ཀ རོ་སྒྲུང་གི་མིང་གི་རྣམ་གྲངས།
དེ་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[1]། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་། ཡོངས་གྲགས་སུ་རོ་སྒྲུང་ཟེར། འདི་ནི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་རོ་ལངས་བསྒྲུབས་ནས་ལུས་གསེར་དུ་བསྒྱུར་བའི་གཏམ་རྒྱུད་ལེའུ་མང་པོ་ཡོད་པ་ཞིག་ཡིན། སྒྲུང་ཤོད་མཁན་ནི་རོ་དངོས་གྲུབ་རྡོ་རྗེ་ཟེར་བའི་རོ་ལངས་དེ་ཉིད་སློབ་དཔོན་གྱི་སློབ་མ་བདེ་སྤྱོད་བཟང་པོས་བཏུལ་རྗེས་སྒལ་པར་ཁུར་ནས་ཁྱེར་ཡོང་བའི་ལམ་བར་དུ་རོ་དངོས་གྲུབ་རྡོ་རྗེས་བཤད་པ་ཡིན་ཟེར་སྲོལ་ཡོད། འདི་ལ་ལེའུ་ཉི་ཤུ་རྩ་གཅིག་ཡོད་པ། ཉི་ཤུ་རྩ་བདུན་ཡོད་པ། སུམ་ཅུ་སོ་བདུན་ཡོད་པ་སོགས་སྣ་ཚོགས་འདུག །ཅེས་གསུངས་པ་ལྟར། བོད་གངས་ཅན་གྱི་ལྗོངས་སུ་ཡོངས་གྲགས་རོ་སྒྲུང་དུ་གྲགས་པའི་གཏམ་རྒྱུད་འདི་ལ་མིང་གི་ཆ་ནས་ཐ་སྙད་འདོགས་ཚུལ་གྱི་རྣམ་པ་མི་འདྲ་བའམ། མིང་གི་རྣམ་གྲངས་མང་དུ་ཡོད་པ་ནི། ༡ རོ་དངོས་གྲུབ་ཀྱི་སྒྲུང་དང་། ༢ དངོས་གྲུབ་ཅན་གྱི་སྒྲུང་དགོས་འདོད་ཆར་འབེབས། ༣ སློབ་དཔོན་ཀླུ་སྒྲུབ་དང་རྒྱལ་བུ་བདེ་སྤྱོད་བཟང་པོས་མཛད་པའི་རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་བྱུང་། ༤ དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་པ་རྒྱས་པར་ཕྱེ་བ། ༥ སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་བསྟན་བཅོས་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་ལྔ་པ། ༦ སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་ཅན་གྱི་སྒྲུང་མཁས་པ་དང་སྐྱེ་བོ་རྣམས་ཀྱི་རྣ་བའི་བཅུད་ལེན་ཞེས་བྱ་བ་ཕུན་ཚོགས་བདེ་སྟེར། ༧ སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་སྒྲུང་ལེའུ་བཅུ་གསུམ་པ་ངོ་མཚར་ཡིད་ཀྱི་དགའ་སྟོན། ༨ མི་རོ་གསེར་གྲུབ་བྱ་བའི་མིག་དགུ་མ། ༩ སློབ་དཔོན་ཀླུ་སྒྲུབ་ཀྱི་བསྟན་བཅོས་མཐོང་བ་འཛུམ་ཤོར་ལེའུ་ཉི་ཤུ་རྩ་གཅིག་པ། ༡༠ རོ་སྒྲུང་། ༡༡ མི་རོ་རྩེ་སྒྲུང་། ༡༢ རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་། རྒྱ་དཔེ་འགའ་ཞིག་ཏུ་རོ་སྒྲུང་ལ་རོས་སྐད་ཆ་བཤད་པའི་གཏམ་རྒྱུད་ཅེས་ཀྱང་བསྒྱུར་ཡོད། དེ་ལྟར་མིང་གི་རྣམ་གྲངས་མང་[2]ལ། རོ་སྒྲུང་གི་མཚན་བྱང་ཕལ་མོ་ཆེར་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གསལ་ཡོད།
དེ་བཞིན་བོད་རྒྱ་ཚིག་མཛོད་ཆེན་མོ་ལས[3]། རོ་སྒྲུང༌ནི། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་ཞིག་སྟེ། དངོས་གྲུབ་ཅན་གྱི་སྒྲུང་དགོས་འདོད་ཆར་འབེབས་ཞེས་བྱ་ཞིང་། སློབ་དཔོན་ཀླུ་སྒྲུབ་དང་རྒྱལ་པོ་བདེ་སྤྱོད་བཟང་པོ་གཉིས་ཀྱིས་མཛད་པའི་མི་རོ་དངོས་སྒྲུབ་ཅན་གྱི་གཏམ་རྒྱུད། རྒྱལ་པོ་བདེ་སྤྱོད་བཟང་པོས་དཀའ་བ་སྤྱད་པའི་མི་རོ་གསེར་འགྱུར་གྱི་ལོ་རྒྱུས་ལེའུ་ཚན་ཉེར་གཅིག་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ལེའུ་ཉི་ཤུ་རྩ་གཅིག་པ་རྣམས་སོ། །ཞེས་གསལ་བ་ལྟར་རོ་སྒྲུང་དང་། འགའ་ཞིག་གིས་མི་རོ་རྩེ་སྒྲུང་། ལ་ལས་མི་རོ་གསེར་སྒྲུང་། རེ་འགས་རོ་ལངས་གསེར་སྒྲུབ། གཞན་ཡང་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་དང་། རོ་དངོས་གྲུབ་ཅན་གྱི་སྒྲུང་སོགས་སྒྲུང་གི་ཐ་སྙད་འདོགས་ཚུལ་དང་། གཏམ་རྒྱུད་ཀྱི་ལེ་ཚན་སྒྲིག་རིམ་མི་འདྲ་ཞིང་། མིང་གི་ཆ་ནས་རྒྱས་བསྡུས་དང་། དག་སྡེབ་མི་འདྲ་བ། མིང་གི་རྣམ་གྲངས་ཤིན་ཏུ་མང་ཡང་། དེ་དག་གི་གླེང་གཞིའི་ཁུངས་རྣམས་བདག་ཉིད་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་གཏུགས་པ་དང་། དེ་དག་ཏུ་གཅིག་མཚུངས་སུ་གསལ་བའི་གཏམ་རྒྱུད་ཀྱང་མང་དུ་སྣང་ངོ་།།
