བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ངོ་སྤྲོད།

0
2535

༡༽ ཇོ་བོ་རྗེ་བི་ཀ་མ་ལ་ཤཱི་ལར་གདན་དྲངས་ཚུལ།

དེ་ཡང་བཅོམ་ལྡན་རིག་པའི་རལ་གྲིས་ (1227-1305) མཛད་པའི་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དགུ་པ་རོལ་མོའི་སྒྲ་སྙན་ལས[1]
དེ་རྗེས་དཔལ་ལྡན་ཀྲ་མའི་གཙུག་ལག་ཏུ། །
རབ་བྱུང་རིག་པ་ཀུན་ལ་ལེགས་སྦྱངས་པས། །
ཀུན་མཁྱེན་དང་འདྲ་ལྔ་རིག་ཀུན་གྱི་གཙོ། །
སྒྲུབ་ལ་བརྩོན་པར་མཛད་ལ་སྡིག་ཀུན་བཤགས། །
ཞེས་གསུངས་པ་ལྟར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། དེ་ནས་རྒྱལ་པོ་མཧཱ་པཱ་ལའི་རིང་ལ་ཇོ་བོ་རྗེ་བི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་སྤྱན་དྲངས། གཙུག་ལག་ཁང་བཅོ་བརྒྱད་ཀྱི་བདག་པོ་མཛད་ནས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ། དུས་དེའི་ཚེ་རྒྱ་གར་ཤར་ནུབ་ཡུལ་དབུས་དང་བཅས་པའི་དགེ་འདུན་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་ཏེ་རྒྱལ་བའི་བསྟན་པ་ལ་རྒྱལ་བ་རང་ཉིད་སླར་བྱོན་པ་ལྟར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་བཞུགས་སོ། །ཞེས་གསུངས་པ་ལྟར་སློབ་དཔོན་གྱི་མཚན་སྙན་གྲགས་ཆེན་པོ་ཐོས་པས་སྐབས་དེའི་རྒྱལ་པོ་མཧིཔཱལ་གྱིས་ཤར་ཕྱོགས་ཇགྡདལ་ནས་ཝིཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་སྤྱན་དྲངས། དེར་གཙུག་ལག་ཁང་བཅོ་བརྒྱད་ཀྱི་རིགས་ཀྱི་བདག་པོ་གནང་། རྒྱ་གར་ཤར་ནུབ་ཀྱི་མཁས་པ་ཐམས་ཅད་ཀྱི་གཙུག་རྒྱན་དུ་བཞུགས་སོ། །ཞེས་གསུངས་པ་ལྟར་རོ།།

དེ་བཞིན་དགེ་སློང་བསོད་ནམས་ལྷའི་དབང་པོས་ (དུས་རབས་14པ།) མཛད་པའི་དཔེ་ཆོས་རིན་ཆེན་སྤུངས་པའི་གསལ་བྱེད་རིན་པོ་ཆེའི་སྒྲོན་མེའམ་གཏམ་རྒྱུད་རིན་ཆེན་ཕྲེང་མཛེས་ལས[3]། བསམ་གཏན་གྱི་མི་མཐུན་ཕྱོགས་ཀྱི་སྐབས་སུ། ཇོ་བོ་རྗེས་བི་ཀ་མ་ལ་ཤཱི་ལའི་གནས་བརྟན་མཛད་པའི་དུས་ཀྱི་ལོ་རྒྱུས་ནི། ལམ་ཡིག་ཏུ་འབྱུང་བ་མི་ཏྲི་པ་ལ་གནས་དབྱུང་མཛད་པ་དེ་ལ་བསམ་པར་འདུག་ཀྱང་། གདུལ་བྱ་འདུལ་བའི་དོན་དུ་བོད་དུ་འབྱོན་པར་བསྐུལ་བ་ཙམ་ཡིན་གྱིས་སྒྲ་ཇི་བཞིན་པར་མི་བཟུང་ངོ་། །ཞེས་གསུངས་སོ།།

༢༽ མཚན་ཐོགས་ཚུལ་དང་མཚན་གྱི་རྣམ་གྲངས།

དེ་ཡང་བི་ཀྲ་མ་ཤཱི་ལ་ནི་ལེགས་སྦྱར་གྱི་སྐད་ (विक्रमशिला) (Vikramashila) དང་། བོད་སྐད་དུ་བསྒྱུར་ན་རྣམ་གནོན་ངང་ཚུལ་ཞེས་སུ་གྲགས་པ་སྟེ། ངག་དབང་ཡོན་ཏན་རྒྱ་མཚོས་མཛད་པའི་གྲུབ་ཆེན་རཱ་ཧུ་ལ་གུཔྟ་བཛྲ་ལ་གསོལ་བ་འདེབས་པ་རིན་ཆེན་སྒྲ་དབྱངས་ལས[4]
རྣམ་གནོན་ཚུལ་གྱིས་བསྔགས་པའི་གཙུག་ལག་ཏུ། །
ཡོངས་རྫོགས་ཐུབ་པའི་བསླབ་གཞི་ལེགས་པར་བླངས། །
པཎྜི་ཏ་དང་གྲུབ་ཐོབ་དུ་མ་ལས། །
མདོ་རྒྱུད་རྫོགས་པར་གསན་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། དབྱངས་ཅན་དགའ་བློའི་ (1740-1827) ལམ་རིམ་བརྡ་བཀྲོལ་[5]ལས། བི་ཀྲ་མ་ལ་ཤཱི་ལ་ཞེས་པ་ལའང་། པར་གསར་རྙིང་མང་པོ་ལས། བྲི་ཀ་མ་ལ་ཤཱི་ལ་[6]ཞེས་བྱུང་སྟེ། ཨ་ཏི་ཤའི་རྣམ་ཐར་ཆེན་མོ་ལས། བྱང་ཕྱོགས་སུ་གྲགས་པ་ནི་བྲི་ཀ་མ་ལ་ཤཱི་ལ་ཞེས་བྱ་བ་ཡིན་ཏེ། ཚུལ་ཁྲིམས་ཀྱི་དྲི་ངད་ལྡན་པ་ཞེས་བྱ་བ་ཡིན་སྐད། ཁ་ཅིག་ནི། གནོད་སྦྱིན་མནན་པའི་གཙུག་ལག་ཁང་ཞེས་བྱ་བ་ཡིན། ཞེས་ཟེར་རོ། །ཞེས་འབྱུང་ངོ་། །ཡང་བི་ཀ་མ་ལ་དང་། བྲི་ཀ་མ་ལ་ཞེས་ཀྱང་འབྱུང་མོད། དཔེ་དག་པ་ལས། བི་ཀྲ་མ་ལ་ཤཱི་ལ་ཞེས་འབྱུང་བས། བི་ནི་རྣམ་པར། ཀྲ་མ་ལ་གནོན་པ། ཤཱི་ལ་ཚུལ་ཁྲིམས་སམ་ངང་ཚུལ་ཞེས་པ་ལ་འཇུག་པས། བསྒྱུར་ན། རྣམ་པར་གནོན་པའི་ངང་ཚུལ་ཞེས་པ་ཡིན་ཏེ། མཁྱེན་བརྩེ་ལོ་ཙཱ་བས། བི་ཀྲ་མ་ལ་ཤཱི་ལ་རྣམ་པར་གནོན་པའི་ངང་ཚུལ། ཞེས་བཤད་ཅིང་། ཡི་གེ་བསྡུ་བའི་ཚེ། བི་ཀྲ་མ་ཤཱི་ལ་དང་། བི་ཀྲ་ཤཱི་ལ་ཞེས་འབྱུང་ལ། མངོན་བརྗོད་མང་པོར་ཡང་། བི་ཀྲ་མ་ནི་རྣམ་པར་གནོན། །ཞེས་བཤད་དོ། །ཞེས་བྱུང་ངོ་།།

དེ་བཞིན་ཤི་ལ་དང་ཤཱི་ལ་རིང་ཆ་ཡོད་མེད་གཉིས་སུ་སྣང་བ་ལས། རིང་ཆ་ཅན་ཤཱི་ལ་སྟེ། ངང་ཚུལ་ཞེས་སུ་བོད་ཀྱི་མཁས་པ་རྣམས་ཀྱིས་བཞེད་ལ། རིང་ཆ་མེད་པ་ཤི་ལཱ་སྟེ་རྡོ་བ་ཞེས་དེང་གི་རྒྱ་གར་བའི་མཁས་པ་རྣམས་ཀྱིས་བཞེད་པ་སྟེ། དཔེར་ན། ཏཀྵ་ཤི་ལཱ་རྡོ་འཇོག་ཏུ་བསྒྱུར་བ་ལྟར་བི་ཀྲ་མ་ཤི་ལཱ་ཞེས་པ་བོད་སྐད་དུ་རྣམ་གནོན་རྡོ་བ་ཞེས་སུ་བསྒྱུར་དགོས་པར་འདོད་ལ། གཞན་ཡང་ལམ་འབྲས་ཀྱི་ཚིག་མཛོད་ལས། བི་ཀྲ་མ་ལ་ཤཱི་ལ། (ལེགས་སྦྱར།) ཚུལ་ཁྲིམས་དྲི་ངད་ལྡན་པའི་དགོན་པ། རྒྱ་གར་ཆུ་བོ་གངྒཱའི་འགྲམ་ན་ཆགས་པའི་དགོན་ཆུང་ཞིག་སྟེ་མཉམ་མེད་ཇོ་བོ་ཨ་ཏི་ཤ་སོགས་པཎྜི་ཏ་མང་པོ་བཞུགས་མྱོང་ས་ཞིག་ཅེས་ཀྱང་འབྱུང་ངོ་།།

དེ་ལྟར་བི་ཀྲ་མ་ལ་ཤཱི་ལ་ནི་སྔར་རྒྱ་གར་འཕགས་ཡུལ་གྱི་ནང་པའི་གཙུག་ལག་སློབ་གཉེར་ཁང་གྲགས་ཅན་ཞིག་གི་མཚན་ཡིན་ཅིང་། དེ་ཡང་བི་ཀྲ་མ་ཤཱི་ལའི་གཙུག་ཁང་གི་ཕྱོགས་བཞིར་མིང་བཞི་གྲགས་པའི་ཁྲོད་ནས་བྱང་ཕྱོགས་པས་བི་ཀྲ་མ་ཤཱི་ལ་སྟེ་བོད་སྐད་དུ་བསྒྱུར་ན། རྣམ་པར་གནོན་པའི་ཚུལ་ཁྲིམས་དང་། ལ་ལས་གནོད་སྦྱིན་མནན་པའི་གཙུག་ལག་ཁང་། ཁ་ཅིག་གིས་རྣམ་པར་གནོན་པའི་རྡོ་ཅན། འགའ་ཞིག་གིས་རྒྱུན་སྟེར་གྱི་གཙུག་ལག་ཁང་། ཞེས་སོགས་བསྒྱུར་ཚུལ་དང་། མཚན་གྱི་རྣམ་གྲངས་མི་འདྲ་བ་སྣ་ཚོགས་སུ་མཆིས་ལ། འདི་ནི་སྔོན་གྱི་བྲག་རིའི་མིང་དུ་འདོད་པ་སྟེ། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[7]། རྒྱ་གར་རྒྱལ་པོ་དྷརྨ་པཱ་ལའི་དུས། །བོད་རྒྱལ་མཇིང་ཡོན་སད་ན་ལེགས་བཞུགས་པར། །ཡར་ལུང་བང་སོའི་རྡོ་རིང་ཡི་གེ་ལ། །ཡོད་ཅེས་ཨོ་རྒྱན་པ་ཡིས་གསུངས་པར་སྣང་། །དེ་ཚེ་ནཱ་ལེནྡ་ཡི་གཙུག་ཁང་ན། །སློབ་དཔོན་ཆེན་པོ་ཀཾ་པ་ལ་ཞེས་པ། །མཆོག་དངོས་གྲུབ་ངེས་གངྒཱའི་ཆུ་འགྲམ་ན། །བྲག་རི་དེ་འུ་ཞིག་ཡོད་དེ་སྟེང་དུ། །གཙུག་ཁང་བྱས་ན་བསྟན་ལ་ཕན་པར་དགོངས། །དེ་ཡང་རྒྱལ་པོའི་ལུས་ཀྱིས་འགྲུབ་པར་མཁྱེན། །དྷརྨ་པཱ་ལའི་སྲས་སུ་འཁྲུངས་པར་བཞེད། །རྒྱལ་པོའི་བཙུན་མོ་དམ་པའི་རྨི་ལམ་དུ། །སྣམ་སྦྱར་ལྷུང་བཟེད་མཁར་སིལ་ལྡན་པ་ཡི། །དགེ་སློང་ཞིག་འོངས་ང་ལ་གནས་གཡར་ཞེས། །མཚན་མོ་དྲུག་རྨིས་རྒྱལ་པོ་ལ་བཟླས་པས། །དོ་ནུབ་བྱུང་ན་གཏོང་བར་ཁས་ལོང་ཟེར། །ལྷུམས་ཞུགས་བཙས་ནས་དེ་ཝ་པཱ་ལར་བཏགས། །རྒྱལ་སྲིད་ཆེ་ལ་མངའ་དབང་བྱས་པར་གྱུར། །སྔོན་གྱི་གངྒཱའི་འགྲམ་གྱི་བྲག་སྟེང་དེར། །གཙུག་ཁང་ཆེན་པོ་ངོ་མཚར་ལྡན་པ་བྱས། །རྩ་བའི་སྡེ་བཞིའི་སྡེ་པ་རེ་རེ་ལ། །རབ་བྱུང་ཉི་ཤུ་བདུན་རེའི་ས་ཏྲ་[8]བཙུགས། །སྒྲ་དང་ཚད་མ་གཏོར་མའི་ས་ཏྲ་སོགས། །གཉུག་མར་གནས་པའི་ས་ཏྲ་དུ་མ་དང་། །གློ་བུར་ལྷགས་པ་བཅུ་ཕྲག་གཉིས་རེ་ཡི། །ས་ཏྲ་ལ་སོགས་འཚོ་བའི་ཡོ་བྱད་སྦྱར། །དེ་ལ་ཕྱོགས་བཞིར་མིང་བཞི་གྲགས་སོ་སྐད། །བྱང་ཕྱོགས་པ་རྣམས་བི་ཀྲ་མ་ཤཱི་ལ། །ཞེས་གྲགས་རྣམ་པར་གནོན་པའི་ཚུལ་ཁྲིམས་ཡིན། །ལ་ལ་གནོད་སྦྱིན་མནན་པའི་གཙུག་ཁང་ཟེར། །ཁ་ཅིག་རྣམ་པར་གནོན་པའི་རྡོ་ཅན་ཞེས། །སྔོན་གྱི་བྲག་རིའི་མིང་དུ་འདོད་པ་ཡོད། །(ཁ་ཅིག་རྒྱུན་སྟེར་གྱི་གཙུག་ལག་ཁང་ཟེར།) མཁས་པའི་པཎ་ཆེན་ཤ་སྟག་གིས་གང་བ། །སངས་རྒྱས་བསྟན་པའི་འབྱུང་ཁུངས་ཆེན་པོར་གྱུར། །ཞེས་འབྱུང་བ་ལྟར་རོ།།

༣༽ བི་ཀྲ་མ་ལ་ཤཱི་ལ་རྒྱལ་པོ་སུས་བཞེངས་མིན།

བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་རྗེས་ཤུལ།

དེ་ཡང་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[9]
ཕྱིས་སུ་དྷརྨ་པཱ་ལས་བཞེངས་པ་ཡི། །
རྣམ་གནོན་ཚུལ་གྱིས་བསྔགས་པའི་གཙུག་ལག་ཏུ། །
ཞེས་གསུངས་པ་ལྟར་རྒྱ་གར་འཕགས་ཡུལ་དུ་ཐེག་པ་ཆེ་ཆུང་གི་ཆོས་གྲྭ་དཔག་ཏུ་མེད་པ་བྱུང་ཡང་། སྔགས་ཀྱི་ཆོས་གྲྭ་ཡོངས་སུ་གྲགས་པ་ནི་ཙནྡྲའི་རིགས་ཀྱི་རྒྱལ་པོ་རྣམས་རྫོགས་པའི་རྗེས་སུ་རྒྱ་གར་ཤར་ཕྱོགས་སུ་པཱ་ལའི་རིགས་ཅན་གྱི་རྒྱལ་པོ་བཅུ་བཞིའམ། ལ་ལར་བཅུ་དགུ་བྱུང་བར་གསལ་བའི་བཞི་པ་རྒྱལ་པོ་དྷརྨ་པཱ་ལ་ (775-800) ཞེས་མངའ་ཐང་ལོངས་སྤྱོད་ཤིན་ཏུ་ཆེ་བ་ཞིག་བྱུང་བ་གང་དེས། དུས་རབས་བརྒྱད་པའི་ནང་མ་ག་དྷ་དང་ཆུ་མོ་གངྒཱའི་བྱང་ཕྱོགས་ངོས་ཀྱི་ལྷའི་ཆུ་བོར་གྲགས་པའི་གངྒཱའི་ཉེ་འགྲམ་དུ་རི་དེའུ་ (རི་དེའུ་ནི་རི་འབུར་ཆུང་ངུ་ཞེས་པའི་དོན།) ཞིག་གི་རྩེ་མོར་བི་ཀྲ་མ་ཤཱི་ལ་སྟེ་རྣམ་གནོན་ཚུལ་གྱིས་བསྔགས་པའི་གཙུག་ཁང་འདི་ཉིད་བཞེངས་པར་གསུངས་ལ། དེ་བཞིན་རཀཿབཀྲས་མཐོང་ཐུབ་བསྟན་ཆོས་དར་ (1925-2012) མཆོག་ནས་བརྩམས་པའི་ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་ཡིག་རྙིང་ནག་ཚོའི་གསུང་སྒྲོས་དང་འབྲོམ་སྟོན་གྱི་ལམ་ཡིག་ནས་བཏུས་པ་ལས[10]། དེ་ནས་ནག་ཚོ་བི་ཀ་མ་ལ་ཤཱི་ལར་ཕེབས་སྐོར་ཇོ་བོའི་ལམ་ཡིག་ཏུ་གསལ་ཞིང་། བི་ཀ་མ་ཤཱི་ལའི་སྐོར་བཤད་ཚུལ་མང་ཡང་། པཾ་རཱ་ཧུལ་སཱཾ་གྱི་ཆོས་འབྱུང་ལྟར་ན། ཅནྡདྲ་གུཔྟ་བྲིཀྲམ་གཞོན་དུས་ཅཾ་པའམ་འདུལ་བར་ཨང་གའི་ཡུལ་གྱི་བདག་པོའི་སྐབས། དེང་དུས་སུལ་ཏཱན་གཾཇའི་རི་གཉིས་ཀྱི་སྟེང་དུ་ལྷ་ཁང་ཁ་ཤས་བཞེངས་པའི་མིང་བི་ཀ་མ་ལ་ཤི་ལཱ་ཞེས་རབ་ཏུ་གྲགས་ཞེས་བཤད། སུལ་ཏན་ནི་པར་ཤེ་ཡའི་སྐད་ལ་རྒྱལ་པོ་དང་། གཾཇ་བར་མཛོད་ཡིན་པས། རྒྱ་གར་ལ་མུ་སུལ་མན་ཁ་ཆེ་སླེབས་རྗེས་སུ་མིང་བསྒྱུར་བའི་གྲས་ཡིན་ལ། ཅམ་པ་ནི་སྔ་མོ་ཨཾ་ག་དང་མ་ག་དྷ་ཟེར་བའི་ཨཾ་གའི་རྒྱལ་ས་ཆེ་ཤོས་དེ་ཡིན་པར་བཤད། ཅེས་གསལ་ཞིང་། ཨངྒ་དང་ཅམ་པ་སོགས་ཀྱི་སྐོར་མཁན་ཆེན་ཞི་འཚོའི་རྣམ་ཐར་རྒྱས་པའི་ནང་བཀོད་ཟིན་པས་དེར་གཟིགས་པར་འཚལ།།

བསྟན་རྩིས་ཀ་ཕྲེང་ལག་དེབ་ལས[11]། བྲི་ཀ་མ་ཤཱི་ལ། (བི་ཀྲ་མ་ཤི་ལ་བི་ཧཱ་ར།) དུས་རབས་བརྒྱད་པའི་མཇུག་ལ། རྒྱ་གར་གྱི་རྒྱལ་པོ་དྷརྨ་པཱ་ལ་ (ཧ་ལམ་ཕྱི་ལོ་ 770-810) ཡིས་བཏབ། རབ་བྱུང་ ༣ པའི་ལྕགས་བྱ་ (ཕྱི་ལོ་ 1201) ལོར་ཀླ་ཀློའི་དམག་གིས་བཅོམ། (སུམ་པ། སི་ཏུའི་རང་རྣམ།) རབ་བྱུང་ ༣ པའི་ཆུ་ཕག་ (ཕྱི་ལོ་ 1203) ལོར་བི་ཀྲ་མ་ཤཱི་ལ་བི་ཧཱ་ར་བཅོམ། ཞེས་བྱུང་བ་ལྟར། ཕྱི་ལོའི་དུས་རབས་བརྒྱད་པའི་ནང་རྒྱ་གར་གྱི་རྒྱལ་པོ་དྷརྨ་པཱ་ལས་བཞེངས་པར་གསལ་ལོ།།

བེན་གྷལ་གྱི་རྒྱལ་རབས་ཞིབ་འཇུག་བྱེད་པ་པོ་ (Nihar Ranjan Ray) གི་གསུང་རྩོམ་བྷེན་གྷལ་གྱི་ལོ་རྒྱུས་ཞེས་པ་ལྟར་ན། པཱ་ལའི་རྒྱལ་རབས་ལ་རྒྱལ་པོ་བཅུ་བདུན་ཡོད་པའི་ནང་ནས་རྒྱལ་པོ་གཉིས་པ་དེ་རེད། གང་ལྟར་རྒྱ་བོད་གཉིས་པོའི་ཡིག་ཆའི་ནང་དུ་པཱ་ལའི་རྒྱལ་རབས་རྣམས་ཀྱི་རྒྱལ་པོའི་གྲངས་དང་གོ་རིམ་སོགས་ལ་ཅུང་ཟད་མི་མཐུན་ཡང་བི་ཀྲ་མ་ཤཱི་ལ་ཐོག་མར་བཞེངས་མཁན་ནི་དྷརྨ་པཱ་ལ་ཡིན་པ་ཕལ་མོ་ཆེ་མཐུན་པ་སྟེ། དེ་ཡང་དབྱངས་ཅན་དགའ་བློའི་ (1740-1827) ལམ་རིམ་བརྡ་བཀྲོལ་ལས[12]། འདི་བཞེངས་པ་པོ་ནི། སློབ་དཔོན་སེང་གེ་བཟང་པོའི་སྦྱིན་བདག་ཆོས་རྒྱལ་དྷརྨ་པཱ་ལ་ (773-820) ཞེས་པ་དེ་ཡིན་པར་ཆོས་འབྱུང་དང་ལོ་རྒྱུས་མང་པོ་ལས་བཤད་དོ། །ཞེས་བྱུང་ལ། རྒྱ་གར་ཆོས་འབྱུང་དུའང་རྒྱལ་པོ་དྷརྨ་པཱ་ལ་སྟེ་དཔལ་ལྡན་ཆོས་སྐྱོང་གི་སྐུ་དུས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ཐོག་མར་བྱུང་བར་གསུངས་སོ།།

