུས་མདོ་ཡི་བཤད་བྱང་ཡིན་པས་འདིར་བཀོད་”[11]ཞེས་ཕུན་སུམ་ཚོགས་པ་མདོ་སྡེའི་ཁོངས་སུ་བཀོད་ཡོད་པ་དང་ཀླུ་འབུམ་དཀར་ནག་ཁྲ་གསུམ་ནང་དུ་ཡང་ཐེག་པ་ཆེན་པོའི་མདོ་[12]ཞེས་གསུངས་ཡོད་ཀྱང་ཡོངས་གྲགས་སུ་འབུམ་སྡེ་ཡིན་ཤག་བྱས་ནས་འགྲོ་བསྡད་ཡོད། དེ་ཡང་བོན་གྱི་ཡིག་རྙིང་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་ཞེས་པ་འདི་ནི་ས་བདག་ཀླུ་གཉན་སོགས་ཀྱི་གནོད་པ་ཞི་བར་བྱེད་པ་ལ་མཆོག་ཏུ་བསྔགས་པའི་རྒྱུ་མཚན་གྱིས་རི་བོ་ཧི་མ་ལ་ཡའི་གཡས་གཡོན་དང་བན་བོན་རིས་མེད་ཀྱི་སྤྱི་ཚོགས་སུ་བོན་སྤྱོད་དམ་ཆོས་སྤྱོད་ཀྱི་དགོས་མཁོ་ལྟར་རྒྱུགས་ཤིན་ཏུ་ཆེ་བར་བརྟེན་ནས་ཤིང་པར་མི་འདྲ་བ་དང་བྲིས་མ་མི་འདྲ་བ། དགོན་སྡེ་དང་ཁྱད་པར་དུ་དུད་ཁྱིམ་མང་པོས་རིན་པོ་ཆེ་གསེར་དངུལ་ལ་སོགས་ཀྱིས་འབྲི་བཞེངས་མཛད་ཡོད། བོད་རྒྱལ་བརྒྱད་པ་[13]གྲི་གུམ་བཙན་པོའི་སྐབས་བོན་ལུགས་སུ་ཕྱི་ལོ་སྔོན་གྱི་(C-683)དུས་རབས་བདུན་པའི་ནང་(བཤད་ཚུལ་མི་མཐུན།) གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་གཏེར་དུ་སོང་ཞིང་། དུས་རབས་བཅུ་པའི་ནང་ཨ་ཙ་ར་མི་གསུམ་[14]གྱིས་(913)ལོར་བསམ་ཡས་ནས་གཏེར་ཐོན་ནས་རིམ་བཞིན་བརྒྱུད་ནས་བྱུང་ཡོད། འབུམ་དེ་རྣམས་ཀྱི་བརྗོད་བྱ་གཙོ་བོ་གཙང་མ་ཀླུ་འབུམ་ནག་པོས་ཕྱིའི་འབྱུང་ལྔ་[15]དང་ནང་བཅུད་སེམས་ཅན་ལ་ཀླུ་ནད་གནོད་པ་གཉེན་པོ་སྐོས་ཚུལ་སོགས་གཏམ་རྒྱུད་ལོ་རྒྱུས་འདྲ་མིན་[16]དང་ཀླུ་ལ་འགྲན་འཚོལ་དོ་སྡོ་སོགས་མི་རུང་བ་[17]བསྟན་ཡོད། ད་དུང་རི་མོ་དར་སྲོལ་ཆེ་བའི་བྱ་ཁྱུང་གི་ཁ་ན་སྦྲུལ་གདུག་པ་བཟུང་བ་ཡང་གསལ་བོ་[18]བསྟན་ཡོད།
གཙང་མ་ཀླུ་འབུམ་ཁྲ་བོས་གཉེན་པོ་བཅོས་ཐབས་ཀྱི་སྐོར་དང་། གཙང་མ་ཀླུ་འབུམ་དཀར་པོས་འཁོར་འདས་ཀྱི་རྣམ་གྲངས་བརྒྱ་དང་བཞི་བཅུ་ཞེ་གཉིས་[19]སོགས་རྒྱས་པར་བསྟན་ཡོད། འབུམ་འདི་རྣམས་རིག་གནས་ཆེ་བ་ལྔའི་[20]མཚན་གཞི་ལ་འབུམ་གསུམ་རེ་བཞག་ཡོད་པའི་[21]ནང་དུ་ནང་དོན་རིག་པའི་མཚན་གཞི་ལ་ཡང་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་འཇོག་སྲོལ་ཡོད་པ་དཔེར་ན། ཤེར་ཕྱིན་སྐབས་དང་པོའི་རྣམ་བཤད་ལས།”ལྔ་པ་ནི། ཀླུ་འབུམ་དཀར་ནག་ཁྲ་གསུམ་ལྟ་བུའོ། འོ་ན་འབུམ་དེ་རྣམས་ལ་དཀར་ནག་ཁྲ་བོར་འདོགས་པའི་རྒྱུ་མཚན་ཇི་ཞེ་ན། རྣམ་རྒྱལ་ལས། མ་ཐུལ་བ་འདུལ་བའི་ནག་པོ། ཐུལ་བ་བཀྲིད་དྲང་གི་ཁྲ་བོ།བཀྲིད་དྲང་རྟོགས་པས་དཀར་པོར་བསྟན་པའོ། ཞེས་གསུངས་པ་ལྟར་རོ།།”[22] ཞེས་དཀར་ནག་ཁྲ་གསུམ་འདོགས་དགོས་པའི་རྒྱུ་མཚན་དང་བཅས་ཏེ་གསུངས་སོ།།
༢༽ ཀླུ་འབུམ་དཀར་ནག་ཁྲ་གསུམ་གྱི་མ་དཔེ་ཁག་གི་རེའུ་མིག།
ཨང་རིམ། | ས་གནས། | དུས་ཚིགས། | ཤིང་པར་ཅན། | ལག་བྲིས་ཅན། | གློག་པར་ཅན། |
1 | རྟག་བརྟན་ཕུན་ཚོགས་གླིང་། | (1575-1635) | ཤོག་རྙིང་། | ||
2 | སྡེ་དགེ། | 1742 | ཤོག་གསར། | ||
3 | དགའ་ལྡན་ཕུན་ཚོགས་གླིང་། | 1746 | དཀར་པོ། | དབུ་ཅན་ལག་བྲིས་གློག་པར། | |
4 | རྒྱ་གར་སྨན་རི། | 1975 | དབུ་ཅན། | ||
5 | བཀའ་འགྱུར་ཁྲིན་ཏུའུ་ཅན། | 1981 | དབུ་མེད་ལག་བྲིས་གློག་པར། |
༣༽མ་དཔེ་ཁག་ལྔའི་གཤིབ་བསྡུར་དངོས།
གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་ལ་རྒྱས་བསྡུས་ཅི་རིགས་ཤིག་ཡོད་པ་ལས་ཀྱང་ད་ལན་མ་དཔེ་ཁག་ལྔ་ཀ་ནི་རྒྱས་པའི་ཁོངས་གཏོགས་ཡིན། དང་པོ་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་གི་ཤིང་པར་ཅན་ལྟར་ན། གཙང་མ་ཀླུ་འབུམ་དཀར་པོ་ལ་གླེགས་བམ་གཅིག་དང་ལེའུ་བཅུ་བཞི་[23]ཡོད། གཙང་མ་ཀླུ་འབུམ་ནག་པོར་གླེགས་བམ་གཉིས་དང་ལེའུ་དང་པོ་ནས་ཉེར་གསུམ་བར་[24]གླེགས་བམ་གཅིག་དང་ཉེར་བཞི་ནས་ཞེ་དྲུག་བར་[25]གླེགས་བམ་གཉིས་པའི་ནང་བཞུགས་ཡོད།བསྡོམས་ལེའུ་ཞེ་དྲུག་ཡོད། གཙང་མ་ཀླུ་འབུམ་ཁྲ་བོ་ལ་ལེའུ་ང་གསུམ་ནས་དོན་དགུའི་[26]བར་གླེགས་བམ་གཅིག་དང་བརྒྱད་ཅུ་ནས་གྱ་ལྔ[27]་བར་གླེགས་བམ་གཅིག་བཅས་ལ་བསྡོམས་པའི་ལེའུ་སུམ་ཅུ་སོ་གསུམ་ཡོད། འདིའི་ནང་ལེའུ་རེ་དགུ་པ་དང་དོན་དྲུག་པ་གྱ་གཅིག་པ་བཅས་ལེའུ་གསུམ་ཚང་མེད།གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་འདི་ཉིད་ལ་སྤྱི་བསྡོམས་ལེའུ་དགུ་བཅུ་གོ་གསུམ་བཞུགས་ཡོད། འདི་ཉིད་ཇོ་ནང་ཏཱ་ར་ནཱ་ཐའི་(1575-1635)སྐབས་པར་དུ་བཏབས་པས་ཀླུ་འབུམ་དཀར་ནག་ཁྲ་གསུམ་ཤིང་པར་དུ་བཏབ་པ་ཆེས་སྔ་ཤོས་དང་རྒྱས་ཤོས་དེ་ཆགས་ཡོད་པར་སེམས། འདི་ལ་ཨ་རི་བ་(Gene Simithl)ལགས་ཀྱིས་སྨན་རིའི་ཀླུ་འབུམ་བྲིས་མ་པར་དུ་བསྐྲུན་པའི་སྔོན་གླེང་ལོ་རྒྱུས་ལས་ཀྱང་ཇོ་ནང་ཏ་ར་ནཱ་ཐའི་སྐབས་ཡིན་ཚུལ་བྲིས་ཡོད། པར་མ་དེའི་ཁྱད་ཆོས་སམ་ཁྱད་བོན་གཙོ་བོ་ནི་ལོ་རྒྱུས་ཅུང་རིང་ཞིང་མི་ལོ་བཞི་བརྒྱ་ལྷག་འགྲོ་བསྡད་པ་དང་ཤོག་ཤོག་ཡང་ཧ་ཅང་རྙིང་པ་ཡིན། ཤིང་པར་ལས་ཡི་གེ་མི་གསལ་བ་དང་ཚེག་གི་བར་ཕྱེད་རིགས་འདྲེས་བསྡད་ཡོད་པ་རྙིང་དྲགས་པའི་རྐྱེན་གྱིས་མང་པོ་འདུག ཤོག་གྲངས་རེ་ལ་ཐིག་ཕྲེང་དྲུག་རེ་དང་སྣ་རིང་ཐུང་གི་ཚད་ནི་ལི་སྨི་54cmདང་ཞེང་ཚད་ཆེ་ཆུང་ལི་སྨི་14cmཡོད། གཙང་མ་ཀླུ་འབུམ་དཀར་པོ་ལ་བོད་པའི་ཤོག་གྲངས་བརྒྱ་དང་བཅུ་བཞི་བཞུགས་ཡོད་ཅིང་མཇུག་ཏུ་”སྟོན་པ་གཤེན་རབས་ཐུགས་རྗེའིི་མངའ་བདག་རྣམ་པ་ཐམས་ཅད་མཁྱེན་པ་ལ། ཀླུ་ལས་གྲུབ་པའི་བོན་པོ་ཡེ་གཤེན་སྙིང་པོས་ཞུས་པའི་ལེའུ་སྟེ་བཅུ་བཞི་པའོ།།བོན་རིན་པོ་ཆེ་འཕྲུལ་ངག་བདེན་པ་གཙང་མ་ཀླུ་འབུམ་དཀར་པོ་གཡུང་དྲུང་ཐེག་པ་ཆེན་པོའི་མདོ། རིགས་ལྔ་ཀླུའི་དཀྱིལ་འཁོར་ལ། དུག་ལྔ་རྩད་ནས་གཅོད་པའི་བོན་བཀའ་རྟགས་ཐམས་ཅད་མི་འགྱུར་བའི་རིན་པོ་ཆེའི་ཕྱག་རྒྱ་རྣམ་པ་བཞིའི་རྒྱས་བཏབ་པ་རྫོགས་སོ།།”ཞེས་གསུངས་མཁན་སྟོན་པ་གཤེན་རབ་ཐུགས་རྗེ་ཅན་ཡིན་པ་དང་ཞུ་བ་པོ་ཀླུ་ལས་གྲུབ་པའི་བོན་པོ་ཡེ་གཤེན་སྙིང་པོ་སོགས་ལེའུ་རེ་རེ་ཞུ་མཁན་དང་ལེའུ་བཅུ་བཞིའི་གྲངས་བཅས་ཧ་ཅང་གི་ཞལ་གསལ་དུ་གསུངས་ཡོད་དོ། གཙང་མ་ཀླུ་འབུམ་ནག་པོ་ལ་ལེའུ་བཞི་བཅུ་ཞེ་དྲུག་ཡོད་པ་མཆན་ཨང་ཉི་ཤུ་པ་ལྟར་ལ་ཤོག་གྲངས་སུམ་བརྒྱ་བཅུ་གཅིག་གི་མཇུག་ཏུ་ “སྦྱིན་པ་བྱིན་པས་བསོད་ནམས་འཕེལ་བར་གྱུར་པས་ད་ལྟ་བསགས་མི་དགོས་བྱས་ཏེ། ནན་སྐྱེ་དེ་བསྲེགས་གཤང་དཀྲོལ་ནས་བཞུགས ” ཞེས་པ་ལས་ཤོག་གྲངས་དྲུག་བདུན་ཤིག་ཚང་མི་འདུག གཙང་མ་ཀླུ་འབུམ་ཁྲ་བོ་ལ་ལེའུ་ལྔ་བཅུ་ང་གསུམ་ནས་བརྒྱད་ཅུ་གྱ་ལྔ་བར་ཡོད་ཅིང་ནང་དུ་ལེའུ་གསུམ་ཆད་འདུག་པ་གོང་དུ་ཞུས་ཡོད།ཤོག་གྲངས་སུམ་བརྒྱ་དང་བཅོ་བརྒྱད་བཞུགས་ཡོད་ལ་” ནམ་མཁའི་ཁམས་སྣང་ལ་ཅིར་ཡང་མ་གྲུབ་པའོ། ནམ་མཁའི་ཁམས་སྐྱེ་བ་རྒྱུ་ལ་མི་འཁོར་པའོ། ནམ་མཁའི་ཁམས་དངོས་པོར་ཅིར་ཡང་མ་གྲུབ་པའོ།། སརྦ་མངྒལཾ།།”ཞེས་པར་བྱང་སྨོན་ཚིག་ཀྱང་མེད་ལ་མཇུག་གྲུབ་ཡོད་དོ།།