དེ་ཡང་མཁས་དབང་ནམ་མཁའི་ནོར་བུས་ (1938-2018) བརྩམས་པའི་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ལས[4]། མཁས་དབང་དཔའ་བོ་གཙུག་ལག་ཕྲེང་བ་ (1504-1566) མཆོག་གིས། རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་ཞེས་དཔེར་བཀོད་མཛད་པ་དེ་ནི་མི་རོ་གསེར་སྒྲུབ་ཀྱི་སྒྲུང་དེ་རིགས་དཔའ་བོ་གཙུག་ལག་ཕྲེང་བ་བྱོན་པའི་དུས་དེར་གྲགས་ཆེ་བའི་སྒྲུང་ཞིག་ཡིན་པ་དེའི་རྒྱུ་མཚན་གྱིས་སྒྲུང་གི་དཔེར་བཀོད་པ་མཛད་པ་ཡིན་གྱི། མི་རོ་གསེར་སྒྲུང་ངམ། རོ་དངོས་གྲུབ་ཅན་གྱི་སྒྲུང་ཞེས་བྱ་བ་དེང་དུས་སུ་ཡོད་པ་དཔེ་འདི་དག་ནང་བཞིན་སྒྲུང་ཚན་པ་མང་པོ་ལྷན་ཅིག་ཏུ་བསྒྲིགས་པའི་དཔེ་འགའ་ཞིག་གནའ་བོའི་དུས་རབས་སུ་ཡོད་མྱོང་བའི་སྒྲུབ་བྱེད་དུ་བཀོད་པ་ཅི་ཞིག་ཀྱང་མིན་ལ། རང་ཅག་གིས་ལེགས་པར་དཔྱད་ན། ད་ལྟའི་དུས་སུ་རོ་སྒྲུང་ཇི་སྙེད་ཅིག་ཡོད་འདུག་པ་འདི་དག་དང་མཚུངས་པའི་རོ་སྒྲུང་གི་དཔེ་འགའ་ཞིག་གནའ་བོའི་དུས་རྣམས་སུ་བྱུང་མེད་པ་དང་། ནམ་རྒྱུན་དུ་སྒྲུང་ལྡེའུ་བོན་གསུམ་ཞེས་ཡོངས་སུ་གྲགས་པའི་སྒྲུང་དེ་མི་རོ་གསེར་སྒྲུང་གི་གཞུང་འདི་དག་མ་ཡིན་པ་གསལ་པོ་ཤེས་ཐུབ། གང་ལགས་ཟེར་ན། རོ་སྒྲུང་གི་རིགས་དཔེ་རྒྱུན་མི་འདྲ་བ་གང་ཞིག་ཡིན་ཀྱང་རུང་། དེ་དག་གི་གླེང་གཞིའི་ཁུངས་དེ་སློབ་དཔོན་ཀླུ་སྒྲུབ་ལ་གཏུགས་འདུག་ཅིང་། རོ་སྒྲུང་གི་མཚན་བྱང་འགའ་ཤས་སུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཤིག་ཡིན་པའང་གསལ་བ་དེ་ལྟར་ན། བོད་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་མ་བྱོན་པའི་གོང་རོལ་ཏུ་སངས་རྒྱས་པའི་ཆོས་དར་བའི་ལོ་རྒྱུས་གང་དུའང་མེད་ལ། བོད་དུ་སངས་རྒྱས་པའི་ཆོས་ཅི་ཞིག་ཀྱང་མ་དར་བ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་རོ་སྒྲུང་ཞིག་དར་བའི་རྒྱུ་མཚན་འགའ་ཡང་མེད། ཅེས་གསུངས་པ་ལྟར་རོ།།
ཁ། རོ་སྒྲུང་གི་དཔེ་རྒྱུན་ཇི་ཡོད།
དེ་ཡང་རོ་སྒྲུང་གི་གཏམ་རྒྱུད་འདི་དག་བོད་ཀྱི་དམངས་ཁྲོད་ངག་རྒྱུན་དུ་དར་ཁྱབ་ཤིན་ཏུ་ཆེ་བས་དཔེ་རྒྱུན་ལ་མཚོན་ན་ལག་བྲིས་དང་། ཤིང་བརྐོས་ཀྱང་མང་དུ་ཡོད་པ་ནི། མཚོ་སྔོན་གྱི་ལག་བྲིས་མར་གཏམ་རྒྱུད་ལེའུ་བཅུ་གསུམ་ནས་བཅུ་དྲུག་བར་ཡོད་ཅིང་། སྡེ་དགེའི་ཤིང་བརྐོས་མར་གཏམ་རྒྱུད་ལེའུ་ཉེར་གཅིག །བླ་བྲང་དགོན་པའི་ཤིང་བརྐོས་མར་གཏམ་རྒྱུད་ལེའུ་ཉེར་གཅིག །ལྷ་ས་དང་ལྷོ་ཁ་འཕྱོངས་རྒྱས་གཉིས་ཀྱི་ལག་བྲིས་མར་གཏམ་རྒྱུད་ཉེར་གཅིག་རེ་དང་། ཡང་ལ་ལར་རོ་སྒྲུང་འདི་ལ་གཏམ་རྒྱུད་ལེའུ་བརྒྱ་ལྷག་ཡོད་ཚུལ་གསལ་ནའང་། དེང་སྐབས་ལེའུ་བརྒྱ་ལྷག་ཡོད་པ་དེ་ལྟར་མཇལ་རྒྱུ་ཡོད་བཟོ་མི་སྣང་བས་གཏམ་རྒྱུད་ལེའུ་བརྒྱ་ལྷག་དང་། ལེའུ་བཅུ་གཅིག་ཅན། ལེའུ་བཅུ་གཉིས་པ། ལེའུ་བཅུ་དྲུག །ལེའུ་བཅོ་བརྒྱད་པ། ཆོས་སྒྲུང་ཉེར་ལྔ་པ་བཅས་ལག་སོན་མ་བྱུང་ཡང་། འདིར་ལག་སོན་བྱུང་བའི་རོ་སྒྲུང་རྒྱས་འབྲིང་གསུམ་ལྟ་བུ་ལས། ནང་གསེས་ཀྱི་རོ་སྒྲུང་རྒྱས་པ་ལེའུ་ ༣༧ ཅན་དང་། རྒྱས་པ་རོ་སྒྲུང་ལེའུ་ ༢༧ ཅན། རོ་སྒྲུང་འབྲིང་བ་ལེའུ་ ༢༤ ཅན་དང་། འབྲིང་གྲས་ལེའུ་ ༢༡ ཅན། རོ་སྒྲུང་བསྡུས་པ་ལེའུ་ ༡༣ ཅན་བཅས་རོ་སྒྲུང་རིགས་ལྔའི་མ་དཔེ་ལག་སོན་བྱུང་བ་ལས། རོ་སྒྲུང་གི་ནང་གསེས་སྒྲུང་བཞི་ལྔ་ཙམ་རོ་སྒྲུང་ཁག་ལྔ་ཀར་ཐུན་མོང་དུ་གསལ་ཞིང་། ཡང་རོ་སྒྲུང་ལྔ་པོ་སོ་སོར་ཐུན་མིན་དུ་གསལ་ལ། རོ་སྒྲུང་གཞན་དང་གཞན་དུ་མི་གསལ་བའི་སྒྲུང་སྣ་བཅས་རིགས་གཉིས་ཡོད་པ་སོགས་དཔེ་རྒྱུན་སྣ་ཚོགས་བཞུགས་སོ།།