རྒན་གྱའི་དཀོན་མཆོག་རྒྱ་མཚོས་བརྩམས་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་དྲང་སྲོང་བཤུལ་ལམ་ལས[13]། བྲི་ཀཱ་མ་ལ་ཤཱི་ལ་ཞེས་པར། དགའ་ལྡན་པར་རྙིང་དང་འབྲས་ཧོར་དུ། བྲི་ཀ་མ་ལ་ཤི་ལ་ཞེས་རིང་ཆ་མེད་ལ། འདི་ཇོ་ནང་པའི་རྒྱ་གར་ཆོས་འབྱུང་དུ་བྷངྒ་ལའི་པཱ་ལ་རྒྱལ་རབས་གསུམ་པའམ་བཞི་པ་རྒྱལ་པོ་ཆོས་སྐྱོང་གིས་བཞེངས་པར་བཤད་ཅིང་། དྲན་པ་ཉེར་བཞག་གི་འགྱུར་བྱང་སྟེ། སྡེ་བཀའ་མདོ་མང་ ༼ཤ༽ པའི་ ༢༢༨བ༧ ལས། མ་ག་དྷཱའི་ཡུལ་སྨད་ན། རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ཤཱི་ལ་ཞེས། པཱ་ལའི་རྒྱལ་རབས་བཅོ་བརྒྱད་པ་ར་མ་པཱ་ལས་སྲིད་སྐྱོང་སྐབས་ (ཕྱི་ལོ་ ༡༡༣༠-༡༡༦༥) གཙུག་ལག་ཁང་ཆེན་མོ་དེར་དངོས་སུ་སློབ་སྦྱོང་གནང་ཞིང་། སྡེ་བསྟན་རྒྱུད་ ༼ཕུ༽ ༼བུ༽ གཉིས་སུ་བཞུགས་པའི་སྒྲུབ་ཐབས་བརྒྱ་རྩ་སྒྱུར་མཁན་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས་གསུངས་ཤིང་། དེ་ལྟར་ན་པཱ་ལའི་རྒྱལ་རབས་གཉིས་པའི་རིང་ (ཕྱི་ལོ་ ༧༣༠-༧༧༧) བཞེངས་པ་ཡིན་ནོ།།

གསེར་ཐང་དུ། དྷརྨ་པཱ་ལ་རྒྱལ་རབས་གཉིས་པ་དང་། གོ་པཱ་ལའི་སྲས་སུ་བཤད་པ་དང་། དེ་བ་པཱ་ལ་ཆོས་སྐྱོང་གི་སྲས་སུ་བཤད་པ་དང་། བྲི་ཀ་མ་ལ་ཤཱི་ལ་གོ་པཱ་ལ་ཟེར་བ་ཞིག་གིས་བཞེངས་པ་བོད་ལ་གྲགས་ཚུལ་དང་། རྒྱལ་རབས་དེར་གོ་པཱ་ལ་གསུམ་བྱུང་ཚུལ་བཤད་པ་སོགས་ནི་རེ་ཞིག་བཞག་ཅིང་། ཇོ་བོའི་རྣམ་ཐར་རྒྱས་པ་ཡོངས་གྲགས་མར་ཡང་དཔལ་ལྡན་ཆོས་སྐྱོང་གིས་བཞེངས་པར་བཤད། ནམ་འཇིག་པ་མི་གསལ་ཡང་། ཕྱི་ལོ་ ༡༢༣༦ ལོ་ཙམ་ལ་ཆག་ལོ་བོད་དུ་ཕེབས་སྐབས་ཨོ་ཏནྟ་དང་འདི་གཉིས་ཁ་ཆེའི་དམག་གིས་གཏོར་ཚར་བས། ཆག་ལོའི་རྣམ་ཐར་དུ་གནས་དེ་གཉིས་ཀྱི་རྒྱུ་མཚན་གསུངས་མེད། ནག་ཚོའི་ཇོའི་བསྟོད་དུ། བི་ཀཱ་མ་ནི་ཤཱི་ལ་ན། །ཞེས་ཐེངས་གཉིས་འབྱུང་བས་དེ་ལྟར་བྱེད་ཅིང་། ཇོ་རྣམ་ཡོངས་གྲགས་མ་ལྟར་ན་ཚུལ་ཁྲིམས་ཀྱི་དྲི་ངད་ལྡན་པ་དང་། གནོད་སྦྱིན་མནན་པའི་གཙུག་ལག་ཁང་ཞེས་པ་ཡིན་སྐད་དང་། གཞན་མང་པོས་རྣམ་པར་གནོན་པའི་ངང་ཚུལ་དང་། སྦྱིན་པས་མི་ངོམས་པ་དང་། མི་ཆོག་སྦྱིན་སོགས་སུ་བསྒྱུར་ལ། དེང་སང་གངྒཱའི་འགྲམ་དུ་པ་ཐར་གྷ་ཌ་ཟེར་བ་ཞིག་ཡོད་པ་དེ་ཡིན་པ་དང་། བྷ་གྷལ་པུར་ནས་སྤྱི་ལེ་བཅུ་གཉིས་ཙམ་ཡོད་སྣང་། ཞེས་གསལ་ལོ།།

དེ་ལྟར་རྒྱལ་པོ་ཆོས་སྐྱོང་སྟེ། གཽ་པཱ་ལའི་སྲས་ཆོས་སྐྱོང་གིས་མ་ག་དྷའི་ཡུལ་དེར་བི་ཀྲ་མ་ཤཱི་ལ་ཞེས་པའི་ནང་པའི་གཙུག་ལག་ཁང་གསར་བཞེངས་གནང་ཞིང་། གཙུག་ལག་ཁང་དེའི་བསླབ་གཞི་གཙོ་བོ་མངོན་པ་དང་། གཏན་ཚིགས་རིགས་པ། བརྡ་སྤྲོད། སྔགས་དང་ཆོ་ག་སོགས་ཡིན། རྒྱལ་པོ་དེའི་སྐབས་སློབ་གཉེར་བ་རྣམས་ལ་ཕྱག་ཁྱེར་ཕུལ་བ་སོགས་མཛད་ཡོད། རྒྱལ་པོ་ཆོས་སྐྱོང་གིས་ཆོས་སྡེ་ལྔ་བཅུ་ལྷག་བཙུགས་གནང་བ་དང་། དེ་དག་ཏུ་ཤེར་ཕྱིན་གྱི་གཙོས་ལྟ་གྲུབ་སློབ་གཉེར་གྱི་བསླབ་གཞི་བཙུགས་གནང་མཛད་ཡོད། སློབ་གཉེར་ཁང་དེ་ནས་ཐོན་པའི་སློབ་གཉེར་བ་གཟེངས་སུ་ཐོན་པ་ནི། དཔལ་མར་མེ་མཛད། ཞི་བ་འཚོ། སཱ་ར་ཧ། ཏི་ལོ་པ། དྲི་མེད་བཤེས་གཉེན། བདེ་གཤེགས་དཔལ། འཇམ་དབྱངས། གྲོལ་བའི་བཤེས་གཉེན་སོགས་ཡིན།[14]

གཞན་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) མཆོག་གིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[15]། བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་དུས་ཀྱི་རྒྱ་གར་བའི་པཎྜི་ཏ་དེ་དག་ཕལ་ཆེར་པཱ་ལའི་རྒྱལ་ཁམས་ནས་བྱོན་པ་ཡིན་ཅིང་། ཨོ་ཏནྟ་པུ་རི་དང་། བི་ཀྲ་མ་ཤི་ལ་ཡང་རྒྱལ་བརྒྱུད་དེ་དག་གི་སྐབས་སུ་བརྩིགས་ཤིང་། ཐེག་ཆེན་ཤིན་ཏུ་དར་བའི་དུས་སུ་གྲགས། ཞེས་གསལ་ལ། ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་ (1729-1783) གྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ལས[16]། ཇོ་བོ་ཆེན་པོ་དེ་ཉིད་ཀྱི་སྙན་པའི་གྲགས་པས་འཕགས་ཡུལ་ཀུན་ཏུ་ཁྱབ་སྟེ། དེའི་ཚེ་མ་ག་དྷ་དང་། ཨོ་ཏནྟ་ཏ་པུ་རི་དང་། སོ་མ་པུ་རི་དང་། ནཱ་ལེནྡྲ་དང་། བི་ཀྲ་མ་ཤཱི་ལའི་གནས་གཞི་རྣམས་ནི་པཎྜི་ཏ་དང་གྲུབ་ཐོབ་ཤིན་ཏུ་མང་ཡང་། ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་བཞུགས་པའི་དུས་སུ། རྒྱལ་པོ་དྷརྨ་པཱ་ལས།  ཇོ་བོ་རྗེ་རྡོ་རྗེ་གདན་ནས་བི་ཀྲ་མ་ཤཱི་ལར་སྤྱན་དྲངས་ནས་བསྟན་པའི་བདག་པོར་མངའ་གསོལ་བ་ཡིན་ཏེ། སྐབས་འདིར་བི་ཀྲ་མ་ཤཱི་ལ་བཞེངས་པའི་ལོ་རྒྱུས་ཅུང་ཟད་བཤད་ན། ནཱ་ལེནྡྲ་ན་སློབ་དཔོན་ཆེན་པོ་ཀམྤ་ལ་བྱ་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཞིག་བཞུགས་པ་དེས། ཆུ་བོ་གངྒཱའི་འགྲམ་ན་བྲག་དེའུ་ཞིག་ཡོད་པ། དེའི་སྟེང་དུ་གཙུག་ལག་ཁང་བརྩིགས་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཆེ་བར་མངོན་ཤེས་ཀྱིས་གཟིགས་ནས། དེ་བརྩིག་པ་ལ་རབ་ཏུ་བྱུང་བ་ལས་རྒྱལ་པོའི་རྟེན་ནུས་པ་ཆེ་བར་དགོངས་ཏེ། རྒྱལ་པོ་གཽ་པ་ལའི་སྲས་དེ་ཝ་པ་ལ་བྱ་བ་མངའ་རིས་ཕུན་སུམ་ཚོགས་པ་དང་ལྡན་པ་དེའི་བཙུན་མོའི་རྨི་ལམ་དུ། སྣམ་སྦྱར་དམར་སེར་གྱོན་པ་ལྷུང་བཟེད་དང་འཁར་གསིལ་ཐོགས་པ་ཞིག་གནས་གཡར་ཟེར་བ་རྨིས་ཏེ། རྒྱལ་པོས་བརྗོད་པ། དོ་ནུབ་ཀྱང་བྱུང་ན་གནས་བཏང་གི་གྱིས་གསུངས། ཡང་བྱོན་པ་ལ་དེ་ལྟར་བྱས་པས། རྒྱལ་པོ་དེའི་སྲས་སུ་སྐུ་སྐྱེ་བ་བཞེས་པ་རྒྱལ་པོ་དྷརྨཱ་པཱ་ལ་བྱ་བ། ཡུལ་དབུས་མ་ག་དྷཱ་ཐམས་ཅད་ལ་དབང་བསྒྱུར་བ་དེས་བྲག་དེའུ་དེའི་ཁར་གཙུག་ལག་ཁང་བཞེངས་ཏེ་བི་ཀྲ་མ་ཤཱི་ལ་བྱ་བར་གྲགས་ཏེ། བོད་སྐད་དུ། ཚུལ་ཁྲིམས་ཀྱི་ངད་དང་ལྡན་པ་བྱ་བར་འོང་བར་བཤད། དེར་རྩ་བའི་སྡེ་བཞིའི་[17]དགེ་སློང་ཚང་བར་བཞུགས་ཤིང་། འཚོ་བ་ཡང་རྒྱལ་པོས་སྦྱོར་བ་དང་། རིག་པའི་གནས་ལྔའི་འཆད་ཉན་དར་བས་དེར་བཞུགས་པའི་རབ་བྱུང་ཕལ་ཆེ་བ་པཎྜི་ཏ་ཤ་སྟག་ཡིན་ནོ། །ཞེས་གསུངས་པ་ལྟར་རྒྱལ་པོ་དྷརྨ་པཱ་ལས་བཞེངས་པའོ།།

འོན་ཀྱང་གསུང་ཚུལ་གཞན་ཞིག་ནི། དངོས་སུ་ཞབས་ཀྱིས་བཅགས་མྱོང་བའི་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱིས། མདོ་སྡེ་དྲན་པ་ཉེར་བཞག་གི་འགྱུར་བྱང་ལས[18]། གཞན་ཡང་ཡུལ་དབུས་མ་ག་དྷཱ་ཞེས་བྱ་བ་དེ་བཞིན་གཤེགས་པའི་རྟེན་མང་དུ་བཞུགས་ཤིང་། སངས་རྒྱས་པའི་སྐྱེ་བོ་དཀོན་མཆོག་གསུམ་ལ་དད་པས་ཡུལ་གང་བའི་མ་གའི་ཡུལ་སྨད་ན། རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ཤི་ལ་ན་ཡང་མཁས་པའི་སྐྱེ་བོ་མང་དུ་ཟིན་ཀྱང་། ཞེས་བྱུང་བ་དང་། དེ་བཞིན་ལྷོ་བྲག་ཆོས་འབྱུང་ལེའུ་བཞི་པ་རྒྱ་གར་གྱི་རྒྱལ་རབས་སུའང་། གཙུག་ལག་ཁང་འདི་རྒྱལ་པོ་དེ་ཝ་པཱ་ལས་བཞེངས་པར་གསུངས་པས། རྒྱལ་པོ་དྷརྨ་པཱ་ལས་བཞེངས་པ་དང་། རྒྱལ་པོ་དེ་ཝ་པཱ་ལས་བཞེངས་པ་བཅས་བཞེད་པ་མི་མཐུན་པ་གཉིས་སུ་སྣང་བས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་འདི་ཉིད་ཐོག་མར་རྒྱལ་པོ་དེ་ཝ་པཱ་ལས་རྨང་གཞི་བཏིངས་ཤིང་། ཕྱིས་སུ་དྷརྨ་པཱ་ལས་རྒྱ་སྐྱེད་མཛད་པ་ཞིག་མིན་ནམ་སྙམ་པས་དཔྱད་དགོས་སོ།།

མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[19]། དེ་ནས་དཔལ་ནཱ་ལེནྡྲ་ན་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་བཞུགས་པའི་དུས་སུ་བསྟན་པ་དར་བས། གཙུག་ལག་ཁང་ཆེན་པོ་བཅུ་བཞི། ཆུང་ངུ་དགུ་བཅུ་གོ་བཞི་ཡོད། དགེ་སློང་པཎྜི་ཏ་ལྔ་བརྒྱ། དགེ་ཚུལ་པཎྜི་ཏ་ལྔ་བརྒྱ། སྔགས་ཀྱི་པཎྜི་ཏ་ལྔ་བརྒྱ། བྷ་ལིང་ཨ་ཙརྱ་ལ་སོགས་པ་གཏོར་མའི་ཀུ་སུ་ལུ་ལྔ་བརྒྱ་བཞུགས། དེའི་དུས་སུ་བཤད་སྒྲུབ་ཀྱི་བསྟན་པ་དར་བས། མུ་སྟེགས་པས་ཕྲག་དོག་བྱས་ནས་དམག་ཆེན་པོ་དྲངས་པས། སྒྲོལ་མ་བརྒྱད་དང་མགོན་པོ་བརྒྱད་ཀྱི་ལྷ་ཁང་བཤིག་ནས་དམས་པར་བྱས་སོ། །དེ་ནས་རིང་ཞིག་ན། ཡུལ་དབུས་སུ་རྣལ་འབྱོར་པ་ཞིག་གིས་ལྷ་མོ་འོད་ཟེར་ཅན་ཆུ་བོ་གངྒཱའི་འགྲམ་དུ་བསྒྲུབས་པས་ཞལ་མཐོང་ནས། དངོས་གྲུབ་ཅི་འདོད་ཟེར། ང་རྒྱལ་པོ་གཅིག་ཐོབ་པར་འདོད་བྱས་པས། བ་གླང་རྫིའི་གྲོང་ཞིག་ན་མ་མད་གསུམ་ངུ་བ་མཐོང༌། ཁྱོད་ཅི་ལ་མ་དགའ་ཞེས་དྲིས་པས། ངའི་བུ་ལ་རྒྱལ་པོའི་རེས་མོས་བབས་ཟེར་ནས། དེ་ལ་ངུ་རྒྱུ་ཅི་ཡོད་དྲིས་པས། དོ་ནུབ་འཆི་བ་ཡིན་ཟེར། ང་ཡིས་ཁྱེད་ཀྱི་བུའི་ཚབ་བྱའམ་བྱས་པས། འོ་ན་རུང་སྟེ་ཟེར་ནས་གྲོང་ཁྱེར་དེ་ཉིད་དུ་རྣལ་འབྱོར་པ་དེ་རྒྱལ་པོར་དབང་བསྐུར་རོ། །དེའི་ནུབ་མོ་རྒྱལ་པོའི་མལ་དུ་བཙུན་མོ་ཀླུ་རུ་སྤྲུལ་པ་དེས་སྦྲུལ་གཅིག་ཏུ་བྱས་ནས་ཟ་རུ་བྱུང་བས་ལྷ་མོ་འོད་ཟེར་ཅན་གྱིས་རྡོ་རྗེའི་དབྱུག་པས་སྦྲུལ་དེ་མགོ་བོ་བཅོམ་ནས་བསད་དོ། །ནངས་པར་སྐྱེ་བོ་ཐམས་ཅད་རོལ་མོ་དང་བཅས་ཏེ་རྒྱལ་པོའི་སྤུར་འབྱིན་དུ་བྱུང་བས་རྒྱལ་པོ་ཅང་མ་ཉེས་པར་བཞུགས་པ་མཐོང་བས། དེ་རྣམས་ན་རེ། ངེད་ཀྱི་རྒྱལ་པོ་རེས་མོས་བབ་ན་ནུབ་རེ་ལ་འཆི་བ་ཡིན་ན། ཁྱོད་མ་ཤི་བ་ཇི་ཙུག་ཡིན་བྱས་པས། དེས་སྔར་རྒྱལ་པོ་ཀླུས་བསད་འདུག །མདང་ངས་ཀླུ་བཏུལ་ཡོད་པས། ད་རྒྱལ་པོ་མི་འཆི་ཡིས་ཁྱེད་རང་རྣམས་རྒྱལ་པོར་གང་འོས་པ་སྐོས་ཤིག་བྱས་པས། ད་ཁྱོད་རང་ལ་རྒྱལ་པོ་ཞུ་ཟེར་ནས། དེར་དེས་རྒྱལ་པོ་མཛད་པ་ལ་བཙུན་མོ་བརྒྱ་ཐམ་པ་ཁབ་ཏུ་བླངས་དབང་བསྐུར་རོ། །དེའི་མཚན་ཡང་གཽ་བོ་པཱ་ལ་ཞེས་བྱའོ། །དེའི་བཙུན་མོ་དམ་པ་ཞིག་གི་རྨི་ལམ་དུ་དགེ་སློང་ཞིག་གནས་གཡར་ཟེར་བས་དེ་རྒྱལ་པོའི་སྙན་དུ་གསོལ་བས། གནས་གཡར་དུ་ཆུགས་ཤིག །རྒྱལ་བུ་བཙའ་བའི་བརྡའ་ཡིན་གསུངས། དེའི་དུས་སུ་དགེ་སློང་སྦྱངས་པའི་ཡོན་ཏན་དཔལ་ལྡན་པ། གྲུབ་པ་ཐོབ་པའི་རྣལ་འབྱོར་པ། ས་ལུ་བྱ་བ་ཞིག་ཡོད་པས། དེའི་ཐུགས་དགོངས་ལ། འཛམ་བུའི་གླིང་དུ་ཐེག་པ་ཆེན་པོའི་ཆོས་དར་བར་བྱ། དེ་ལ་ང་སྐྱེ་བ་ལ། འཛམ་བུའི་གླིང་དུ་ཐེག་པ་ཆེན་པོའི་ཆོས་དར་བར་བྱ། དེ་ལ་ང་སྐྱེ་བ་ལ་དབང་ཐོབ་པས་དབུས་གྱུར་གྱི་ཚལ། ཤར་ཕྱོགས་ཀྱི་མུ་ཁྱེར་རི་པ་རི་ཞེས་བྱ་བའི་རྒྱུད་འདི་ལ་བསིལ་བ་གངྒཱའི་ཆུ་བོ། ལྷོ་ན་ནགས་ལ་སོགས་པ་ཡོན་ཏན་དུ་མ་དང་ལྡན་པ་འདིར། རྡོ་ལེབ་འདིའི་སྟེང་དུ་དགེ་འདུན་སྡེ་པ་བཞི་ལས་གྱེས་པ་བཅོ་བརྒྱད། ཐེག་པ་ཆེན་པོ་གཅིག །བསམ་གཏན་པའི་གཅིག་སྟེ། ཉི་ཤུ་ཐམ་པ་འཚོ་བའི་གཞིས་གཅིག་ཡོད་ན་དགའ་བ་ལ་སྙམ་དུ་དགོངས་སོ། །དེ་ཡང་ད་ལྟ་ང་ལ་ནུས་པ་མི་འདུག་པས་རྒྱལ་པོ་འདིའི་སྲས་སུ་གྱུར་ན་རུང་བ་ལ་སྙམ་ནས། མུ་ཏིག་ཧབ་རྩེ་གཅིག་ཡོད་པ་དེ་བཙུན་མོ་དམ་པ་ལ་བཅོལ་བས། རྒྱལ་པོ་ལ་ཞུས་པས་ཚགས་བྱ་གསུངས་སོ། །དེར་རྒྱལ་པོ་ལ་ཞུས་པས། ཟུངས་གསུངས་པས་བཟུང་ངོ༌། །དགེ་སློང་དེས་དཀོན་མཆོག་ལ་མཆོད་པ་ཕུལ། རྒྱལ་པོའི་སྲས་སུ་སྐྱེ་བ་དང༌། གཙུག་ལག་ཁང་རྩིག་པར་སྨོན་ལམ་རྣམ་པར་དག་པ་བཏབ་བོ། །དེ་ནས་སྐྱེ་གནས་བཟང་པོར་འཕོ་བ་བྱས་སོ། །དེར་བཙུན་མོ་ལྟོ་བ་སྦྲུམ་མར་གྱུར་ཏོ། །སྔར་རྒྱལ་པོ་ལ་སྲས་མེད་པས་ཤིན་ཏུ་དགྱེས་ཏེ། བཙུན་མོའི་ལུས་པོའི་རིམ་གྲོ་ཆེར་བྱས་སོ། །དེར་སྲས་རྒྱལ་བུ་ཞིག་བཙས་པ་དང༌། མཚན་ཡང་ར་མ་པ་ལ་ཞེས་བཏགས་སོ། །དེ་ཆེར་སྐྱེས་ཀྱང་སྨྲར་མ་འདོད་ནས། དུས་ལན་གཅིག་གི་ཚེ་བཙུན་མོ་ཡུམ་ལ། བདག་གི་མུ་ཏིག་ཧབ་རྩེ་དེ་གསོལ་ཞེས་ཟེར་རོ། །དེར་བཙུན་མོ་ཧ་ལས་ཏེ། རྒྱལ་པོ་ལ་ཞུས་པ། སྔོན་དགེ་སློང་གིས་མུ་ཏིག་ཧབ་རྩ་བཅོལ་བ་དེ་ལས་གཞན་འོས་མེད་དོ་གསུངས། རྒྱལ་བུ་དེ་མཚན་དང་ལྡན་ཞིང་བློ་སྦྱོང་ལ་སོགས་པ་ལ་ཚེགས་མེད་དེ། མཁས་ཤིང་དྲན་པ་དང་ལྡན་པར་གྱུར་ཏོ། །དེ་ནས་སྨོན་ལམ་བཏབ་པའི་སར་གནས་བརྩིགས་པས་གནོད་སྦྱིན་གྱིས་ཡང་ཡང་བཤིག་གོ །དེ་དམག་མིས་བསྲུངས་ཀྱང་མ་ཐུབ་པར་བཤིག་གོ །ཡང་སླར་བརྩིགས་ཏེ་རྒྱལ་བུ་རང་གིས་བསྲུངས་པས་ཡང་གནོད་སྦྱིན་དེ་བཤིག་ཏུ་བྱུང་ངོ༌། །དེར་གནོད་སྦྱིན་ལ་འཐབ་པས་རྒྱལ་པོ་རྒྱལ་བར་གྱུར་ཏོ། །དེར་གནོད་སྦྱིན་ན་རེ། རྒྱལ་བུ་ཁྱོད་ངའི་གནས་འཕྲོག་ཏུ་བྱུང་བས་བཤིག་པ་ཡིན། ད་ངས་ཁྱོད་ཀྱི་སྦྱིན་བདག་བྱ་ཡིས་མིང་དེ་ངའི་མིང་དང་མཐུན་པར་ཐོགས་ཟེར་བས། འབྲི་ཀ་མ་ལ་ཤཱི་ལ་བྱ་བར་བཏགས་ཏེ། ཚུལ་ཁྲིམས་ཀྱི་དྲི་ངད་དང་ལྡན་པ་ཡིན་ནོ། །དེའི་རབ་གནས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་དོ། །དེ་ནས་ཇོ་བོ་ཤཱཀྱ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དེ་དེར་བཞུགས་སུ་གསོལ་ལོ། །ཞེས་གསལ་བར་བྱུང་ལ། རྒྱ་བཟའ་ཀོང་ཇོས་གདན་དྲངས་ཤིང་། ད་ལྟ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་རྟེན་གཙོར་བཞུགས་པའི་ཇོ་བོ་ཤཱཀྱ་མུ་ནེ་སྟོན་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དེ་ཉིད་ཀྱང་བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་དུ་བཞུགས་སུ་གསོལ་མྱོང་བར་གསལ་ལོ།།