གཉིས་པ་སྡེ་དགེ་ཅན་གྱི་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་ནི་སྐད་གྲགས་ཆེན་པོ་ཡིན་ཀྱང་འདིའི་ཀླུ་འབུམ་དཀར་པོའི་ལེའུ་བཅུ་བཞི་པོ་གཞན་རྣམས་ལ་མཐུན་ཅིང་ཁྲ་བོ་ལ་ལེའུ་ང་གསུམ་པ་ནས་དོན་དགུའི་བར་མ་གཏོགས་མེད། ཀླུ་འབུམ་ནག་པོ་མ་དཔེ་གཞན་རྣམས་ལ་རྩ་བ་ནས་མི་མཐུན་ཀྱང་བླ་མ་བདུད་འདུལ་སྤྲུལ་སྐུས་མཛད་པའི་བཀའ་འགྱུར་དཀར་ཆག་ནང་བཞིན་ལེའུ་མཐུན་ཡོད་ཅིང་དེར་ལྟོས་ན་ཕལ་ཆེར་བདུད་འདུལ་སྤྲུལ་སྐུས་སྡེ་དགེ་ཤིང་པར་ཅན་གཞི་བཟུང་ནས་དཀར་ཆག་སྒྲིག་ཡོད་པར་སེམས། ལེའུའི་གོ་རིམ་བསྟར་ཆགས་སུ་མེད་ཅིང་ལེའུ་ཆད་ཡོད་པ་དང་བསྐྱར་ཟློས་སོགས་ཀྱི་སྐྱོན་འདུག་པ་འདི་ལྟར་ཏེ་ལེའུ་བཅུ་ནས་ཉེར་དགུའི་བར་ཡོད་པ་དང་། དེ་ནས་ལེའུ་སོ་ལྔའི་བར་མེད། དེ་ནས་སོ་དྲུག་ནས་ཞེ་གཅིག་བར་ཡོད། དེ་ནས་ཡང་བསྐྱར་དུ་ལེའུ་སོ་བདུན་ནས་ལེའུ་ང་གསུམ་[28]བར་ཡོད་པ་སོགས་ཇི་བཞིན་ཡིན་ནོ།ལེའུ་ཞེ་ལྔ་ནས་ང་གསུམ་བར་གྱི་ལེའུ་དགུ་དེ་གཞན་རྣམས་ལ་ཀླུ་འབུམ་ཁྲ་བོའི་ནང་བཞུགས་ཡོད་སོགས་མགོ་རྙོག་ཅན་དུ་ཡོད།
སྡེ་དགེ་པར་ཁང་གི་ཤིང་པར་ཅན་ལ་ཀླུ་འབུམ་དཀར་ནག་ཁྲ་གསུམ་ལ་ཤོག་གྲངས་སོ་སོར་བཀོད་མེད་ཅིང་སྤྱི་བསྡོམས་སུ་དཔེ་གཟུགས་སུ་ཤོག་གྲངས་བཞི་བརྒྱ་ང་དགུ་བྱོན་ཡོད། ཁྲ་བོའི་མཇུག་ཏུ་”ཡིད་ཀྱི་ཁྱེའུ་ཆུང་གིས་སྟོན་པ་གཤེན་རབས་མི་བོ་ལ་ཞུས་པ་ཀླུའི་རྒྱལ་མོ་ཀུན་ཏུ་ཁྱབ་ཅེས་བྱ་བའི་ལེའུ་སྟེ་དོན་དགུ་པའོ།། ཀླུ་ཐམས་ཅད་ཀྱི་མཇུག་མའི་ལེའུ་སྟེ་རྫོགས་སོ།། ཀླུ་འབུམ་ཞབས་མེད་བྱ་བ་ནི། འཇིག་རྟེན་མི་ཡུལ་དུ་དུམ་བུ་བཞི་ལས་མ་འགྱུར་རོ། ཞབས་ནི་རྒྱ་མཚོའི་ཀླུའི་ཡུལ་ན་སྟོང་ཕྲག་སུམ་བརྒྱ་དྲུག་ཅུ་བཞུགས་སོ།།” ཞེས་གྲུབ་ཡོད་ཅིང་ཤིང་པར་བཞེངས་བསྐྲུན་བྱས་པའི་དུས་ནི་བོད་རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི་ལོ་སྟེ་སྤྱི་ལོ(1742)ལོར་སྡེ་དགེའི་བསྟན་འགྱུར་པར་དུ་བརྐོས་གྲུབ་པའི་སྐབས་དེ་ཤེད་ཞིག་ཏུ་པར་དུ་བསྐྲུན་པ་གསལ་ཡོད། དེ་ཡང་ཀུན་དགའ་ཕྲིན་ལས་རྒྱ་མཚོའི་བཀའ་ལུང་བཞིན་དུ་ཐ་སྙད་སྨྲ་བ་ཚུལ་ཁྲིམས་རིན་ཆེན་གྱིས་པར་བྱང་སྨོན་ཚིག་དང་བཅས་པ་སྡེ་དགེ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོར་བྲིས་པ་[29] གསལ་ཡོད། དེ་ལ་ཐིག་ཕྲེང་བདུན་རེ་དང་སྣ་རིང་ཐུང་ཚད་ལི་སྨི་68cm དང་ཞེང་ཚད་ཆེ་ཆུང་ལི་སྨི་11.5cmཡོད་དོ།།
གསུམ་པ་དགའ་ལྡན་ཕུན་ཚོགས་གླིང་གི་ཀླུ་འབུམ་དཀར་ནག་ཁྲ་གསུམ་ནི་རྒྱལ་དབང་ལྔ་བས་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་དགེ་ལུགས་བསྒྱུར་རྗེས་ཀྱི་མིང་ལ་དགའ་ལྡན་ཕུན་ཚོགས་གླིང་ཟེར་བ་<<བསྟན་རྩིས་ཀུན་ལས་བཏུས་པ་>>[30]ལས་ཀྱང་གསལ་ཞིང་དེའི་ཤིང་པར་ཅན་ནི་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་བོད་རྒྱལ་(1728)བྱས་པའི་སྐབས་པར་དུ་(1746)བསྐྲུན་པ་ཀླུ་འབུམ་པར་བྱང་སྨོན་ཚིག་ལས་གསལ་ཞིང་[31]དེ་ལ་གཞི་བཟུང་ནས་ལག་བྲིས་སུ་བགྱིས་ཡོད་པ་གློག་པར་ཅན་འདི་ནི་<བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་བ་>ནས་དྲ་ལམ་སོགས་སུ་སྤེལ་ཡོད་པས་ཧ་ཅང་ཁྱབ་རྒྱའང་ཆེ་ཞིང་ཀླུ་འབུམ་དཀར་པོ་ལ་དུམ་པ་གཅིག་དང་ནག་ཁྲ་གཉིས་ལ་དུམ་པ་གཉིས་རེ་ཁྱོན་དུམ་པ་ལྔ་ཡོད་ལེའུ་མང་ཉུང་སོགས་རྟག་བརྟན་ཅན་ལྟར་གྱི་མཆན་ཨང་ཇི་བཞིན་ཡིན།ཐིག་ཕྲེང་བདུན་རེ་དང་སྣ་རིང་ཐུང་ཚད་ལི་སྨི་42.2cmདང་ཞེང་ཚད་ཆེ་ཆུང་ལི་སྨི་9.8cmཡོད། དགའ་ལྡན་ཕུན་ཚོགས་གླིང་གི་ཤིང་པར་ཅན་ལས་གཙང་མ་ཀླུ་འབུམ་དཀར་པོ་དཔེ་རྙིང་ཞིག་ལ་དངོས་སུ་གཤིབ་སྡུར་བྱེད་ཐུབ་པ་དང་ཡི་གེ་ཧ་ཅང་དག་པའི་དགེ་མཚན་ལྡན་ཡོད་ཀྱང་གཞན་ནག་ཁྲ་གཉིས་ཤིང་པར་དངོས་སུ་ལག་སོན་མ་བྱུང་ཞིང་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་གི་ཀླུ་འབུམ་དང་དགའ་ལྡན་ཕུན་ཚོགས་གླིང་གི་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་མ་དཔེ་བུ་དཔེ་ཡིན་ཅིང་། འདི་གཉིས་ཤིང་པར་དུ་བཏབས་པའི་གཙང་མ་ཀླུ་འབུམ་རྒྱས་ཤོས་དེ་ཆགས་ཡོད། དགའ་ལྡན་ཕུན་ཚོགས་གླིང་གི་གཙང་མ་ཀླུ་འབུམ་དཀར་པོ་ལ་དཔེ་གཟུགས་ཤོག་གྲངས་བརྒྱ་དང་རེ་བཞི་བཞུགས་ཡོད། གཙང་མ་ཀླུ་འབུམ་དཀར་པོ་མཇུག་གྲུབ་ཚུལ་གཞན་རྣམས་དང་གཅིག་མཚུངས་ཡིན།[32] གཙང་མ་ཀླུ་འབུམ་ནག་པོ་ལ་ཤོག་གྲངས་བཞི་བརྒྱ་བཅུ་དྲུག་ཡོད་ཅིང་”ཡིད་ཀྱི་ཁྱེའུ་ཆུང་གིས་སྟོན་པ་གཤེན་རབ་མི་བོ་ལ་ཞུས་པ་གཙང་མ་ཀླུ་འབུམ་ནག་པོ་ཞེས་བྱ་བ་ལ། ཀླུའི་རྒྱལ་མོ་ཀུན་ཏུ་ཁྱབ་ཞེས་བྱ་བའི་ལེའུ་སྟེ་ཞེ་དྲུག་པའོ།། །།ཀླུ་ཐམས་ཅད་ཀྱི་གཞུག་མ་རྫོགས་སོ།། བཀྲ་ཤིས། དགེའོ།། “ཞེས་མཇུག་གྲུབ་ཡོད། གཙང་མ་ཀླུ་འབུམ་ཁྲ་བོར་ཤོག་གྲངས་སུམ་བརྒྱ་དང་གོ་དགུ་བྱོན་ཡོད། པར་བྱང་སྨོན་ཚིག་ལས་[33]་པར་དུ་བཞེངས་དགོས་པའི་རྒྱུ་མཚན་དང་འབྲེལ་ནས་བྲིས་ཡོད་དོ།།
བཞི་པ་སྨན་རི་ཅན་དེ་རྟག་བརྟན་ཅན་ལ་གཞི་བཟུང་ནས་ཁྱུང་ལུང་བྲིས་པ་ཡོན་ཏན་རྒྱ་མཚོས་ཕྱི་ལོ་(1975-1976)བར་སྐབས་སུ་སུག་བྲིས་བགྱིས་པ་དེ་ལ་གཤིབ་སྡུར་ཞུས་པ་ཡིན། བྲིས་མ་དེ་(Gene Simithl) ལགས་ཀྱིས་འཆར་བཀོད་ངོགས་བོན་པོ་ཚོགས་པས་རྒྱལ་ས་ལྡི་ལིར་པར་དུ་བསྐྲུན་ནས་ (U.S.Cangres Libraries) སོགས་ཨ་རིའི་དཔེ་མཛོད་ཁང་བཅོ་བརྒྱད་[34]དང་རྒྱལ་ཕྱི་ནང་ཀུན་ལ་ཁྱབ་སྤེལ་བྱས་ཡོད། བྲིས་མ་དེ་ལ་ཐིག་ཕྲེང་དྲུག་དང་སྣ་རིང་ཐུང་ཚད་56.2cm དང་ཞེང་ཚད་ཆེ་ཆུང་ 9.6cm ཡོད། དཀར་པོར་ཤོག་གྲངས་169 ནག་པོ་ལ་ 416 ཁྲ་བོ་ལ་ 489 བཅས་ཡོད་ཅིང་ལེའུའི་གྲངས་ནི་རྟག་བརྟན་ཅན་དང་ཇི་བཞིན་ནོ།།
ལྔ་པ་བཀའ་འགྱུར་ཅན་གྱི་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་ནི་བསྟན་སྦྱིན་ཆེན་མོ་ག་རྒྱ་བསྟན་དར་ལགས་ཀྱིས་ཕྱི་ལོ་(1930)ནང་དུ་ཉག་གཏེར་གསང་སྔགས་གླིང་པ་ལ་རྒྱལ་བའི་བཀའ་རིན་པོ་ཆེ་པོད་བརྒྱ་དང་ལྔ་བཅུ་ང་བརྒྱད་ཅན་བྲིས་མ་ཚར་གཅིག་ཕུལ་བ་དེ་རིམ་པར་བརྒྱུད་ནས་རིག་གསར་སྐབས་སོགས་ལ་རྒྱལ་བའི་བཀའ་རིན་པོ་ཆེ་སྦས་སྲུང་གིས་ཆེད་ཉག་ཡུལ་གྱི་མི་ལྔའི་གཅེས་སྲོག་ཤོར་ནས་སྲུང་སྐྱོབས་ཚད་མེད་གནང་ནས་རིམ་བཞིན་ཀུན་གྲོལ་ལྷ་སྲས་རིན་པོ་ཆེ་མཆོག་གི་ཕྱག་ཏུ་ཐོབ་ཡོད་པ་དེ། ཕྱི་ལོ་(1981)ལོར་བླ་མ་ཨ་གཡུང་རིན་པོ་ཆེ་མཆོག་གིས་ཀུན་གྲོལ་ལྷ་སྲས་ལ་བཀའ་འགྱུར་གཡར་པོ་བྱས་ནས་རྒྱ་ནག་ཁྲིན་འདུར་དཔར་བསྐྲུན་ཞུས་པ་དང་(1999)ལོར་ཀུན་གྲོལ་ལྷ་སྲས་མཆོག་གིས་ཡང་བསྐྱར་རྒྱ་ནག་ཁྲིན་འདུར་དཔར་བསྐྲུན་ཞུས་པའི་བཀའ་འགྱུར་དེའི་ནང་གི་ཀླུ་འབུམ་དཀར་ནག་ཁྲ་གསུམ་ཡིན་ནོ། བཀའ་འགྱུར་པོད་གྲངས་135པའི་ནང་ཀ་དང་ཁ་སྡེ་ཚན་གཉིས་ཡོད་ཅིང་ཀ་ནང་ཀླུ་འབུམ་དཀར་པོའི་ལེའུ་བརྒྱད་པ་ནས་བཅུ་བཞིའི་[35]བར་ཡོད། པོད་138ནང་ལེའུ་དང་པོ་ནས་བདུན་པའི་བར་[36]བཅས་ཡོད། གཙང་མ་ཀླུ་འབུམ་ནག་པོ་པོད་135ཁ་དུམ་ནང་ལེའུ་སུམ་ཅུ་ཐམ་པ་ནས་ལྔ་བཅུ་ང་ལྔའི་བར་ [37]ཡོད། པོད་138ནང་དུ་ལེའུ་དང་པོ་ནས་བཅོ་ལྔའི་[38]བར་བཅས་འཁྲུགས་སྡེབས་ཅན་ཡོད། གཙང་མ་ཀླུ་འབུམ་ཁྲ་བོ་བཀའ་འགྱུར་པོད་136པ་ནང་ལེའུ་ལྔ་བཅུ་ང་གསུམ་ནས་དོན་དགུའི་བར[39]་བཅས་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་ལ་ཁྱོན་ལེའུ་ 79 བཞུགས་ཡོད། དེ་ལ་དབུ་མེད་ཐིག་ཕྲེང་བདུན་དང་སྣ་རིང་ཚད་ལི་སྨི་ 50.2cm དང་ཞེང་ཚད་ཆེ་ཆུང་ལི་སྨི་ 12.1cmཡིན། དཀར་པོར་ཤོག་ངོས 175 ནག་པོ་ལ་ 644 ཁྲ་བོ་ལ་ 519 བཅས་བཞུགས་ཡོད་དོ།།