དེ་བཞིན་མཁས་དབང་ནམ་མཁའི་ནོར་བུས་ (1938-2018) བརྩམས་པའི་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ལས[5]། རོ་དངོས་གྲུབ་ཅན་གྱི་སྒྲུང་སོགས་མིང་གི་བྱེ་བྲག་མི་འདྲ་བ་སྣ་ཚོགས་སུ་གྲགས་པའི་སྒྲུང་དེ་ནི་དེང་དུས་ཡོངས་གྲགས་ཀྱི་སྒྲུང་ཞིག་ཡིན། དེའི་སྐོར་གྱི་ཡིག་ཆ་ལ་མི་འདྲ་བ་དུ་མ་ཞིག་སྣང་བ་དེ་དག་ལས་གཙོ་ཆེའི་གྲས་འགའ་ཞིག་གི་མཚན་བྱང་དཔེར་མཚོན་ན། དངོས་གྲུབ་ཅན་གྱི་སྒྲུང་དགོས་འདོད་ཆར་འབེབས་ཞེས་བྱ་བ་དང་། སློབ་དཔོན་ཀླུ་སྒྲུབ་དང་རྒྱལ་བུ་བདེ་སྤྱོད་བཟང་པོས་མཛད་པའི་རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་བྱུང་ཞེས་བྱ་བ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་རྒྱས་པར་ཕྱེ་བ། རོ་དངོས་གྲུབ་ཅན་གྱི་སྒྲུང་། མི་རོ་རྩེ་སྒྲུང་ཞེས་པ་སོགས་ཀྱི་མ་དཔེ་བྲིས་མ་དང་དཔར་མ་ཅི་རིགས་སུ་སྣང་།
ཕྱི་ཡུལ་གྱི་དཔེ་མཛོད་ཁག་ཏུའང་རོ་སྒྲུང་སྐོར་གྱི་མ་དཔེ་མི་འདྲ་བ་མང་ཙམ་ཡོད་འདུག་ཅིང་། དཔེར་ན་དབྱིན་ཡུལ་ལི་ཝེར་སྡུལ་གྱི་དཔེ་མཛོད་དུ་སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་བསྟན་བཅོས་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ལེའུ་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བ་བཞུགས་སོ། །ཞེས་པ་དབུ་ཅན་ལག་བྲིས་ཀྱི་དཔེ་དང་། ཕ་རན་སེར་སྐུ་ཞབས་སྟེའིན་ལགས་ཀྱི་དཔེ་མཛོད་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་སྒྲུང་ལེའུ་བཅུ་གསུམ་པ་ངོ་མཚར་ཡིད་ཀྱི་དགའ་སྟོན་ཞེས་བྱ་བ་བཞུགས། རྫོགས་ཆེན་འདུས་སྡེའི་ལྟེ་བའི་གནས་ཡུལ་མེ་རི་སྒར་གྱི་དཔེ་མཛོད་དུ་མི་རོ་གསེར་གྲུབ་བྲ་བའི་མིག་དགུ་མ་བཞུགས་སོ། །ཞེས་པ་དབུ་མེད་བྲིས་ཚུགས་སྤུས་ལེགས་ལྡེབ་གྲངས་ ༡༡༦ ལེའུ་བཅུ་གཅིག་ཡོད་པའི་དཔེ་གཅིག་གིས་མཚོན་ཡུལ་ཕྱོགས་སོ་སོའི་སྤྱི་སྒེར་གྱི་དཔེ་མཛོད་རྣམས་སུ་རོ་སྒྲུང་གི་མ་དཔེའི་རིགས་མང་པོ་ཞིག་ཡོད་པར་མངོན། དེ་ཙམ་དུ་མ་ཟད་རོ་སྒྲུང་གི་དཔེ་དེ་དག་ཡུལ་གཞན་དག་ཏུ་པར་སྐྲུན་བྱས་པ་དང་། སྐད་ཡིག་གཞན་དག་ཏུ་བསྒྱུར་སྤེལ་བྱས་པའང་མི་ཉུང་བ་ཞིག་བྱུང་འདུག །དཔེར་ན་སོག་སྐད་དུ་སི་དིན་ཐུ་ཁེ་གུར་མུན་ཆད་དིག །ཅེས་བྱ་བ་ལེའུ་བཅུ་གསུམ་ཡོད་པ་ཞིག་ཕྱི་ལོ་ ༡༩༢༠ ལོར་པེ་ཅིན་དུ་པར་སྐྲུན་བྱས་པ་དང་། སྒྱུར་མཁན་སུ་ཡིན་མི་གསལ་བའི་རོ་སྒྲུང་གི་དཔེ་ཨུ་རུ་སུའི་སྐད་དུ་བསྒྱུར་བ་ཞིག་ཕྱི་ལོ་ ༡༩༣༣ ལོར་སྐུ་ཞབས་ཞམ་ཀ་ར་ནོ་ཞེས་བྱ་བས་དཔར་དུ་བསྐྲུན་པ་དང་། རོ་དངོས་གྲུབ་ཅན་གྱི་སྒྲུང་སོག་སྐད་དུ་ཤི་དི་ཐུ་ཁེ་གུར་ཨུན་ཨུ་ལི་གེར་ཞེས་བྱ་བ་ལེ་ཚན་ཉེར་དྲུག་ཡོད་པ་ཞིག་སོག་བོད་སྐད་གཉིས་ཟུང་འབྲེལ་དུ་ཕྱི་ལོ་ ༡༩༣༨ ལོར་ཨུ་ལན་བ་དོར་དུ་པར་སྐྲུན་བྱས་པ་དང་། ཨུ་རུ་སུའི་མཁས་པ་ཝི་ལ་དེ་མིར་ཁོབ་ལགས་ནས་རོ་སྒྲུང་ལེའུ་ཚན་ཉེར་དྲུག་ཡོད་པ་ཞིག་ཨོ་ཡི་རང་ནས་ཨུ་རུ་སུའི་སྐད་དུ་བསྒྱུར་ཅིང་། ཕྱི་ལོ་ ༡༩༥༨ ལོར་མོ་སི་ཁོར་དཔར་དུ་བསྐྲུན་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་བསྟན་བཅོས་མཐོང་བ་འཛུམ་ཤོར་ལེའུ་ཉི་ཤུ་རྩ་གཅིག་པ་བཞུགས་སོ། །ཞེས་བྱ་བའི་དཔེ་སོག་བོད་ཟུང་འབྲེལ་ཞིག་ཕྱི་ལོ་ ༡༩༥༧ ལོར་ཨུ་ལན་བ་དོར་དུ་དཔར་སྐྲུན་བྱས་པ་དང་། ཁལ་མུག་སོག་སྐད་སེད་ཁི་ལིན་ཁུར་ཞེས་བྱ་བ་ལེའུ་ཚན་བཅུ་གཉིས་ཡོད་པ་ཞིག་ ༡༩༦༠ ལོར་ཨེལ་སྟིར་དཔར་དུ་བསྐྲུན་པ་དང་། མཁས་པ་མ་ཁོར་ནལ་ལགས་ནས་སྐུ་ཞབས་སྟེའིན་གྱི་དཔེ་དང་། གཞན་ཡང་རོ་སྒྲུང་གི་དཔེ་ལེའུ་ཚན་བཅུ་གཅིག་པ་དང་བཅོ་བརྒྱད་པ་བཅས་ཕན་ཚུན་གོ་བསྡུར་གྱིས་ཕ་རན་སིའི་སྐད་དུ་བསྒྱུར་ཅིང་། ༡༩༦༧ ལོར་པ་རིས་ཀྱི་ཕ་རན་སིའི་མཐོ་རིམ་སློབ་གྲྭའི་དཔར་ཁང་ནས་པར་སྐྲུན་བྱས་པས་མཚོན་གཞན་ཡང་དེ་འདྲའི་རིགས་མང་དུ་ཡོད་པ་ནི་གོར་མ་ཆག །ཅེས་གསུངས་པ་ལྟར། བོད་སྐད་ནས་སོག་པོའི་སོག་སྐད་དང་། ཨུ་རུ་སུའི་སྐད། ཕ་རན་སིའི་སྐད། ཨིན་སྐད། ཉི་ཧོང་གི་སྐད་རིགས་བཅས་སུ་བསྒྱུར་བའི་རོ་སྒྲུང་རྒྱས་བསྡུས་སྣ་ཚོགས་ཤིག་ཀྱང་ཡོད།