༤༽ བི་ཀྲ་མ་ཤཱི་ལ་ཡུལ་གང་དུ་བཞེངས་མིན།

དེ་ཡང་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཡུལ་གང་དུ་ཆགས་པ་ནི། འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) མཆོག་གིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[20]། གྲོང་ཁྱེར་ཡངས་པ་ཅན་གྱི་ལྷོ་ཆུ་བོ་གངྒཱ་ཕན་ཚུན་གྱི་འགྲམ་ན་ཀུན་དགའ་བོའི་རིང་བསྲེལ་གྱི་མཆོད་རྟེན་རེ་ཡོད་པའི་གནས་དེ་ནས་གངྒཱ་བརྒལ་བ་ན་པ་ཊ་ན་ཟེར་བའི་གྲོང་ཁྱེར་འབྲིང་ཙམ་ཞིག་ཡོད་པ་དེར་སྔོན་དུས་ཆོས་རྒྱལ་མྱ་ངན་མེད་ཀྱི་བཞུགས་གནས་གྲོང་ཁྱེར་ཆེན་པོ་པ་ཊ་ལི་པུ་ཊ་དང་བེ་ན་ཀོར་ཟེར་བའི་མཁར་སོགས་ཡོད་པ་དེང་སང་ཞིག་ནས་ཤུལ་ཙམ་ལས་མ་ལུས་པ། ཤུལ་དེར་གྲོང་ཁྱེར་པ་ཊ་ན་གསར་དུ་ཆགས་པ་ཡིན་ཅིང་། ཡུལ་དེ་ནི་ཡུལ་མ་ག་དྷའི་ཆར་གཏོགས་པ་ཡིན། གྲོང་ཁྱེར་དེ་ནི་ནུབ་འགྲམ་བརྒྱུད་དེ་ཆུ་ཀླུང་གསེར་ལྡན་ཏེ་དེང་སང་ཨནྡྷན་ཏ་ཟེར་བ་དང་། ཤར་འགྲམ་བརྒྱུད་དེ་ཆུ་བོ་ནེ་རཉྫ་ན་གཉིས་ལྷོ་ནས་བྱང་དུ་གངྒཱར་འབབ་པ་ལས། ཆུ་བོ་གསེར་ལྡན་དང་ཆུ་བོ་གངྒཱ་གཉིས་ཀྱི་འདུས་མཚམས་དང་ཧ་ཅང་མི་རིང་བར་རི་བྲག་ཆུང་ངུ་ཞིག་གི་སྟེང་ན་རྡོ་ཁང་འགའ་རེ་ཡོད་པ་ནི་བི་ཀྲ་མ་ལ་ཤི་ལའི་ཤུལ་ཡིན་ཞེས་ཨ་ཙརྱ་དག་ཟེར། དེར་སྔོན་དུས་དགོན་སྡེ་དང་གཙུག་ལག་ཁང་སོགས་ཡོད་པ་བར་སྐབས་སུ་དུ་རུ་ཥྐ་མ་ཧཱ་མ་སྟིའི་དཔུང་གིས་བཅོམ་པ་སླར་གསོ་མ་ནུས་པ་ཡིན་ཡང་། དེང་སང་ཡང་དེར་ནང་པའི་རབ་ཏུ་བྱུང་བ་གསང་སྔགས་ཀྱི་བརྟུལ་ཞུགས་སྤྱོད་པ་འགའ་རྒྱུན་མ་ཆད་པར་གནས་ཞེས་ཨ་ཙརྱ་དག་ལས་ཐོས། དེང་སང་ཐུན་མོང་དུ་རི་བྲག་ཆུང་ངུ་དེའི་མིང་ལ་ཤི་ལ་ཀྲ་ཝ་ཊི་ཟེར།  ཞེས་བྱུང་ངོ་།།

དེ་བཞིན་མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[21]། རྒྱལ་ལྷ་ཁང་དེ་ལྷོ་རིའི་ཉེ་འདབས་སུ་འདུག་ཅིང་། ཉེ་འཁོར་ན་རི་ལྡིང་ད་ལྟའི་དགོན་ས་ལ་འོས་པ་ཡང་འདུག་མོད། དེར་མ་བཏབ་པར་ཐང་གི་དཀྱིལ་ན་འདུག །དེ་མཚུངས་སྤྱིར་བཏང་ཙམ་ལ་ཆོས་རྒྱལ་གོང་མ་རྣམས་ཀྱིས་བཞེངས་པ་དང་། བསྟན་པ་ཕྱི་དར་གྱི་འགོ་ལ་བརྩིགས་པའི་དགོན་གནས་དང་ལྷ་ཁང་རྣམས་རྟག་ཏུ་ཐང་དཀྱིལ་ཁོ་ནར་འདུག་ཅིང་། དུས་ཕྱིས་རིམ་གྱིས་དགོན་གནས་ཐམས་ཅད་རིའི་རྩེ་ལ་ཡར་ཡར་འཕགས་པ་ལྟ་བུར་འདུག །རྒྱ་གར་ན་རི་ཉུང་བས་ནཱལནྡྲ་དང་བྱང་ཆུབ་ཆེན་མོ་སོགས་དགོན་གནས་ཐམས་ཅད་ཐང་ལ་ཡོད་པ་དེ་འདྲ་ལ་དཔེ་མཛད་པར་སེམས། འོན་ཀྱང་རྒྱ་གར་བ་རྣམས། རི་དེའུ་རེ་རྙེད་ཚེ་རིའི་རྒྱལ་པོ་ག་གེ་མོ་དང་། ཆེ་གེ་མོ་ཞེས་འབོད་ཅིང་། སྟེང་དུ་ལྷ་ཁང་བརྩིགས་པ་སོགས་འགངས་ཆེན་དུ་བྱས་སྣང་ཞིང་། བི་ཀྲ་མ་ལ་ཤཱི་ལ་ཡང་གངྒཱའི་འགྲམ་བྲག་མཐོ་ཆུང་ངུ་ཞིག་གི་སྟེང་དུ་ཡོད་ཅིང་། ཕྱོགས་དེ་ན་གངྒཱའི་དབུས་སུ་བྲག་རི་ཆུང་ངུ་ཞིག་དང་། འགྲམ་གྱི་རི་གཉིས་ཁོ་ན་ལས་མི་འདུག །ས་པཎ་གྱིས་བྱ་རྒོད་ཕུང་པོ་འཕགས་པའི་ཡུལ་གྱི་རི་ཆེན་གསུངས་པ་ཡང་ཤིན་ཏུ་བདེན། འོན་ཀྱང་སྔོན་གྱི་ཚེ་འཕགས་ཡུལ་རྒྱ་གར་བྱ་བ་དེ་ཡུལ་དབུས་ཙམ་ལ་བྱེད་པ་སྟེ། གཞན་དུ་ན་རི་བོ་འབིགས་བྱེད་ཀྱིས་བཅད་པའི་ལྷོ་ཕྱོགས་དང་། ཤར་ནུབ་ཀྱི་རྒྱ་མཚོ་ལ་བལྟ་བའི་ཕྱོགས་ནས་རི་ཆེན་པོ་མང་དུ་འདུག །ཅེས་གསལ་བ་ལྟར་ཆུ་མོ་གངྒཱའི་ཉེ་འགྲམ་གྱི་བྲག་རི་ཆུང་ངུའི་སྟེང་དུ་ཆགས་ཡོད།

དེ་བཞིན་མཁས་དབང་དགེ་ཆོས་ (1903-1951) མཆོག་གིས་བརྩམས་པའི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ལས[22]། ཡང་གཱ་ཡ་ནས་ཀ་ལི་ཀ་ཏར་འགྲོ་བའི་ལམ་དུ་སུལ་ཏན་གན་ཇི་བྱ་བའི་གྲུ་ཟན་ལ་སླེབས། དེར་གྲོང་དང་ཉེ་བའི་གངྒཱའི་ཆུ་དཀྱིལ་ན་བྲག་རི་ལྷ་ཁང་ཅན་ཞིག་ཡོད་པའི་ཚུར་ངོས་ཀྱི་ཆུ་འགྲམ་བྲག་རི་ཆུང་ངུ་ཞིག་ཡོད་ས་དེ་བི་ཀྲ་མ་ལ་ཤཱི་ལའི་དགོན་ཤུལ་ཡིན་ཀྱང་ས་མ་བརྐོས་པས་ས་མིག་འདི་ཡིན་ད་དུང་མི་ཤེས། དེ་ནས་སོང་བས་བྷང་གལ་པུར་དུ་སླེབས་ཤིང་དེ་ནི་སྔོན་གྱི་བྷངྒ་ལའི་རྒྱལ་ཁབ་སྟེ་སློབ་དཔོན་ཞི་བ་འཚོ་དང་ཇོ་བོ་རྗེ་འཁྲུངས་སའི་གནས་ཡིན་ཅིང་ཡུལ་ཙམྤ་ཡང་དེ་ཡིན། ཟ་ཧོར་རམ་ས་ཧོར་ཡང་དེ་དང་ཉེ་བ་ནས་སྔོན་གྱི་ཕོ་བྲང་གི་ཤུལ་ཡིན་སོགས་ཡོད་ཟེར། ཞེས་གསུངས་པ་ལྟར། བི་ཧཱ་ར་མངའ་སྡེའི་གཞུང་གི་ནང་པའི་གནས་མཇལ་ལམ་ཡིག་གི་འཛམ་གླིང་དྲྭ་རྒྱའི་ནང་དགོན་ཤུལ་སོགས་ཀྱི་བརྙན་པར་ཡང་འགའ་ཤས་མཇལ་རྒྱུ་འདུག །མེ་འཁོར་འབབ་ཚུགས་ས་ཐག་ཉེ་ཤོས་ནི་ (Khalgaon) ཡིན་འདུག །ཡང་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མེ་འཁོར་བི་ཀྲ་མ་ཤཱི་ལའི་ཕོ་ཉ་ (Vikramashila Express) ཞེས་པ་ཨང་ (2367/2368) ལ་བསྡད་ནས་ཕེབས་ན་གནས་དེར་སླེབས་ཤིང་། (Bhagalpur) བྷ་ལག་པུར་ནས་གླ་འཁོར་ནང་ཕྱིན་ན་ལམ་ཐག་རིང་པོ་མིན་ལ། རྒྱས་པར་གཤམ་གསལ་གྱི་བི་ཧཱར་མངའ་སྡེའི་དྲྭ་རྒྱ་[23]ཞིག་འདུག་པ་དེར་གཟིགས་པར་ཞུ།

༥༽ བི་ཀྲ་མ་ཤཱི་ལའི་བཀོད་པའི་ཁྱད་པར།

རི་འབུར་དེ་ནས་ཆུ་བོ་གངྒཱ་མཐོང་བའི་རྣམ་པ།

དེ་ཡང་ཆོས་གཞི་འདིའི་བཀོད་པའི་ཁྱད་པར་ཇི་ལྟ་བུ་ཞིག་ཡོད་པ་ནི། དབྱངས་ཅན་དགའ་བློའི་ (1740-1827) ལམ་རིམ་བརྡ་བཀྲོལ་ལས[24]། རྒྱ་ཁྱོན་དང་བཀོད་པ་[25]ཇི་ལྟ་བུ་ཞིག་ཡོད་པ་ནི། འདི་ནི་ཡུལ་དབུས་མ་ག་དྷའི་བྱང་ངོས་ཆུ་བོ་གངྒཱའི་འགྲམ་ན་བྲག་རི་དེའུ་སྟེ་དམའ་མོ་ཞིག་གི་སྟེང་དུ་ཡོད་དེ། དབུས་སུ་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་སྐུ་ཚད་དང་མཉམ་པའི་ཐུབ་པའི་སྐུ་བཞུགས་པའི་ལྷ་ཁང་། དེའི་མཐའ་སྐོར་དུ་གསང་སྔགས་ནང་གི་ལྷ་ཁང་ཆུང་ངུ་ལྔ་བཅུ་ང་གསུམ། ལྷ་ཁང་དཀྱུས་མ་ལྔ་བཅུ་ང་བཞི་བཅས་ལྷ་ཁང་བརྒྱ་རྩ་བརྒྱད་ཡོད་པ་ཕྱི་ལྕགས་རིས་བསྐོར་བ་ཞིག་ཡིན་ལ། དེར་པཎྜི་ཏ་བཞུགས་པ་རྣམས་ཀྱིས་བསྟན་པའི་བྱ་བ་དུ་མ་མཛད་པ། ཁྱད་པར་སྔགས་ཀྱི་སློབ་དཔོན་མཁས་པ་མང་པོས་བསྟན་པ་བསྐྱངས་ཤིང་། ཇོ་བོ་རྗེ་ཡང་བོད་དུ་དེ་ནས་གདན་དྲངས་པ་ཡིན། དགེ་འདུན་གྱི་འཚོ་བ་ཡང་ཤིན་ཏུ་བཟང་པོའི་གནས་གཞི་ཞིག་ཅེས་གསུངས་ལ། དེ་བཞིན་མཁས་བཙུན་བཟང་པོ་ལགས་ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[26]། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནི། དེ་ཡང་མ་ག་དྷའི་བྱང་ངོས་ཆུ་བོ་གངྒཱའི་འགྲམ་རི་དེའུ་ཞིག་གི་རྩེ་ལ་དབུས་སུ་བྱང་ཆུབ་ཆེན་པོའི་སྐུ་ཚད་ཀྱི་ལྷ་ཁང་མཐའ་སྐོར་དུ་གསང་སྔགས་ནང་གི་ལྷ་ཁང་ཆུང་ངུ་ལྔ་བཅུ་ང་གསུམ། ལྷ་ཁང་དཀྱུས་མ་ལྔ་བཅུ་ང་བཞི། ལྷ་ཁང་རྩ་བརྒྱད་ཡོད་པ་ཕྱི་ལྕགས་རིས་བསྐོར་བ་བཞེངས། པཎྜི་ཏ་བརྒྱ་རྩ་བརྒྱད། གཏོར་མའི་སློབ་དཔོན། རབ་གནས་ཀྱི་སློབ་དཔོན། སྦྱིན་སྲེག་སློབ་དཔོན། བྱ་བ་བསྲུང་བ་དང་། ཕུག་རོན་བསྲུང་བ་དང་། ལྷ་འབངས་ཀྱི་གཉེར་བྱེད་པ་སྟེ་བརྒྱ་དང་བཅུ་བཞི་ལ་ཟས་གོས་ཀྱི་འཚོ་བའི་ཁྱད་པར་མི་བཞི་བཞིའི་འཚོ་བ་དང་མཉམ་པ་སྦྱར། ཟླ་དུས་ཟླ་དུས་སུ་ཆོས་ཉན་པ་པོ་ཐམས་ཅད་ལ་སྐབས་རེས་འཁོོར་གྱི་སྟོན་མོ་དང་ཡོན་བཟང་པོ་རེ་འབུལ་བར་མཛད། གནས་གཞི་དེའི་བདག་པོ་དེས་ནཱ་ལནྡྲེ་ཡང་སྐྱོང་བར་བྱེད་དོ། །པཎྜི་ཏ་རེ་རེས་ཆོས་སྣ་རེ་རྒྱུན་དུ་གསུངས་པས་ཆོས་གཞིའི་ཡོ་བྱད་ཟུར་དུ་མ་སྦྱར་ཡང་ཆོས་གཞི་བརྒྱ་རྩ་བརྒྱད་དང་དོན་གྱིས་མཉམ་པར་སོང་། ཞེས་གསལ་བ་ལ་ལྟར་ན་ཧ་ཅང་གཞི་རྒྱ་ཆེ་བའི་གཙུག་ལག་ཁང་ཞིག་ཡིན་པར་རྟོགས་ཐུབ།

གཞན་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) མཆོག་གིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[27]། བི་ཀྲ་མ་ལ་ཤཱི་ལ་ནི་ད་ལྟ་འཇིག་ནས་ཤུལ་ཡང་མི་ཤེས་པ་ཙམ་དུ་སོང་ཡང་། དཔེ་དེ་ད་དུང་ཡི་གེ་གསལ་ལ་ཁྲ་ཆེམ་མེ་བ་འདུག །འདིའི་དགེ་སློང་ཤི་ལ་ཨ་ཀ་ར་བྱ་བ་དེ་སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་ཡིན་ནམ་སྙམ། ཁོང་ཇོ་བོ་རྩྭ་མི་སངས་རྒྱས་གྲགས་པའི་སློབ་མ་ཡང་ཡིན། རྒྱ་གར་དུ་སྔ་ཕྱི་བསྡོམས་པས་ལོ་བཅོ་ལྔ་བཞུགས། འདུལ་བའི་སྐོར་དང་ཉི་ཁྲི་སོགས་ལ་བསྒྱུར་བཅོས་མང་པོ་མཛད། རྒྱ་དཔེ་ཡང་མང་པོ་གདན་དྲངས་ཞེས་བཤད་པས་ཕྱག་དཔེ་བོད་བྲིས་བྱས་པ་འདི་དག་ཀྱང་ཁོང་གི་ཕྱག་དཔེ་ཡིན་པར་བསམ། འདི་རྔོག་བློ་ལྡན་ཤེས་རབ་ཀྱི་སྐུ་ཚེའི་མཇུག་ཙམ་ན་འཁྲུངས་ཤིང་། ཆག་དགྲ་བཅོམ་པའི་བླ་མ་ཡིན་པར་འགོས་ལོས་གསུངས། དེ་དུས་ཙ་ན་བོད་པ་མང་པོ་བི་ཀྲ་མ་ཤཱི་ལར་འགྲོ་བའི་སྒང་ཡིན་ཅིང་དེར་བོད་པ་སྡོད་སའི་སྤྱི་ཁང་ཞིག་ཀྱང་ཡོད་པ་ཡིན་འདུག །ཅེས་གསལ་བ་ལྟར་དེང་སྐབས་ཆུ་མོ་གངྒཱའི་ཉེ་འགྲམ་དུ་སྔར་གྱི་དགོན་ཤུལ་ཞིག་མཇལ་རྒྱུ་ཡོད་པ་ནི། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ (1908-1989) གྱིས་བརྩམས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ལས[28]། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་ཞལ་ནས། བི་ཀྲ་མ་ཤི་ལ་ནི་བོད་སྐད་ལ་རྣམ་པར་གནོན་པ་ཟེར། དེའི་ཤུལ་ནི་གངྒཱའི་འགྲམ་དུ་པ་ཐར་གྷཌ་ཟེར་བ་དེ་རེད་གསུངས་ཞེས་གསལ་ལ། ཤཱཀྱའི་དགེ་བསྙེན་ཆོས་དཔལ་དར་དཔྱང་ (དུས་རབས་ 13 པ།) གིས་མཛད་པའི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར་ལས་[29]ཀྱང་། གངྒཱའི་ཕ་རོལ་ན་ཡུལ་མ་ག་དྷ་ཡོད་དོ། །བོད་སྐད་དུ་དབུས་འགྱུར་འཆང་། མ་དྷྱ་དབུས། ག་ཏི་གྱུར་པ། དྷ་ར་ཡ་ཏི་ཀ་འཆང་བའོ། །ཡུལ་དེ་ནི་རྡོ་རྗེ་གདན་ནས་ཕྱོགས་བཞིར་དཔག་ཚད་དྲུག་ཅུ་དྲུག་ཅུའི་ནང་ནི་དབུས་ཀྱི་སའོ། །དེ་ནི་སའི་ཆས་ཕྱེ་བའི་དབུས་ཡིན་ནོ། །བསྟན་པས་ཕྱེ་བའི་དབུས་ནི། ཐོས་བསམ་སྒོམ་གསུམ་གར་ཡོད་པ་ནི་དབུས། མེད་པ་ནི་མཐའ་འཁོབ་ཡིན་ནོ་གསུངས་སོ། །མ་ག་དྷའི་བྱེ་བྲག་དཀྵི་ཎ་ཞེས་པ་ལྷོ་ཕྱོགས་ཀྱི་རྒྱུད་ཅེས་པ་ན་བཛྲ་ས་ན་རྡོ་རྗེ་གདན་ཡོད། བྱ་རྒོད་ཕུང་པོའི་རི་དང་། ན་ལེནྡྲ་དང་། རྒྱལ་པོའི་ཁབ་དང་། འོད་མའི་ཚལ་ཡོད། བི་ཀྲ་མ་ཤི་ལ་ཆོས་རྗེ་གོང་མའི་དྲུང་དང་། ཁ་ཆེ་པཎ་ཆེན་གྱི་དུས་ན་ཡོད་པ་ན། ཆོས་རྗེ་བྱོན་པ་ན་གར་ལོག་གིས་རྨང་རྡོའང་བཏོན་ཏེ་ཆུ་བོ་གངྒཱ་ལ་བསྐྱུར་ནས་མི་འདུག་གསུངས། ཞེས་བྱུང་ལ། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ (1908-1989) གྱིས་བརྩམས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ལས་[30]ཀྱང་། ཆག་ཆོས་རྗེ་དཔལ་རྒྱ་གར་དུ་ཕེབས་སྐབས་གར་ལོག་པས་དགོན་པ་དེའི་བརྩིགས་རྨང་གི་རྡོ་རྣམས་བཏོན་གངྒཱར་བསྐྱུར་ནས་མི་འདུག་གསུངས་པ་ཕལ་ཆེར་ཕྱི་ལོ་ ༡༡༩༠ ནས་ ༡༢༡༦ བར་ལ་མེད་པ་བཟོས་འདུག །ཅེས་བྱུང་ལ། མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) མཆོག་གིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[31]། ནཱ་ལེནྡྲ་ལ་སོགས་པའི་རྒྱ་གར་གྱི་གཙུག་ལག་ཁང་རྙིང་མ་ཀུན་གྱི་རྨང་གཞི་ཡང་གཡུང་དྲུང་གི་རིས་ཁོ་ན་ཞིག་ཏུ་སྣང་ཞིང་། ཀ་བ་ཡང་རྡོ་ལས་བྱས་པ་རྣམས་ཕུར་བུའི་དབྱིབས་སམ། རང་རེའི་ཇོ་ཁང་གི་ཀ་བ་དང་ཁྱད་ཡེ་མེད་ལ། དབྱིབས་དང་རྒྱན་གཅིག་པར་མ་ཟད། ཚད་ཀྱང་གཅིག་ཤུལ་དུ་གཅིག་འཛུགས་ནུས་པ་ཙམ་དུ་འདྲ་བས། བིཀྲམ་ཤི་ལའི་ལྷ་ཁང་ལ་དཔེ་བྱས་ནས་རྒྱལ་པོས་བཞེངས་ཞེས་ཐང་ཡིག་ལས་འབྱུང་བ་དེ་བདེན་པར་སེམས་སོ། །ཞེས་གསལ་བ་ལྟར། ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?) རྒྱལ་པོ་བཀའི་ཐང་ཡིག་ལས་[32]ཀྱང་། རྒྱ་གར་ཡུལ་གྱི་གཙུག་ལག་ཁང་ཆེན་ནི༔ ཀཱ་མ་ལ་ཡི་གཙུག་ལག་དཔེར་བླངས་ནས༔ ལྷ་ས་འཕྲུལ་སྣང་ར་མོ་ཆེ་ལ་སོགས༔ མཐའ་འདུལ་ཡང་འདུལ་གཙུག་ལག་བཞི་བཅུ་བཞེངས༔ ཞེས་ཀྱང་བྱུང་ངོ་།།