མཇུག་བསྡུ་བའི་གཏམ།
སྤྱིར་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་ལ་རྒྱས་བསྡུས་མི་འདྲ་བ་མང་པོ་ཡོད་པ་མ་ཟད་རྒྱས་པ་ལ་ཡང་མི་འདྲ་བ་ཡོད་པ་ནི་ཀླུ་འབུམ་དཀར་པོར་མཚོན་ནའང་ཀླུ་འབུམ་དཀར་ཆེན་དང་དཀར་ཆུང་གཉིས་སུ་ཡོད།ད་དུང་དཀར་ཆེན་ལ་གླེགས་བམ་གཉིས་ཡོད་པར་གསུང་ཡོད་[40]དཀར་པོ་ལེའུ་བཅུ་བཞི་ཅན་འདི་ཉིད་དཀར་ཆུང་ཡིན།བོན་གྱི་བཀའ་འགྱུར་ནང་དུ་གོང་དུ་ཞུས་པ་བཞིན་གླེགས་བམ་སྡེ་ཚན་གཉིས་ཀྱི་ནང་བཞུགས་ཡོད། དེ་མིན་ལེའུ་བསྟར་ཆགས་སུ་གླེགས་བམ་གཅིག་ཡོད།ནག་པོར་གླེགས་བམ་གཉིས་དང་ཁྲ་བོར་གཉིས་བཅས་ཡོད། ཁྲ་བོའི་ལེའུ་དོན་དགུ་པའི་མཇུག་ཏུ་ཀླུ་ཐམས་ཅད་ཀྱི་མཇུག་མ་ཡིན་ཚུལ་དང་ཀླུ་འབུམ་ཞབས་མེད་འཇིག་རྟེན་མི་ཡུལ་དུ་དུམ་བུ་བཞི་ལས་མ་འགྱུར་བ་ཞབས་རྒྱ་མཚོའི་ཀླུའི་ཡུལ་ན་སྟོང་ཕྲག་སུམ་བརྒྱ་དྲུག་ཅུ་བཞུགས་[41]ཚུལ་གསུངས་ཡོད་ཀྱང་དུམ་བུ་ལྔ་དང་ལེའུ་བརྒྱད་ཅུ་གྱ་ལྔའི་བར་ཡོད་པ་གོང་དུ་གསལ་བཀོད་བྱས་ཡོད། ཀླུ་འབུམ་ཁག་ལྔ་ལས་རྟག་བརྟན་ཅན་ནི་ཤིང་པར་དང་ཤོག་རྙིང་ཡིན་པ་ལོ་རྒྱུས་ཅུང་རིང་པས་མཚོན། ཡིད་ཕངས་པ་ཞིག་ལ་མཇུག་དང་པར་བྱང་སྨོན་ཚིག་སོགས་མེད་པས་ཡིན། དགའ་ལྡན་ཅན་དང་སྨན་རི་ཅན་གཉིས་དེ་ལས་བཤུས་པའི་དམིགས་བསལ་གྱི་ཁྱད་ཆོས་གང་ཡང་མེད། སྡེ་དགེ་དང་བཀའ་འགྱུར་ཅན་གཉིས་ཆའི་ཀླུ་འབུམ་ནག་པོ་གང་ལ་ཡང་མི་མཐུན་པས་འདི་རྣམས་ཀྱི་མ་ཕྱི་གང་ལ་གཞི་བཅོལ་བ་སོགས་ལ་བསམ་གཞིག་མང་པོ་ཞིག་གཏོང་རྒྱུ་འདུག་པ་ལགས་ན་ད་ལན་ཀླུ་འབུམ་མ་དཔེ་ཁག་ལྔ་བོ་སྨན་རིའི་བླ་བྲང་གི་ཕྱག་དཔེ་དང་སྨན་རིའི་དཔེ་མཛོད་དུ་བཞུགས་པ་དངོས་སུ་གཤིབ་བསྡུར་བྱས་ཁུལ་ཡིན་ནོ།།
བོན་གྱི་ཀླུ་འབུམ་དཀར་ནག་ཁྲ་གསུམ་གྱི་མ་དཔེ་ཁག་མི་འདྲ་བ་ལྔ་ལ་དཔྱད་པ་ཞེས་པའི་རྩོམ་ཡིག་འདི་ནི་ཕྱི་ལོ་གཉིས་སྟོང་བཅུ་དྲུག་ལོར་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཐེངས་བཅུ་བཞི་པ་ནོར་ཝེ་གྲོང་ཁྱེར་པིར་ཀིན་མཐོ་སློབ་ཏུ་འཚོགས་སྐབས་སུ་སྒྲོགས་སྦྱང་དང་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་ཧྥ་རན་སིའི་བོན་གྱི་ལྟེ་གནས་གཤེན་བསྟན་དར་རྒྱས་གླིང་ནས་བརྗོད་གཞི་དཔྱད་རྩོམ་འདིའི་སྟེང་ནས་གཏམ་བཤད་ཞུས་པ་ཡིན་ཞེས་༧སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས་ཕྱི་ལོ་2021ཟླ་04ཚེས་22ཉིན་ལ།
དཔྱད་ཡིག་དང་ཞབས་མཆན།
[1] «བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན།» སྤ་བསྟན་རྒྱལ་བཟང་པོས་མཛད། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན།1991ལོའི་ཟླ་12པར་པར་ཐེངས་དང་པོ་བརྒྱབ །ཤོག་ངོས60–61ལས། སྣང་བ་རང་བྱུང་ཐུགས་རྗེ་ཅན།། དགེ་བ་འཁོར་བ་ཀུན་འདྲེན།། ཀུན་ཤེས་ཉོན་མོངས་དུག་སྲེག། ལེགས་པ་ཚད་མེད་ཐུགས་རྗེ་ཅན།། སྙོམས་པ་ཐམས་ཅད་མཁྱེན་གཟིགས།། བྱམས་པ་ཀུན་ཤེས་ཐང་པོ།། དག་པ་གཏོ་རྒྱལ་ཡེ་མཁྱེན།། ཤེས་པ་སྟོན་པ་གཤེན་རབ།། གསལ་བ་ཡེ་ནས་སྲིད་བུ་ཆུང༌།། ཞེས་སྟོན་པ་རབས་དགུ་ལས་ད་ལྟའི་བསྐལ་པ་བཟང་པོའི་སྟོན་པ་རབས་བརྒྱད་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཉིད་དོ།།
[2] བོན་གྱི་ཐེག་པ་རིམ་དགུ་འདི་ལ་བརྩི་ལུགས་མི་འདྲ་བ་གསུམ་ཡོད། « ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ་ཞེས་བྱ་བ་བཞུགས་སོ།།» ཀུན་མཁྱེན་ཉི་མ་བསྟན་འཛིན་(1813-1870)གྱིས་མཛད།། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་ (2014) ལོར་པར་བསྐྲུན་ཞུས།ཤོག་ངོས་ (204 ) ལས། བཤད་ཚུལ་གསུམ་ཡོད་པའི། དང་པོ་བྱང་གཏེར་ལས་ཐོན་པའི་སྲིད་པའི་འབུམ་དགུ་ལས་གསུངས་པའི་ཐེག་པ་རིམ་དགུ་ནི། ཕྱིའི་ཐེག་པ་གསུམ་དང་། ནང་གི་ཐེག་པ་གསུམ། གསང་བའི་ཐེག་པ་དང་གསུམ་མོ། དང་པོ་ནི། སྣང་ལྡན་དང་།རང་ལྡན་དང་། བཞེད་ལྡན་གྱི་ཐེག་པ་དང་གསུམ་ཡིན་ཏེ། ཕྱི་ཕ་རོལ་ཕྱིན་པའི་ཐེག་པ་ཡིན་པའི་ཕྱིར་ཏེ། ཞེས་དང་། གཉིས་པ་ནི། ཐོ་ཐོ་དང་། ཕྱི་ཐོ་དང་། ཡ་ཐོ་གསུམ་ཡིན་ཏེ། ནང་རྒྱུད་རྒྱུའི་བོན་གྱི་ཐེག་པ་ཡིན་པའི་ཕྱིར་ཏེ། གསུམ་པ་ནི། ལྷ་རྩེ་དང་། སྣང་རྩེ་དང་། ཡང་རྩེ་དང་གསུམ་ཡིན་ཏེ། འབྲས་བུ་སྔགས་སེམས་ཟུང་འབྲེལ་གྱི་ཐེག་པ་ཡིན་པའི་ཕྱིར་ཏེ། ཞེས་གསུངས་སོ།།
གཉིས་པ་ལྷོ་གཏེར་ཐེག་པ་རིམ་དགུ་ནི། ཕྱྭ་གཤེན་ཐེག་པ། སྣང་གཤེན་ཐེག་པ། འཕྲུལ་གཤེན་ཐེག་པ། སྲིད་གཤེན་ཐེག་པ། དགེ་བསྙེན་ཐེག་པ། དྲང་སྲོང་ཐེག་པ། ཡེ་གཤེན་ཐེག་པ། ཡེ་གཤེན་ཆེན་པོའི་ཐེག་པ་དང་། ཁྱད་པར་བླ་མེད་ཀྱི་ཐེག་པ་དང་དགུའོ། དེ་ཡང་། རྗེའི་(1356-1415)གསང་དོན་རྣམ་འབྱེད་ལས། ཕྱྭ་སྣང་འཕྲུལ་སྲིད་རྒྱུ་ཡི་ཐེག དགེ་དྲང་ཨ་ཡེ་འབྲས་བུའི་ཐེག རྒྱུ་འབྲས་ལ་བཟླ་བླ་མེད་དགུ། ཞེས་གསུངས་སོ། །
གསུམ་པ་དབུས་གཏེར་ཐེག་པ་རིམ་དགུ་ནི། «ཐེག་པ་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར།»སྟོན་པ་གཤེན་རབ་ཀྱི་བཀའ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་ 2005 ལོར་པར་བསྐྲུན་ཞུས། ཤོག་ངོས་ 14 ལས། རྒྱུ་མཚན་ཉིད་ཀྱི་ཐེག་པ་ཆུང་ངུན་ལ་རྣམ་པ་གཉིས་ཏེ། ལྷ་མི་གཞན་བརྟེན་གྱི་ཐེག་པ་དང་།རང་རྟོགས་གཤེན་རབ་ཀྱི་ཐེག་པའོ།ཐེག་པ་ཆེན་པོ་ལ་ཡང་རྣམ་པ་གཉིས་ཏེ། ཐུགས་རྗེ་སེམས་དཔའི་ཐེག་པ་ཆེན་པོ་དང་། གཡུང་དྲུང་སེམས་དཔའི་ཐེག་པ་སྤྲོས་མེད་དོ། འབྲས་བུ་སྔགས་ཕྱིའི་ཐེག་པ་ལ་ཡང་རྣམ་པ་གཉིས་ཏེ། བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པ་དང་། རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པའོ།འབྲས་བུ་གསང་སྔགས་ནང་གི་ཐེག་པ་གསུམ་ཡིན་སྟེ། དངོས་བསྐྱེད་ཐུགས་རྗེ་རོལ་བའི་ཐེག་པ་དང་།ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་དང་། ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་ན་མེད་པའི་ཐེག་པའོ།།ཞེས་གསུངས་སོ།།
[3] ལུང་སྡེ་སྣོད་གསུམ་ལ་སོགས་རྗོད་བྱེད་ཚིག་གིས་བསྡུས་པའི་བོན་དང་། རྟོགས་པའི་བོན་བསླབ་པ་རིན་པོ་ཆེ་གསུམ་ལ་བརྗོད་བྱ་དོན་གྱིས་བསྡུས་པའི་གཡུང་དྲུང་གི་བོན་ནོ།
[4] <<སྲིད་པའི་སྒྲོན་མེ་རྒྱལ་བའི་བཀའ་དང་བཀའ་བརྟེན་གྱི་རྣམ་བཤད་ཉུང་བཏུས་རབ་གསལ་ཉི་འོད་ངོ་མཚར་འབུམ་ལྡན་ཞེས་བྱ་བ་བཞུགས>> ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད། སྐབས་སོ་གསུམ་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་ཕྱི་ལོ་2013པར་བསྐྲུན་ཞུས་པ། ཤོག་ངོས་46ལས། དབྱེ་བ་ལ། ངོ་བོའི་སྒོ་ནས་དབྱེ་བ་དང་། བདག་རྐྱེན་གྱི་སྒོ་ནས་དབྱེ་བ་དང་། བརྗོད་བྱའི་སྒོ་ནས་དབྱེ་བ་དང་། སྣོད་ཀྱི་སྒོ་ནས་དབྱེ་བ་དང་། བསླབ་པའི་སྒོ་ནས་དབྱེ་བ་དང་། དུས་ཀྱི་སྒོ་ནས་དབྱེ་བ་དང་། རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་བ་དང་། ལམ་གྱི་ སྒོ་ནས་དབྱེ་བ་དང་། རྟོགས་ཚད་ཀྱི་སྒོ་ནས་དབྱེ་བ་དང་། སྤང་གཉེན་གྱི་སྒོ་ནས་དབྱེ་བ་དང་། སྡེ་ཚན་གྱི་སྒོ་ནས་དབྱེ་བ་དང་། གདུལ་བྱའི་སྒོ་ནས་དབྱེ་བ་དང་། དགོས་པའི་སྒོ་ནས་དབྱེ་བ་དང་བཅུ་གསུམ་མོ།།