དེ་ལྟར་དུང་དཀར་ཚིག་མཛོད་ཆེན་མོར་གསལ་བའི་རོ་སྒྲུང་ལེའུ་ཉེར་གཅིག་ཅན་དང་། ཉེར་བདུན་ཅན། སོ་བདུན་ཅན་བཅས་རིགས་གསུམ་དང་། གཞན་ཡང་ལེའུ་བཅུ་གསུམ་ཅན་དང་། ཉེར་བཞི་ཅན་བཅས་རོ་སྒྲུང་ཁག་ལྔ་ཡི་མ་དཔེ་ལག་སོན་བྱུང་ཡང་། མཚོ་སྔོན་གྱི་ལག་བྲིས་མར་བཞུགས་པའི་གཏམ་རྒྱུད་ལེའུ་བཅུ་གསུམ་ནས་བཅུ་དྲུག་བར་ཡོད་པ་དེ་དང་། དབྱིན་ཡུལ་ལི་ཝེར་སྡུལ་གྱི་དཔེ་མཛོད་དུ་སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་བསྟན་བཅོས་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ལེའུ་ཉི་ཤུ་རྩ་ལྔ་པ། རྫོགས་ཆེན་འདུས་སྡེའི་ལྟེ་བའི་གནས་ཡུལ་མེ་རི་སྒར་གྱི་དཔེ་མཛོད་དུ་མི་རོ་གསེར་གྲུབ་བྲ་བའི་མིག་དགུ་མ་ཞེས་པ་དབུ་མེད་བྲིས་ཚུགས་སྤུས་ལེགས་ལྡེབ་གྲངས་ ༡༡༦ ལེའུ་བཅུ་གཅིག་ཅན། གཞན་ཡང་ལེའུ་བརྒྱ་ལྷག་ཡོད་པ་དང་། ལེའུ་བཅུ་གཉིས་ཅན། ལེའུ་བཅུ་དྲུག་ཅན། ལེའུ་བཅོ་བརྒྱད་ཅན། ཉེར་དྲུག་ཅན་བཅས་ཀྱི་མ་དཔེ་རྣམས་ལག་སོན་མ་བྱུང་བས་བྱ་ཐབས་ཟད་དོ།།
ག རོ་སྒྲུང་གི་གླེང་གཞིའི་ཁུངས།
དེ་ཡང་མཁས་དབང་ནམ་མཁའི་ནོར་བུས་ (1938-2018) བརྩམས་པའི་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ལས[6]། རོ་སྒྲུང་གི་རིགས་རྣམས་ལ་ལེའུ་ཚན་མང་ཉུང་མི་འདྲ་བ་ཅི་རིགས་ཤིག་ཡོད་ཅིང་། ལེའུ་ཚན་དེ་དག་ཕལ་མོ་ཆེ་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་ཆ་ནས་འདྲ་བ་དང་། འགའ་ཤས་ལ་རྗོད་བྱེད་ཚིག་གི་ཆ་ལ་མི་འདྲ་བའི་ཁྱད་པར་ཕྲན་བུ་རེ་ཡོད་ནའང་། དངོས་དོན་བརྗོད་བྱའི་རིམ་པ་ལ་ཁྱད་པར་དེ་ཙམ་མི་སྣང་། རོ་སྒྲུང་དེ་རིགས་ཡིག་ཆ་སོ་སོའི་མཚན་བྱང་མི་འདྲ་བ་དང་། ལེའུ་ཚན་མང་ཉུང་མི་འདྲ་བ་སོགས་མི་འདྲ་བའི་རིགས་ཅི་རིགས་ཤིག་སྣང་ནའང་དེ་ཀུན་གླེང་གཞིའི་ཁུངས་དེ་སློབ་དཔོན་ཀླུ་སྒྲུབ་ལ་གཏུགས་ཡོད་པ་ནི་འདྲ་བ་ཡིན། སློབ་དཔོན་ཀླུ་སྒྲུབ་ལ་ཁུངས་གཏུགས་ཚུལ་གྱི་ལོ་རྒྱུས་དེར་རྩ་བའི་ཐོག་ནས་མི་འདྲ་བ་ཁག་གཉིས་བྱུང་འདུག་པ་དེའི་ཚུལ་ཟུར་ཙམ་སྤྲོ་ན།
ཕྱོགས་དང་པོའི་ལུགས་ནི། སྔོན་དུས་སུ་སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ལྷོ་ཕྱོགས་དཔལ་གྱི་རིར་ཐུགས་དམ་ལ་བཞུགས་ཡོད་པའི་ཚེ། ཡུལ་དེའི་ལུང་པའི་མདའ་ན་རྒྱལ་པོའི་བུ་གཅིག །ཕྱུག་པོའི་བུ་གཅིག །སྤྲང་པོའི་བུ་གཅིག་རྣམས་ཡོད་ཅིང་། ཉིན་ཞིག་ན་ཁོང་གསུམ་ལུང་པའི་ཕུ་དཔལ་གྱི་རི་བོའི་རྩེར་བྲག་རི་ཆེན་པོ་ཞིག་ཡོད་པའི་འགྲམ་དུ་སྤྲོ་བསང་ལ་ཕྱིན་པ་ན། བྲག་ལྡེབས་སུ་བྱ་རོག་གི་ཚང་ཞིག་ཡོད་པ་མཐོང་ནས་ཁོང་གསུམ་གྱིས་ཚང་དེ་ནས་བྱ་རོག་ཕྱིར་འདོན་མ་ཐུབ་ཀྱི་བར་དུ་སླར་ནང་དུ་མི་ལོག་པའི་མནའ་བསྐྱལ་ཏེ་རྡོ་མང་དུ་བསྒྲུགས་ནས་རྡོ་རྡུང་བྱས། རེ་ཞིག་ན་རྒྱལ་པོའི་བུ་དེ་ཐང་ཆད་ནས་ནང་དུ་ལོག །ཉི་མ་ནུབ་ལ་ཉེ་བ་ན་ཕྱུག་པོའི་བུ་དེའང་ཐང་ཤིན་ཏུ་ཆད་ནས་ནང་དུ་ལོག །སྤྲང་པོའི་བུའི་བསམ་པར་ང་སྤྲང་ཆུང་ཟླ་བ་གྲགས་པས་མནའ་མི་ཟ་བསམས་ནས་ཨུ་ཚུགས་ཀྱིས་རྡོ་རྡུང་བྱེད་ཀྱིན་བསྡད་པའི་དུས་ས་རུབ་ཙམ་ན་བྱ་རོག་གི་ཚང་དེ་ནས་སྒྲུབ་པ་པོ་སྐྲས་དཔུང་པ་ནོན་ཙམ་ཞིག་ཐོན་ནས་མཚམས་པའི་སྒོ་རྡོ་ཡིས་བརྡུངས་ནས་གང་དགོས་ཟེར་བ་ལ་ཁོས་རྒྱུ་མཚན་རྣམས་ཞིབ་པར་ཞུས། སློབ་དཔོན་གྱིས་ཕྲུ་གུ་སྙིང་སྟོབས་ཅན་ཞིག་ཏུ་དགོངས་ནས་བརྩེ་བས་བསྐྱངས་ཤིང་། ཁོ་སློབ་དཔོན་གྱི་དྲུང་དུ་བསྡད། དུས་དེར་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རིར་དུར་ཁྲོད་ཆེན་པོ་ཞིག་ཡོད་པའི་ནང་། རོ་རྒན་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་གཏམ་སྨྲ་མཁས་པ་ཞིག་ཡོད་པ་དེ་ལ། གཏམ་ལན་མ་ཤོར་བར་ལོན་ཐུབ་ན་ལྷོ་ཕྱོགས་དཔལ་གྱི་རི་ལ་གསེར་ཁ་ཆེན་པོ་ཞིག་འབྱུང་བས་དེས་སྐྱེ་འགྲོ་ལ་ཕན་པ་ཞིག་ཡོང་རྒྱུ་ཡོད་པ་དེ་སློབ་དཔོན་གྱིས་མཁྱེན་ནས། རོ་རྒན་ལེན་པར་སྤྲང་ཆུང་ཟླ་བ་གྲགས་པ་ལ་རྒྱལ་བུ་བདེ་སྤྱོད་བཟང་པོའི་མཚན་གསོལ། དྲ་བ་དང་རལ་གྲི། ཏོག་མ། ཞགས་པ་དང་བཅས་པ་གྲ་བསྒྲིགས་ཏེ། སློབ་དཔོན་གྱིས་ཁོ་ལ་ཞེ་རུས་བསྐྱེད་དགོས་པ་དང་རོ་རྒན་གྱིས་གང་ལབ་ནའང་། དེ་ལ་ལན་མ་བྱས་པར་འཁྱེར་ཡོང་དགོས་པའི་བཀའ་སློབ་གནང་ནས་རོ་ལེན་དུ་བཏང་བའི་ཚུལ་རྣམས་གསལ་བ་ཡིན།