འདིའི་སྐོར་ཞིབ་འཇུག་པ་མང་པོས་བཤད་པ་སྣ་ཚོགས་ཤིག་གནང་འདུག་ཀྱང་། དེང་དུས་ཀྱི་ས་འོག་སྔོག་འདོན་པས་རྙེད་སོན་བྱུང་བའི་བི་ཀྲ་མ་ཤཱི་ལའི་དགོན་ཤུལ་ཡིན་པར་ཚོད་དཔག་བྱེད་པའི་ས་ཤུལ་དེ་ནི་ (Bhagalpur) གྱི་རྫོང་ཁོངས་སུ་གཏོགས་པའི་གྲོང་གསེབ་ (Antichak) ནང་ཡོད་པའི་འགྲེལ་བརྗོད་བྱེད་ཅིང་། ཕྱི་ལོ་ ༡༩༦༠-༡༩༦༡ ཡས་མས་ནས་ས་འོག་སྔོག་འདོན་གྱི་ལས་འགུལ་འགོ་བརྩམས་པ་ནས་བཟུང་། རྡོ་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་མང་དག་ཅིག་དང་། མཆོད་རྟེན། ཐེལ་ཙེ་སོགས་རྙེད་སོན་བྱུང་ཞིང་། ཁོར་ཡུག་གི་བཀོད་པ་ནི་མཐའ་རྡོ་ཡིས་ར་བས་བསྐོར་བའི་དབུས་སུ་དགོན་སྡེ། དེའི་དབུས་སུ་གཙུག་ལག་ཁང་། དེའི་མཐའ་སྐོར་དུ་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ་བཅས་སོ།།

༦༽ བི་ཀྲ་མ་ལ་ཤཱི་ལའི་གདན་རབས་རིམ་བྱུང་།

དེ་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899/1900) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[33]
ཕྱིས་སུ་དྷརྨ་པཱ་ལས་བཞེངས་པ་ཡི། །
རྣམ་གནོན་ཚུལ་གྱིས་བསྔགས་པའི་གཙུག་ལག་ཏུ། །
ཡེ་ཤེས་ཞབས་སོགས་སྔགས་ཀྱི་སློབ་དཔོན་དང༌། །
མཁས་པ་སྒོ་དྲུག་ཇོ་བོ་འཇིགས་མེད་འབྱུང༌། །
ཤཱཀྱ་ཤྲཱི་སོགས་ཀྱིས་བསྟན་པ་བསྐྱངས། །
འཕགས་པའི་ཡུལ་དུ་ཐེག་པ་ཆེ་ཆུང་གི་ཆོས་གྲྭ་དཔག་ཏུ་མེད་པ་བྱུང་ཡང་། སྔགས་ཀྱི་ཆོས་གྲྭ་ཡོངས་སུ་གྲགས་པ་ནི་ཙནྡྲའི་རིགས་ཀྱི་རྒྱལ་པོ་རྣམས་རྫོགས་པའི་ཕྱིས་སུ་པཱ་ལའི་རིགས་ཅན་བཅུ་བཞི་བྱུང་བའི་བཞི་པ་རྒྱལ་པོ་དྷརྨ་པཱ་ལ་ཞེས་མངའ་ཐང་ཤིན་ཏུ་ཆེ་བ་དེས། མ་ག་དྷཱའི་བྱང་ངོས་གངྒཱའི་འགྲམ་དུ་རི་དེའུ་ཞིག་གི་རྩེར་བཞེངས་པ་བི་ཀྲ་མ་ཤཱི་ལ་སྟེ་རྣམ་གནོན་ངང་ཚུལ་ཞེས་པའི་མཚན་གྱིས་བསྔགས་པའི་གཙུག་ལག་ཁང་ཆེན་པོར་བསྟན་པ་གསལ་བྱེད་ཀྱི་པཎྜི་ཏ་དང༌། ཡེ་ཤེས་ཞབས་སོགས་སྔགས་ཀྱི་སློབ་དཔོན་ཆེས་ཆེ་བ་མང་ངོ༌། །མཁས་པ་སྒོ་དྲུག་ཏུ་གྲགས་པ་རྣམས་དང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ །རྩོད་དུས་ཀྱི་སངས་རྒྱས་གཉིས་པ་ཨ་བྷཱ་ཡཱ་ཀ་ར་གུཔྟ། མ་བྱོན་སངས་རྒྱས་བདུན་པ་པཎ་ཆེན་ཤཱཀྱ་ཤྲཱི་ལ་སོགས་པ་རིམ་པར་བྱོན་པ་རྣམས་ཀྱིས་མདོ་སྔགས་ཀྱི་བསྟན་པ་ཟུང་འབྲེལ་དུ་བསྐྱངས་སོ། །ཞེས་གསུངས་པ་ལྟར་རོ།།

དེ་བཞིན་རབ་འབྱམས་ལེགས་བཤད་རྒྱ་མཚོས་ (1903-1960) མཛད་པའི་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་ལ་བསྟོད་པ་ལས[34]
ཤར་སྒོ་ཤནྟི་ལྷོ་སྒོ་ངག་དབང་གྲགས། །ནུབ་སྒོ་རིན་འབྱུང་བྱང་སྒོ་ནཱ་རོ་པ། །
དབུས་ཀྱི་ཀ་ཆེན་རིན་རྡོར་ཛྙཱ་ན་ཤྲཱི། །འཕགས་ཡུལ་མཁས་པ་སྒོ་དྲུག་རྣམས་ལ་འདུད། །
ཅེས་བསྔགས་པའི་མཁས་པ་སྒོ་དྲུག་ནི། ཤར་པ་ཆེན་པོ་རྡོ་རྗེ་འོད་ཟེར་གྱིས་མཛད་པའི་བདེ་མཆོག་ལཱུ་ཧི་པའི་བླ་མ་བརྒྱུད་པའི་རྣམ་ཐར་ལས[35]། དེའང་བི་ཀ་ལ་ཤཱི་ལའི་གཙུག་ལག་ཁང་ན་དུས་མཉམ་པའི་མཁས་པ་སྒོ་དྲུག་ཅེས་བྱ་བ་ཡོད་དེ། ཤར་ཕྱོགས་ཀྱི་སྒོ་སྲུང་སློབ་དཔོན་ཤཱནྟི་པ་དེ་ལ་སྒྲ་ཚད་འདྲི་བ་འོང་པས་དེའི་རྩོད་པ་བཟློག །ལྷོ་ན་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་དེ་ནས་རྩོད་པ་ཐམས་ཅད་བཟློག །ནུབ་ན་ཤེས་རབ་འབྱུང་གནས་བློ་གྲོས་དེས་མུ་སྟེགས་ཀྱི་རྩོད་པ་བཟློག །བྱང་ན་ཇོ་བོ་ནཱ་རོ་པ་དེ་ནས་ཐེག་པ་ཆེན་པོའི་ལུང་འདྲི་བའི་རྩོད་པ་བཟློག །དབུས་ནས་ཇོ་བོ་ཛྙ་ན་མི་ཏྲ་དང་རིན་ཆེན་རྡོ་རྗེ་ཞེས་པ་གཉིས་བཞུགས་ཏེ། དེ་གོང་མ་རྣམས་དང་ཆེ་ཆུང་གང་ཡང་མེད་ཀྱང་དབུས་ཀྱི་ཀ་ཆེན་ཞེས་གྲགས་སོ། །དེ་ལ་གཞན་རྣམས་ཀྱི་མིང་ནི་རབ་ཏུ་བྱུང་བའི་མིང་ཡིན་ལ། ཇོ་བོ་ནཱ་རོ་ཏ་པ་ནི་རིགས་ལ་མིང་བཏགས་པ་ཡིན་ཏེ། བྲམ་ཟེ་ལ་དཀར་པོ་རིགས་བརྒྱད་དང་། ནག་པོའི་རིགས་བརྒྱད་དེ་བཅུ་དྲུག་ཡོད་པ་ལས། འདིར་བྲམ་ཟེའི་རིགས་བཟང་ཞིང་དཀར་པོ་ཡིན། དེའི་ནང་ནས་བཟང་བ་ནཱ་རོ་ཏ་ཞེས་བྱ་བ་དང་། ཀ་ཤ་བྱ་བ་གཉིས་ལས་འདི་དང་པོ་ཡིན་ནོ། །པ་ཞེས་བྱ་བ་ནི་མཆོག་ཏུ་གྱུར་པ་བསྐུར་ཚིག་ཡིན་པས། ནཱ་རོ་ཏ་པ་ཞེས་གྲགས་པ་ཡིན་ནོ། །ཞེས་གསལ་ལོ།།

ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899/1900) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[36]། དེ་ལས་སློབ་དཔོན་སེང་གེ་བཟང་པོའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཨོ་ཌྱན་དུ་བྱོན་ནས། ལཀྵྨཱི་ཆེན་མོ་མཉེས་པར་བྱས། གཞན་ཡང་སྲུང་བའི་ཞབས་དང་། འཇམ་དཔལ་བཤེས་གཉེན་སོགས་ལས་གསང་བ་འདུས་པའི་དབང་རྒྱུད་མན་ངག་བཅས་པ་མནོས་ནས་བསྒོམས་པས་ཀྱང་གྲུབ་སྟེ། བི་ཀྲ་མ་ཤཱི་ལར་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་མཛད་དེ་ཀྲི་ཡོག་སྡེ་གསུམ་དང༌། ནང་རྒྱུད་སྡེ་ལྔ་སྟེ། འདུས་པ། སྒྱུ་འཕྲུལ་དྲྭ་བ། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ། འཇམ་དཔལ་ཁྲོས་པ་རྣམས་དང༌། ཁྱད་པར་གསང་བ་འདུས་པའི་རྒྱུད་གཙོ་བོར་བཤད་པས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱ་ཆེར་རྒྱས་པར་མཛད། སྒྲུབ་ཐབས་ཀུན་བཟང༌། རྫོགས་རིམ་གྲོལ་བའི་ཐིག་ལེ་སོགས་མཛད་ཅིང་འདུས་པ་ཡེ་ཤེས་ཞབས་ལུགས་ཞེས་སྲོལ་ཆེན་གཅིག་ཏུ་གྲགས། འཇམ་དཔལ་གྱི་གསུང་ལ་ཟིན་བྲིས་སུ་མཛད་པ་འཇམ་དཔལ་ཞལ་ལུང་སོགས་གཞུང་བཅུ་བཞི་དང་གཞན་ཡང་གཞུང་མང་པོ་མཛད། སློབ་མ་ཤིན་ཏུ་མང་ཡང་གཙོ་བོར་རྒྱལ་ཚབ་ཀྱི་ས་ལ་གནས་པ་བཅོ་བརྒྱད་དང༌། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་མར་མེ་མཛད་བཟང་པོ། རབ་ཞི་བཤེས་གཉེན། སྒྲ་གཅན་འཛིན་བཟང་པོ། རྡོ་རྗེ་བདེ་བ་ཆེན་པོ་སྟེ་མཆོག་བཞི་བྱོན་ནོ།།

དེའི་རྗེས་སུ་རིམ་པར་བྱོན་པའི་སྡོམ་ནི[37]། ཡེ་ཤེས་ཞབས་དང་མར་མེ་མཛད་བཟང་པོ། །ལང་ཀ་རྒྱལ་བཟང་དཔལ་འཛིན་བྷ་བ་ལྷ། །སྐལ་ལྡན་གྲགས་པ་ལཱི་ལ་བཛྲ་དང༌། །མི་ཐུབ་ཟླ་བ་དམ་ཚིག་རྡོ་རྗེ་དང༌། །དེ་བཞིན་གཤེགས་སྲུང་བྱང་ཆུབ་བཟང་པོ་དང༌། །པདྨ་སྲུང་བ་ཞེས་བྱ་བཅུ་གཉིས་[38]པོ། །རྣམ་གནོན་ཚུལ་གྱིས་བསྔགས་པའི་སློབ་དཔོན་ཡིན། །དེ་ནས་མཁས་པ་སྒོ་དྲུག་ལ་སོགས་དང༌། །གསང་སྔགས་སློབ་དཔོན་རྣམ་པ་སྣ་ཚོགས་བྱོན། །ཞེས་རྗེ་བཙུན་ཆེན་པོས་གསུངས་པ་ལྟར་རོ།།

དེ་ལྟར་མཁས་པ་སྒོ་དྲུག་རྣམས་ནི། སྔར་རྒྱ་གར་གྱི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་མུ་སྟེགས་པའི་རྒོལ་བ་སོགས་རིགས་པ་དང་ནུས་པས་སྲུང་བ་པོ་སྟེ། ༡ དེའང་ཤར་སྒོ་སྲུང་བ་རྩོད་ལྡན་དུས་ཀྱི་ཐམས་ཅད་མཁྱེན་པ་ཤནྟཱི་པ་དང་། ༢ ལྷོ་ཕྱོགས་ཀྱི་སྒོ་སྲུང་བ་ཤེས་རབ་འབྱུང་གནས། ༣ ནུབ་ཕྱོགས་ཀྱི་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ། ༤ བྱང་སྒོ་སྲུང་བ་པཎ་ཆེན་ནཱ་རོ་པ། ༥ དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་དང་། ༦ དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ་བཅས་ཡིན་ལ། མཁས་པ་སྒོ་དྲུག་དེ་དག་ནི་མདོ་སྔགས་ཀྱི་བསྟན་བཅོས་མང་པོ་རྩོམ་པ་པོ་དང་། ཆེས་ངོ་མཚར་བའི་མཛད་པ་མང་པོས་དེ་སྐབས་ཀྱི་སྐྱེ་བོ་དག་ཆོས་ལ་བཙུད་དེ་བདེ་བར་གཤེགས་པའི་བསྟན་པ་སྤྱི་དང་། ཁྱད་པར་ཐེག་པ་ཆེན་པོའི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་པ་ཡིན་ནོ། །དེ་དག་གི་རྣམ་ཐར་ཞིབ་ཕྲ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་རབས་རིམ་བྱོན་གྱི་སྐབས་སུ་བཀོད་ཟིན་པས་དེར་གཟིགས་པར་འཚལ་ལོ།།

ཇོ་བོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་བི་ཀྲ་མ་ཤཱི་ལ་དང༌། ཨོ་ཏནྟ་པུ་རིར་གཙོ་བོར་བསྟན་པ་བསྐྱངས་ཏེ་འདི་ནི་གཙོ་བོར་གསེར་གླིང་པ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ལྷག་པར་བསྒོམས་པ་ཞིག་ཡིན་ལ་མཁས་གྲུབ་ཀྱི་ཡོན་ཏན་དང་བསྟན་པ་སྤེལ་བའི་མཛད་པ་ནི་སློབ་དཔོན་སྔ་མ་རྣམས་ལས་མི་དམན་པར་གྲགས། གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་ལ་མཁས་ཤིང་མཐོང་ལམ་གྱི་ཡོན་ཏན་བརྙེས། སློབ་མའང་པི་ཊོ་བ་ཆེན་པོ་སོགས་རྡོ་རྗེ་འཛིན་པ་མང་དུ་བྱོན། ཁྱད་པར་གངས་ཅན་གྱི་ལྗོངས་སུ་བཀའ་དྲིན་དང་འཕྲིན་ལས་ལྷག་པར་ཆེའོ། །ཞེས་གསུངས་པ་ལྟར་རོ།།

དེ་ལྟར་སྔར་རྒྱ་གར་འཕགས་ཡུལ་དུ་དཔལ་ནཱ་ལནྡཱ་དང་། བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་ཞེས་ནང་བསྟན་གྱི་ཆེས་མཐོའི་གཙུག་ལག་སློབ་ཁང་ཆེན་པོ་གཉིས་བྱུང་བ་ལས། བི་ཀྲ་མ་ཤི་ལའི་ནང་མདོ་སྔགས་གཉིས་ཀ་ཡོད་ལ། སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་རེས་བསྟན་པ་བསྐྱངས་པ་ཡིན་ཏེ། དང་པོ་སློབ་དཔོན་སངས་རྒྱས་ཡེ་ཤེས་དང་། དེ་རྗེས་མར་མེ་མཛད་བཟང་པོ་དང་། ལངྐ་རྒྱལ་བ་བཟང་པོ་སོགས་བྱོན་ཚུལ་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[39]། སྔོན་རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་གི་དུས་ནས་ཕྱིས་རྒྱལ་པོ་ཙ་ན་ཀ་མ་བྱུང་གི་བར་དུ་རྒྱལ་རབས་ལྔ་ཙམ་གྱི་རིང་ལ་བི་ཀྲ་མ་ལ་ཤཱི་ལར་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་རེས་བསྟན་པ་བསྐྱངས་པ་ཡིན་ཏེ། རྒྱལ་པོ་དྷརྨ་པཱ་ལ་རང་གི་དུས་དང་པོར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་དང༌། དེ་རྗེས་མར་མེ་མཛད་བཟང་པོས་བསྟན་པ་བསྐྱངས་ཞེས་སོགས་བྱུང་བ་ལྟར། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་དང་། དེ་རྗེས་མར་མེ་མཛད་བཟང་པོ་རྣམ་གཉིས་དང་། རྒྱལ་པོ་མ་སུ་རཀྵི་ཏའི་དུས་སུ་ལངྒ་རྒྱལ་བ་བཟང་པོ་བྱོན་པ་དང་། དེའི་འོག་ཏུ་བྲམ་ཟེའི་སློབ་དཔོན་དཔལ་འཛིན་དང་། དེ་རྗེས་བྷ་ཝ་བྷ་དྲ། དེ་རྗེས་སྐལ་ལྡན་གྲགས་པ[40]། དེ་རྗེས་ལཱི་ལ་བཛྲ། དེ་རྗེས་མི་ཐུབ་ཟླ་བ། དེ་རྗེས་ནག་པོ་དམ་ཚིག་རྡོ་རྗེ། དེ་ནས་ཏ་ཐཱ་ག་ཏ་རཀྵི་ཏ་བྱོན། དེ་རྗེས་བོ་དྷི་བྷ་དྲ། དེ་རྗེས་ཀ་མ་ལ་རཀྵི་ཏ་བཅས་རིམ་པར་བྱོན་པ་དང་། ཡང་དེ་ཉིད་ལས[41]། དེ་ལྟར་སློབ་དཔོན་བཅུ་གཉིས་པོ་དེ་དག་ལས་དང་པོ་གཉིས་མ་གཏོགས་གཞན་རྣམས་ཀྱིས་ལོ་བཅུ་གཉིས་རེ་རིམ་པ་བཞིན་གདན་ས་མཛད་དོ་ཞེས་ཟེར། ཀ་མ་ལ་རཀྵི་ཏའི་རྗེས་སུ་མཁས་པ་སྒོ་དྲུག་བྱུང་། དེའི་འོག་ཏུ་སྔགས་ཀྱི་སློབ་དཔོན་ཐོར་བུ་ཤིན་ཏུ་མང་བར་བྱུང་། མར་མེ་མཛད་ཡེ་ཤེས་ལ་སོགས་པ་བསྟན་པ་སྤྱིར་སྐྱོང་བའི་གདན་རབས་ཀྱང་མ་ཆད་ཙམ་དུ་བྱུང་སྟེ། མཁས་པ་སྒོ་དྲུག་གི་འོག་ཏུ་ལོ་འགའ་ཞིག་ཐོར་བུར་གནས་པ་ལས་མཁན་པོ་མེད། དེ་ནས་མར་མེ་མཛད་དཔལ་ཡེ་ཤེས་བྱོན། དེ་ནས་ལོ་བདུན་མཁན་པོ་མེད། དེ་རྗེས་རྡོ་རྗེ་གདན་པ་ཆེན་པོས་མཁན་པོ་ཅུང་ཟད་མཛད། དེ་རྗེས་ན་རེནྡྲ་ཤྲཱི་ཛྙཱ་ན་ཟེར་བ་ཞིག་གིས་མཁན་པོ་མཛད། དེ་རྗེས་དཱ་ན་རཀྵི་ཏས་མཛད། དེ་རྗེས་ཨ་བྷ་ཡཱ་ཀ་རས་ཡུན་རིང་དུ་མཛད། དེ་རྗེས་བུ་བྷ་ཡཱ་ཀ་ར་གུཔྟས་མཛད། དེ་རྗེས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་མཛད། དེ་ནས་བི་ཀྲ་མ་ལ་ཤཱི་ལ་ནུབ་བོ། །ཞེས་བྱུང་བ་ལྟར་བོད་ཡུལ་དུ་སྙན་གྲགས་ཤིན་ཏུ་ཆེ་བའི་མཁས་གྲུབ་ལོ་པཎ་དུ་མ་ཞིག་ཀྱང་ཆོས་གཞི་འདིར་བྱོན་ནས་གསན་བསམ་མཛད་པ་སྟེ། མཁས་པ་སྒོ་དྲུག་རྣམས་འདི་ནས་ཡིན་ལ། ཇོ་བོ་རྗེ་ལྷ་གཅིག་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་དགེ་བསྐོས་མཛད་སྐབས་པཎ་ཆེན་མཻ་ཏྲྀ་པས་ཕག་མོ་མཆོད་པའི་མཆོད་ཆང་བསྣམས་པ་གཟིགས་ཏེ་གནས་ནས་ཕྱུང་བ་ན། ཉམས་པ་སྒོ་ནས་འགྲོར་མི་རུང་ཞེས་རྩིག་པ་ལ་ཐལ་གྱིས་བཞུད་ཅིང་། མདུན་གྱི་ཆུ་བོ་གངྒཱ་ལ་གདིང་བ་བཏིང་སྟེ་ཕེབས་པ་ཡང་ཆོས་སྡེ་འདི་ནས་ཡིན། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ཡང་འདི་ནས་བོད་དུ་བྱོན་ཅིང་། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱང་གཙུག་ལག་ཁང་འདིར་བྱོན་ནས་སྦྱངས་པ་མཛད་ལ། སྒྲ་སྒྱུར་གྱི་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱང་ཐོག་མར་གཙུག་ལག་ལག་འདིར་བྱོན་པས་མཚོན་མང་དུ་བྱུང་ངོ་།།