[5]<<བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད་ཅེས་བྱ་བའི་དབུ་ཕྱོགས་བཞུགས་སོ།།>> ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད། སྐབས་སོ་གསུམ་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་ ཕྱི་ལོ་2013པར་བསྐྲུན་ཞུས་པ།
[6] <<བསྡུས་དོན་རྣམ་ངེས་ལས། >> བྲུ་རྗེ་གཡུང་དྲུང་བླ་མས་ (1242-1294) མཛད་པ། ཤད་བར་བཞི་ལ་སྡོམ་ཚིག་གཅིག སྡོམ་ཚིག་སྟོང་ཕྲག་བརྒྱ་ལ་འབུམ། ཅེས་གསུངས་སོ།།
[7] <<གཤེན་རབ་བཀའ་འབུམ་ཆེན་པོའི་དཀར་ཆག་སྲིད་པའི་སྒྲོན་མ་གཞོན་ནུའི་འཁྲི་ཤིང་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན།།>> རྒྱལ་དབང་ཀུན་གྲོལ་གྲགས་པས་(1700-1767) མཛད། བརྟེན་འགྱུར་པོད་147པ་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས་ཕྱི་ལོར་1998དཔར་བསྐྲུན་ཞུས་པ།
[8] <<རྒྱལ་བའི་བཀའ་དང་བཀའ་རྟེན་རྨད་འབྱུང་དགོས་འདོད་ཡིད་བཞིན་གཏེར་གྱི་བང་མཛོད་ལ་དཀར་ཆག་བློའི་ཐ་རམ་བཀྲོལ་བྱེད་འཕྲུལ་གྱི་ལྡེ་མིག >> གཡུང་དྲུང་ཚུལ་ཁྲིམས་དབང་གྲགས་སམ་ཡོངས་གྲགས་སུ་བདུད་འདུལ་སྤྲུལ་སྐུས་(1832-1890)མཛད། གཡུང་དྲུང་བོན་གྱི་བཀའ་རྟེན་པོད་234པ་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས་1998དཔར་བསྐྲུན་ཞུས་པ།
[9]<<དཔལ་གཤེན་བསྟན་སྨན་རིའི་ལུགས་ཀྱི་གསོ་སྦྱོང་>>འདུལ་བའིརྒྱུད་ཕྱག་ལྟར། རྗེ་མཉམ་མེད་པ་ཤེས་རབ་རྒྱལ་མཚན། རྒྱལ་ཚབ་རིན་ཆེན་རྒྱལ་མཚན། ནམ་མཁའ་ཡེ་ཤེས། ཀུན་བཟང་རྒྱལ་མཚན། རིན་ཆེན་རྒྱལ་མཚན། ཚུལ་ཁྲིམས་རྒྱལ་མཚན། བསོད་ནམས་ཡེ་ཤེས། བསོད་ནམས་གཡུང་དྲུང་། ཤེ་ཙུ་དྲུང་མུ། ཤེས་རབ་འོད་ཟེར། གཡུང་དྲུང་རྒྱལ་མཚན། ཤེས་རབ་བློ་གྲོས། ཤེས་རབ་འོད་ཟེར། གཙུག་ཕུད་འོད་ཟེར། གཡུང་དྲུང་ཚུལ་ཁྲིམས། རིན་ཆེན་འོད་ཟེར། རིན་ཆེན་ལྷུན་གྲུབ། ཤེས་རབ་བསྟན་འཛིན། ཤེས་རབ་དབང་རྒྱལ། གཡུང་དྲུང་དབང་རྒྱལ། ཕུན་ཚོགས་རྣམ་རྒྱལ། བསོད་ནམས་བློ་གྲོས། ཉི་མ་བསྟན་འཛིན་དང་ཉེར་གསུམ་མོ།།
[10] <<བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད་ཅེས་བྱ་བ་བཞུགས།>> ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པ། སྐབས་སོ་གསུམ་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་ཕྱི་ལོ་2013པར་བསྐྲུན་ཞུས་པ། ཤོག་ངོས་12ལ་གསལ།
[11] གོང་ཞུས་ཤོག་ངོས་12ལ་གསལ།
[12] ” གཙང་མ་ཀླུ་འབུམ་དཀར་པོ་བོན་རིན་པོ་ཆེ་འཕྲུལ་ངག་བདེན་པ་ཐེག་པ་ཆེན་པོའི་མདོ་ལས། ཞེས་དང་ གཙང་མ་ཀླུ་འབུམ་ནག་པོ་ཞེས་བྱ་བ་གཡུང་དྲུང་ཐེག་པ་ཆེན་པོའི་མདོ་ལས། གཙང་མ་ཀླུ་འབུམ་ཞེས་བྱ་བ་གཡུང་དྲུང་ཐེག་པ་ཆེན་པོའི་མདོ་ལས།”ཞེས་གསལ་ཡོད།
[13] <<ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར་ཞེས་བྱ་བ།>>ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་(1858-1933)གྱིས་མཛད། མི་རིགས་དཔེ་སྐྲུན་ཁང་ནས་1985པར་དུ་བསྐྲུན་པའི་ཤོག་ངོས་(128)ལས། གནམ་གྱི་ཁྲི་བདུན། དང་པོ་གཉའ་ཁྲི་བཙད་པོ། མུ་ཁྲི་བཙད་པོ། དིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། དར་ཁྲི་བཙན་པོ། དྭགས་ཁྲི་བཙན་པོ། སེང་ཁྲི་བཙན་པོ་དང་བདུན། བར་གྱི་ལྡིང་གཉིས་ལས་ཐོག་མ་གྲི་གུམ་བཙན་པོའོ། བོད་རྒྱལ་རྣམས་ཀྱི་མཚན་ལ་གཞུང་སོ་སོར་མི་མཐུན་པ་རེ་ཡོད་དོ།།
[14] <<མཁས་དབང་བོན་བརྒྱ་རིན་པོ་ཆའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས>>བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་(1997)ལོར་བརྩམས།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ2009ལོའི་དཔར་ཐེངས་དང་པོ། ཤོག་ངོས་(48)ལས། ཉ་མོ་དཀོན་མཆོག་གྲགས་པ། ཉ་མོ་མགོན་པོ། སད་ཀུན་རཏྣ་གསུམ།ཞེས་གསལ་ལོ།།
[15] << ཀླུ་འབུམ་ནག་པོ་བཞུགས་སོ།>>རྟག་བརྟན་ཕུན་ཚོགས་གླིང་1575-1635)ཅན། ཤོག་གྲངས 17 ལ་གསལ་ལོ།” དེ་ནས་སྲིད་པ་དང་པོ་ལ། ཅང་མི་སྲིད་དོ། ཅང་མི་གྲགས་སོ། དེ་ནས་སྟོང་པ་ཕྱལ་བ་གཅིག་སྲིད་དོ། དེ་ནས་འབྱུང་བ་ལྔ་བྱ་བ་ཡང་མི་སྲིད་དོ། དེ་ལ་རི་རབ་དང་། རྩི་ཤིང་དང་། ནགས་ཚལ་ཡང་མི་སྲིད་དོ། ཉི་མ་ཡང་མི་སྲིད་དོ། ཟླ་བ་དང་། གཟའ་སྐར་མ་ཡང་མི་སྲིད་དོ། སྒྲ་ཡང་ཞེས་བྱ་སྟེ། འབྲུག་སྒྲ་ཡང་མི་སྲིད་དོ། གསལ་ཞེས་བྱ་བ་སྟེ། གློག་ཀྱང་མི་སྲིད་དོ། མི་དང་རྒྱལ་ཞེས་བྱ་བ་ཡང་མི་སྲིད་དོ། ལྷ་དང་ཀླུ་དང་འདྲེ་སྲིན་ཞེས་བྱ་བ་ཡང་ཡེ་མི་སྲིད་དོ། འདབ་ཆགས་ཅེས་བྱ་བ་ཁུངས་མ་ ༼ཁྱུང་མན་༽ཆོད་ནས། བྱེའུ་ཆུང་ཡན་ཆོད་མི་སྲིད་དོ། སེང་གེ་ལ་སོགས་པ་སྡེར་ཆགས་ཀྱང་མི་སྲིད་དོ། དུད་འགྲོ་ཅེས་བྱ་བ་སྟེ། རྟ་དང་གླང་པོ་ལ་སོགས་པ་ཡང་མི་སྲིད་དོ། ནམ་ཟླ་དུས་བཞི་དང་། ཕྱོགས་རྣམས་ཀྱང་མི་སྲིད་དོ། སྔོན་བས་སྲིད་པའི་བུ་བཞིས་བྱས་ཏེ། བོན་དང་གཙུག་ལག་དང་། སྨན་པ་ཡང་མི་སྲིད་དོ། སྡིག་པ་དང་དགེ་བ་ཞེས་བྱ་སྟེ། མཐོ་རིས་དང་ངན་སོང་ཡང་མི་སྲིད་དོ། ཕོ་དང་མོ་ཞེས་བྱ་ཡང་མི་སྲིད་དོ། སྟོང་པ་ཕྱལ་མཆིས་པ་ལས། ཉིན་མོ་དང་མཚན་མོ་ཡང་མི་སྲིད་དོ། རྣོ་མཚོན་དང་གོ་ཡང་མི་སྲིད་དོ། སྟོང་པ་ཕྱལ་བར་མཆིས་པ་ལས་དུས་དེ་ཙམ་ན་སྲིད་པའི་ངང་སྟོང་ཞིང་བདག་མེད་པ་ཅིག་ལས། ལས་དབང་གི་བདག་པོ་བྱ་བར་རང་བྱུང་བ་སྲིད། ད་ཅི་ལྟ་བུ་ལས་སྲིད་ནས་སྐུ་ཉུངས་འབྲུ་ཙམ་ཅིག་འོད་རང་འབྱུང་ཉུངས་འབྲུ་ཙམ་གྱི་དྲོད་ལས་གསལ་ཏེ། དེ་ལ་མིང་དང་མཚན་གསོལ་བ་མེད་ནས། རང་མིང་གི་བཏགས་པ་སྲིད་པའི་ཕྱ་མཁན་ནོ། དེ་ཙུག་རིག་པ་ལས་ནི། ཡིག་འབྲུ་སུམ་ཙུ་རྩ་བདུན་བྱུང་ངོ་། ཡི་གེ་ཨ་ཡི་བསྐྱེད་པ་ལས། ནམ་མཁའ་སྟོང་པ་སྟོང་ཞིང་བདག་མེད་པ་སྲིད་དེ་མ་གཡོས་པ་དང་། མ་ཁེམས་༼ཁྱབ༽པ་འགའ་ཡང་མེད་དེ། ཡི་གེ་ཧ་ཅིག་སྲིད་པ་ལས། ཧ་ལས་རླུང་གི་འཁོར་ལོ་སྲིད་དོ། དེ་སྟོང་གསུམ་དུ་གཡོས་པ་དང་ལྡན་པ་ཅིག་སྲིད་དོ། དེ་ནས་འཁོར་བ་འགའ་ཡང་མེད་པ་ཅིག་སྲིད་དོ། དེ་ནས་ཡི་གེ་མ་ལས་ནམ་མཁའ་མཐའ་ཡས་སྲིད་དོ། ནམ་མཁའ་ལས་མ་བྱུང་བ་འགའ་ཡང་མེད་དོ། དེ་ནས་ཡེ་གེ་པ་ཅིག་སྲིད་དོ། ས་གཞི་ཐེག་པ་ཆེན་པོ་སྟེ། དེས་མ་ཐེག་པ་འགའ་ཡང་མེད་དོ།དེ་ནས་ཡི་གེ་ཙ་ཅིག་བྱུང་ངོ་། ཙ་ལས་འབྱུང་བ་ཆེན་པོ་སྲིད་པས། དེ་མ་གཡོས་པ་གང་ཡང་མེད་དོ། དེ་ནས་ཡི་གེ་ཆ་ཅིག་སྲིད་དོ། ཆ་ནི་ཆུ་བོ་ཆེན་པོ་སྟེ། ཆུ་ལ་མི་འཐུང་བ་དང་། མ་བསྐྱེད་པ་གང་ཡང་མེད། དེ་ལྟར་འབྱུང་བ་ལྔ་སྲིད་པ་ལས།”