ཕྱོགས་གཉིས་པའི་ལུགས་ནི། སྔོན་གྱི་དུས་ཡུལ་ཞིག་ན་སྒྱུ་མ་མཁན་སྤུན་མདུན་ཡོད་པ་དེར་གསལ་བྱེད་ཅེས་བྱ་བའི་གཞོན་ནུ་ཞིག་སྒྱུ་མ་སློབ་ཏུ་སོང་། ཁོ་དེར་ལོ་གསུམ་ཙམ་ཕྱིན་ཀྱང་སྒྱུ་མ་སྤྲུལ་ཚུལ་མ་ཤེས། ཉིན་ཞིག་ཁོའི་སྤུན་དོན་གྲུབ་ཅེས་པ་བློ་རིག་བཀྲ་བ་ཞིག་ཡོད་པ་དེ་རྒྱགས་ཆས་སྐྱེལ་དུ་བྱུང་། ཁོ་དེར་ལྷན་དུ་བསྡད་པའི་དགོང་མོར་སྒྱུ་མ་མཁན་རྣམས་ཀྱིས་སྤྲུལ་སྒྱུར་རྩལ་སྦྱོང་བྱེད་ཀྱིན་ཡོད་པ་ལ། ཁོས་གསང་བས་ཉན་ཏེ་སྒྱུ་མ་སྤྲུལ་ཚུལ་ཤེས་ཐུབ་པ་བྱུང་ནས་ཁོང་སྤུན་གཉིས་མཚན་མོ་སླར་རང་ཡུལ་དུ་ལོག །དོན་གྲུབ་ཀྱིས་རྟ་རར་རྟ་མཆོག་དཀར་པོ་ཞིག་ཡོད་པ་དེ་འཚོང་ཐབས་གྱིས་ཞེས་གསལ་བྱེད་ལ་སློབ་སྟོན་བྱས་ཏེ་རྟ་མཆོག་གཅིག་ཏུ་སྤྲུལ། དེའི་སྒྱུ་མ་མཁན་སྤུན་བདུན་གྱིས་གསལ་བྱེད་སྤུན་གཉིས་བྲོས་ཕྱིན་པས་ཁོང་ཚོས་སྒྱུ་མ་སྤྲུལ་སྟངས་ཤེས་ཡོད་པར་ངེས་ཟེར་ནས་ཚོང་དཔོན་བདུན་དུ་སྤྲུལ་ཏེ་གསལ་བྱེད་སྤུན་གྱི་སྒོ་རྩར་སླེབས། གསལ་བྱེད་ཀྱི་སྒྱུ་མ་མཁན་ཡིན་པར་མ་ཤེས་ནས་ཁོང་ཚོར་སྣེ་ལེན་བྱས་ཤིང་། ཁོང་ཚོར་རྟ་མཆོག་དེ་བཙོངས། སྒྱུ་མ་མཁན་རྣམས་ཀྱིས་རྟ་མཆོག་དེ་དོན་གྲུབ་ཡིན་པར་ཤེས་ནས་དགའ་ཚོར་ཆེན་པོས་འཁྲིད་དེ་འགྲོ་བའི་སྐབས་ཤིག་ན། གློ་བུར་དུ་རྟ་མཆོག་དེ་བྲོས་སྐབས་ཤིག་རྙེད་དེ་མགྱོགས་པོར་བྲོས་ཕྱིན་པ་ལ། ཁོང་ཚོས་རྗེས་དེད་ཀྱིས་ཟིན་ལ་ཁད་པའི་དུས་ཆུ་བོ་ཞིག་གི་འགྲམ་དུ་སླེབས། རྟས་ཆུ་ནང་དུ་ཉ་ཞིག་འཕྱོ་བར་མཐོང་ནས་དེ་མ་ཐག་གསེར་ཉ་ཞིག་ཏུ་སྤྲུལ་ནས་བྲོས། ཁོང་ཚོས་དེ་མ་ཐག་སྲམ་བདུན་དུ་སྤྲུལ་ནས་རྗེས་དེད་བྱས། ཉ་དེ་ཟིན་ལ་ཁད་པའི་དུས་ཉས་ནམ་མཁའ་ལ་ཡར་བལྟས་པས་ཕུག་རོན་ཞིག་འཕུར་བར་མཐོང་ནས་དེ་མ་ཐག་ཕུག་རོན་ཞིག་ཏུ་སྤྲུལ་ནས་བྲོས། ཁོང་ཚོས་དེ་མ་ཐག་ཁྲ་བདུན་དུ་སྤྲུལ་ནས་རྗེས་དེད་བྱས། ཕུག་རོན་དེ་བྲག་ཅིག་གི་སྐེད་ན་བྲག་ཕུག་ཅིག་ཡོད་པའི་ནང་དུ་བྲོས་ཕྱིན་པས། བྲག་ཕུག་དེར་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྒྲུབ་པ་བྱེད་བཞིན་བཞུགས་པ་དང་མཇལ་ནས་ཁོང་ལ་སྐྱབས་ཞུས་པས། སློབ་དཔོན་གྱིས་ཕྲེང་བའི་མདོ་འཛིན་ལ་སྤྲུལ་ནས་སྡོད་གསུངས། ཁོས་དེ་བཞིན་བྱས་ཏེ་བསྡད་པའི་ཚེ་ཁོང་བདུན་རས་པ་བདུན་དུ་སྤྲུལ་ནས་བྲག་ཕུག་དེར་སླེབས་ཤིང་། སློབ་དཔོན་ལ་ཕུག་རོན་གར་ཡོད་དྲིས་པར་སློབ་དཔོན་གྱིས་ཅང་མ་གསུངས་པ་ལ་ཁོང་ཚོས་འབུ་སྲིན་བདུན་དུ་སྤྲུལ་ཏེ་སློབ་དཔོན་གྱི་སྐུ་ལུས་ལ་འཚེ་བར་བརྩམས་པ་ན། དོན་གྲུབ་ཀྱིས་སློབ་དཔོན་གྱི་སྐུ་ལ་ཞབས་འདྲེན་ཞུ་མི་འོས་བསམས་ནས་དེ་མ་ཐག་ཁྱིམ་བྱ་ཞིག་ཏུ་སྤྲུལ་ཏེ་འབུ་བདུན་ལ་མཆུ་ཚགས་བདུན་བརྒྱབས་ནས་བསད་པས་མི་རོ་བདུན་དུ་གྱུར། སློབ་དཔོན་ཐུགས་འགྱོད་ཆེར་སྐྱེས་པ་ལ་དོན་གྲུབ་ཀྱིས་སྡིག་སྦྱོང་དུ་ཅི་གསུང་བཀའ་བཞིན་སྒྲུབ་པར་ཞུས། སློབ་དཔོན་གྱིས་འོ་ན་སྡིག་སྦྱོང་ལ་དུར་ཁྲོད་བསིལ་བའི་ཚལ་དུ་རོ་དངོས་གྲུབ་ཅན་བྱ་བ་ཞིག་ཡོད་པ་དེ་ལོན་ཐུབ་པ་ཞིག་བྱུང་ན་དགོས་འདོད་ཐམས་ཅད་ཡོངས་སུ་འགྲུབ་ཐུབ་པ་དེ་ལེན་དུ་སོང་། དེ་ལེན་པ་ལ་ངག་གཏན་ནས་མ་ཤོར་བ་ཞིག་དགོས་ཞེས་གསུངས་ནས། ཁོའི་མིང་ལ་བདེ་སྤྱོད་བཟང་པོར་བཏགས། ཁོ་ལ་སྟ་རེ་ཟླ་བ་དཀར་པོ། རྐྱལ་པ་སྟོང་ཤོང་ཁྲ་མོ། ཐག་པ་རྒྱ་ཁྲེས་ཁྲ་བོ། མར་ཟན་ཟོས་པས་འཛད་མེད་རྣམས་གནང་ནས་རོ་རྒན་ལེན་དུ་བཏང་བའི་ཚུལ་གསལ། ཞེས་གསུངས་པ་ལྟར་རོ།།