དེ་བཞིན་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ (1173-1236) གྱིས་མཛད་པའི་ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ་ལས[42]། དེ་ནས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ། མི་ཟད་དུ་བའི་ཚུལ་ཁྲིམས་ངག་རྣམ་པར་གནོན་པ་ཞེས་བྱ་བས་བླ་མ་ཉིད་ལ། དབང་བསྐུར་ཞུས་པས་བུམ་པའི་ཆུ་བདུད་རྩིར་གྱུར་པ་ཁོལ་ཞིང་ཡུན་རིང་དུ་བབས་ཤིང་མི་ཟད་པ་བྱུང་བ་དང་། རབ་ཏུ་བྱུང་བའི་དགེ་འདུན་སྟོང་ཕྲག་མང་པོའི་གཙོ་བོར་ཆོས་རྗེ་ཉིད་དབང་བསྐུར་ནས་རང་རང་གི་བློ་དང་བསྟུན་པའི་ཐེག་པ་སྣ་ཚོགས་ཀྱི་ཆར་ཕབ་སྟེ་ཚིམ་པར་མཛད་པ་ལ། གནུབས་ལོ་ཆེན་པོས།
མཉམ་མེད་བི་ཀྲ་མའི་ལྷ་ཁང་དུ། །
སྟོང་ཕྲག་དགེ་སྦྱོང་གཙོ་བོར་དབང་བསྐུར་ཏེ། །
སྣ་ཚོགས་ལེགས་བཤད་བདུད་རྩིའི་ཆར་རྒྱུན་ཕབ། །
མ་ལུས་ཡོན་གནས་གྱུར་ལ་ཕྱག་འཚལ་ལོ། །
ཞེས་ཆེད་དུ་བརྗོད་དོ།།

དེ་དག་ནི་བི་ཀྲ་མ་ལ་ཤཱི་ལའི་གདན་རབས་ཀྱི་སྐབས་སུ་གདན་རབས་སོ་སོའི་རྣམ་ཐར་དང་བཅས་པ་ཞིབ་ཕྲ་གསལ་བ་ལྟར་བི་ཀྲ་མ་ཤཱི་ལ་སྟེ་བསྒྱུར་ན་རྣམ་གནོན་ངང་ཚུལ་ཞེས་པའི་མཚན་གྱིས་བསྔགས་པའི་གཙུག་ལག་ཁང་ཆེན་པོ་དེར་མཚན་སྙན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་མཁས་གྲུབ་ལོ་པཎ་གྱི་སྐྱེས་བུ་དམ་པ་བར་མ་ཆད་པར་བྱོན་པ་ལས་གཙོ་བོར་གྱུར་པ་ནི། སློབ་དཔོན་སེངྒེ་བཟང་པོའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་སོགས་སྔགས་ཀྱི་སློབ་དཔོན་ཆེས་ཆེན་པོ་མང་དུ་བྱོན་པ་དང་། གཞན་ཡང་མཁས་པ་སྒོ་དྲུག་ཏུ་གྲགས་པ་རྣམས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ །རྩོད་དུས་ཀྱི་སངས་རྒྱས་གཉིས་པ་ཨ་བྷྱ་ཀ་ར་གུཔྟ། པཎ་ཆེན་ཤཱཀྱ་ཤྲཱི་ལ་སོགས་རིམ་པར་བྱོན་ཏེ་མདོ་སྔགས་ཀྱི་བསྟན་པ་ཟུང་འབྲེལ་དུ་བསྐྱངས་པའི་གྲུབ་ཐོབ་དང་པཎྜི་ཏ་བགྲང་ལས་འདས་པ་བྱོན་པའི་སློབ་གཉེར་གྱི་བསྟི་གནས་ཆེན་པོ་ཞིག་ཡིན་ལ། བི་ཀྲ་མ་ཤྲཱི་ལའི་གཙུག་ལག་ཁང་འདིར་བཞུགས་པའི་པཎྜི་ཏ་རྣམས་ཀྱིས་ཉན་པ་པོའི་སྣོད་དུ་བྱ་བ་དང་། བསྟན་པའི་རྣམ་གཞག་ངེས་པ་བཅས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་ཀྱང་ཡིན་ནོ།།

བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནས་བྱོན་པའི་པཎ་གྲུབ་ཀྱི་ཆ་ནས་བརྗོད་ན། ༡༽ བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་པཎྜི་ཏ་ཆེན་པོ་མཉྫུ་ཤྲཱི་དང༌། ༢༽ དགེ་བའི་སྡོང་པོ་ཞེས་བྱ་བའི་རབ་ཏུ་བྱེད་པ་མཛད་པ་པོ། བི་ཀྲ་མ་ཤཱི་ལའི་པཎྜི་ཏ་རཏྣ་ཀཱིརྟི། ༣༽ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་དང་། བསླབ་པ་ཀུན་ལས་བཏུས་པའི་ཕྱོགས་ཙམ་ཞིག་བླངས་པའི་བཤད་པ་བསླབ་པའི་མེ་ཏོག་སྙེ་མ་སོགས་མཛད་པ་པོ། དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་གི་མཁས་པ་ཆེན་པོ་དགེ་སློང་བཻ་རོ་ཙ་ན་རཀྵི་ཏ། ཇོ་བོ་ལྷ་གཅིག་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན། དཔལ་བི་ཀྲ་མ་ཤཱི་ལའི་མཁས་པ་ཆེན་པོ་ཤྲཱི་དཱི་པཾ་ཀ་ར་རཀྵི་ཏ་སོགས་བསྟན་བཅོས་མཛད་པ་པོ་དང་། སྒྲ་བསྒྱུར་མཛད་གནང་མཁན་གྱི་པཎ་གྲུབ་མང་དུ་བྱུང་ཡོད།

དེ་ལྟ་བུའི་མཁས་པའི་འབྱུང་གནས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནི། བསྟན་བཅོས་མཛད་ཡུལ་གྱི་ཆ་ནས་བརྗོད་ནའང་གལ་གནད་ཤིན་ཏུ་ཆེ་བ་སྟེ།  གཙུག་ལག་ཁང་དེ་ཉིད་དུ་མཛད་པའི་བསྟན་བཅོས་དུ་མ་ཞིག་བསྟན་འགྱུར་དུ་བཞུགས་ཡོད། དེ་ཡང་། ༡༽ དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པར་གྲུབ་པའི་རྒྱ་ཆེར་འགྲེལ་པ་དེ་ཁོ་ན་ཉིད་བཤད་པ་ཞེས་བྱ་བ། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་དགེ་སློང་པཎྜི་ཏ་བརྩོན་འགྲུས་དཔལ་བཤེས་གཉེན་གྱིས་མཛད་པ། བལ་པོའི་པཎྜི་ཏ་མཉྫུ་ཤྲཱི་དང་ཛེ་ཏཱ་ཀརྞའི་ཞལ་སྔ་ནས་མཉན་ཏེ། ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་དཔལ་ཐར་པ་གླིང་དུ་ལེགས་པར་བསྒྱུར་བ་སོགས་བསྟན་འགྱུར་ཁག་ཏུ་གསལ་བ་ལས་རྟོགས་ནུས་སོ།།

བསྟན་བཅོས་སྒྲ་སྒྱུར་མཛད་ཡུལ་གྱི་ཆ་ནས་བརྗོད་ནའང་། ༡༽ སློབ་དཔོན་དཔལ་པདྨ་འབྱུང་གནས་ཞབས་ཀྱིས་མཛད་པའི་དམ་ཚིག་ལྔ་པ། རིག་པའི་འབྱུང་གནས་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་ཁམས་པ་ལོ་ཙཱ་བ་བ་རི་དྷརྨ་ཀཱིརྟིས་བསྒྱུར་བ་དང་། ༢༽ ཁ་ཆེའི་སློབ་དཔོན་ཉི་མ་སྦས་པས་མཛད་པའི་རྗེ་བཙུན་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་པའི་ལས་ཀྱི་ཡན་ལག་དང་བཅས་པ་མདོར་བསྡུས་པ་ཞེས་བྱ་བ། མཁས་པ་ཆེན་པོ་མཉྫུ་ཤྲཱི་དང༌། ལོ་ཙཱ་བ་ཆེན་པོ་མལ་གྱོ་བློ་གྲོས་གྲགས་པས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་བ། ༣༽ སྒྲོལ་མ་དཀོན་མཆོག་གསུམ་ལ་བསྟོད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་བ། ༤༽ སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ཆེན་པོར་པཎྜི་ཏ་མཁས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏ་དང་། ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་དཔལ་གྱིས་སྒྲ་བསྒྱུར་མཛད་པ། ༥༽ སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རྒྱ་བརྩོན་སེང་གེས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་བ་སོགས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནི་བཀའ་བསྟན་སྒྲ་སྒྱུར་མཛད་ཡུལ་གྱི་གནས་གལ་ཆེན་ཞིག་ཀྱང་ཆགས་ཡོད།

མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་བརྩམས་པའི་རྒྱ་གར་གྱི་ནང་པའི་གསང་སྔགས་ཀྱི་ལྟ་གྲུབ་ཆོས་འབྱུང་ལས[43]། ཝི་ཀྲ་མ་ཤཱི་ལའི་གདན་རབས། ཝཱར་ཎ་ལྕགས་པར་མའི་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་(P.210.4) ལས། བྷེ་ཡ་པཱ་ལ་རྒྱལ་སྲིད་དུ་བསྐོས་ནས། བྷཾ་ག་ལའི་ཤར་ཕྱོགས་རྒྱ་མཚོ་དང་གངྒཱ་འདྲེས་མཚམས་ཀྱི་གླིང་ཕྲན་འདྲ་བ་བྷ་ཊི་ཞེས་བྱ་བའི་ཡུལ་དུ་བསྡད་ནས་ལོ་ལྔ་ནས་འདས་སོ། །དེ་སྐབས་སུ་བྱུང་བའི་མཁས་པ་སྒོ་དྲུག་ལས། ཤར་སྒོ་སྲུང་བ་པོ་རཏྣ་ཨཱ་ཀ་ར་སྟེ་ཤཱནྟི་པའི་ (Prajnakaramati) ནི་རིག་པའི་གནས་ཐམས་ཅད་ལ་མཁས་ཤིང་འཇམ་དཔལ་གྱི་ཞལ་མངོན་སུམ་དུ་གཟིགས་པ། ཞེས་དང་། (210.16) ནུབ་སྒོ་སྲུང་བ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་ (Vagisvarakirti) ནི། ཡུལ་ཝཱ་རཱ་ཎ་སཱིར་སྐུ་འཁྲུངས། རིགས་ནི་རྒྱལ་རིགས་ཡིན། དགེ་འདུན་ཕལ་ཆེན་སྡེ་པ་ལས་རབ་ཏུ་བྱུང་བ། མཁན་པོས་བཏགས་པའི་མཚན་ནི་ཤཱི་ལ་ཀཱརྟི་ཞེས་བྱའོ། །ཞེས་དང་། (P213.17) བྱང་སྒོ་སྲུང་བ་ནི། ནཱ་རོ་པ་ (Naropa) ཡིན་ལ། དེའི་ལོ་རྒྱུས་གཞན་དུ་ཤེས། སློབ་དཔོན་དེ་ལ་ནི་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཤཱནྟི་པས་ཀྱང་ཆོས་གསན། ཞེས་དང་། (P.214.20) དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ། (Ratnavajra) ཞེས་དང་། (P.216.4) དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ་ (jnasrimitra) ནི་མཐའ་གཉིས་སེལ་བའི་བསྟན་བཅོས་མཛད་མཁན་དེ་ཡིན་ལ། དཔལ་ལྡན་ཨ་ཏི་ཤའི་ཡང་བཀའ་དྲིན་ཆེ་བའི་བླ་མ་ཞིག་ཡིན། ཞེས་དང་། (P.217.13) མཁས་པ་སྒོ་དྲུག་འདས་པའི་འོག་ཙམ་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤར་གྲགས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ (Atisa or Dipamkarasrijnana 981-1054) མཁན་པོར་སྤྱན་དྲངས། འདིས་ཨོ་ཏནྟ་པུ་རི་ཡང་བསྐྱངས། དེ་ནས་མི་རིང་བ་ན་མངའ་བདག་མཻ་ཏྲི་པའི་ (Maitai) འཕྲིན་ལས་ཀྱང་དར། ཞེས་དང་། (P.223.7) སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟ་ (Abhayakaragupta) རྡོ་རྗེ་གདན་གྱི་མཁན་པོར་སྤྱན་དྲངས། དེ་ནས་ལོ་མང་པོ་ཞིག་སོང་བ་ཝི་ཀྲ་མ་ཤཱི་ལ་དང་། ནཱ་ལནྡཱའི་མཁན་པོར་སྤྱན་དྲངས། དེ་སྐབས་སྔོན་གྱི་རིམ་པ་དང་མི་འདྲ་བར་གྱུར་ཏེ། ཝི་ཀྲ་མ་ཤཱི་ལར་པཎྜི་ཏ་བརྒྱ་དྲུག་ཅུ་ཙམ་རེ་དང་། གཏན་དུ་བཞུགས་པའི་དགེ་སློང་སྟོང་རེ་ཡོད་ཅིང་། མཆོད་པ་ལ་སོགས་པའི་དུས་སུ་རབ་བྱུང་སྟོང་རེ་འདུ། རྡོ་རྗེ་གདན་ (Vajrasana) དུ་རྒྱལ་པོས་འཚོ་བ་སྦྱར་བའི་ཐེག་ཆེན་པ་བཞི་བཅུ་རེ་དང་། ཉན་ཐོས་ཀྱི་དགེ་སློང་ཉིས་བརྒྱ་རེ་རྟག་ཏུ་བཞུགས་ཤིང་། དུས་དུས་སུ་ཉན་ཐོས་ཀྱི་དགེ་སློང་ཁྲི་ཕྲག་རེ་ཚོགས་པ་བྱུང་། ཨོ་ཏནྟ་པུ་རིར་ཡང་རྟག་ཏུ་དགེ་སློང་སྟོང་ཕྲག་རེ་བཞུགས།  ཐེག་པ་ཆེ་ཆུང་གི་སྡེ་གཉིས་ཆར་ཡོད་ཅིང་། དུས་དུས་སུ་རབ་ཏུ་བྱུང་བ་རྣམས་འདུས་པ་སྟོང་ཕྲག་བཅུ་གཉིས་རེ་འབྱུང་བར་གྲགས། ཐེག་པ་ཆེན་པོ་མཐའ་དག་གི་གཙུག་གི་ནོར་བུ་སློབ་དཔོན་ཨ་བྷ་ཡཱ་ཀ་ར་ཡིན་ལ། ཉན་ཐོས་རྣམས་ཀྱིས་ཀྱང་འདུལ་བ་འཛིན་པ་ཆེན་པོ་ཞེས་གུས་པས་རབ་ཏུ་བཏུད་དོ། །ཞེས་དང་། (P.234.13) ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་ (Sakyasri) དེ་ནས་ཝི་ཀྲ་མ་ཤཱི་ལ་ནུབ་བོ། །ཞེས་སོགས་གསལ་ལོ།།

གོང་གསལ་ཝི་ཀྲ་མ་ཤཱི་ལའི་མཁན་པོ་རྣམས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་ན། མཁས་པ་སྒོ་དྲུག་རྣམས་གསང་སྔགས་དང་འབྲེལ་བ་ཤིན་ཏུ་ཆེ་བར་མ་ཟད། ལྷག་པར་ནཱ་རོ་པ་ནི་བཀའ་བརྒྱུད་པའི་ཤིང་རྟའི་སྲོལ་འབྱེད་སྒྲ་སྒྱུར་གྱི་མཁས་གྲུབ་མར་པ་ལོ་ཙཱའི་ཡོངས་འཛིན་དང་། ཇོ་བོ་རྗེ་ནི་བཀའ་གདམས་པའི་ཤིང་རྟའི་སྲོལ་འབྱེད་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་ཡོངས་འཛིན་དང་། ཁ་ཆེ་པཎ་ཆེན་ནི་ས་སྐྱ་གོང་མ་ལྔའི་ནང་ནས་ཀྱང་མངོན་པར་འཕགས་པ་ས་སྐྱ་པཎྜི་ཏའི་ཡོངས་འཛིན་ཡིན། ཨ་བྷ་ཡཱ་ཀ་ར་གུཔྟ་སྟེ་འཇིགས་མེད་འབྱུང་གནས་སྦས་པ་ནི་གསང་སྔགས་ཀྱི་བྲིས་འབུར་རིག་པའི་བསྟན་བཅོས་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་དང་། རྫོགས་པའི་རྣལ་འབྱོར་ཕྲེང་བ་མཛད་མཁན་དེ་ཡིན། དེ་ཙམ་མ་ཟད་རྒྱ་བརྩོན་འགྲུས་སེངྒེ་དང་། ཀུན་གཟིགས་ཆེན་པོ་ནག་ཚོ་ལོ་ཙཱ་བས་མཚོན་བོད་ཀྱི་ལོ་ཙཱ་བ་མང་པོ་ཞིག་གིས་ཀྱང་སློབ་གཉེར་གནང་སའི་གདན་ས་ཡིན་པ་སོགས་ལ་གཞིགས་ན། གདན་ས་ཆེན་པོ་ཝི་ཀྲ་མ་ཤཱི་ལ་ནི་སྤྱིར་གསང་སྔགས་དང་། སྒོས་བོད་ཀྱི་ནང་ཆོས་ལ་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན། ཞེས་གསུངས་པ་ལྟར་རོ།།

དེ་བཞིན་ཨཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ་ཆེན་པོ་ལས་བྱུང་བའི་བརྡ་བཀྲོལ་ཉེར་མཁོ་བསྡུས་པ་ལས[44]། དེ་ཡང་སློབ་དཔོན་གྱི་ངག་དག་པ་ནི། མ་རྟོགས་ལོག་རྟོག་གི་ནོར་འཁྲུལ་མེད་པ་དང་། སློབ་མའི་རྒྱུད་དག་པ་ནི། མཁས་གྲགས་དང་ཀླན་ཀ་འཚོལ་འདོད་དང་། འགྲན་སེམས་དང་ཕྲག་དོག་སོགས་ཀྱིས་རྒྱུད་མ་བསླད་པ་དང་། བཤད་བྱའི་ཆོས་དག་པ་ནི། ཆོས་ཁུངས་བཙུན་ཞིང་སྐབས་ཀྱི་བརྗོད་དོན་ཚང་ལ་མ་ནོར་བ། ཐར་འདོད་རྣམས་ཀྱི་ཉེར་མཁོ་ཉམས་སུ་བླང་བྱར་གྱུར་པ་ཞིག་དགོས་པའོ། །འཆད་ཚུལ་གཉིས་ཀྱི་སྔ་མ་མི་འཐད་པ་མིན་ཡང་། ཇོ་བོ་རྗེ་ནི། བི་ཀྲ་མ་ལ་ཤཱི་ལའི་པཎྜི་ཏ་ཡིན་པས་འདིར་དེ་དག་གི་བཞེད་སྲོལ་དང་མཐུན་པའི་ཆེད་ཡིན་ནོ། །ཞེས་གསུངས་པ་ལྟར་ཁྱད་དུ་འཕགས་པའི་ཐུན་མིན་གྱི་ཁྱད་ཆོས་མང་དུ་མཆིས་སོ།།