[16] << ཀླུ་འབུམ་ནག་པོ་བཞུགས་སོ།>>རྟག་བརྟན་ཕུན་ཚོགས་གླིང་ཅན། ཤོག་གྲངས72ལ་གསལ་ལོ། “དེ་ལ་སྐོས་ཡེ་མཁྱེན་གྱི་སྲས། རྒྱལ་པོའི་སྲས་དེས། བདུད་བསྐོས་པ་ལ་ནི་སྔོ་ལ་ལྷགས་པ་བསྐོས། རྩ་ལ་ཟོར་བ་སྐོས། ཤིང་ལ་སྟ་རི་བསྐོས་སོ། ཆུ་ལ་ས་བསྐོས། ལྕགས་ལ་མེ་བསྐོས། མེ་ལ་ཆུ་བསྐོས། ས་ལ་ཤིང་བསྐོས། འབྱུང་བ་ལྔ་ལ་ཡང་བདུད་ཡོད་དོ། ཉ་ལ་སྲམ་བསྐོས། བྱ་ལ་ཁྲ་བསྐོས། བྱོལ་སོང་དང་རི་དགས་ནི་ས་མདའ་རི་ཀྱ་བ་དང་། བྲང་བུ་བསྐོས། རི་དགས་ཕྱི་མ་ལ་འཕར་བ་དང་། སྤྱང་ཀུ་དང་། ཁྱི་བསྐོས། ལུག་དང་རྟ་དང་། ཕྱུགས་ལ་མི་ཡང་བསྐོས། མི་དང་ཕྱུགས་ཡན་ཆད་ལ་ནད་སྟོང་རྩ་གཅིག་བསྐོས། ཆབ་ལ་གྲུ་བསྐོས། བསྐོས་ཡེ་མཁྱེན་སྲས་པོས་ཆབ་ནི་གྲུ་དང་གཟིངས་བཅས་ཏེ་ཆབ་ཀྱི་རྒྱ་མཚོ་ཆེན་པོ་ལ་གཅོད་དུ་བྱོན།
[17] << ཀླུ་འབུམ་ནག་པོ་བཞུགས་སོ།>>རྟག་བརྟན་ཕུན་ཚོགས་གླིང་ཅན། ཤོག་གྲངས 220 ལ་གསལ་ལོ། “ཅི་ལ་དོ་སྡོ་ཡང་ཀླུ་ལ་དོ་མ་སྡོ། ཅི་ལ་འགྲན་འཚོལ་ཡང་བདུད་ལ་འགྲན་མི་འཚོལ། སུ་ལ་བང་སྙོམ་ཡང་གློག་ལ་བང་མ་སྙོམ། སུ་ལ་རྩལ་སྡོ་ཡང་ཐོག་ལ་རྩལ་མི་སྡོ།”ལ་སོགས་མང་ངོ་། །
[18]<< ཀླུ་འབུམ་དཀར་པོ་བཞུགས་སོ།>>རྟག་བརྟན་ཕུན་ཚོགས་གླིང་ཅན། ཤོག་གྲངས 69 ལ་གསལ་ལོ། ” ལྷ་ལྔའི་སྤྱི་བོའི་གཙུག་ཏུ་ཁྱུང་རིགས་ལྔས་བརྒྱན་པ། གཤེན་ལྷ་འོད་དཀར་གྱི་སྤྱི་གཙུག་ན་བྱ་ཁྱུང་ག་རུ་ན་ཁྱུང་གཤོག་སྔོན་པོ་གདེངས་པ། མཚོན་སྣ་ཚོགས་ཀྱིས་བལྟམས་པ། ཁྱུང་རུ་སྔོན་པོ་ནམ་མཁའ་ལ་གདེངས་པ། རྡོ་རྗེའི་མཆུ་སྡེར་ལྕགས་ཀྱུ་ཅན། ཕྱག་སོར་སྡེར་དབར་ན་གཡུ་སྦྲུལ་སྔོན་པོ་བསྣམས་པ། སྦྲུལ་མགོ་ཞལ་དུ་མུར་བ། ཆུ་སྲིན་དང་། ཀླུ་ཕྲུག་དང་སྡོམ་དང་སྡིག་པ་དང་། སྦལ་པ་དང་ཁ་བརྒྱད་དང་། ཉ་དང་ལྗོང་མོས་བརྒྱན་པ། ཞབས་འགྱིང་སྟབས་སུ་བགྲད་པ། གདན་འཁོར་ལོ་རྩིབས་བརྒྱད་ཀྱི་གདན་ལ་བཞུགས་པ། ཞལ་ནས་ཁྱུང་སྐད་སྟོང་ཟློས་པར་བསྒོམ་མོ།”ཞེས་གསུངས་ཡོད།
[19] <<ཀླུ་འབུམ་དཀར་པོ་བཞུགས་སོ།>> ཕུང་པོ་ལྔ། དབང་པོ་དྲུག ཡུལ་དྲུག རྣམ་ཤེས་དྲུག རྐྱེན་ཚོར་དྲུག འབྱུང་བའི་ཁམས་དྲུག ནང་རྟེན་པ་དྲུག ཕྱི་འབྲེལ་བ་དྲུག རྒྱུ་དུག་ལྔ། འཁོར་བའི་རྒྱུ་འབྲས་བདུན་བཅས་འཁོར་བའི་འགྲེས་རྐང་ལྔ་བཅུ་ང་དགུ་དང་། བདག་དོན་རྩེར་ཆིབས་པ་ལྔ། གཞན་དོན་ལྷུན་གྲུབ་ལྔ། སྤྱིའི་མཚན་ཉིད་དབྱེ་མི་ཕྱེད་པ་དགུ། རང་གི་མཚན་ཉིད་བསྡུ་ཡིས་མི་འདུས་པ་དགུ། བྱང་ཆུབ་ཀྱི་ལམ་བཅུ་གཉིས། གཡུང་དྲུང་གི་ས་བཅུ། འབྲས་བུའི་རྟགས་བཅུ་གཅིག ཐར་པ་ཆེན་པོ་ཐོབ་པའི་བོན་རིམ་པ་བཅུ་གསུམ། ཀུན་འཇོམས་ཀྱི་ཡེ་ཤེས་ལྔ། ཡོངས་ཁྱབ་ཀྱི་ཚད་མེད་བཞི་བཅས་མྱང་འདས་ཀྱི་འགྲེས་རྐང་བརྒྱད་ཅུ་གྱ་གསུམ་མོ། འགྲེས་རྐང་འདི་རྣམས་ཀྱང་སོ་སོར་ཕྱེས་ནས་བསྟན་ཡོད།
[20] <<གཡུང་དྲུང་བོན་གྱི་བཀའ་འགྱུར།>> མདོ་སྡེ། པོད་ང་དགུ་པ།<<གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཔལ་མགོན་རྒྱལ་པོའི་གཟུངས།>> ལས། དང་པོ་གནས་ལྔ་ནི། སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲིའི་རྒྱུད་ཆེན་པོ་ལྔ་ལས་སྤྲུལ་པའོ། ལྔ་གང་ཞེ་ན །ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་དང་། ཡེ་རྗེ་སྨན་པའི་རྒྱལ་པོ་དང་། ཡེ་དབང་ས་ལྷའི་རྒྱལ་པོ་དང་། ཡེ་དབལ་མཐུ་སྟོབས་རྒྱལ་པོ་དང་། རིགས་བཞིའི་སངས་པོ་འབུམ་ཁྲི་ཉིད་དང་ལྔའོ། དེ་ལ་རིག་པ་ལྔ་ནི། བཟོ་དང་། སྒྲ་དང་། གསོ་བ་དང་། ཕྱི་དང་། ནང་ལའོ། མཆེད་པའི་ཁུངས་ནི། སྒྲ་རིག་པ་ནི་སྤྱི་རྗེ་རྒྱལ་པོ་བྱ་ཁྱུང་ལས་བྱུང་ངོ་། གསོ་བ་རིག་པ་ནི། ཡེ་ཡོད་ནམ་མཁའི་བ་མོ་ལས་བྱུང་སྟེ། ཐང་བཟང་གི་ནོར་བུ་རིན་པོ་ཆེ་ལས་འདུས་སོ། ཕྱི་རིག་པ་ནི་ས་བདག་གསེར་གྱི་རུས་སྦལ་ལས་བྱུང་ངོ་། ནང་རིག་པ་ནི་ཆུ་སྲིན་ཡིད་བཞིན་རྒྱལ་བ་ལས་བྱུང་ངོ་། ཞེས་གསལ་ལོ།
[21]« ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་དང་པོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ་ཞེས་བྱ་བ་བཞུགས་སོ།།» ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད།།ཝཱཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་གིས་ 2007 ལོར་པར་ཐེངས་གཉིས་པ།ཤོག་ངོས་ 25 ལ་གཉིས་པ་བསྟན་པའི་བོན་ལྔ་ནི། བཟོ་རིག་པའི་བཀའ་དང་། སྒྲ་རིག་པ། གསོ་བ། ཕྱི་རིག་པ། ནང་རིག་པའི་བཀའ་དང་ལྔའོ །དང་པོ་ནི། བཟོ་རིག་པའི་འབུམ་གསུམ་ལྟ་བུའོ། འབུམ་གསུམ་ནི། བསྐལ་པ་སྣང་སྲིད་འཁོར་ལོའི་འབུམ། སྲིད་པ་མིའུ་རྒྱུད་ཀྱི་འབུམ། འབྱུང་བ་ཆགས་གནས་འཇིག་སྟོང་གི་འབུམ་དང་གསུམ། གཉིས་པ་ནི། སྒྲ་ཚད་ཀྱི་འབུམ་གསུམ་ལྟ་བུའོ། དེ་གསུམ་ནི། ལྷ་སྲིན་གྱི་འཁྲུག་འབུམ་ནག་པོ། སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ། དག་པའི་ལྷ་འབུམ་དཀར་པོ་དང་གསུམ། གསུམ་པ་ནི། སྨན་འབུམ་གསུམ་ལྟ་བུའོ། དེ་གསུམ་ནི། གསོ་བྱའི་ནད་འབུམ་ནག་པོ། གསོ་བྱེད་ཀྱི་དཔྱད་འབུམ་ཁྲ་བོ། རྣམ་རྒྱལ་གྱི་སྨན་འབུམ་དཀར་པོ་དང་གསུམ་མོ། བཞི་བ་ནི། ཕྱི་རིག་པའི་འབུམ་གསུམ་ལྟ་བུའོ། དེ་གསུམ་ནི་སྣང་སྲིད་ཀྱི་གཏོ་འབུམ་ནག་པོ། རིན་ཆེན་གྱི་ཀུན་འབུམ་ཁྲ་བོ། གཙུག་ལག་གི་དཔལ་འབུམ་དཀར་པོ་དང་གསུམ་མོ། ལྔ་པ་ནི། ཀླུ་འབུམ་དཀར་ནག་ཁྲ་གསུམ་ལྟ་བུའོ། ཞེས་གསུངས་སོ།།
[22] གོང་གསལ་ཤོག་ངོས་26ལ་གསལ།
[23] <<བོན་རིན་པོ་ཆེ་འཕྲུལ་ངག་བདེན་པ་གཙང་མ་ཀླུ་འབུམ་དཀར་པོ་གཡུང་དྲུང་ཐེག་པ་ཆེན་པོའི་མདོ།>> ༡ གཉན་སྤར་བ་དུང་མགོ་གཡུའི་ཐོར་ཚུགས་ཅན་གྱིས་ཞུས་པའི་ལེའུ་སྟེ་གཅིག་པའོ།༢ འོག་ཕྱོགས་ས་བདག་བསྟན་མ་གསེར་གྱི་བུམ་པ་ཅན་གྱིས་ཞུས་པའི་ལེའུ་སྟེ་གཉིས་པའོ།༣ ཀླུ་རྒྱལ་རིགས་དཀར་པོ་འོད་ལྡན་དུང་སྐྱོང་གིས་ཞུས་པའི་ལེའུ་སྟེ་གསུམ་པའོ། ༤ཀླུ་རྗེ་རིགས་སེར་པོ་ཟེར་འཕྲོ་སྟོབས་མཆོག་གིས་ཞུས་པའི་ལེའུ་སྟེ་བཞི་པའོ།༥ཀླུ་དམངས་རིགས་སྔོན་པོ་འབར་བ་ཁྱབ་ལྡན་གྱིས་ཞུས་པའི་ལེའུ་སྟེ་ལྔ་པའོ། ༦ཀླུ་བྲམ་ཟེའི་རིགས་དམར་པོ་རལ་ཆེན་ཧ་ལས་ཞུས་པའི་ལེའུ་སྟེ་དྲུག་པའོ།༧ཀླུ་གདོལ་བའི་རིགས་ནག་པོ་འཛིན་པ་ལག་མང་གིས་ཞུས་པའི་ལེའུ་སྟེ་བདུན་པའོ།།༨ ཀླུ་ལས་གྲུབ་པའི་བོན་པོ་སྙིང་པོས་ཞུས་པའི་ལེའུ་སྟེ་བརྒྱད་པའོ།༩ རྒྱུ་འབྲས་དོན་རྣམས་ཀྱི་ལེའུ་སྟེ་དགུ་པའོ། ༡༠ གཙང་མ་ཀླུ་འབུམ་དཀརཔོའི་ནང་ནས་ཀླུ་རྒྱལ་ཡབ་ཡུམ་སྤྲུལ་པ་འཁོར་དང་བཅས་པ་རྣམས་བཞུགས་སུ་གསོལ་བ་བསྟན་པ་དང་། བཀོད་པ་ལྷའི་མ་འདལ་འབུལ་བའི་ལེའུ་སྟེ་བཅུ་པའོ། ༡༡སེམས་བསྐྱེད་སྒོ་དབྱེ་དབང་བསྐུར་གྱི་ལེའུ་སྟེ་བཅུ་གཅིག་པའོ།༡༢ དུས་གསུམ་བདེ་བར་གཤེགས་པ་དང་། ཀླུ་གཉན་ས་བདག་འཁོར་བཅས་ལ་ཕྱག་འཚལ་བ་དང་། སྡིག་པ་བཤགས་པའི་ལེའུ་སྟེ་བཅུ་གཉིས་པའོ། ༡༣ མཆོད་པ་རྣམ་པ་ལྔ་དང་བསྡུས་དོན་སིལ་བུར་ཕུལ་བའི་ལེའུ་སྟེ་བཅུ་གསུམ་པའོ། ༡༤ བོན་རིན་པོ་ཆེ་འཕྲུལ་ངག་བདེན་པ་གཙང་མ་ཀླུ་འབུམ་དཀར་པོ་གཡུང་དྲུང་ཐེག་པ་ཆེན་པོའི་མདོ་ལས། རིགས་ལྔ་ཀླུའི་དཀྱིལ་འཁོར་ལ། སྐུ་བསྟོད་ཅིང་སྨོན་ལམ་བཏབ་པའི་ལེའུ་སྟེ་བཅུ་བཞི་པའོ། བཅས་སོ། །