ང་། རོ་སྒྲུང་བསྟན་བཅོས་ཀྱི་བརྗོད་བྱ།
དེ་ལྟར་རོ་སྒྲུང་འདི་དག་གི་བརྗོད་བྱ་ནི། རོ་སྒྲུང་གི་གླིང་གཞིའི་ཁུངས་དང་པོ་མཚུངས་པར། སྔོན་རྒྱ་གར་ལྷོ་ཕྱོགས་སུ་སྐྱེ་བ་ནས་སྐྱེ་བའི་བར་དུ་པཎྜི་ཏའི་ལུས་རྩེ་གཅིག་ཏུ་ཐོབ་པ། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བ་ཞིག་ལྷོ་ཕྱོགས་དཔལ་གྱི་རི་བོར་བཞུགས་ཏེ་ལྷ་ཆོས་ལ་བརྩོན་པའི་དུས་སུ་ཐུགས་དགོངས་ལ། ང་ལ་སློབ་མ་སྣོད་ལྡན་ཞིག་དགོས་པར་འདུག་དགོངས་ནས་ཐུགས་དམ་ལ་བཞུགས་པའི་ཚེ། དགོན་པའི་ལྷོ་ཕྱོགས་དེ་ན་བྲག་ཅིག་ཡོད་པའི་ལྡེབས་སུ་བྱ་རོག་གི་ཚང་ཞིག་ཡོད། ལུང་པའི་མདའ་ན་རྒྱལ་པོ་ཞིག་ཡོད་པ་ལ་སྲས་གཅིག་དང་། དེའི་འཁོར་དུ་ཕྱུག་པོའི་བུ་ཞིག་དང་། སྤྲང་པོའི་བུ་རིག་པ་ཅན་ཞིག་འདུག
ནམ་ཞིག་རྒྱལ་སྲས་དེས་ཕྱུག་པོའི་བུ་དང་སྤྲང་པོའི་བུ་གཉིས་ཁྲིད་དེ་ལུང་པའི་ཕུ་ལ་སྐྱོ་བསངས་ལ་ཕྱིན། ལྷོ་ཕྱོགས་དཔལ་རིར་ཕེབས་པ་ན་བྲག་ལྡེབས་དེ་ན་བྱ་རོག་གི་ཚང་དེ་ཡོད་པ་གཟིགས། རྡོ་ཐུ་བ་གང་རེ་བསྒྲུགས་ཏེ་བྲག་དེའི་འགབ་ཏུ་ཕྱིན་ནས་རྒྱལ་སྲས་དེས་ཁོ་གཉིས་ལ་བཀའ་གནང་བ། ངེད་གསུམ་པོ་འདི་ཡི་ཚང་ལ་མ་ཐོན་བར་དུ་སླར་མི་ལོག་པའི་མནའ་བྱེད་གསུངས་ནས་ཁོ་གསུམ་པོས་མནའ་རེ་བསྐྱལ། དེར་ཁོ་གསུམ་པོས་བྱ་རོག་གི་ཚང་བརྡུངས་ཤིང་། ཉི་མ་དྲོས་པ་དང་རྒྱལ་སྲས་ན་རེ། ཚེ་འདི་ལ་དགོས་པའི་འབངས་ཀྱང་ང་ལ་ཡོད། ཕྱི་མར་དགོས་པའི་ཆོས་ཕྱོགས་སུ་སྦྱིན་པ་ནི་སྔར་ཡང་བཏང་། ཕྱིན་ཆད་ཀྱང་བཏང་བས་ཆོག །མནའ་ཁ་ལ་ཁའི་ཤྭ་བས་ཁྱེར་ཟེར་ནས་རྒྱལ་སྲས་ལོག །སྤྲང་པོའི་བུ་ན་རེ། ངས་སྔར་ཡང་མནའ་ཟོས་ཁྲམ་པའི་ལས་ཀ་བྱེད་མ་མྱོང་། ད་རེས་ཀྱང་མནའ་ཟོས་ན་མི་འགྲིག །ཅེས་སྨྲས་ཏེ་རྡོ་ཐུ་བ་གང་བསྒྲུགས་ཏེ་བརྡུངས། ཕྱུག་པོའི་བུ་ན་རེ། དབང་ཆེ་བ་ལ་མནའ་དེ་བསྒགས་དོན་མེད་པར་ཁོ་རང་གིས་བསྒགས། བྱོན་དོན་མེད་པར་ཁོ་རང་སྔོན་དུ་བྱོན། ངེད་རང་གཉིས་འདི་མ་ཕོད་པར་སྡོད་ཟེར་ནས་བརྡུངས་སོ། །ཉིན་གང་འདས་རྗེས་བྱ་རོག་གི་ཚང་འདི་འདྲ་མི་ཕོད་པར་འདུག །མནའ་ཁ་ལ་ཁའི་ཤྭ་བས་ཁྱེར་ཟེར་ནས་ཕྱུག་པོའི་བུ་ཡང་ལོག །སྤྲང་པོའི་བུའི་བསམ་པར། ཁོ་ནི་ཕྱུག་པོའི་བུ་ཡིན་པས་སྡུག་མི་ཐེག །སྤྲང་ཆུང་ཟླ་བ་གྲགས་པ་ང་ནི་ཡང་བྱ་རོག་གི་ཚང་འདི་བཏོན་མ་ཚར་བར་ཕྱིར་མི་ལོག་ཟེར་ནས་མུ་མཐུད་དུ་བརྡུངས་སོ།།
ས་རུབ་པ་ན་བྱ་རོག་གི་ཚང་ནས་སྒྲུབ་པ་པོ་སྐྲས་དཔུང་པ་ཁེབས་པ་ཞིག་བྱོན་ནས་ཁོ་རང་གན་རྐྱལ་དུ་ནམ་ལངས་པ་འདྲ་བ་ཞིག་བརྡབས། ཁ་བུབ་ཏུ་ས་རུབ་པ་འདྲ་བ་ཞིག་བརྡབས་ནས་སྨྲས་པ། སྤྲང་ཕྲུག །བྱ་ཚང་ཡོད་ཚང་དུ་ཐལ། མི་གནས་ཡོད་གནས་སུ་སོང་། ཡུལ་འདི་ནས་དབང་རྒྱལ་པོ་ལས་ཆེ་བ་མེད་ཀྱང་ད་ནང་ལོག །ནོར་ལོངས་སྤྱོད་ཕྱུག་པོའི་བུ་ལས་ལྷག་པ་མེད་རུང་ད་གིན་ལོག །མི་མཚམས་ལ་བསྡད་ན་མཚམས་སྒོ་རྡོ་ཡིས་བརྡུངས་ནས་འབུལ་རྒྱུ་དང་སྟེར་རྒྱུ་ཅི་ཡོད་ཅེས་སྨྲས་པ་ན། སྤྲང་པོས་སློབ་དཔོན་ལ་གསོལ་བ། རྒྱལ་སྲས་དང་ཕྱུག་པོའི་བུ། ངེད་གསུམ་གྱིས་བྱ་རོག་གི་ཚང་འདི་ལ་མ་ཐོན་གྱི་བར་དུ་ཕྱིར་མི་ལོག་པའི་མནའ་བཞག །རྒྱལ་སྲས་འཁོར་དང་ལོངས་སྤྱོད་དཔའ་དཔུང་འཛོམས་པས་མནའ་ལ་མི་བརྩི་བར་ལོག །ཕྱུག་པོའི་བུ་ཡང་ལོངས་སྤྱོད་འཛོམས་པས་མནའ་ལ་མི་བརྩི་བར་ལོག །བདག་ནི་དབུལ་པོའི་བུ་ཞིག་ཡིན་པས་འབུལ་རྒྱུ་ག་ལ་ཡོད། མནའ་ལ་འཛེམས་ནས་བྱ་རོག་གི་ཚང་འདི་བརྡུངས་པ་ཡིན་ཞེས་ཞུས་པས་སློབ་དཔོན་གྱི་ཐུགས་དགོངས་ལ། འདི་ནི་ཤེས་རབ་ཆེ་བས་དཀའ་བ་སྤྱོད་ནུས་པ་ཞིག་ཡིན་པར་གདའ་སྙམ་སྟེ་གསོལ་པ། ཁྱོད་ལ་ཕ་མ་ཡོད་དམ་གསུངས་ཚེ། ཕ་མ་ཡོད་ན་བསོད་ནམས་བསགས་པ་ཡིན། ལག་ན་ནོར་ཡོད་ན་དབུལ་པོའི་མིང་ཡང་མེད། ཀྱེ་ཧུད་ད་གིན་ནས་ཞུས་པ་ལྟར་ལགས་ཞུས་པས། བླ་མས་ཕྱག་ཕྱིར་ཁྲིད་དེ་ལྷོ་ཕྱོགས་དཔལ་གྱི་རི་ལ་བྱོན་ནོ།།