གཞན་ཡང་དགེ་སློང་བསོད་ནམས་ལྷའི་དབང་པོས་ (དུས་རབས་14པ།) མཛད་པའི་དཔེ་ཆོས་རིན་ཆེན་སྤུངས་པའི་གསལ་བྱེད་རིན་པོ་ཆེའི་སྒྲོན་མེའམ་གཏམ་རྒྱུད་རིན་ཆེན་ཕྲེང་མཛེས་ལས[45]། ཡང་བྲི་ཀ་མ་ཤཱི་ལའི་གནས་བརྟན་སྡེ་སྣོད་གསུམ་པ། དགེ་འདུན་ལ་དབང་སྤྱོད་པ་ཞིག་དགེ་འདུན་ལ་མ་ཞུས་པར། སྤྱིའི་འབྲས་ཉེ་དུ་འབྲེལ་བ་ལ་བྱིན། དེའི་རྣམ་པར་སྨིན་པས་ཡི་དྭགས་དབང་ཆུང་བ་རྐང་པ་ཕྱིན་ཀ་ལོག་ཏུ་ཡོད་པ་ཞིག་ཏུ་སྐྱེས་ནས། ངམ་ཕུག་སྟོང་པར་ཡིབ་ནས་སྡོད་པ་ལ། བྱིས་པ་ཚན་གཅིག་གིས་ངམ་ཕུག་དེར་རྡོ་ཆར་བྱས་པས་ཁོས་བྱིས་པ་ཞིག་ལ་གནོད་ནས་རྐང་པ་ཕྱིན་ཀ་ལོག་ཏུ་སོང་ནས་ཟུག་ཚུགས་པ་མེད་པ་བྱུང་། དེ་སྔགས་ཀྱིས་བསྐྲད་པས་འགྲོ་མ་ཉན་ནས། གནས་བརྟན་ཞིག་གིས་བྱམས་སྙིང་རྗེ་ཅུང་ཟད་བསྒོམས་པས། གཞན་ཐམས་ཅད་སོང་ལ་དགེ་སློང་འདི་སྡོད་ཅིག་ཟེར་བས། ཁོས་ཟེར་བ་ལྟར་བྱས་ཏེ་དྲིས་པས། ང་གནས་བརྟན་མིང་འདི་ཞེས་བྱ་བ་ཡིན་ཟེར། ཁྱོད་ཡི་དྭགས་སུ་སྐྱེ་བ་ཅི་ཡིན་བྱས་པས། ངས་ཉེ་འབྲེལ་ལ་དགེ་འདུན་གྱི་ནང་ན་དབང་ཆེ་ཤོས་བྱས་པས་ཡི་དྭགས་དབང་ཆུང་ཤོས་སུ་གྱུར། མཆིམ་ལྷམ་གྱོན་ནས་དྲི་གཙང་ཁང་དུ་ཚིགས་བཅད་མ་བརྗོད་པར་ཕྱིན་པ་དང་། དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱོད་པས་རྐང་པ་ཕྱིན་ཀ་ལོག་གྱུར་པ་ཡིན། ད་བྱིས་པ་འདི་བཏང་གི་ངམ་ཕུག་འདིར་གཏོར་མ་རེ་མ་ཆག་པར་སྐྱོལ་ཅིག་ཟེར་རོ། །ཞེས་བྱུང་བ་ལས་དངོས་བྱུང་གཏམ་བརྒྱུད་ཀྱི་ལམ་ནས་སྤྱིར་ལས་འབྲས་ཀྱི་རྣམ་གཞག་གསལ་བར་བསྟན་ལ། ཞོར་ནས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་དགེ་འདུན་པ་དག་གི་དམ་ཆོས་འདུལ་བའི་གཞུང་དང་མཐུན་པའི་གནང་སྒོའི་ཕྱག་ལེན་གྱི་ཁྲིམས་སོགས་ཀྱང་གསལ་བར་མཚོན་ནུས་སོ།།

༧༽ བི་ཀྲ་མ་ཤཱི་ལའི་བྱུང་རབས་ཀྱི་འཕེལ་གྲིབ།

མདོར་ན་རྒྱ་གར་འཕགས་ཡུལ་དུ་ཆེས་སྙན་གྲགས་ཅན་གྱི་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཐོག་མར་བཞེངས་མཁན་རྒྱལ་པོ་སུ་ཡིན་དང་། དུས་ནམ་ཞིག་ཏུ་ཕྱག་བཏབ་མིན། གཙུག་ལག་ཁང་དེའི་རྒྱ་ཁྱོན་དང་བཟོ་བཀོད། དེ་ནས་བྱོན་པའི་མཁས་པ་སུ་དང་སུ་ཡིན། དེ་ནུབ་པའི་དུས་ནམ་ཞིག་ཡིན་པ་བཅས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ནི། ཇོ་ནང་ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་ལྟར་ན། པཱ་ལའི་རྒྱལ་པོ་དྷརྨ་པ་ལའམ་དཔལ་ལྡན་ཆོས་སྐྱོང་གིས་བཞེངས་པར་གསུངས་ལ། དེ་ཡང་མ་ག་དྷའི་བྱང་ངོས་ཆུ་བོ་གངྒཱའི་འགྲམ་རི་དེའུ་ཞིག་གི་རྩེ་ལ་དབུས་སུ་བྱང་ཆུབ་ཆེན་པོའི་སྐུ་ཚད་ཀྱི་ལྷ་ཁང་མཐའ་སྐོར་དུ་གསང་སྔགས་ནང་གི་ལྷ་ཁང་ཆུང་ངུ་ལྔ་བཅུ་ང་གསུམ། ལྷ་ཁང་དཀྱུས་མ་ལྔ་བཅུ་ང་བཞི་སྟེ་ལྷ་ཁང་བརྒྱ་རྩ་བརྒྱད་ཡོད་པ་ཕྱི་ལྕགས་རིས་བསྐོར་བ་བཞེངས་པར་གསུངས་པ་དང་། གཞན་ཡང་མདོ་སྡེ་དྲན་པ་ཉེར་བཞག་གི་འགྱུར་བྱང་ལྟར་ན། རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ལ་ཤཱི་ལ་ནའང་ཞེས་གསལ་ཞིང་། དེ་མཚུངས་ལྷོ་བྲག་ཆོས་འབྱུང་ལས་རྒྱ་གར་གྱི་རྒྱལ་རབས་སུ་ཡང་། གཙུག་ལག་ཁང་འདི་རྒྱལ་པོ་དེ་བ་པཱ་ལས་བཞེངས་པར་གསུངས་ཞེས་འབྱུང་བ་ལྟར། ཐོག་མར་གསར་བཞེངས་མཛད་པ་པོ་རྒྱལ་པོ་སུ་ཡིན་ཅུང་མི་མཐུན་ནའང་པཱ་ལའི་རྒྱལ་རྒྱུད་ཀྱི་དུས་སུ་བཞེངས་པ་གཅིག་མཐུན་དུ་བཞེད་ཅིང་། རྗེ་བཙུན་ཏཱ་ར་ན་ཐས་དྷརྨ་པཱ་ལ་ནི་ (ཕྱི་ལོ་ ༧༩༠ ལ་འཁྲུངས།  ༨༥༣ ལོར་གཤེགས།) བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བྱོན་པར་གསུངས། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དེ་ནས་བྱོན་པའི་མཁས་པ་ནི། ཡེ་ཤེས་ཞབས་སོགས་སྔགས་ཀྱི་སློབ་དཔོན་ཆེན་པོ་མང་དུ་བྱོན་པ་དང་། དེ་བཞིན་མཁས་པ་སྒོ་དྲུག་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ །སློབ་དཔོན་ཨ་བྷཱ་ཡ་ཀ་ར། པཎ་ཆེན་ཤཱཀྱ་ཤྲཱི་སོགས་རིམ་པར་བྱོན་ནས་བསྟན་པའི་འགྲོ་དོན་རྒྱ་ཆེར་མཛད་ལ། གཙུག་ལག་ཁང་འདི་ཉིད་འདི་ནུབ་པའི་དུས་ནི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་རྒྱ་གར་འཕགས་ཡུལ་དུ་བྱོན་དུས་ཀྱི་སྔོན་ཙམ་ན་བི་ཀྲ་མ་ལ་ཤྲཱི་ལའི་གཙུག་ལག་ཁང་གར་ལོག་དམག་གིས་བཤིགས་ནས་རྨང་རྡོ་གངྒཱར་བསྐྱུར་བར་གསལ་བས་ཆག་ལོ་ (1197-1264) བྱོན་པས་དེའི་གོང་ཙམ་དུ་གཏོར་བཤིག་གིས་ཉམས་དམས་སུ་གྱུར་པ་ཡིན་ནོ།།

མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་བརྩམས་པའི་རྒྱ་གར་གྱི་ནང་པའི་གསང་སྔགས་ཀྱི་ལྟ་གྲུབ་ཆོས་འབྱུང་ལས[46]། ཕྱི་ལོ་ ༡༩༦༠ ཙམ་ལ་བྷི་ཧར་མང་སྡེའི་བྷ་གལ་པུར་ (Bhagalpur) གྱི་ས་ཁུལ་གྱི་ཨན་ཏི་ཆག་ (Antichak) ནས་ཝི་ཀྲ་མ་ཤཱི་ལའི་ཆགས་ཤུལ་རྙེད་ནས་སྔོག་བཤེར་བྱེད་བཞིན་ཡོད། ད་ལྟའི་ཆགས་ཤུལ་ནས་ཧེ་རུ་ཀའི་ཆས་ཀྱིས་བརྒྱན་པའི་ཁྲོ་བོ་དང་། ཡབ་ཡུམ་ཞལ་སྦྱོར་གྱི་བླ་མེད་ཀྱི་ཡི་དམ་སོགས་ནཱ་ལནྡཱ་དང་འདྲ་བར་རྩ་བ་ནས་ཐོན་མེད་སྟབས་སྐབས་དེར་བླ་མེད་ཀྱི་ཡི་དམ་རྣམས་རྒྱུད་ཀྱི་དགོངས་པ་ལྟར་ཡོངས་གྲགས་སུ་མི་སྟོན་པའི་བཀའ་རྒྱ་དམ་པོ་ཡོད་པར་མཚོན། ད་ལྟའི་ཝི་ཀྲ་མ་ཤཱི་ལའི་ཆགས་ཤུལ་ལ་རྒྱལ་སྒོ་དྲུག་ཡོད་པས་ན་མཁས་མཆོག་ཏཱ་ར་ནཱ་ཐས་ཝི་ཀྲ་མ་ཤཱི་ལའི་མཁས་པ་སྒོ་དྲུག་ཅེས་གསུངས་པའང་ལོ་རྒྱུས་དངོས་གནས་ཡིན་པར་མཚོན། ཞེས་གསལ་བ་ལྟར་རོ།།

གཞན་ཡང་སློབ་དཔོན་པདྨས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?) པདྨ་བཀའ་ཐང་ལས[47]། དང་པོ་ཡེ་སངས་རྒྱས་པའི་ཐུགས་གཏེར་ནི༔ སེམས་ཅན་འདོད་ཆགས་ཆེ་བ་ལ༔ གསེར་གྱི་འཁོར་ལོ་ལྟ་བུའི་ཆོས༔ འདུལ་བ་ཉེ་བའི་རྡོ་རྗེ་ཡིས༔ གྲོང་ཁྱེར་རྩྭ་མཆོག་གནས་སུ་སྦས༔ དུས་ཕྱིས་ཤཱཀྱ་འོད་ཀྱིས་ཕྱུངས༔ དང་པོ་སྐུ་ཡིས་འདུལ་བ་ཡིན༔ བར་དུ་གསུང་གི་འདུལ་བ་ཡིན༔ སེམས་ཅན་གཏི་མུག་ཆེ་བ་ལ༔ མེ་ལོང་གཡའ་དག་ལྟ་བུའི་ཆོས༔ མདོ་སྡེ་རྡོ་རྗེ་གདན་དུ་སྦས༔ དགེ་སློང་ནར་འཕན་རག་ཤིས་བཏོན༔ ཐ་མ་ཐུགས་ཀྱིས་འདུལ་བ་ཡིན༔ སེམས་ཅན་ཞེ་སྡང་ཆེ་བ་ལ༔ རྒྱལ་པོའི་བང་མཛོད་ལྟ་བུའི་ཆོས༔ མངོན་པ་བི་ཀཱ་མ་ལ་ཤཱི་ལར༔ མངོན་པའི་ཆོས་ལ་དགྲ་ལན་གསུམ༔ ཏ་ཟིག་རྒྱལ་པོ་ཧུ་ལུས་བསྲེགས༔ རྒན་མོ་རྒན་འདྲ་མུ་སྟེགས་བསྲེགས༔ ཉི་མ་དངོས་གྲུབ་ཉི་བསྒྲུབས་བསྲེགས༔ ཅེས་གསལ་བ་ལྟར་རྩྭ་མཆོག་གྲོང་དུ་འདུལ་བ་དང་། རྡོ་རྗེ་གདན་དུ་མདོ་སྡེ། བི་ཀཱ་མ་ལ་ཤཱི་ལར་མངོན་པ་བཅས་གཏེར་དུ་སྦས་པ་དང་། དེ་ལྟ་བུའི་མངོན་པའི་སྡེ་སྣོད་ལ་དགྲ་ལན་གསུམ་སྟེ། ཏ་ཟིག་དང་། རྒན་མོ། ཉི་བསྒྲུབས་གསུམ་གྱིས་བསྲེགས་ཚུལ་གསལ་ནའང་། ཆོས་འབྱུང་དེབ་ཐེར་གཞན་དུ་གཙོ་བོ་ནཱ་ལེནྡྲར་ཡིན་པར་གསལ་བས། འདི་སྐོར་ཞིབ་ཕྲ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་སྐབས་བཀོད་ཡོད་པ་དེར་གཟིགས་པར་འཚལ་ལོ།། །།

༨༽ བི་ཀྲམ་ཤཱི་ལའི་གལ་གནད་བསྐྱར་དུ་གླེང་བ།[48]

བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་རྗེས་ཤུལ།

ཁྱེད་ཀྱིས་དགོངས་སམ། ས་ཆ་འདི་ནི་ནང་པའི་ལོ་རྒྱུས་ཐོག་བི་ཀྲམ་ཤཱི་ལ་ཞེས་ཡོངས་སུ་གྲགས་པ་དེ་རེད། བོད་སྐད་དུ་རྣམ་གནོན་ངང་ཚུལ་ཞེས་འབོད་པ་དང་། འདི་ནི་ཕལ་ཆེར་ནཱ་ལནྡཱ་དང་མཚན་སྙན་མཉམ་ཞིང་། ཁུངས་ལྡན་གྱི་ལོ་རྒྱུས་རྣམས་ལྟར་ན་རྒྱ་གར་ཤར་ཕྱོགས་སུ་བྱུང་བའི་པཱ་ལའི་རྒྱལ་རབས་ཀྱི་རྒྱལ་པོ་དྷརྨ་པཱ་ལས་དུས་རབས་བརྒྱད་པའི་ནང་དུ་བཞེངས། རྒྱལ་པོ་དེ་ནི་ཇོ་ནང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལྟར་ན། པཱ་ལའི་རྒྱལ་རབས་ལ་རྒྱལ་པོ་བཅོ་བརྒྱད་ཡོད་པའི་ནང་ནས་རྒྱལ་པོ་བཞི་པ་ཡིན་ཅིང་། བན་གྷལ་གྱི་རྒྱལ་རབས་ཞིབ་འཇུག་བྱེད་པ་པོ་ (Nihar Ranjan Ray) གི་གསུང་རྩོམ་བྷན་གྷལ་གྱི་ལོ་རྒྱུས་ཞེས་པ་ལྟར་ན། པཱ་ལའི་རྒྱལ་རབས་ལ་རྒྱལ་པོ་བཅུ་བདུན་ཡོད་པའི་ནང་ནས་རྒྱལ་པོ་གཉིས་པ་དེ་རེད། གང་ལྟར་འཕགས་བོད་གཉིས་ཀའི་ཡིག་ཆར་པཱ་ལའི་རྒྱལ་རབས་རྣམས་ཀྱི་རྒྱལ་པོའི་གྲངས་དང་། གོ་རིམ་སོགས་ལ་ཅུང་ཟད་མི་མཐུན་ཡང་བི་ཀྲམ་ཤཱི་ལ་ཐོག་མར་བཞེངས་མཁན་ནི་དྷརྨ་པཱ་ལ་ཡིན་པ་ཕལ་མོ་ཆེ་མཐུན།

གནས་བཤད་པ་བྲམ་ཟེ་མཁས་པ་པཎྜི་ཏ་ཞིག་གིས་བི་ཀྲམ་ཤཱི་ལ་དེ་སྔོན་མ་མཁས་པ་འགའ་ཤས་ཀྱིས་རྒྱ་གར་ཤར་ཕྱོགས་བྷི་ཧར་གྱི་མངའ་སྡེའི་ཁོངས་སུ་བྷ་གྷལ་པུར་གྱི་རྫོང་འོག་ཏུ་ཀཱ་ཧལ་གྷོན་ཞེས་པའི་གྲོང་དུ་ཡོད་པའི་ས་ཆ་འདི་དང་། ཡང་འགའ་ཤས་ཀྱིས་ས་ཆ་གཞན་ཞིག་ཏུ་ཡིན་པར་ངོས་འཛིན་པ་ལ། ཐེངས་ཤིག་མཁས་པ་ཞིག་གིས་རྟ་ཞོན་ནས་ཀཱ་ཧལ་གྷོན་གྱི་ས་ཆ་འདིར་མྱུལ་བར་རྟའི་རྐང་འོག་ཏུ་སྒྲ་འདྲ་མིན་ཐོས་པ་ལ་བརྟེན་ནས་ས་འོག་ཏུ་དངོས་པོ་གཞན་དང་མི་འདྲ་བ་ཡོད་པའི་ངེས་ཤེས་སྐྱེས། དེ་ནས་གནའ་རྫས་སྔོག་འདོན་བྱས་པས་ནང་པའི་ཅ་དངོས་རྙིང་པ་མང་པོ་ཞིག་ཐོབ། དེ་རྗེས་མཁས་པ་གཞན་ཞིག་གིས་ཀྱང་ལོ་བཅུ་ཕྲག་ཙམ་ཉམས་ཞིབ་བྱས་པ་དང་། ཡང་བྷི་ཧར་གྱི་གྲོང་ཁྱེར་སྐྱ་ནར་བུ་ནས་མཐོ་རིམ་སློབ་གྲྭའི་དགེ་རྒན་དང་སློབ་མ་རྣམས་ཀྱིས་ལོ་བཅུ་ཕྲག་འགའ་ཤས་རིང་ཉམས་ཞིབ་བྱས་པས་ནང་པའི་གསང་སྔགས་ཀྱི་སྐུ་བརྙན་དང་། གནའ་རྫས་རིང་བསྲེལ། ད་དུང་བོད་ལུགས་ཀྱི་དཔེ་ཆ་དང་ཅ་དངོས་འདྲ་མིན་ཐོབ་པས་བི་ཀྲམ་ཤཱི་ལ་ནི་ས་ཆ་འདི་རང་ཡིན་པའི་ངེས་ཤེས་ཇེ་ཆེར་གྱུར་ཏེ་ད་ལྟ་ཕལ་ཆེར་ཚང་མས་འདི་ཉིད་རྩོད་མེད་དུ་ཁས་ལེན་གྱི་ཡོད་པར་གསུངས།

ས་ཆ་འདི་ནི་ཆུ་བོ་གངྒཱའི་ཉེ་འགྲམ་དུ་ཡོད་པས། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས། དེ་ཡང་མ་ག་དྷའི་བྱང་ངོས་ཆུ་བོ་གངྒཱའི་འགྲམ་རི་དེའུ་ཞིག་གི་རྩེ་ལ་ཡོད་པར་གསུངས་པ་ལྟར། ད་ལྟ་ནཱ་ལནྡཱའི་རྗེས་ཤུལ་དང་མཚུངས་པ་བི་ཀྲམ་ཤཱི་ལའི་རྗེས་ཤུལ་དབུས་སུ་མཆོད་རྟེན་ལྟ་བུ་ལ་རྩེའི་ཕྱོགས་བཞིར་སངས་རྒྱས་ཕྱག་རྒྱ་མི་འདྲ་བ་ཅན་གྱི་སྐུ་བཞིའི་རྗེས་ཤུལ་དང་། མཐའ་སྐོར་དུ་གྲྭ་ཤག་ལྟ་བུས་བསྐོར་བ་ལ་རྒྱབ་ཕྱོགས་སུ་སྒོ་ཆེན་གྱི་ལྷག་མ་སོགས་ཀྱང་ཡོད་པ་དེ་ནས་རླངས་འཁོར་དུ་སྐར་མ་ལྔ་མ་ཟིན་ཙམ་སོང་ན་ཏཱ་ར་ནཱ་ཐས་གསུངས་པ་ཇི་མ་ཇི་བཞིན་གྱི་གནས་རི་དེའུ་དེ་མཇལ་རྒྱུ་ཡོད། འདིའི་སྐོར་ཞིབ་འཇུག་གནང་མཁན་ཚོས་བི་ཀྲམ་ཤཱི་ལ་ཆགས་སའི་ས་གནས་འདི་འདྲ་ཡོད་པ་འབྲོམ་སྟོན་གྱིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་ལ་ཁུངས་བཅོལ་བར་སྣང་བས། གཅིག་བྱས་ན་ཏཱ་ར་ནཱ་ཐས་ཀྱང་དེ་ལ་ཁུངས་བཅོལ་བ་ཡིན་སྲིད།

རི་འབུར་དེའི་མཐའ་སྐོར་དུ་གསང་སྔགས་ཀྱི་ལྷ་གང་ཡིན་ངོས་འཛིན་དཀའ་བའི་རྡོ་སྐུ་རྙིང་པ་ཆགས་རོ་མང་པོ་དང་། ད་དུང་རྗེ་བཙུན་སྒྲོལ་མ་ཡིན་ངེས་པའི་སྐུ་བརྙན། གཞན་ཡང་གྲུབ་ཐོབ་རྣམས་བསྙེན་སྒྲུབ་ལ་བཞུགས་ས་ཡིན་པ་ལྟ་བུའི་བྲག་ཕུག་ངོ་མཚར་ཅན་ཡང་མི་ཉུང་བ་མཇལ་རྒྱུ་འདུག །བྲམ་ཟེ་པཎྜི་ཏ་ཁོང་གིས་རི་འབུར་དེ་ནི་གནའ་བོའི་བི་ཀྲམ་ཤཱི་ལ་ཐོག་མར་ཆགས་སའི་ལྟེ་བ་ཡིན་པ་དང་། གཞན་ད་ལྟ་ནཱ་ལནྡཱའི་རྗེས་ཤུལ་དང་མཚུངས་པའི་གྱང་ཤུལ་དེ་དག་ནི་ཕྱིས་སུ་རིམ་པས་རྒྱ་བསྐྱེད་བྱས་པ་ལས་གྲུབ་པ་ཡིན་ལ། རི་འབུར་དེ་ནས་དེ་སྔོན་ཡང་ཞིང་ལས་པ་དང་ཁང་ལས་པས་གནའ་རྫས་ངོ་མཚར་ཅན་མང་པོ་ཐོབ་པ་གཞན་ལ་བཙོངས་ཟིན་ནས་གཞུང་གིས་བདག་སྤྲོད་མ་ཐུབ་པ་དང་། གནའ་བོའི་བི་ཀྲམ་ཤི་ལའི་རྒྱ་ཁྱོན་གྱིས་ཨེར་ཀ་དྲུག་བརྒྱ་ལྷག་ཟིན་གྱི་ཡོད་ཀྱང་། ད་ལྟའི་བར་དུ་གནའ་རྫས་སྔོག་འདོན་པས་ཨེར་ཀ་བརྒྱ་ལྷག་ཙམ་མ་གཏོགས་སྔོག་འདོན་ཐུབ་མེད། དེའི་རྒྱུ་མཚན་དགོན་ཤུལ་དེ་དག་ད་ལྟ་ས་འོག་ཏུ་ནུབ་ཟིན་པས་མ་ཚད་དེའི་ཐོག་ཏུ་གྲོང་སྡེ་ཆགས་ཟིན་པ་དང་། ཞིང་ཁ་བཏབ་ཟིན་པའི་ཐོག །དེ་སྔར་སྔོག་འདོན་བྱས་པ་དེ་ཙམ་གྱིས་ཀྱང་གནའ་བོའི་བི་ཀྲམ་ཤཱི་ལའི་རྗེས་ཤུལ་ཡིན་པ་དཔང་རྟགས་གསལ་པོར་སྟོན་གྱི་ཡོད་པས་རེད་ཅེས་གསུངས།