[24]གཙང་མ་ཀླུ་འབུམ་ནག གླེགས་བམ་དང་པོ་ལ། ༡སྟོན་པ་གཤེན་རབ་མི་བོ་ལ་ཞུས་པ་གཙང་མ་ཀླུ་འབུམ་ནག་པོ་ཞེས་བྱ་བ་ལས། ཀླུ་ཐེག་ཆེན་གྱི་ལེའུ་སྟེ་དང་པོའོ། ༢ཀླུའི་རྒྱལ་མོ་ཁྲི་འཕང་སྐྱོལ་གྱི་ལེའུ་སྟེ་གཉིས་པའོ། ༣ཀླུའི་ཉི་འོད་ཀྱི་ལེའུ་གསུམ་པའོ། ༤ཀླུ་རྒྱལ་ཆེན་འཁོར་གྱི་ལེའུ་སྟེ་བཞི་པའོ། ༥ཀླུ་རྒྱལ་བ་རིང་”ཁུགས་ཀྱི”ཁུག་གི་ལེའུ་སྟེ་ལྔ་པའོ། ༦ཀླུ་རྒྱལ་པོ་ནག་རྒྱལ་གྱི་ལེའུ་དྲུག་པའོ། ༧ཀླུ་གཙུག་ན་རིན་ཆེན་གྱི་ལེའུ་སྟེ་བདུན་པའོ། ༨གཡུང་དྲུང་སེམས་མ་དགུའི་ལེའུ་སྟེ་བརྒྱད་པའོ། ༩ཀླུ་རྒྱལ་མོ་གཟི་བྱིན་མའི་ལེའུ་སྟེ་དགུ་པའོ། ༡༠ཀླུའི་རྒྱལ་མོ་ཀུན་ཏུ་གཟིགས་ཀྱི་ལེའུ་བཅུ་པའོ། ༡༡ཀླུའི་རྒྱལ་མོ་དགའ་རབ་བ་ཀུན་ཏུ་ཁྱབ་ཅེས་བྱའི་ལེའུ་སྟེ་བཅུ་གཅིག་པའོ། ༡༢ཀླུ་སྲིན་པོའི་རྒྱལ་མོ་དུང་སྐྱོང་མ་བདེ་ལྡན་གྱི་ལེའུ་སྟེ་བཅུ་གཉིས་པའོ། ༡༣ཀླུའི་རྒྱལ་མོ་དུང་སྐྱོང་མའི་ལེའུ་སྟེ་བཅུ་གསུམ་པའོ། ༡༤ཀླུའི་རྒྱལ་མོ་མལ་དྲོས་ཀྱི་ལེའུ་སྟེ་བཅུ་བཞི་པའོ། ༡༥ཀླུ་མལ་དྲོའི་ལེའུ་སྟེ་བཅོ་ལྔ་པའོ། ༡༦ཀླུའི་རྒྱལ་མོ་ཤེལ་དཀར་མའི་ལེའུ་སྟེ་བཅུ་དྲུག་པའོ། ༡༧ཀླུའི་རྒྱལ་མོ་གཅོད་འབར་མའི་ལེའུ་སྟེ་བཅུ་བདུན་པའོ། ༡༨ཀླུའི་རྒྱལ་མོ་དགའ་བྲོད་མའི་ལེའུ་སྟེ་བཅོ་བརྒྱད་པའོ།༡༩ཀླུའི་རྒྱལ་མོ་རྩི་ལྡན་མའི་ལེའུ་སྟེ་བཅུ་དགུ་པའོ། ༢༠ཀླུའི་རྒྱལ་མོ་རིང་ནམ་མའི་ལེའུ་སྟེ་ཉི་ཤུ་པའོ། ༢༡ཀླུའི་རྒྱལ་མོ་དབང་ཕྱུག་སྐྱབས་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།༢༢ཀླུའི་རྒྱལ་མོ་དཀར་ཟམ་མའི་ལེའུ་སྟེ་ཉེར་གཉིས་པའོ། ༢༣ཀླུའི་རྒྱལ་མོ་རིང་ཏིང་ཤགས་ཀྱི་ལེའུ་སྟེ་ཉེར་གསུམ་པའོ།།
[25]གཙང་མ་ཀླུ་འབུམ་ནག གླེགས་བམ་གཉིས་པར།༢༤ ཀླུ་མོ་སྐྱོང་ཆེན་མའི་ལེའུ་སྟེ་ཉེར་བཞི་པའོ། ༢༥ ཀླུའི་རྒྱལ་མོ་རྩི་མཆོག་མའི་ལེའུ་སྟེ་ཉེར་ལྔ་པའོ། ༢༦ ཀླུའི་རྒྱལ་མོ་ཀུན་དགེ་ཞེས་བྱ་བའི་ལེའུ་སྟེ་ཉེར་དྲུག་པའོ། ༢༧ ཡབ་དགེ་བ་སོག་ཏུ་གསལ་བའི་ལེའུ་སྟེ་ཉེར་བདུན་པའོ། ༢༨ ཀླུའི་རྒྱལ་མོ་སྐྱ་ལི་ཐིང་ཤགས་ཀྱི་ལེའུ་སྟེ་ཉེར་བརྒྱད་པའ།། ༢༩ རྒྱལ་པོ་འཕགས་སྐྱེས་པོས་ཞུས་པའི་ལེའུ་སྟེ་ཉེར་དགུ་པའོ།༣༠ ཀླུའི་རྒྱལ་མོ་གཙུག་འཁྱིལ་མའི་ལེའུ་སྟེ་སུམ་ཅུ་པའོ། ༣༡ ཀླུའི་རྒྱལ་མོ་བ་ཏ་མའི་ལེའུ་སྟེ་སོ་གཅིག་པའོ། ༣༢ རྒྱལ་པོ་རྣམ་ཐོས་སྲས་ཀྱི་ལེའུ་སྟེ་སོ་གཉིས་པའོ། ༣༣ ཀླུའི་རྒྱལ་མོ་ཐེག་ཆེན་གྱི་ལེའུ་སྟེ་སོ་གསུམ་པའོ།༣༤ ཀླུའི་རྒྱལ་མོ་རིགས་བྱེད་མའི་ལེའུ་སྟེ་སོ་བཞི་པའོ།༣༥ ཀླུའི་རྒྱལ་མོ་གཡུང་དྲུང་སེམས་དཔའ་མའི་ལེའུ་སྟེ་སོ་ལྔ་པའོ།༣༦ ཀླུའི་རྒྱལ་མོ་གཟི་འབར་མའི་ལེའུ་སྟེ་སོ་དྲུག་པའོ། ༣༧ ཀླུའི་རྒྱལ་མོ་ཡོངས་དྲོ་མའི་ལེའུ་སྟེ་སོ་བདུན་པའོ།༣༨ དྲོད་འབེབས་རྒྱལ་མོའི་ལེའུ་སྟེ་སོ་བརྒྱད་པའོ།༣༩ ཀླུའི་རྒྱལ་མོ་དགའ་རབ་ཀྱི་ལེའུ་སྟེ་སོ་དགུ་པའོ།༤༠ ཀླུའི་རྒྱལ་མོ་སྨིན་མཛད་མའི་ལེའུ་སྟེ་བཞི་བཅུ་པའོ།༤༡ ཀླུའི་རྒྱལ་མོ་མ་ཤགས་ཀྱི་ལེའུ་སྟེ་ཞེ་གཅིག་པའོ།༤༢ ཀླུའི་རྒྱལ་མོ་དེ་རྒྱལ་པའི་ལེའུ་སྟེ་ཞེ་གཉིས་པའོ།༤༣ ཀླུའི་རྒྱལ་མོ་དུན་ཚུགས་དཀར་ཤམ་མའི་ལེའུ་སྟེ་ཞེ་གསུམ་པའོ། ༤༤ མན་ངག་སྔགས་ཀྱི་ལེའུ་སྟེ་ཞེ་བཞི་པའོ། ༤༥ ཀླུའི་རྒྱལ་མོ་དཀར་མོའི་ལེའུ་སྟེ་ཞེ་ལྔ་པའོ། ༤༦ ཀླུའི་རྒྱལ་མོ་ཀུན་ཏུ་ཁྱབ་ཞེས་བྱ་བའི་ལེའུ་སྟེ་ཞེ་དྲུག་པའོ། བཅས་སོ།།
[26] ཀླུ་འབུམ་ཁྲ་བོ་པོད་དང་པོ།༥༣ ཀླུ་གཙུག་ན་རིན་ཆེན་གྱི་ལེའུ་སྟེ་ང་གསུམ་པའོ།༥༤ ཀླུའི་གཡུང་དྲུང་སེམས་མའི་ལེའུ་སྟེ་ང་བཞི་པའོ། ༥༥ ཀླུའི་རྒྱལ་མོ་གཟི་བྱིན་མའི་ལེའུ་སྟེ་ང་ལྔ་པའོ། ༥༦ ཀླུའི་རྒྱལ་མོ་ཀུན་ཏུ་གཟིགས་ཀྱི་ལེའུ་སྟེ་ང་དྲུག་པའོ། ༥༧ ཀླུའི་རྒྱལ་མོ་དུང་སྐྱོང་བདེ་ལྡན་མའི་ལེའུ་སྟེ་ང་བདུན་པའོ། ༥༨ ཀླུའི་རྒྱལ་མོ་དུང་སྐྱོང་མའི་ལེའུ་སྟེ་ང་བརྒྱད་པའོ། ༥༩ ཀླུའི་རྒྱལ་མོ་དབང་ཆེན་འབྱམས་མའི་ལེའུ་སྟེ་ང་དགུ་པའོ། ༦༠ ཀླུ་མལ་དྲོས་ཀྱི་ལེའུ་སྟེ་དྲུག་ཅུ་པའོ། ༦༡ ཀླུའི་རྒྱལ་མོ་ཤེལ་དཀར་མའི་ལེའུ་སྟེ་རེ་གཅིག་པའོ། ༦༢ ཀླུའི་རྒྱལ་མོ་གཅོད་འབར་མའི་ལེའུ་སྟེ་རེ་གཉིས་པའོ། ༦༣ ཀླུའི་རྒྱལ་མོ་དགའ་བྲོད་མའི་ལེའུ་སྟེ་རེ་གསུམ་པའོ། ༦༤ ཀླུའི་རྒྱལ་མོ་རྩི་ལྡན་མའི་ལེའུ་སྟེ་རེ་བཞི་པའོ། ༦༥ ཀླུའི་རྒྱལ་མོ་རིང་ནམ་མའི་ལེའུ་སྟེ་རེ་ལྔ་པའོ། ༦༦ ཀླུའི་རྒྱལ་མོ་དབང་ཕྱུག་སྐྱབས་ཀྱི་ལེའུ་སྟེ་རེ་དྲུག་པའོ། ༦༧ ཀླུའི་རྒྱལ་མོ་དཀར་ཟའི་ལེའུ་སྟེ་རེ་བདུན་པའོ། ༦༨ ཀླུའི་རྒྱལ་མོ་དཀར་མོ་རི་ཏིང་ཤག་གི་ལེའུ་སྟེ་རེ་བརྒྱད་པའོ། ༦༩ ༼གཙང་མ་ཀླུ་འབུམ་ཞེས་བྱ་བ་གཡུང་དྲུང་ཐེག་པ་ཆེན་པོའི་མདོ་ལས་རེ་དགུ་པའོ།ཆད་ཡོད།སྡེ་དགེ་ཅན་དུ་ཤོག་ངོས་གཅིག་ཡོད།༽༧༠ ཀླུ་མོ་སྐྱོང་ཆེན་མའི་ལེའུ་སྟེ་བདུན་ཅུ་པའོ།༧༡ ཀླུའི་རྒྱལ་མོའི་རྩི་མཆོག་མའི་ལེའུ་སྟེ་དོན་གཅིག་པའོ།༧༢ སྲིད་པ་གསལ་རབ་གྱིས་སྟོན་པ་གཤེན་རབ་ལ་ཞུས་པའི་ལེའུ་སྟེ་དོན་གཉིས་པའོ།༧༣ ཀླུའི་རྒྱལ་མོ་མ་ཤགས་ཀྱིས་ལེའུ་སྟེ་དོན་གསུམ་པའོ།༧༤ ཀླུའི་རྒྱལ་མོ་དེ་རྒྱལ་བའི་ལེའུ་སྟེ་དོན་བཞི་པའོ།༧༥ ཀླུའི་རྒྱལ་མོ་དུན་ཙུགས་དཀར་ཤམ་མའི་ལེའུ་སྟེ་དོན་ལྔ་པའོ།༧༦ ༼ཀླུའི་རྒྱལ་མོ་དཀར་མོའི་ལེའུ་སྟེ་དོན་དྲུག་པའོ།།ཆད་ཡོད།༽༧༧ མན་ངག་སྔགས་ཀྱི་ལེའུ་དོན་བདུན་པའོ།༧༨ ཀླུ་མོ་རིགས་ཀྱི་སྙིང་པོའི་མདོ། མན་ངག་སྔགས་ཀྱི་ལེའུ་སྟེ་དོན་བརྒྱད་པའོ།༧༩ ཀླུའི་རྒྱལ་མོ་ཀུན་ཏུ་ཁྱབ་ཞེས་བྱ་བའི་ལེའུ་སྟེ་དོན་དགུ་པའོ།། ཞེས་དང་།
[27] ཀླུ་འབུམ་ཁྲ་བོ་པོད་གཉིས་པ། ༨༠ སྟོན་པ་གཤེན་རབ་ལ་སྟེང་ཕྱོགས་ཀྱི་གཉན་སྤར་བ་དུང་མགོ་གཡུའི་ཐོར་ཚུགས་ཅན་གྱིས་ཞུས་པའི་ལེའུ་བརྒྱད་ཅུ་པའོ།། ༨༡ ཆད་ཡོད་༨༢ ཤར་ཕྱོགས་ཀྱི་ཀླུ་རྒྱལ་རིགས་དཀར་པོ་འོད་ལྡན་དུང་སྐྱོང་གིས་ཞུས་པའི་ལེའུ་སྟེ་གྱ་གཉིས་པའོ།།༨༣ ཤར་ཕྱོགས་ཀྱི་ཀླུ་རྗེའི་རིགས་སེར་པོ་ཟེར་འཕྲོ་སྟོབས་མཆོག་གིས་ཞུས་པའི་ལེའུ་སྟེ་གྱ་གསུམ་པའོ།།༨༤ ཤར་ཕྱོགས་ཀྱི་ཀླུ་རྗེའུ་རིགས་སེར་པོ་འོད་འཕྲོ་སྟོབས་མཆོག་གིས་ཞུས་པའི་ལེའུ་སྟེ་གྱ་བཞི་པའོ།།༨༥ ཤར་ཕྱོགས་ཀྱི་ཀླུ་རྨངས་རིགས་སྔོན་པོ་འབར་བ་ཁྱབ་ལྡན་གྱིས་ཞུས་པའི་ལེའུ་སྟེ་གྱ་ལྔ་པའོ། བཅས་བཞུགས་སོ། །