དེའི་ཚེ་དེའི་དུས་ན་ལྷོ་ཕྱོགས་དཔལ་གྱི་རི་ལ་དུར་ཁྲོད་ཆེན་པོ་ཞིག་ཡོད་པའི་མཐའ་ལ་རོ་བྲན་མང་པོས་བསྐོར་ཞིང་། དེའི་དཀྱིལ་ན་རོ་རྒན་དངོས་གྲུབ་རྡོ་རྗེ་ཞེས་བྱ་བ། རོ་དེའི་ཁ་ནས་གཏམ་སྨྲ་མཁས་པ་ཞིག་ཡོད་པ་དེ་ལ་གཏམ་ལན་མ་ཤོར་བར་ལོན་ན་ལྷོ་ཕྱོགས་དཔལ་གྱི་རི་ལ་གསེར་ཁ་ཆེན་པོ་ཞིག་བྱུང་ནས་འགྲོ་དོན་ལ་ཕན་པ་ཞིག་ཡོང་རྒྱུ་ཡིན་པས། དེ་ལེན་པར་སྤྲང་ཆུང་ཟླ་བ་གྲགས་པ་ལ་རྒྱལ་པོ་བདེ་སྤྱོད་[7]བཟང་པོའི་མཚན་གསོལ། དྲ་བ་དང་། རལ་གྲི། ཏོག་མ། ཞགས་པ་བཅས་བསྟབས། རྒྱལ་བུ་ལ་སློབ་དཔོན་གྱིས་སྨོན་ལམ་བཏབ། དུས་ཚེས་བཟང་པོ་ལ་རབ་གནས་མཛད་དེ་བླ་མས་འདི་སྐད་གསུངས། རྒྱལ་བུ་ཁྱོད་དཀའ་སྤྱད་དང་སྙིང་རུས་བསྐྱེད་དེ་རོ་ཁོས་གང་ཟེར་ཡང་གཏམ་ལན་མི་བྱ་བར་ཤོག །མཚམས་ཁང་འདིའི་ཕྱོགས་བཞིར་མཚམས་ཐོ་རེ་ཡོད། སྔ་མ་ཕྱིན་འཕྲལ་ལ་རོ་ལོན་ན་མཚམས་ཐོ་བརྒལ་ལ་ཤོག །དེ་ནས་རོ་ལ་གཏམ་ལན་ཤོར་ན་ཞག་པོ་བདུན་ལ་མར་ཟན་འདི་ཡིས་ཐུབ། དེ་ནས་མ་ལོན་ན་ཤར་གྱི་མཚམས་ཐོའི་རྩར་ཤོག །ཞག་བདུན་ཐུབ་པའི་མར་ཟན་ཞིག་དེར་ཡོད། རོའི་པུས་མོ་མན་ཆད་གསེར་དུ་མི་འགྱུར། ཞེ་རུས་མ་བསྐྱེད་ན་གསེར་ཁ་མི་ཡོང་། རྒྱབ་ཏུ་རོ་ཁུར་རྒྱུ་མེད་པར་མཚམས་ཐོ་བརྒལ་ནས་ཡོང་དང་མ་ཡོང་མེད། རྒྱལ་བུས་དྲ་བ་གཅིག །ཏོག་མ་གཅིག །རལ་གྲི་གཅིག །འཛར་བ་མར་ཟན་རྐྱལ་པ་ཆེན་པོ་གཅིག་བཅས་ཁུར་ཏེ་དུར་ཁྲོད་དུ་རོ་ལེན་དུ་ཕྱིན་པ་ནི་གླེང་གཞི་ཡིན་ལ། དེ་བྱིངས་ཀྱི་ཆོས་སྒྲུང་ཉི་ཤུ་ནི་རོས་བཤད་པ་ལྟར་མཛད་ཅིང་། འདིའི་ཁྲོད་ཀྱི་མང་ཆེ་བ་ནི་བསོད་ནམས་སྟོབས་ཀྱིས་རྒྱལ་ས་ཟིན་པ་ནས་བརྩམས་པས། ཆོས་ཀྱི་སྙིང་པོ་འཇིག་རྟེན་མི་ཆོས་ཀྱི་ལམ་ནས་བསྟན་ཡོད་ལ། ཡོད་ཚད་ལས་རྒྱུ་འབྲས་ཀྱི་རྣམ་གཞག་བསྟན་པས་བླང་དོར་གྱི་གནས་གསལ་བ། རྒྱལ་བུའི་ཞེ་རུས་གཙོ་བོར་བརྗོད་པའི་ཚུལ་གྱིས་ཆོས་ལ་བརྩོན་པ་བྱེད་དགོས་པ་བཅས་བསྟན་ཡོད།
ཅ། རོ་སྒྲུང་ཀླུ་སྒྲུབ་ཀྱིས་མཛད་མིན།
དེ་ལ་རོ་སྒྲུང་གི་གཏམ་རྒྱུད་དེ་དག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་མིན་ལ་ཕྱི་ནང་གི་མཁས་པ་དུ་མས་ཞིབ་འཇུག་གནང་ཡོད་ཅིང་། རོ་སྒྲུང་གི་བྱུང་རིམ་སྒྲིག་གཞི་དང་། མི་སྣའི་ཁྱད་གཤིས། སྒྱུ་རྩལ་གྱི་སྣང་བརྙན། ཁོར་ཡུག་གི་གནས་བབ། བརྗོད་བྱའི་མཚོན་ཐབས་སོགས་གཏམ་རྒྱུད་ཧྲིལ་པོར་འབྲི་བཞེངས་བྱས་པའི་ཕྱོགས་ཡོངས་ནས་དཔྱད་ཚེ། བོད་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་ནས་དར་འཕེལ་རྒྱུན་འཇགས་སུ་གྱུར་པའི་གཏམ་རྒྱུད་ཅིག་ཡིན་པ་ལས། རྒྱ་གར་འཕགས་ཡུལ་གྱི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཞིག་མ་ཡིན་པར་འདོད་པའི་ལུགས་གཅིག་དང་། རོ་སྒྲུང་ཁག་གི་གླེང་གཞིའི་ཁུངས་དང་། བྱུང་རབས་ལོ་རྒྱུས། བསྟན་བཅོས་ཀྱི་མཚན་བྱང་། མཛད་བྱང་སོགས་ལ་གཞིགས་ནས་རོ་སྒྲུང་རྣམས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་བཞེད་པའི་ལུགས་གཉིས་ཡོད།
དེ་ཡང་དང་པོ་ནི། ཞིབ་འཇུག་པ་དག་གིས་འགྲེལ་བརྗོད་གནང་དོན་ལྟར་ན། ཏུན་ཧོང་ནས་ཐོན་པའི་བྱང་ཤར་བོད་ཀྱི་གནའ་བོའི་དམངས་ཁྲོད་རྩོམ་རིག་ཅེས་པའི་ཕྱོགས་བསྡུས་རྒྱུན་གཅིག་པའི་གཏམ་རྒྱུད་དེ་དག་དང་། རོ་སྒྲུང་གཉིས་ཀྱི་གྲུབ་དོན་གྱི་ཕྱོགས་ཆ་དང་། ནང་ཚན་གཏམ་རྒྱུད་མང་པོ་ཞིག་གི་བྱུང་རིམ་སྒྲིག་གཞི་སོགས་ཕན་ཚུན་འདྲ་མཚུངས་སུ་སྣང་བ་དང་། དེ་མིན་རོ་སྒྲུང་སོགས་གཏམ་རྒྱུད་དེ་དག་བྱུང་དུས་ཀྱི་ཆ་ནས་སློབ་དཔོན་ཀླུ་སྒྲུབ་མ་བྱོན་པའི་ཡར་སྔོན་ཏེ། ཕལ་ཆེར་དུས་རབས་གཉིས་པའི་སྔ་གཞུག་ཏུ་བོད་ནང་ཁུལ་དུ་དར་བར་ཚོད་རྟོགས་ཐུབ་པ་བཅས་ཀྱི་ཐོག་ནས་རོ་སྒྲུང་ནི། རྒྱ་གར་གྱི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཞིག་མ་ཡིན་པར་ར་སྤྲོད་གསལ་པོ་བྱས་འདུག