ངོས་ནས་ས་ཆ་འདིར་ཐོག་མར་ནང་པའི་གསང་སྔགས་དར་བ་ལ་བརྟེན་ནས་ཧིན་དྷུའི་གསང་སྔགས་དར་བའི་རྣམ་པ་ཆེའམ། ཡང་ན་ཧིན་དྷུའི་གསང་སྔགས་དར་བ་ལ་བརྟེན་ནས་ནང་པའི་གསང་སྔགས་དར་བའི་རྣམ་པ་ཆེ་ཞེས་དྲིས་པར། ཁོང་གིས་ཕྱི་མ་དེ་ཡིན་པའི་རྒྱུ་མཚན་ཆེ་ཞེས་གསུངས། དེའི་རྒྱུ་མཚན་ས་གནས་ཀྱི་མི་ཚོའི་ངག་རྒྱུན་དུ་གནའ་བོའི་དུས་སུ་ས་ཆ་འདིར་ཧིན་དྷུའི་གསང་སྔགས་ཤུགས་ཆེན་དར་ནས་མི་གསོན་པོ་དམར་མཆོད་བྱེད་པའི་ལུགས་སྲོལ་ཤུགས་ཆེན་ཡོད་པ་ལ། ཕྱིས་སུ་ས་ཆ་འདིའི་རྒྱལ་པོ་ཞིག་གི་བཙུན་མོ་ནང་པར་ཞུགས་ནས་དམར་མཆོད་བཀག་པས་སྐྱེ་བོ་རྣམས་ཀྱིས་མོ་ལ་སྙིང་རྗེའི་ལྷ་མོ་ཞེས་འབོད་སྲོལ་བྱུང་། དེ་ནས་བཟུང་རིམ་པས་ནང་པའི་བསྟན་པ་དང་། དེ་ནས་ནང་པའི་གསང་སྔགས་དར་བའི་ལོ་རྒྱུས་བཤད་སྲོལ་འདུག་གསུངས།

རྒྱ་གར་ནང་པའི་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེ་མཐུན་པར་ནང་པའི་གསང་སྔགས་ནི་དུས་རབས་བདུན་པ་དང་བརྒྱད་པའི་ཡས་མས་ཙམ་ནས་དར་འགོ་ཚུགས་ཤིང་། དམངས་ཁྲོད་དུ་རྒྱ་ཆེར་དར་བ་ནི་པཱ་ལའི་རྒྱལ་རབས་སྐབས་སུ་ཡིན་པར་ངོས་འཛིན་སྲོལ་ཡོད། དཔེར་ན་ནཱ་ལནྡ་ལྟ་བུར་མཚོན་ན་ཕྱིས་སུ་བི་ཀྲམ་ཤཱི་ལ་བཞེངས་ཟིན་པའི་རྗེས་ལས་དེའི་སྔོན་དུ་ནཱ་ལནྡར་ཞུགས་ཏེ་མཁས་པའི་དབང་པོར་གྱུར་པ་ཐང་སན་ཙང་སོགས་ཀྱི་རྣམ་ཐར་ནང་དུ་གསང་སྔགས་ལ་སློབ་སྦྱོང་བྱེད་སྲོལ་ཡོད་པ་ཟུར་ཙམ་ཡང་མི་གསལ་ཞིང་། ནཱ་ལནྡཱར་ཐོས་བསམ་གནང་མྱོང་བའི་གྲུབ་ཐོབ་འགའ་ཞིག་གི་རྣམ་ཐར་དུ་ཡང་ནཱ་ལནྡཱ་ནས་ཐོན་ཏེ་གསང་སྔགས་ཀྱི་བླ་མ་དང་གདམས་པ་བཙལ་བའི་ཚུལ་ལས། ནཱ་ལནྡཱ་རང་དུ་བཞུགས་ནས་བླ་མ་བསྟེན་པ་དང་གྲུབ་པ་ཐོབ་ཚུལ་སོགས་ཕལ་ཆེར་མི་གསལ། འོན་ཀྱང་བི་ཀྲམ་ཤཱི་ལ་བཞེངས་པའི་དུས་མཚུངས་ཙམ་དུ་བྱོན་པ་རྒྱ་ནག་ཏུ་གསང་སྔགས་སྤེལ་བའི་སློབ་དཔོན་གསུམ་པོ་ནཱ་ལནྡ་ནས་ཡིན་པའི་ལོ་རྒྱུས་ཡོད་པས་ཡང་སྙིང་ཐོག་མར་བི་ཀྲམ་ཤཱི་ལར་གསང་སྔགས་དར་བས་དེའི་ཤུགས་རྐྱེན་གྱིས་ནཱ་ལནྡཱ་ལ་ཡང་གསང་སྔགས་དར་བ་ཡིན་ནམ། ཡང་ན་གཙུག་ལག་སློབ་གཉེར་ཁང་གཉིས་པོར་དུས་མཉམ་དུ་དར་བ་གང་ཡིན་ལོ་རྒྱུས་ཀྱི་ཡིག་ཆ་ཁུངས་ལྡན་ཐོབ་ན་དཔྱད་པར་འོས།

གང་ལྟར་ཡང་བི་ཀྲམ་ཤཱི་ལ་ནི་ནཱ་ལནྡཱ་དང་མི་མཚུངས་པར་ཐོག་མར་བཞེངས་པ་ན་ཡང་མདོ་སྔགས་གཉིས་ཀ་དང་། དེ་ཡང་གཙོ་བོ་སྔགས་ལ་ཐོས་བསམ་བྱེད་སའི་གཙུག་ལག་ཁང་དུ་དམིགས་ཏེ་བཞེངས་པར་མངོན། དེའི་རྒྱུ་མཚན་བི་ཀྲ་མ་ཤཱི་ལ་བཞེངས་མཁན་རྒྱལ་པོ་དྷརྨ་པཱ་ལ་ནི་སློབ་དཔོན་སེང་བཟང་དང་། སློབ་དཔོན་ཡེ་ཤེས་ཞབས་གཉིས་ཀྱི་སློབ་མ་ཡིན་པས། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས། སེང་བཟང་དང༌། ཡེ་ཤེས་ཞབས་བླ་མར་བསྟེན། ཤེར་ཕྱིན་དང༌། དཔལ་གསང་བ་འདུས་པས་ཕྱོགས་ཐམས་ཅད་གང་བར་མཛད། གསང་བ་འདུས་པ་དང༌། ཕར་ཕྱིན་ཤེས་པའི་པཎྜི་ཏ་གྲལ་མགོར་འཇོག་པ་སོགས་བྱུང༌། ཞེས་གསུངས། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ནི་གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་སྲོལ་གཏོད་པ་པོ་ཡིན་ཅིང་། གསང་སྔགས་ཀྱི་ལོ་རྒྱུས་ཐོག་སློབ་དཔོན་ཀླུ་སྒྲུབ་དང་ཟླ་བ་གྲགས་པ་སོགས་ནི་ལོ་རྒྱུས་དངོས་ལ་ཡོད་ཀྱང་དེ་དག་དང་གསང་སྔགས་ཀྱི་འབྲེལ་བ་ལོ་རྒྱུས་ཁུངས་ལྡན་ལ་འཁོད་མེད་པ་དང་། ས་ར་ཧ་དང་ཨིནྡྲ་བོདྷི། ལཱུ་དྲིལ་ནག་གསུམ་སོགས་ནི་ཁུངས་ལྡན་གྱི་ལོ་རྒྱུས་རྙིང་པར་འཁོད་པ་མེད་པས་ནང་པའི་གསང་སྔགས་ཀྱི་སློབ་དཔོན་ལོ་རྒྱུས་ཐོག་གསལ་པོར་འཁོད་པ་དང་ཤོས་ནི་ཕལ་ཆེར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཡིན་པར་མངོན།

བི་ཀྲམ་ཤཱི་ལ་ཐོག་མར་ཆགས་སར་གྲགས་པའི་རི་འབུར།

པཱ་ལའི་རྒྱལ་རབས་ཀྱི་སྐབས་སུ་རྒྱ་གར་དུ་ཁ་ཆེའི་དམག་སླེབས་ཟིན་ཅིང་། པཱ་ལའི་རྒྱལ་པོ་རྣམས་རྒྱ་གར་ཧྲིལ་པོར་དབང་སྒྱུར་མཁན་མ་ཡིན་ཀྱང་། གུཔྟའི་རྒྱལ་རབས་ཉམས་རྗེས་རྒྱ་གར་ཡུལ་དབུས་སུ་གྲགས་པ་དང་། རྒྱ་གར་ཤར་ཕྱོགས་བཅས་ལ་དབང་སྒྱུར་མཁན་གཙོ་བོ་པཱ་ལའི་རྒྱལ་རབས་ཡིན་པས། དེ་དག་གིས་བི་ཀྲམ་ཤཱི་ལ་ཙམ་མ་ཡིན་པར་ནཱ་ལནྡཱར་ཡང་གཟིགས་རྟོག་དང་ཉམས་གསོ་གནང་བའི་ཐོག །ཨོ་ཏནྟ་པཱུ་རི་སོགས་ནང་པའི་གཙུག་ལག་ཁང་གཞན་ཡང་བཞེངས་པས་ལོ་རྒྱུས་ཐོག་རྒྱ་གར་གྱི་ནང་པའི་གཙུག་ལག་སློབ་གཉེར་ཁང་གྲགས་ཆེ་ཤོས་ལྔ་ལས་ཕལ་མོ་ཆེ་པཱ་ལའི་རྒྱལ་རབས་ཀྱིས་བཞེངས་གནང་བའི་ལོ་རྒྱུས་ཡོད། ཕལ་ཆེར་བི་ཀྲམ་ཤཱི་ལའི་ཤུགས་རྐྱེན་ཡིན་པ་ལྟ་བུས་དེ་ནས་བཟུང་རྒྱ་གར་དུ་ནང་པའི་སློབ་དཔོན་དབུ་སེམས་ཀྱི་གྲུབ་མཐའ་གང་ཞིག་འཛིན་ཀྱང་གསང་སྔགས་སུ་མ་ཞུགས་པ་མེད་པ་ལྟ་བུར་གྱུར།

བི་ཀྲམ་ཤཱི་ལ་ནས་ཡིན་ངེས་པའི་མཁས་པ་གྲགས་ཆེ་བ་རྣམས་ནི་སངས་རྒྱས་ཡེ་ཤེས། རྒྱལ་བ་བཟང་པོ། བྲམ་ཟེ་སློབ་དཔོན་དཔལ་འཛིན། སྐལ་ལྡན་གྲགས་པ། ཀུན་དགའ་སྙིང་པོ། ཞི་བ་འཚོ། ཛེ་ཏ་རི། ཤེར་འབྱུང་བློ་གྲོས། རིན་ཆེན་རྡོ་རྗེ། ནཱ་རོ་པ། ཤནྟི་པ། མཻ་ཏྲི་པ། ཇོ་བོ་རྗེ། དཔེ་མེད་འཚོ། ཨ་བྷྱ་ཀ་ར་གུཔྟ། འབུམ་ཕྲག་གསུམ་པ། རཏྣ་རཀྵི་ཏ་སོགས་ཡིན་ཅིང་། དེ་དག་ལས་ཇོ་བོ་རྗེ་བོད་དུ་ཕེབས་ནས་ཤུགས་རྐྱེན་ཤིན་ཏུ་ཆེ་བས་ད་ལྟ་བི་ཀྲམ་ཤཱི་ལའི་སྐོར་ཉམས་ཞིབ་བྱེད་མཁན་མང་པོས་གལ་ཆེ་ཤོས་ཇོ་བོ་རྗེ་ལ་ངོས་འཛིན་པར་སྣང་ཡང་། དོན་དུ་པཎྜི་ཏ་དཱ་ན་ཤཱི་ལ་བོད་དུ་ཕེབས་ནས་སྐུ་གཤེགས་ཁར་ང་ལྟ་བུ་མཁས་པ་ཆེན་པོ་བོད་མཐའ་འཁོབ་ཏུ་འཆི་དགོས་པ་གསུངས་ནས་ཐུགས་ཕམ་སྣང་གནང་བ་ན་མཁན་པོ་བོ་དྷི་ས་ཏྭ་དང་། ཇོ་བོ་རྗེ་སོགས་ཀྱང་བོད་དུ་གཤེགས་པར་ཞུས་པ་ལ་བོདྷི་སཏྭ་སྡོམ་པ་གཙང་མ་དང་། ཇོ་བོ་རྗེ་སེམས་བཟང་པོ་ཡིན་གསུངས་པ་ཙམ་ལས་མཁས་པའི་མཐོང་མ་གནང་བ་བཞིན་ཇོ་བོ་རྗེ་ནི་མཁྱེན་རྒྱ་དང་དག་སྣང་ཆེ་ཙམ་དང་། བོད་ལ་བཀའ་དྲིན་ཆེ་བ་ཙམ་ལས་མཁས་པའི་རྣམ་དཔྱོད་ནི་ནཱ་རོ་པ་དང་། ཤཱནྟི་པ། ངག་དབང་གྲགས་པ། ཨ་བྷྱ་ཀ་ར་གུཔྟ་སོགས་འགྲན་ཟླ་བྲལ་བ་རྒྱ་གར་དུ་ཡོངས་སུ་གྲགས།

རི་འབུར་དེའི་འགྲམ་དུ་ཡོད་པའི་རྡོ་སྐུ་གཏོར་སོང་ཤུལ།

བི་ཀྲམ་ཤཱི་ལ་ནས་བརྒྱུད་དེ་བོད་ལ་ཡང་གཙོ་བོ་གསང་སྔགས་དར་བ་ལས། དེ་ཡང་ནང་པ་སྤྱིའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། ཐོག་མར་རྒྱ་གར་ཡུལ་དབུས་ཀྱི་རྒྱལ་པོ་རྣམས་དང་། ཁྱིམ་མཚེས་རྒྱལ་ཁབ་ཀྱི་རྒྱལ་པོ་རྣམས་ཀྱི་བར་འབྲེལ་བ་ཆེན་པོ་བྱུང་བས་ལྷོ་ཤར་ཨེ་ཤ་ཡའི་ལུང་པ་རྣམས་སུ་ཉན་ཐོས་ཀྱི་ཐེག་པ་གཙོ་བོར་དར། དེ་རྗེས་རྒྱ་གར་བྱང་ཁུལ་དུ་བྱུང་བའི་ཀུ་ཤན་རྒྱལ་རབས་བརྒྱུད་ནས་ཐེག་པ་ཆེན་པོའི་བསྟན་པ་རྒྱ་ནག་ཏུ་དར་བ་ལས་རྒྱ་ནག་གི་བཙུན་པ་མང་པོ་རྒྱ་གར་དུ་ཕེབས་ཏེ་ནཱ་ལནྡཱར་ཐོས་བསམ་གནང་། ནཱ་ལནྡཱ་ལ་རྒྱ་ནག་ནས་ཕེབས་པའི་ནང་པ་བཙུན་པ་རྣམས་བཞུགས་སར་རྒྱལ་པོས་དམིགས་བསལ་གྱི་ས་ཆ་གནང་ཞིང་། ད་དུང་དེ་ལ་རྒྱལ་པོས་མཆོད་གཞིས་ཀྱང་གནང་བའི་ཚུལ་གཡི་ཅིང་གིས་བརྩམས་པའི་ལམ་ཡིག་ཏུ་གསལ། དེ་བཞིན་དུ་ཕྱིས་སུ་བོད་ལ་ནང་བསྟན་དར་བ་དང་རྒྱ་གར་དུ་གསང་སྔགས་དར་བ་དུས་མཉམ་ཡིན་པས་བོད་ནི་ནཱ་ལནྡཱ་ལས་ཀྱང་བི་ཀྲམ་ཤཱི་ལ་འབྲེལ་བ་ཆེ་བ་བྱུང་སྟེ། བོད་ནས་ཐོས་བསམ་གནང་བར་ཕེབས་པ་རྣམས་ཀྱི་ཆེད་དུ་བི་ཀྲམ་ཤཱི་ལར་དམིགས་བསལ་གྱི་གནས་ཁང་ཡོད་པའི་ལོ་རྒྱུས་ཡོད་པ་དང་། གནས་ཁང་དེ་ཡང་བི་ཀྲམ་ཤཱི་ལའི་སྒོ་ཆེན་གྱི་ནང་དུ་ཡོད་པས་ནག་ཚོ་ལོ་ཙཱ་བ་སྐུ་འཁོར་དང་བཅས་པ་ཇོ་བོ་རྗེ་གདན་འདྲེན་དུ་ཕེབས་སྐབས་ཀྱང་དགོང་མོ་དེ་རང་དུ་བོད་ཀྱི་གནས་ཁང་དེར་ཕེབས་ནས་བཞུགས་ཚུལ་གསལ། ད་ལྟ་བི་ཀྲམ་ཤཱི་ལའི་རྗེས་ཤུལ་གྱི་ཟུར་ཞིག་ཏུ་བོད་པའི་ཅ་དངོས་འདྲ་མིན་དང་། བོད་ཡིག་གི་དཔེ་ཆ་བཅས་ཀྱང་རྙེད་སོན་བྱུང་བས་ཉམས་ཞིབ་པ་རྣམས་ཀྱིས་ཁང་ཤུལ་དེ་ཉིད་སྔར་བོད་པའི་མཁས་པ་རྣམས་བཞུགས་ས་ཡིན་པར་ངོས་འཛིན་གནང་གི་འདུག།

བོད་ནས་ཕེབས་པའི་སློབ་གཉེར་བ་རྣམས་བཞུགས་སར་གྲགས་པའི་རྗེས་ཤུལ།

སྔར་རྒྱ་ནག་ནས་ཕེབས་པའི་ཤུན་ཙང་ནཱ་ལནྡཱ་ལ་མཁས་པའི་དབང་པོར་གྱུར་པ་བཞིན་བོད་ནས་ཀྱང་བི་ཀྲ་མ་ཤཱི་ལར་ཕེབས་པའི་སློབ་གཉེར་བ་རྣམས་མཁས་པ་ཆེན་པོར་གྱུར་ཏེ་དེ་དག་ལ་ཚང་མས་བརྩི་མཐོང་ཆེན་པོ་ཞུས་ཡོད་པའི་རྣམ་པ་འདུག་ཅེས་རྒྱ་གར་གྱི་ནང་པའི་མཁས་དབང་ཞིག་གིས་རྒྱ་གར་གྱི་ནང་པའི་གྲྭ་པ་དང་དགོན་སྡེ་ཞེས་པའི་དེབ་དེའི་ནང་དུ་གསུངས། བདེན་པ་ཡང་ཡིན་ཏེ་ཁམས་མི་ཉག་ནས་ཡིན་པའི་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ནི་ཕྱིས་སུ་བི་ཀྲམ་ཤཱི་ལ་ཉམས་གུད་གྱུར་རྗེས་རྡོ་རྗེ་གདན་དར་ཆེ་ཙམ་བྱུང་བའི་སྐབས་དེར་རྡོ་རྗེ་གདན་གྱི་མཁན་པོར་གྱུར་ཏེ་རྒྱ་བོད་གཉིས་ཀར་མཛད་འཕྲིན་རྒྱས་པ་དང་། ཁོང་གི་སློབ་མ་སློབ་དཔོན་དབྱིག་གཉེན་དང་མཁྱེན་རྒྱ་མཉམ་པར་གྲགས་པ་ཨ་བྷྱ་ཀ་ར་གུཔྟ་ནི་རྡོ་རྗེ་གདན་དང་། བི་ཀྲམ་ཤཱི་ལ། ནཱ་ལནྡ་སོགས་ཀྱི་མཁན་པོ་གནང་སྟེ་བསྟན་པ་ཡོངས་ཀྱི་བདག་པོར་གྱུར་ཡོད། ལོ་རྒྱུས་ཀྱི་ཆ་ཤས་དེས་ནི་སྐབས་དེར་བོད་ནས་རྒྱ་གར་དུ་ཕེབས་པའི་སློབ་གཉེར་བ་དེ་རྣམས་ཀྱིས་མི་ཡུལ་དུ་གནས་ས་ཐོབ་པ་ཙམ་མ་ཡིན་པར་མི་ཡུལ་ལ་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཀྱང་བསྟན་ཡོད།