[28] སྡེ་དགེ་ཀླུ་འབུམ་ནག་པོའི་ལེའུ་རྣམས། ༡ཀླུའི་རྒྱལ་པོ་ཀུན་དགའ་བོའི་ལེའུ་སྟེ་བཅུ་པའོ། ༢ཀླུ་དབང་ལྡན་གྱི་ལེའུ་སྟེ་བཅུ་གཅིག་པའོ། ༣ཀླུ་རྒྱལ་ཆགས་མེད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ། ༤ཀླུ་གཙུག་ན་རིན་ཆེན་གྱི་ལེའུ་སྟེ་བཅུ་གསུམ་པའོ། ༥ཀླུ་དུང་སྐྱོང་གིས་ལེའུ་སྟེ་བཅུ་བཞི་པའོ། ༦ཀླུ་མཐོང་དགའི་ལེའུ་སྟེ་བཅོ་ལྔ་པའོ། ༧ཀླུ་དགའ་རབ་ཀུན་དུ་སླེབ་ཀྱི་ལེའུ་སྟེ་བཅུ་དྲུག་པའོ། ༨ཀླུ་སྤྲུལ་པའི་མིག་ཅན་གྱི་ལེའུ་སྟེ་བཅུ་བདུན་པའོ། ༩ཀླུ་དུང་སྐྱོང་གི་ལེའུ་སྟེ་བཅོ་བརྒྱད་པའོ། ༡༠ཀླུ་འབར་བ་ཆེན་པོའི་ལེའུ་སྟེ་བཅུ་དགུ་པོ། ༡༡ཀླུ་སྲིན་པོ་མགོ་དམར་གྱི་ལེའུ་སྟེ་ཉི་ཤུ་པའོ། ༡༢ཀླུ་མགོན་སྐྱབས་ཀྱི་ལེའུ་སྟེ་ཉི་ཤུ་པའོ། ༡༣ཀླུ་ཁྱབ་འཇུག་གི་ལེའུ་སྟེ་ཉི་ཤུ་གཉིས་པའོ། ༡༤ཀླུ་དུམ་པ་ཆེན་པོའི་ལེའུ་སྟེ་ཉི་ཤུ་གསུམ་པའོ། ༡༥ཀླུ་རུ་རྒྱལ་བའི་ལེའུ་སྟེ་ཉི་ཤུ་བཞི་པའོ། ༡༦ཀླུ་རུ་རྒྱལ་བའི་ལེའུ་སྟེ་ཉི་ཤུ་ལྔ་པའོ། དབང་པོ་རིག་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ། གཉིས་འདུག ༡༨ཀླུ་དབང་གི་ལེའུ་སྟེ་ཉི་ཤུ་དྲུག་པའོ། ༡༩ཀླུ་དགའ་རབ་ཀྱི་ལེའུ་སྟེ་ཉི་ཤུ་བདུན་པའོ། ༢༠ཀླུ་དགའ་རབ་ཀུན་ཏུ་སློབ་ཀྱི་ལེའུ་སྟེ་ཉེར་བརྒྱད་པའོ། ༢༡ཀླུ་མགོ་ལྔ་པའི་ལེའུ་སྟེ་ཉེར་དགུ་པའོ། ༼མི་ཚང་།༽༢༢ཀླུ་ཐེག་ཆེན་གྱི་ལེའུ་སྟེ་སོ་དྲུག་པའོ། ༢༣ཀླུའི་རྒྱལ་པོ་ཁྲི་འཕང་སྐྱོལ་གྱི་ལེའུ་སྟེ་སུམ་ཅུ་བདུན་པའོ། ༢༤ཀླུ་ཉི་འོད་ཀྱི་ལེའུ་སྟེ་སོ་བརྒྱད་པའོ། ༢༥ཀླུ་རྒྱལ་ཆེན་འཁོར་གྱི་ལེའུ་སྟེ་སོ་དགུ་པའོ།། ༢༦ཀླུ་རྒྱལ་རིང་ཁུག་གི་ལེའུ་སྟེ་བཞི་བཅུ་ཐམ་པའོ། ༢༧ཀླུ་ནག་པོ་རྒྱལ་གྱི་ལེའུ་སྟེ་ཞེ་གཅིག་པའོ། དེ་ནས་ཡང་། ༢༨ཀླུ་རྒྱལ་མོ་ཀུན་ཏུ་དགེ་ཞེས་བྱ་བའི་ལེའུ་སྟེ་སོ་བདུན་པའོ། ༢༩ཡབ་དགེ་བ་སོགས་སུ་གསལ་བའི་ལེའུ་སྟེ་སོ་བརྒྱད་པའོ། ༣༠ཀླུ་རྒྱལ་མོ་སྐྱི་འཐིང་ཤགས་ཀྱི་ལེའུ་སྟེ་སོ་དགུ་པའོ། ༣༡རྒྱལ་པོ་འཕགས་སྐྱེས་པོས་ཞུས་པའི་ལེའུ་སྟེ་བཞི་བཅུ་པའོ། ༣༢རྒྱལ་པོ་རྣམ་ཐོས་སྲས་ཀྱི་ལེའུ་སྟེ་ཞེ་གཅིག་པའོ། ༣༣ཀླུའི་རྒྱལ་མོ་གཙུག་འཁྱིལ་མའི་ལེའུ་སྟེ་ཞེ་གཉིས་པའོ། ༣༤ཀླུའི་རྒྱལ་མོ་དཀར་ཤམ་མའི་ལེའུ་སྟེ་ཞེ་གསུམ་པའོ། ༣༥ཀླུའི་རྒྱལ་མོ་ཐེག་ཆེན་མའི་ལེའུ་སྟེ་ཞེ་བཞི་པའོ། ༣༦ཀླུའི་རྒྱལ་མོ་ཉི་འོད་མའི་ལེའུ་སྟེ་ཞེ་ལྔ་པའོ། ༣༧ཀླུའི་རྒྱལ་མོ་རིགས་བྱེད་མའི་ལེའུ་སྟེ་ཞེ་དྲུག་པའོ། ༣༨ཀླུའི་རྒྱལ་མོ་གཡུང་དྲུང་སེམས་དཔའ་མའི་ལེའུ་སྟེ་ཞེ་བདུན་པའོ། ༣༩ཀླུའི་རྒྱལ་མོ་གཟི་འབར་མའི་ལེའུ་སྟེ་ཞེ་བརྒྱད་པའོ། ༤༠ཀླུའི་རྒྱལ་མོ་ཡོངས་སུ་དྲོ་མའི་ལེའུ་སྟེ་ཞེ་དགུ་པའོ། ༤༡ཀླུ་སྲིད་པ་ཅིག་ལས་ཀླུའི་རྒྱལ་མོ་དད་པ་སྐྱོང་མའི་ལེའུ་སྟེ་ལྔ་བཅུ་པའོ། ༤༢ཀླུ་མོ་དྲོད་འབེབ་རྒྱལ་མོའི་ལེའུ་སྟེ་ང་གཅིག་པའོ། ༤༣ཀླུའི་རྒྱལ་མོ་དགའ་རབ་ཀྱི་ལེའུ་སྟེ་ང་གཉིས་པའོ། །
[29] སྡེ་དགེའི་ཀླུ་འབུམ་མཇུག་ཏུ། “གང་གིས་བདེ་བ་སྦྱིན་དེ་ཆོས་སམ་བོན།།གང་ལ་ཡོངས་སུ་དར་བ་དེ་ནི་ལུགས།།གང་གི་རང་བཞིན་རྒྱུན་གྱིས་རྟག་པ་དེ།།གང་ལ་མངའ་ཡང་རྡོ་རྗེའམ་གཡུང་དྲུང་ཡིན།།དུག་ལྔའི་རང་གཟུགས་ཀླུ་གདོན་རྣམ་ལྔ་ཡི།།གནོད་པ་མཐའ་དག་ཞི་དྲག་ཐབས་མང་གིས།།འཇིལ་བར་བྱེད་པའི་ཀླུ་འབུམ་དཀར་ནག་ཁྲ།།རྣམ་གསུམ་འཛད་པ་མེད་པའི་མིག་འཕྲུལ་འདི།།སྡེ་བཞིའི་འབྲས་བུ་སྨིན་པའི་བོད་ཆེན་ལྗོངས།།དགེ་བཅུའི་ལམ་གྱི་བཀའ་ཁྲིམས་བཙན་པོ་ཡིས།།རིས་མེད་སྐྱོང་བའི་ས་སྟེང་བླ་མ་ཆེ།།ཀུན་དགའ་འཕྲིན་ལས་རྒྱ་མཚོའི་བཀའ་ལུང་བཞིན།།བསྐྲུན་པའི་དགེ་བས་ས་འོག་ས་སྟེང་གི།འཇིག་རྟེན་བདེ་ཞིང་དཔལ་འབྱོར་རྒྱས་པ་དང་།།ནད་དང་གདོན་ལས་རྣམ་གྲོལ་ལུས་ཀྱི་མདངས།།ཉམས་མེད་ལྷ་ལུས་བཞིན་དུ་གསལ་གྱུར་ཅིག།།ཅེས་པའི་པར་བྱང་ཉུང་ཟད་འདི་ཡང་ཐ་སྙད་སྨྲ་བ་ཚུལ་ཁྲིམས་རིན་ཆེན་གྱིས་སྡེ་དགེ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོར་བྲིས་པ་སརྦ་མངྒ་ལཾ།ཞེས་གསལ་ལོ། །
[30] <<བསྟན་རྩིས་ཀུན་ལས་བཏུས་པ་>>མཁས་དབང་ཚེ་ཏན་ཞབས་དྲུང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1982ལོར་པར་དུ་བསྐྲུན་པའི་ཤོག་ངོས་(248)ལ་གསལ།
[31] དགའ་ལྡན་ཕུན་ཚོགས་གླིང་གི་ཀླུ་འབུམ་ཁྲ་བོའི་པར་བྱང་སྨོན་ཚིག་ལས། “ཅེས་བསྟན་འགྲོའི་ཕན་བདེ་སྤེལ་ཞིང་འགྲོ་རྣམས་ས་བདག་གདོན་བགེགས་ལས་གྲོལ་ཆེད་དུ་མེ་སྟག་ལོ་ཀླུ་འབུམ་དཀར་ནག་ཁྲ་གསུམ་པར་དུ་སྒྲུབ་པའི་ཚེ་ཇུན་དབང་བསོད་ནམས་སྟོབས་རྒྱས་ཀྱིས་པར་བྱང་སྨོན་ཚིག་དུ་སྦྱར་བའོ།།” ཞེས་ཤོག་ངོས་( 763 ) པར་གསལ་ལོ། །
[32]ཀླུ་འབུམ་དཀར་པོའི་མཇུག་ཏུ་ “སྟོན་པ་གཤེན་རབས་ཐུགས་རྗེའིི་མངའ་བདག་རྣམ་པ་ཐམས་ཅད་མཁྱེན་པ་ལ། ཀླུ་ལས་གྲུབ་པའི་བོན་པོ་ཡེ་གཤེན་སྙིང་པོས་ཞུས་པའི་ལེའུ་སྟེ་བཅུ་བཞི་བའོ།།བོན་རིན་པོ་ཆེ་འཕྲུལ་ངག་བདེན་པ་གཙང་མ་ཀླུ་འབུམ་དཀར་པོ་གཡུང་དྲུང་ཐེག་པ་ཆེན་པོའི་མདོ།རིགས་ལྔ་ཀླུའི་དཀྱིལ་འཁོར་ལ། དུག་ལྔ་རྩད་ནས་གཅོད་པའི་བོན་བཀའ་རྟགས་ཐམས་ཅད་མི་འགྱུར་བའི་རིན་པོ་ཆེའི་ཕྱག་རྒྱ་རྣམ་པ་བཞིའི་རྒྱས་བཏབ་པ་རྫོགས་སོ།།བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་བྱོན།།སརྦ་མངྒ་ལཾ།།”ཞེས་བཀོད་ཡོད།
[33]དགའ་ལྡན་ཕུན་ཚོགས་གླིང་གི་ཀླུ་འབུམ་ཁྲ་བོའི་མཇུག་ཏུ་ “ནམ་མཁའི་ཁམས་སྟོང་རྒྱ་མ་ཆད་པའོ། ནམ་མཁའི་ཁམས་སྣང་ལ་ཅིར་ཡང་མ་གྲུབ་པའོ། ནམ་མཁའི་ཁམས་སྐྱེ་བ་རྒྱུ་ལ་མི་འཁོར་པའོ། ནམ་མཁའི་ཁམས་དངོས་པོར་ཅིར་ཡང་མ་གྲུབ་པའོ། སརྦ་མངྒ་ལཾ།། འདི་ལྟར་ཀླུ་འབུམ་དཀར་ནག་ཁྲ་གསུམ་གྱི།། འཕྲིན་ལས་བསྟན་འགྲོའི་ཕན་བདེ་རྒྱས་ཆེད་དུ།། འཕྲུལ་ཆེན་པར་དུ་བསྒྲུབས་པ་འདིས་མཚོན་ཏེ།། བདག་གི་བྱ་བྱེད་བསམ་པའི་ཁྱད་པར་ནི།། ཞྭ་སེར་བསྟན་དར་ལུས་ཅན་བདེ་བའི་ཐབས།། ཁོ་ན་སྙིང་དུ་གནག་པས་སྔར་ཡང་ནི།། རྒྱལ་བའི་བཀའ་འགྱུར་བསྟན་འགྱུར་ལ་སོགས་པ།། གསུང་རབ་འཕྲུལ་དུ་བསྐྲུན་དང་གཙུག་ལག་ཁང་།། དགེ་འདུན་འདུ་བའི་ཀུན་དགའ་ར་བ་སོགས།། ཉམས་པ་གསོ་ཞིང་གསར་དུ་བཞེངས་པས་མཚོན།། རང་དོན་ཉི་ཚེའི་བསམ་སྦྱོར་གཏན་སྤངས་ཤིང་།། ལུས་ཅན་བདེ་ལ་སྦྱོར་བའི་ལྷག་བསམ་བསྐྱེད།། ཁྱད་པར་བོད་ཡུལ་ལྗོངས་འདིར་དམ་སྲི་དང་།། འབྱུང་པོའི་འཕྲུལ་ཐབས་ལ་བརྟེན་ཆེ་དགུ་འགས།། ལོག་སྨོན་དུས་དུ་བདོ་བས་བོད་ཀྱི་གཙོ།། དའི་ཆིང་བཱ་ཐུར་ཚར་བཅད་བདག་ལྟ་ཡང་།། མིང་གི་ལྷག་མར་བྱེད་ལ་བརྩོན་ཞུགས་མོད།། མཆོག་གསུམ་ཐུགས་རྗེས་མ་བསླུས་བསམ་པའི་དོན།། ཇི་བཞིན་ལག་རྩེར་སོན་པས་ལོག་སེམས་ཅན།། དེ་རྣམས་ལའང་གནོད་ལན་ཕན་པ་བསྒྲུབས།། ་་་་ཚེ་སྲོག་འཕྲོག་ལ་དྲག་པོའི་དཔུང་།། བཤམ་པའི་མཐུ་མེད་ངན་སེམས་དུག་གི་ཆུས།། སྙིང་མྱོས་རང་རྟགས་དྲི་ཆུ་ཟག་རྫས་ལ།། བརྟེན་པའི་མཐུ་གཏད་སྦྱོར་བ་རྩོམ་བྱེད་པ།། དེ་དག་ལ་ཡང་ཇི་མི་སྙམ་བྱས་ནས།། བོད་འབངས་བདེ་ཐབས་ཁོ་ན་ལྷུར་བླངས་པའི།། དགེ་འདིས་འགྲོ་ཀུན་གདོན་བགེགས་ཀུན་ལས་གྲོལ།། རིང་མིན་བླ་མེད་རྫོགས་བྱང་མྱུར་ཐོབ་ཤོག ། ཅེས་བསྟན་འགྲོའི་ཕན་བདེ་སྤེལ་ཞིང་འགྲོ་རྣམས་ས་བདག་གདོན་བགེགས་ལས་གྲོལ་ཆེད་དུ་མེ་སྟག་ལོ་ཀླུ་འབུམ་དཀར་ནག་ཁྲ་གསུམ་པར་དུ་སྒྲུབ་པའི་ཚེ་ཇུན་དབང་བསོད་ནམས་སྟོབས་རྒྱས་ཀྱིས་པར་བྱང་སྨོན་ཚིག་དུ་སྦྱར་བའོ།།”ཞེས་བཀོད་ཡོད་དོ།།
[34] དཔེ་བསྐྲུན་ཕྱག་ལས་གནང་མཁན་མཁས་གྲུབ་རྒྱ་མཚོས་དངོས་སུ་གསུངས།
[35] ༨ཀླུ་ལས་གྲུབ་པའི་བོན་པོ་ཡེ་ཤེས་སྙིང་པོས་ཞུས་པའི་ལེའུ་སྟེ་བརྒྱད་པའོ།༩ རྒྱུ་འབྲས་དོན་བསྟན་པའི་ལེའུ་སྟེ་དགུ་པའོ།༡༠ བཀོད་པ་ལྷ་ཡི་མནྜལ་དབུལ་བའི་ལེའུ་སྟེ་བཅུ་པའོ།༡༢ སྡིག་པ་བཤགས་པའི་ལེའུ་སྟེ་བཅུ་གཉིས་པའོ།༡༣མཆོད་པ་རྣམ་ལྔ་སྡུས་དོན་སིལ་བུ་རུ་ཕུལ་པའི་ལེའུ་སྟེ་བཅུ་གསུམ་པའོ། ༡༤སྐུ་བསྟོད་ཅིང་སྨོན་ལམ་བཏབས་པའི་ལེའུ་སྟེ་བཅུ་བཞི་པའོ།ཞེས་དང་།