ད་དུང་བི་ཀྲ་མ་ཤཱི་ལ་དང་བོད་བརྒྱུད་ནང་བསྟན་འབྲེལ་བ་བྱུང་བའི་དུས་སྐབས་དེ་ནི་རྒྱ་གར་དུ་ཁ་ཆེའི་ཆོས་ལུགས་ཀྱི་སྟོབས་ཤུགས་ཇེ་ཆེར་གྱུར་ཏེ་སྔར་ནས་ཉམས་གུད་འགྲོ་བཞིན་པའི་ནང་བསྟན་ཙམ་མ་ཟད། ཡེ་གདོད་མ་ནས་ཡུལ་གྲུ་རང་གི་ཆོས་བརྒྱུད་གཙོ་བོར་གྱུར་པ་ཧིན་དྷུའི་ཆོས་ལུགས་ཀྱང་ཉེན་ཁའི་འོག་ཏུ་ཚུད་པའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཡིན་པས། རྒྱ་གར་གྱི་བླ་མ་རྣམས་ཀྱིས་ཀྱང་གལ་སྲིད་རྒྱ་གར་ལ་ནང་བསྟན་རྩ་མེད་གྱུར་ན་དེའི་བརྒྱུད་པ་འཛིན་པའི་རེ་བ་ཡོད་ས་གཅིག་རང་ཡོད་པ་ནི་བོད་ཡིན་པར་མཐོང་ནས། ཇོ་བོ་རྗེ་སོགས་པཎྜི་ཏ་འགའ་ཤས་ནི་བོད་དུ་སྐུ་དངོས་སུ་ཕེབས་པ་དང་། འགའ་ཤས་ཀྱིས་བི་ཀྲམ་ཤཱི་ལ་རང་དུ་བཞུགས་ནས་བོད་ཀྱི་ལོ་ཙཱ་བ་རྣམས་དང་ཟུང་འབྲེལ་གྱིས་ད་ལྟ་བཀའ་འགྱུར་དང་བསྟན་འགྱུར་ནང་དུ་བཞུགས་པའི་ཆོས་སྐོར་མང་པོ་ཞིག་བོད་འགྱུར་མཛད་གནང་ཡོད། དེའི་འབྲས་བུར་བོད་བརྒྱུད་ནང་བསྟན་ནི་མདོ་ལས་སྔགས་གལ་ཆེན་དུ་འཛིན་པ་དང་། མདོ་སྔགས་ཐམས་ཅད་འགལ་མེད་དུ་ཉམས་སུ་ལེན་པ་དང་། ནཱ་ལནྡཱ་ལྟར་ཤེས་བྱ་རེ་ཟུང་ལ་རིགས་གཅིག་རྐང་འཛིན་བྱེད་པ་མ་ཡིན་པར་ནང་བསྟན་དང་འབྲེལ་བའི་ཤེས་བྱ་མཐའ་དག་ལ་སྦྱོང་བ་དང་། བསྟན་བཅོས་རྩོམ་པ་ན་ཡང་ཤཱནྟི་པ་དང་ཨ་བྷྱ་ཀ་རའི་གསུང་རྩོམ་རྣམས་ལྟར་ཐམས་ཅད་ཀྱི་སྙིང་པོ་བསྡུས་ནས་རྩོམ་པ་སོགས་ཀྱིས་ཕྱོགས་གང་ཐད་ནས་བོད་བརྒྱུད་ནང་བསྟན་ནི་ནཱ་ལནྡཱ་ལས་ཀྱང་བི་ཀྲ་མ་ཤཱི་ལའི་བརྒྱུད་འཛིན་ཡིན་པའི་རྣམ་པ་ཆེ།

བོད་ཀྱི་ལོ་རྒྱུས་རྣམས་སུ་རྒྱ་གར་གྱི་མཁས་པ་གྲགས་ཆེ་བ་ཕལ་མོ་ཆེ་ནཱ་ལནྡཱ་ནས་ཡིན་པའི་བཤད་སྲོལ་ཡོད་ན་ཡང་དོན་དངོས་སུ་དེ་དག་ནི་བོད་པའི་བཤད་སྲོལ་ཙམ་ལས་ཡིད་རྟོན་འོས་པའི་ཁུངས་ཅི་ཡང་མེད། ནཱ་ལནྡཱ་ནི་རྒྱ་ནག་གི་སློབ་དཔོན་ཐང་སན་ཙང་དང་། ཀོ་རི་ཡའི་སློབ་དཔོན་པྲཛྙ་ན་ཝརྨ་གཉིས་ཀས་དུས་རབས་ལྔ་པའི་ནང་དུ་བྱོན་པ་གུཔྟའི་རྒྱལ་རབས་ཀྱི་རྒྱལ་པོ་གཞོན་ནུ་སྦས་པས་བཞེངས་པར་གསུངས། དེ་ཉིད་བདེན་པ་ཡིན་པའི་དཔང་རྟགས་སུ་མིག་སྔར་གནའ་རྫས་མི་ཉུང་བ་ཐོན་བཞིན་པ་ལས་རྒྱལ་པོ་དེའི་སྔོན་དུ་སྟེ་སློབ་དཔོན་ཀླུ་སྒྲུབ་དང་ཐོགས་མེད་སོགས་ཀྱི་སྐབས་སུ་ནཱ་ལནྡཱའི་གཙུག་ལག་སློབ་གཉེར་ཁང་ཡོད་པའི་ཁུངས་རྣམ་དག་དང་དཔང་རྟགས་འོས་པ་ད་ལྟའི་བར་ཅི་ཡང་ཐོབ་མེད།

མ་གཞི་རྒྱ་གར་དུ་གྲགས་ཆེ་བའི་མཁས་པ་ཞིག་ཡིན་ན་བོད་པ་ཚོས་ནཱ་ལནྡཱ་ནས་ཡིན་ངེས་སྙམ་པ་ཡང་དོན་དངོས་སུ་སྔར་རྒྱ་གར་ལ་ནང་བསྟན་ཤེས་རིག་གི་འབྱུང་གནས་ནཱ་ལནྡཱ་གཅིག་པུ་མ་ཡིན་པར་བཅོམ་བརླག་དང་། ཨ་ཡོ་དྷྱ། གྷན་དྷྲ། ཀ་ཤི་མིར། ཨཎ་དྷྲ། ཀཱཉ་ཅི་སོགས་དགེ་འདུན་སྟོང་ཕྲག་མང་པོ་དང་པཎྜི་ཏ་བརྒྱ་ཕྲག་མང་པོ་འདུས་སའི་ཤེས་ཡོན་གྱི་བསྟི་གནས་ཧ་ཅང་མང་པོ་ཡོད་ཚུལ་ཤུན་ཙང་སོགས་ཀྱི་ལམ་ཡིག་ལས་གསལ་པོར་འབྱུང་བ་རྣམས་མ་ཤེས་པའམ་མ་དྲན་པའི་དབང་གིས་ཡིན་ངེས། ནཱ་ལནྡཱ་ནས་ཡིན་ངེས་པ་ནི་ཟླ་བ་གྲགས་པ་དང་ཞི་བ་ལྷ། ཆོས་ཀྱི་གྲགས་པ་སོགས་དུས་རབས་ལྔ་པ་ནས་བརྒྱད་པའི་བར་དུ་བྱོན་པའི་སློབ་དཔོན་གྲགས་ཆེ་བ་རྣམས་ཙམ་རེད། ནཱ་ལནྡཱ་ཡོད་པའི་སྐབས་ཀྱང་ཕྱོགས་གཞན་ལ་མཁས་པ་མེད་པ་མ་ཡིན་པར་ནཱ་ལནྡཱར་རྩོད་པ་བྱུང་བ་གཞན་གྱིས་བཟློག་མ་ནུས་པས་ཨོ་ཌི་བི་ཤའི་ཡུལ་ནས་སློབ་དཔོན་ཕྱོགས་གླང་གདན་འདྲེན་དགོས་བྱུང་བ་ལྟ་བུའོ།།

དོན་དངོས་སུ་ཐོག་མར་ནཱ་ལནྡཱ་ལ་སྐབས་དེའི་རྒྱ་གར་གྱི་རྒྱལ་རབས་སྟོབས་ཆེ་ཤོས་གུཔྟས་གཟིགས་སྐྱོང་གནང་གི་ཡོད་པས་དུས་རབས་འགའ་ཤས་རིང་དུ་ནཱ་ལནྡཱའི་སྙན་གྲགས་ཆེར་རྒྱས་ན་ཡང་། དེ་རྗེས་གུཔྟའི་རྒྱལ་རབས་ཉམས་པ་དང་། པཱ་ལའི་རྒྱལ་རབས་དར་བས་བི་ཀྲམ་ཤཱི་ལས་ནཱ་ལནྡཱའི་མཚན་སྙན་དང་གལ་གནད་བསྒྲིབས་པ་ལྟ་བུར་གྱུར་ཏེ། བོད་དུ་བསྟན་པ་དར་སྐབས་ནི་བི་ཀྲམ་ཤཱི་ལ་དར་རྒྱས་ཀྱི་རྩེ་མོར་སོན། དེར་བརྟེན་ཕྱིས་སུ་བོད་ནས་རྒྱ་གར་དུ་ཕེབས་པ་འབྲོག་མི་དང་། མར་པ། རྒྱ་བརྩོན་འགྲུས་དང་ནག་ཚོ་ལོ་ཙཱ་བ་སོགས་བོད་ཀྱི་ལོ་ཙཱ་བ་ཕལ་མོ་ཆེ་བི་ཀྲམ་ཤཱི་ལར་བཞུགས་མྱོང་བ་ལས་དེ་ལ་ལྟོས་ན་ནཱ་ལནྡཱར་ཐོས་བསམ་གནང་མྱོང་བའི་བོད་ཀྱི་མཁས་པ་གྲགས་ཅན་ཉུང་བ་དང་། བོད་ལ་ཕེབས་མྱོང་བའི་རྒྱ་གར་གྱི་བླ་མ་གལ་ཆེན་རྣམས་ཀྱང་གཙོ་བོ་བི་ཀྲམ་ཤཱི་ལ་ནས་ཡིན་པ་དང་། ཕྱིས་སུ་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་ཆེ་བ་ནཱ་རོ་པ་དང་། མཻ་ཏྲི་པ། ཤཱནྟི་པ་སོགས་ཀྱང་བི་ཀྲམ་ཤཱི་ལ་ནས་ཡིན་པར་གསལ།

དེས་ན་ང་ཚོས་ལོ་རྒྱུས་དངོས་ལ་བསམས་ནས་བོད་བརྒྱུད་ནང་བསྟན་དེ་ནཱ་ལནྡཱ་དང་བི་ཀྲམ་ཤཱི་ལ་གཉིས་ལས་གང་དང་ཐད་ཀར་འབྲེལ་བ་ཆེ་ཞེས་དྲིས་ན་བི་ཀྲམ་ཤཱི་ལར་འབྲེལ་བ་ཆེ་བ་ནི་ཧ་ཅང་གསལ་པོ་དང་། དེ་གཉིས་ལས་གལ་གནད་གང་ཆེ་ཞེས་དྲིས་ན་ཡང་བོད་བརྒྱུད་ནང་བསྟན་གྱིས་མདོ་གཙོ་བོར་འཛིན་ནམ་སྔགས་གཙོ་བོར་འཛིན་ཞེས་འདྲི་དགོས་ཤིང་། མདོ་གཙོ་བོར་འཛིན་ན་ནཱ་ལནྡཱ་དང་སྔགས་གཙོ་བོར་འཛིན་ན་བི་ཀྲམ་ཤཱི་ལ་གཙོ་བོ་ཡིན་པ་ནི་ལོ་རྒྱུས་དངོས་དང་མཐུན་པའི་ལན་རེད། སྤྱིར་བཏང་བི་ཀྲམ་ཤཱི་ལ་ཡོད་སྐབས་ནང་བསྟན་ཉམས་ཆག་ཤིན་ཏུ་ཆེ་བས་དེའི་མཚན་སྙན་ནཱ་ལནྡཱ་ལྟར་རྒྱལ་ཁབ་གཞན་ལ་དེ་ཙམ་ཁྱབ་མ་ཐུབ་ཀྱང་། ད་ལྟ་རྡོ་རྗེ་ཐེག་པ་ཞེས་གྲགས་པ་འདི་ནི་གཙོ་བོ་བི་ཀྲ་མ་ཤཱི་ལའི་འབྲས་བུ་ཡིན་པ་འཛམ་གླིང་ལོ་རྒྱུས་སྨྲ་བ་ཕལ་ཆེར་རྩོད་མེད་དུ་འདོད་པའོ།།

དེ་ལྟར་ཕྱིས་སུ་རྒྱ་གར་དུ་ནང་བསྟན་སློབ་སྦྱོང་གི་ལྟེ་གནས་གཙོ་བོར་གྱུར་པ་དེ་ཉིད་དུས་རབས་བཅུ་གཉིས་པའི་ནང་དུ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་བི་ཀྲམ་ཤཱི་ལའི་མཁན་པོ་མཐའ་མ་གནང་བའི་རྗེས་སུ་དེང་སང་ཨཧྥ་གྷ་ནི་སི་ཐན་ཞེས་འབོད་པའི་ལུང་པ་དེ་ནས་སླེབས་པའི་ཁ་ཆེའི་ཆོས་ལུགས་འཛིན་པའི་དམག་དཔོན་ (Ikhtiyar Khiliji) ཁི་ལི་ཇི་ཡིས་ཕྱི་ལོ་ ༡༡༩༨ ལོར་གཙུག་ལག་ཁང་དེ་ལྷག་མེད་དུ་གཏོར་བཤིག་བཏང་བ་ན། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པའི་དེབ་སྔོན་གསར་མ་ལས། སྤྱིར་བཏང་བཤད་སྲོལ་ལྟར་ན་ཁ་ཆེའི་ཆོས་པས་ཝི་ཀྲམ་ཤཱི་ལའི་དགོན་པ་གཏོར་བཤིག་བཏང་ནས་རྒྱ་གར་ཡུལ་དབུས་ལ་ནང་ཆོས་ནུབ། ཅེས་བྱུང་བ་ལྟར། དེ་ནས་བཟུང་རྒྱ་གར་ལ་ནང་བསྟན་དྲི་མ་ཙམ་ལས་མེད་པར་གྱུར་ཅེས་གྲགས་སོ།།  །།དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དང་རྣམ་ཐར་ཕྱོགས་བསྒྲིགས་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལས་ཇོ་བོ་རྗེའི་རྣམ་ཐར་གྱི་སྐབས་ནས་བི་ཀྲ་མ་ཤཱི་ལའི་ངོ་སྤྲོད་ཟུར་འདོན་ཞུས་པའོ།།   །།

དཔྱད་ཡིག་དང་ཞབས་མཆན། 

[1] བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས། (2) པོད། ༼༢༢༽ ཁམས་བྲིས་དཔེ་རིང་། ཤོག་ ༣བ༣ ནས་ ༤བ༤ བར།

[2] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

[3] གཏམ་རྒྱུད་རིན་ཆེན་ཕྲེང་མཛེས། ལག་བྲིས་དེབ་གཟུགས། ཤེས་རིག་དཔར་ཁང་། ཤོག་གྲངས་ ༢༦༩

[4] གདམས་ངག་མཛོད་ཤངས་ཆོས། ༼ན༽ ཆོས་སྤྱོད། དཔེ་རིང་། ཤོག་གྲངས་ ༧ན༦

[5] དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༤

[6] བོད་རྒྱ་ཚིག་མཛོད་ཆེན་མོར། བི་ཀྲ་མ་ལ་ཤཱི་ལ་ཞེས་དང་། དཔེ་མང་པོར་བྲི་ཀཱ་མ་ཤཱི་ལ་དང་། བི་ཀྲ་མ་ལ་ཤཱི་ལ། བི་ཀྲ་མ་ལ་ཤི་ལ། བྲི་ཀྲ་མ་ལ་ཤཱི་ལ། བི་ཀྲ་མ་ལ་ཤཱི་ལ། བེ་ཀ་མ་ལ་དང་། བྲི་ཀ་མ་ལ། བི་ཀྲ་མ་ཤཱི་ལ། བི་ཀྲ་ཤཱི་ལ། བི་ཀྲ་མ་ལ་ཤཱི་ལ་སོགས་ར་བཏགས་དང་། རིང་ཆ་ཡོད་མེད་སོགས་དག་སྡེབ་འབྲི་ལུགས་སྣ་ཚོགས་ཤིག་འབྱུང་བ་ཕལ་མོ་ཆེ་ཡི་གེ་མ་དག་པར་ངེས་ཤིང་། བི་ཀྲ་མ་ལ་ཤཱི་ལ་ཞེས་པ་དག་པར་གསུངས། འོན་ཀྱང་ཝི་ཡིག་གསལ་བའི་དག་སྡེབ་མི་སྣང་བས་བི་ཀྲ་མ་ལ་ཤཱི་ལ་ཞེས་པའི་ཚབ་ཏུ་ལེགས་སྦྱར་རང་གི་འབོད་སྟངས་ལྟར་ན། ཝི་ཀྲ་མ་ལ་ཤཱི་ལ་ཞེས་བྲིས་ན་སྒྲ་གདངས་ཉེ་བས་ལེགས་པར་སེམས་པས་དཔྱད་དགོས།

[7] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༩༩

[8] དབྱངས་ཅན་དགའ་བློས། ས་ཏྲ་ནི་འགའ་ཞིག །ཐབ་ཀ་ལ་ཟེར་གསུང་། དེབ་སྔོན་ལས། ཇོ་བོ་བཞུགས་དུས་འཚོ་བ་ཇོ་བོས་སྐྱོང་བ་རྣམས་ལ་ཇོ་བོའི་ས་ཏྲ་ཟེར། ས་ཏྲ་དེ་བོད་སྐད་དུ་སྡེའམ་ཚོགས་པ་ཟེར་བ་ཡིན། ཞེས་གསུང་ངོ་། །ས་ཏྲ་དང་ས་དྲ་ཞེས་མ་འདྲ་ཙམ་བྱུང་ཡང་དོན་འདྲ་ཞིང་། སྒྲ་འི་སྙེ་མ་ལས། ས་ཏྲ་ཁང་པ་ནགས་ལའང་ས་ཏྲ་སྟེ། །ས་ཏྲ་འབྲུ་སོན་རྣམས་ལའང་དྲན། །ས་ཏྲ་འབྲས་དང་ས་ཏྲ་་ནོར། །ས་ཏྲ་ལེགས་སྤྱོད་པ་ཡང་སྨྲོས། །ཞེས་པ་ས་ཏྲའི་སྒྲ་དོན་མང་པོ་ལ་འཇུག་པར་གསུངས་སོ། །(དབྱངས་ཅན་དགའ་བའི་བློ་གྲོས་ཀྱི་གསུང་འབུམ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༣༢)

[9] ཤེས་བྱ་ཀུན་ཁྱབ། ༼ཨེ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༦/༢༡༤

[10] ནག་ཚོའི་གསུང་སྒྲོས་དང་འབྲོམ་སྟོན་གྱི་ལམ་ཡིག །དེབ་གཟུགས། ཤོག་གྲངས་ ༡༣

[11] བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༣༦༩

[12] དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༥

[13] བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་། ༼༢༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་ ༣༤

[14] རྒྱལ་ཡོངས་འཕགས་བོད་མཁས་པའི་བགོ་གླེང་ཆེན་མོའི་དཔྱད་རྩོམ། དགའ་ལྡན། ༢༠༡༩ ལོ། ཤོག་ ༧༠༣

[15] གཏམ་རྒྱུད་གསེར་གྱི་ཐང་མ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་ ༣༦༢

[16] བཀའ་གདམས་ཆོས་འབྱུང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༤༨

[17] གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་། མང་པོས་བཀུར་བ། ཕལ་ཆེན་པ། གནས་བརྟན་པའི་སྡེ་པ་བཅས་སོ།།

[18] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཤ༽ དེབ་ཨང་། ༧༡ པ། ཤོག་གྲངས་ ༥༣༩

[19] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་ ༦༤

[20] འཛམ་གླིང་ཆེན་པོའི་རྒྱས་བཤད་སྣོད་བཅུད་ཀུན་གསལ་མེ་ལོང་། སྒང་ཏོག་དཔེ་རིང་། ༡༩༨༡ ལོ། ཤོག་ ༡༧བ༡

[21] གཏམ་རྒྱུད་གསེར་གྱི་ཐང་མ། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༩

[22] རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༨༣

[23] http://en.wikipedia.org/wiki/Vikrama%C5%9B%C4%ABla_University

[24] དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༥

[25] ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་བཀོད་པ་ཡང་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ལ་དཔེ་མཛད་ཚུལ་མཁས་པ་མང་པོས་བཤད།

[26] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུལ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་  ༩༣༣

[27] གཏམ་རྒྱུད་གསེར་གྱི་ཐང་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༧

[28] བོད་ཀྱི་སྲིད་དོན་རྒྱལ་རབས། སྟོད་ཆ། གླེགས་བམ་དང་པོ། ཀ་སྦུག ༡༩༧༦ ལོ། ཤོག་གྲངས་ ༢༤༢

[29] ཆག་ལོ་ཙཱ་བའི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༥

[30] བོད་ཀྱི་སྲིད་དོན་རྒྱལ་རབས། གླེགས་བམ་དང་པོ། ༡༩༧༦ ལོ། ཤོག་གྲངས་ ༡༥༡

[31] གཏམ་རྒྱུད་གསེར་གྱི་ཐང་མ། ༼༢༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༨༦

[32] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༨༩

[33] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༡༤

[34] པདྨ་འཕྲིན་ལས་སྙིང་པོའི་བཀའ་འབུམ། ༼ཨོཾ༽ ཤོག་གྲངས་ ༨བ༤ ནས་ ༩ན༢ བར།

[35]  ས་སྐྱ་པའི་བླ་མ་ཁ་ཤས་ཀྱི་རྣམ་པར་ཐར་པ། པོད། ༼ཁ༽ རྒྱལ་ཡོངས་གསུང་རབ་སློབ་ཁང་། དཔེ་རིང་། ཤོག་ ༡༦ན༥

[36] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༡༤

[37] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༧

[38] རྣམ་གནོན་སློབ་དཔོན་བཅུ་གཉིས། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ལངྐ་རྒྱལ་བ་ཅན། དཔལ་འཛིན། བྷ་ཝ་ལྷ། སྐལ་ལྡན་གྲགས་པ། ལི་ལ་བཛྲ། མི་ཐུབ་ཟླ་བ། དམ་ཚིག་རྡོ་རྗེ། དེ་བཞིན་གཤེགས་བསྲུང། བྱང་ཆུབ་བཟང་པོ། པདྨ་བསྲུང་བ། ཡང་མཆོག་བརྒྱད་ཆེན་པོ་བཞི། རྨད་བྱུང་སློབ་དཔོན་གཉིས། ཞེས་པའང་མཆིས། ཞེས་དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢༣༣ ཐོག་གསལ་ལོ།།

[39] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༡༠

[40] འདི་དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་དཔའ་བོའི་ཡིད་དུ་འོང་བ་མཛད་པ་པོ་ཡིན་པ་ལས། ལེགས་ལྡན་ཀྱི་མཚན་གྱི་རྣམ་གྲངས་སྐལ་ལྡན་གྲགས་པ་དེ་མིན་ནོ།།

[41] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༡༤

[42] ས་སྐྱ་པ་དང་ས་སྐྱ་པ་མ་ཡིན་པའི་བླ་མ་ཁ་ཤས་ཀྱི་རྣམ་ཐར། ༼ག༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་། ཤོག་གྲངས་ ༥ན༣

[43] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། ༼༣༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༢༥༢

[44] ཨཱཀྱ་ཡོངས་འཛིན་གྱི་བཀའ་འབུམ། སྟོད་ཆ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༤

[45] གཏམ་རྒྱུད་རིན་ཆེན་ཕྲེང་མཛེས། ལག་བྲིས་དེབ་གཟུགས། ཤེས་རིག་དཔར་ཁང་། ཤོག་གྲངས་ ༩༤

[46] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། ༼༣༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༢༥༢

[47] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༤༠༩

[48] རྗེ་ཙོང་ཁ་པའི་དྲ་བར་རྩོམ་པ་པོ་རྩིས་ཆེ་ལེགས་མཐོང་གིས་བཀོད་པ་ནས་ཁ་སྣོན་བཏུས་པའོ།།http://m.bo.jetsongkhapa.org

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།