[36] ༡ སྟེང་ཕྱོགས་གཉན་གྱི་གཙོ་བོ་གཉན་སྤར་བ་དུང་མགོ་གཡུ་ཡི་ཐོར་ཙུགས་ཅན་གྱིས་ཞུས་པའི་ལེའུ་སྟེ་དང་པའོ།༢ འོག་ཕྱོགས་བརྟན་མ་གསེར་མདོག་གསེར་གྱི་བུམ་པ་ཅན་གྱིས་ཞུས་པའི་ལེའུ་སྟེ་གཉིས་པའོ།༣ སྟོན་པ་གཤེན་རབ་ལ་ཀླུ་དཀར་པོ་འོད་ལྡན་དུང་སྐྱོང་གིས་ཞུས་པའི་ལེའུ་སྟེ་གསུམ་པའོ།༤ ཀླུ་རྗེའུ་རིགས་སེར་པོ་ཟེར་འཕྲོ་སྟོབས་མཆོག་གིས་ཞུས་པའི་ལེའུ་སྟེ་བཞི་པའོ།༥ ཀླུ་རྨངས་རིགས་སྔོན་པོ་འབར་བ་ཁྱབ་ལྡན་གྱིས་ཞུས་པའི་ལེའུ་སྟེ་ལྔ་པའོ།༦ ཀླུ་བྲམ་ཟེའི་རིགས་དམར་པོ་རལ་ཆེན་ཧ་ལས་ཞུས་པའི་ལེའུ་སྟེ་དྲུག་པའོ།༧ ཡེ་ཤེས་གསལ་གདབ་པའི་བོན་སྟོན་པ་གཤེན་རབ་ལ་ཀླུ་རྡོལ་པའི་རིགས་ནག་པོ་འཛིན་ པ་ལག་མང་གིས་ཞུས་པའི་ལེའུ་སྟེ་བདུན་པའོ།བཅས་བཞུགས་སོ།།
[37] བོནརིན་པོ་ཆེ་འཕྲུལ་ངག་བདེན་པ་གཙང་མ་ཀླུ་འབུམ་ནག་པོ། ༣༠ཀླུ་མགོ་ལྔ་པའི་ལེའུ་སྟེ་སུམ་ཅུ་པའོ།༣༡ ཀླུ་ཐེག་ཆེན་གྱི་ལེའུ་སྟེ་སོ་གཅིག་པའོ། ༣༢ཀླུའི་རྒྱལ་པོ་ཁྲི་འཕང་སྐྱོང་གྱི་ལེའུ་སྟེ་སོ་གཉིས་པའོ། ༣༣ཀླུ་ཉི་འོད་ཀྱི་ལེའུ་སྟེ་སོ་གསུམ་པའོ།༣༤ དབང་གཤེན་ཡང་དག་གིས་སྟོན་པ་གཤེན་རབ་ལ་ཞུས་པ་ཀླུ་རྒྱལ་ཆེན་འཁོར་གྱི་ལེའུ་སྟེ་སོ་བཞི་པའོ།༣༥ ཀླུ་རྒྱལ་རིང་ཁུགས་ཀྱི་ལེའུ་སྟེ་སོ་ལྔ་པའོ།༣༦ ཀླུའི་རྒྱལ་པོ་ནག་རྒྱལ་གྱི་ལེའུ་སྟེ་སོ་དྲུག་པའོ།༣༧ ཀླུའི་རྒྱལ་པོ་ཀུན་ཏུ་དགེ་ཞེས་བྱ་བའི་ལེའུ་སྟེ་སོ་བདུན་པའོ།༣༨ དེ་ནས་བུ་མོ་ཡོངས་སུ་ཁྱབ་མ་དེ་ཡབ་དེ་དགེ་བ་སོག་ཏུ་གསལ་བའི་ལེའུ་སྟེ་སོ་བརྒྱད་པའོ། ༣༩སྲིད་པ་ཡོངས་གྱི་བུ་མོ་ཡོངས་སུ་དག་མ་ཡིས་སྟོན་པ་གཤེན་རབ་ལ་ཞུས་པ་ཀླུའི་རྒྱལ་པོ་སྐྱིན་ཐིང་ཤགས་ཀྱི་ལེའུ་སྟེ་སོ་དགུ་པའོ།༤༠ རྒྱལ་པོ་འཕགས་སྐྱེས་པོས་ཞུས་པའི་ལེའུ་སྟེ་བཞི་བཅུ་པའོ།༤༡ རྒྱལ་པོ་རྣམ་ཐོས་སྲས་ཀྱི་ལེའུ་སྟེ་ཞེ་གཅིག་པའོ།༤༢ ཀླུའི་རྒྱལ་པོ་གཙུག་འཁྱིལ་མའི་ལེའུ་སྟེ་ཞེ་གཉིས་པའོ།༤༣ཀླུའི་རྒྱལ་མོ་པ་ཏ་མའི་ལེའུ་སྟེ་ཞེ་གསུམ་པའོ།༤༤ ཀླུའི་རྒྱལ་མོ་ཐེག་ཆེན་གྱི་ལེའུ་ཞེ་བཞི་པ།༤༥ ཀླུའི་རྒྱལ་མོ་ཉི་འོད་མའི་ལེའུ་སྟེ་ཞེ་ལྔ་པའོ །༤༦མཚམས་རྗེ་ལྷེའུ་ཐུང་གིས་སྟོན་པ་གཤེན་རབ་མི་བོ་ལ་ཞུས་པ་ཀླུའི་རྒྱལ་མོ་རིགས་བྱེད་མིའི་ལེའུ་སྟེ་ཞེ་དྲུག་པའོ།༤༧ ལེགས་སུམ་ཀར་གྱིས་སྟོན་པ་གཤེན་རབ་མི་བོ་ལ་ཞུས་པ་ཀླུ་ཡི་རྒྱལ་མོ་གཡུང་དྲུང་སེམས་མའི་ལེའུ་སྟེ་ཞེ་བདུན་པའོ།༤༨ ཡབ་ཁ་ལ་ཡེལ་དང་ཆེད་པོས་སྟོན་པ་གཤེན་རབ་མི་བོ་ལ་ཞུས་པ་ཀླུའི་རྒྱལ་མོ་གཟི་འབར་མའི་ལེའུ་སྟེ་ཞེ་བརྒྱད་པའོ།༤༩ ཀླུའི་རྒྱལ་མོ་ཡོངས་སུ་དྲོ་བའི་ལེའུ་སྟེ་ཞེ་དགུ་པའོ།༥༠ ཀླུའི་སྲིད་པ་གཅིག་ལས་ཀླུའི་རྒྱལ་མོ་དད་པ་སྐྱོང་མའི་ལེའུ་སྟེ་ལྔ་བཅུ་པའོ།༥༡ དེ་ནི་དྲོད་འབེབས་རྒྱལ་མོའི་ལེའུ་སྟེ་ང་གཅིག་པའོ། ༥༢ ཀླུའི་རྒྱལ་པོ་དགའ་རབ་ཀྱིས་ལེའུ་སྟེ་ང་གཉིས་པའོ། བཅས་བཞུགས་སོ།།
[38] བོནརིན་པོ་ཆེ་འཕྲུལ་ངག་བདེན་པ་གཙང་མ་ཀླུ་འབུམ་ནག་པོ། ༡བྱ་ཁྱུང་དཀར་པོས་ཞུས་པའི་མདོ་རྫོགས་སོ་ལེའུ་གཅིག་པའོ། ༢དྲང་སྲོང་སྐར་མཁན་རྒྱལ་པོས་ཞུས་པའི་ལེའུ་སྟེ་གཉིས་པའོ།༢ ལྷའི་བསོད་ནམས་ཀླུས་བསྐྱེད་པའི་ལེའུ་སྟེ་གསུམ་པའོ།༤ གཙང་མ་ཀླུ་འབུམ་ནག་པོའི་མདོ་ལས་འཐབ་རྩོད་ཞི་བའི་ལེའུ་སྟེ་བཞི་པའོ།༥ མི་ཡུལ་བདེ་བར་བྱམས་པའི་ལེའུ་སྟེ་ལྔ་པའོ།༦ བྱོལ་སོང་དྲན་པ་སངས་པའི་མདོ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།༧ ཡི་དྭགས་རྒྱལ་པོ་ཞུས་པས་བཏང་སྙོམས་སྦྱིན་པའི་ལེའུ་སྟེ་བདུན་པའོ།༨ ཀླུ་ནག་པོའི་ལས་ཀྱི་ན་ཚ་སྡུག་བསྔལ་བྱང་ནས་སངས་རྒྱས་པའི་ལེའུ་དམྱལ་བའི་རྒྱལ་པོ་ཨ་བ་གླང་མགོས་ཞུས་པའི་ལེའུ་སྟེ་བརྒྱད་པའོ།༩ བདུད་ཀྱི་རྒྱལ་པོ་དབང་ལྡན་གྱིས་ཞུས་པའི་ལེའུ་སྟེ་དགུ་པའོ།༡༠ གཤེན་རབ་ལ་སྲིད་པོའི་རྒྱལ་པོ་ཁ་རུ་ཡམས་པས་ཞུས་པའི་ལེའུ་སྟེ་བཅུ་པའོ།༡༡ ཀླུ་ཁྱབ་འཇུག་ནག་པོས་ཞུས་ནས་ཐར་པ་ཐོབ་པའི་ལེའུ་སྟེ་བཅུ་གཅིག་པའོ།༡༢ མི་མོ་བཟང་མོ་བུ་འདོད་ཀྱིས་ཞུས་པའི་ལེའུ་སྟེ་བཅུ་གཉིས་པའོ།༡༣ འཛམ་གླིང་གྲོལ་བ་བསམ་དག་གིས་སྟོན་པ་ལ་ཞུས་པའི་མདོ་དབུལ་པོ་ནོར་འདོད་ཟས་ནོར་རྙེད་པའི་ལེའུ་སྟེ་བཅུ་གསུམ་པའོ།༡༤ བགེགས་ཀྱིས་གདུག་པ་བྱང་ནས་ཐར་པ་ཐོབ་པའི་ལེའུ་སྟེ་བཅུ་བཞི་པའོ།༡༥ ཚད་མེད་སྦྱིན་པ་བཏང་ནས་ཐར་པ་ཐོབ་པར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།བཅས་བཞུགས་སོ།།
[39] གཙང་མ་ཀླུ་འབུམ་ཁྲ་བོ།༥༣ ཀླུ་གཙུག་ན་རིན་ཆེན་གྱི་ལེའུ་སྟེ་ང་གསུམ་པའོ།༥༤ ཀླུའི་གཡུང་དྲུང་སེམས་མའི་ལེའུ་སྟེ་ང་བཞི་པའོ།༥༥ ཀླུའི་རྒྱལ་མོ་གཟི་བྱིན་མའི་ལེའུ་སྟེ་ང་ལྔ་པའོ།༥༦ ཀླུའི་རྒྱལ་མོ་ཀུན་ཏུ་གཟིགས་ཀྱི་ལེའུ་སྟེ་ང་དྲུག་པའོ།༥༧ སྲིད་པའི་རྒྱལ་མོ་ཡོངས་སུ་ཤེས་བྱ་བ་དེས་སྟོན་པ་གཤེན་རབ་ཀྱི་ལ་ཞུ་པ་ཀླུའི་རྒྱལ་མོ་དུང་སྐྱོངས་བདེ་ལྡན་མའི་ལེའུ་སྟེ་ང་བདུན་པའོ།༥༨ ཀླུའི་རྒྱལ་མོ་དུང་སྐྱོངས་མའི་ལེའུ་སྟེ་ང་བརྒྱད་པའོ།༥༩ ཀླུའི་རྒྱལ་མོ་དབང་ཆེན་འབྱམས་མའི་ལེའུ་སྟེ་ང་དགུ་པའོ།༦༠ ཀླུ་མ་དྲོས་ཀྱི་ལེའུ་སྟེ་དྲུག་ཅུ་པའོ།༦༡ ཀླུའི་རྒྱལ་མོ་ཤེལ་དཀར་མའི་ལེའུ་སྟེ་རེ་གཅིག་པའོ།༦༢ ཀླུ་རྒྱལ་མོ་གཅོད་འབར་མའི་ལེའུ་སྟེ་རེ་གཉིས་པའོ།༦༣ ཀླུའི་རྒྱལ་མོ་དགའ་བྲོད་མའི་ལེའུ་སྟེ་རེ་གསུམ་པའོ།༦༤ ཀླུའི་རྒྱལ་མོ་རྩི་ལྡན་པའི་ལེའུ་སྟེ་རེ་བཞི་པའོ།༦༥ ཀླུའི་རྒྱལ་མོ་རིང་ནམ་མའི་ལེའུ་སྟེ་རེ་ལྔ་པའོ།༦༦ ཀླུའི་རྒྱལ་མོ་དབང་ཕྱུགས་སྐྱབས་ཀྱི་ལེའུ་སྟེ་རེ་དྲུག་པའོ།༦༧ ཀླུའི་རྒྱལ་མོ་དཀར་ཟ་མའི་ལེའུ་སྟེ་རེ་བདུན་པའོ།༦༨ ཀླུའི་རྒྱལ་མོ་དཀར་མོ་རི་ཏིང་ཤག་ཀྱི་ལེའུ་སྟེ་རེ་བརྒྱད་པའོ།༦༩ གཙང་མ་ཀླུ་འབུམ་ཞེས་བྱ་བ་གཡུང་དྲུང་ཐེག་པ་ཆེན་པོའི་མདོ་ལས་ལེའུ་སྟེ་རེ་དགུ་པའོ།༧༠ ཀླུ་མོ་སྐྱོངས་ཆེན་མོའི་ལེའུ་སྟེ་བདུན་ཅུ་པའོ།༧༡ ཀླུའི་རྒྱལ་མོ་རྩི་མཆོག་མའི་ལེའུ་སྟེ་དོན་གཅིག་པའོ།༧༢ སྲིད་གསལ་རབ་གྱིས་སྟོན་པ་གཤེན་རབ་ལ་ཞུས་པའི་ལེའུ་སྟེ་དོན་གཉིས་པའོ།༧༣ ཀླུའི་རྒྱལ་མོ་མ་ཤགས་ཀྱི་ལེའུ་སྟེ་དོན་གསུམ་པའོ།༧༤ ཀླུའི་རྒྱལ་མོ་དེ་རྒྱལ་གྱི་ལེའུ་སྟེ་དོན་བཞི་པའོ།༧༥ ཀླུའི་རྒྱལ་མོ་དུན་ཙུག་ཀར་ཤམ་མའི་ལེའུ་སྟེ་དོན་ལྔ་པའོ།༧༦ ཀླུའི་རྒྱལ་མོའི་ལེའུ་སྟེ་དོན་དྲུག་པའོ།༧༧ མན་ངག་སྔགས་ཀྱི་ལེའུ་སྟེ་དོན་བདུན་པའོ།༧༨ མན་ངག་སྔགས་ཀྱི་ལེའུ་སྟེ་དོན་བརྒྱད་པའོ།༧༩ ཀླུའི་རྒྱལ་མོ་ཀུན་ཏུ་ཁྱབ་ཞེས་བྱ་བའི་ལེའུ་སྟེ་དོན་དགུ་པའོ།བཅས་བཞུགས་སོ། །
[40] <<རྒྱལ་དབང་ཀུན་གྲོལ་གྲགས་པའི་བཀའ་གཏེར་ཆེན་མོ། >>རྒྱལ་དབང་ཀུན་གྲོལ་གྲགས་པས་མཛད། སི་ཁྲོན་པར་བསྐྲུན་ཐོ་ཡུ་ཚད་ཡོད་པར་འདེབས་ཁང་གིས་ཕྱི་ལོ་2009པར།པོད་22པ།ཤོག་ངོས་168ལ་གསལ་ལོ། །
[41]གཙང་མ་ཀླུ་འབུམ་ཁྲ་བོ། “ཡིད་ཀྱི་ཁྱེའུ་ཆུང་གིས་སྟོན་པ་གཤེན་རབས་མི་བོ་ལ་ཞུས་པ་ཀླུའི་རྒྱལ་མོ་ཀུན་ཏུ་ཁྱབ་ཅེས་བྱ་བའི་ལེའུ་སྟེ་དོན་དགུ་པའོ།། ཀླུ་ཐམས་ཅད་ཀྱི་མཇུག་མའི་ལེའུ་སྟེ་རྫོགས་སོ།། ཀླུ་འབུམ་ཞབས་མེད་བྱ་བ་ནི། འཇིག་རྟེན་མི་ཡུལ་དུ་དུམ་བུ་བཞི་ལས་མ་འགྱུར་རོ། ཞབས་ནི་རྒྱ་མཚོའི་ཀླུའི་ཡུལ་ན་སྟོང་ཕྲག་སུམ་བརྒྱ་དྲུག་ཅུ་བཞུགས་སོ།།”གསལ་ཡོད་དོ། །
– – – – –