དེའི་ཕྱིར་ཕྱོགས་གང་ཐད་ནས་བལྟས་ན། གཏམ་རྒྱུད་དེར་རྒྱ་གར་གྱི་ཡུལ་ལུགས་གོམས་སྲོལ་དང་འབྲེལ་བའི་རྩོམ་གྱི་གཤིས་ཉམས་སོགས་ཅི་ཡང་ཐོན་མེད་པས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཞིག་མ་ཡིན་པར་སྣང་། ཡིན་ནའང་གཏམ་རྒྱུད་དེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་པའི་བཤད་སྒྲོས་དེའི་འབྱུང་རྐྱེན་ནི། རྒྱ་གར་དུ་རོ་རེངས་འདྲེའི་གཏམ་རྒྱུད་ཉི་ཤུ་རྩ་ལྔ་ཞེས་རོ་སྒྲུང་དང་། བྱུང་རིམ་འདྲ་བར་སྣང་བ་ཞིག་ཡོད་པ་དེའི་ཤན་ཤུགས་ཙམ་ཐེབས་ཡོད་སྲིད་པས། དེ་འབྲེལ་བོད་ཀྱི་ཆོས་ལུགས་དང་རིགས་རྒྱུད་སོགས་མང་པོ་ཞིག་རྒྱ་གར་ལ་ཁུངས་གཏུགས་པའི་གོམས་སྲོལ་ཆགས་ཡོད་པ་དེ་བཞིན། རོ་སྒྲུང་གི་ཁུངས་ཀྱང་རྒྱ་གར་ལ་གཏུགས་པ་ཞིག་ཡིན་པར་སྣང་ཡང་ཁ་ཚོན་གཅོད་མི་སྔ་བར་མུ་མཐུད་དཔྱད་པ་བྱ་རྒྱུ་གལ་ཆེའོ།།[8]
དེ་བཞིན་མི་རོ་རྩེ་སྒྲུང་ནི། བོད་རང་ས་ནས་དར་ཁྱབ་བྱུང་བའི་སྒྲུང་ཞིག་ཡིན་པར་བོད་རིག་པའི་མཁས་པ་མང་པོ་ཞིག་གིས་བརྟག་དཔྱད་ཞིབ་འཇུག་གིས་སྒྲུང་གི་དུས་སོགས་ཀྱི་ཆ་ནས་གཏན་འཁེལ་བྱས་ཡོད། དེ་ལ་རོ་སྒྲུང་ནི་ཡར་དེད་དེ་བརྩིས་ན་ཕལ་ཆེར་དུས་རབས་གཉིས་པའི་སྔ་གཞུག་ཏུ་དར་ཁྱབ་བྱུང་ཡོད་པ་ཞིག་ཡིན་པ་དང་། དེ་ལྟར་བྱས་ན་ཡོངས་གྲགས་སུ་སློབ་དཔོན་ཀླུ་སྒྲུབ་དུས་རབས་གསུམ་པའི་ནང་འཁྲུངས་པར་གཞིགས་ན་སློབ་དཔོན་ཀླུ་སྒྲུབ་མ་འཁྲུངས་པའི་ཡར་སྔོན་ནས་མི་རོ་རྩེ་སྒྲུང་བརྩམས་ཚར་ཡོད་པའི་སྐྱོན་འཇུག་པ་བཅས་ཀྱི་དོགས་དཔྱོད་སོགས་མཛད་ཡོད། དེར་མ་ཟད་མི་རོ་རྩེ་སྒྲུང་སློབ་དཔོན་ཀླུ་སྒྲུབ་ཀྱིས་བརྩམས་པར་ཆ་འཇོག་བྱས་ན་གཏམ་རྒྱུད་ཀྱི་བརྗོད་དོན་ཁོར་ཡུག་དང་། མི་སྣ། གོམས་གཤིས་དང་འཚོ་བ། སྐད་ཆའི་གནས་བབ་སོགས་རྒྱ་གར་དང་མཐུན་དགོས་མོད། འོན་ཀྱང་མི་རོ་རྩེ་སྒྲུང་ནི་དེ་ལྟར་མ་ཡིན་པར་བརྗོད་དོན་ཁོར་ཡུག་དང་། མི་སྣའི་སྐད་ཆ། ཡུལ་གོམས་བཅས་བོད་མི་རིགས་ཀྱི་འཚོ་གནས་གོམས་སྲོལ་སོགས་འབུར་ཐོན་དུ་ཡོད་པ་འདིས་ཀྱང་མི་རོ་རྩེ་སྒྲུང་ནི་བོད་རང་ས་ནས་དར་བའི་སྒྲུང་ཞིག་ཏུ་ངོས་འཛིན་གནང་ཡོད། ཡིན་ནའང་མི་རོ་རྩེ་སྒྲུང་རྒྱ་གར་དང་འབྲེལ་བ་གང་ཡང་མེད་པར་བོད་རང་ས་ནས་དར་ཁྱབ་བྱུང་བའི་གཏམ་རྒྱུད་མི་རིགས་གཞན་གྱི་ཤན་ཤུགས་ཀྱིས་མ་གོས་པ་ཞིག་ཏུ་ངོས་འཛིན་བྱེད་རྒྱུའང་ཁག་པོར་སྣང་། རྒྱ་གར་དུ་བྱུང་བའི་རོ་རེངས་འདྲེའི་གཏམ་རྒྱུད་ཉི་ཤུ་རྩ་ལྔ་པ་ཞེས་པ་ཞིག་ཡོད་པ་དེ་དང་། མི་རོ་རྩེ་སྒྲུང་གཉིས་ཀ་གཞི་རྩའི་གཏམ་རྒྱུད་གཅིག་ལ་ཡན་ལག་གི་ཚུལ་དུ་གཏམ་རྒྱུད་མང་པོ་འཕྲོས་ཏེ་ཡོད་པ་དང་། དེ་མཚུངས་གཏམ་རྒྱུད་ཀྱི་བརྗོད་བྱའི་བྱུང་རིམ་བཅས་ལའང་འདྲ་མཚུངས་ཀྱི་ཆ་མང་དུ་སྣང་བས། རྒྱ་གར་བའི་སྒྲུང་དེས་མི་རོ་རྩེ་སྒྲུང་ལ་ཤན་ཤུགས་ཐེབས་ཡོད་སྲིད།[9]
གཞན་ཡང་རོ་སྒྲུང་འདིར་རྒྱ་གར་སྐད་དུ་ (Vikram aur Betaal) ཞེས་འབོད་ཅིང་། སྔོན་གླེང་བརྩིས་པས་སྒྲུང་གཏམ་ལེའུ་ཉེར་ལྔ་ཡོད་པའི་ཆ་ནས་ལེགས་སྦྱར་སྐད་དུ་ (Veetal Panchchisi) ཞེས་སུ་གྲགས་པ་དང་། རོ་སྒྲུང་དེ་བཞིན་ལོ་ངོ་ ༢༥༠༠ སྔོན་ཙམ་ནས་རྒྱ་གར་འཕགས་ཡུལ་གྱི་སྙན་ངག་མཁན་ (Mahakavi Somdev Bhatt) ཞུ་བས་བརྩམས་པར་བཤད་པ་དང་། རྒྱལ་པོ་ (Vikram) འམ་ (Vikramaditya) ཞེས་པས་རྒྱལ་ས་ (Ujjain) ནས་ (Bharat) ལ་སྲིད་དབང་བསྐྱངས་པར་བརྟེན་མཚན་སྙན་གྲགས་ཆེ་ཞིང་། ཁོང་གིས་རྒྱལ་སྲིད་འཛིན་པའི་སྒྲུང་ལེའུ་སོ་གཉིས་ཀྱི་བདག་ཉིད་ཅན་དེའང་གཏམ་རྒྱུད་དུ་གྲགས་ཆེ་བས་དེར་རྒྱ་གར་སྐད་དུ་ (Singhasan Battisi) སྨྲས་པ་སོགས་རོ་སྒྲུང་མཛད་པ་པོ་མགོན་པོ་ཀླུ་སྒྲུབ་མིན་པར་འདོད།
གཉིས་པ་ནི། བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་རོ་སྒྲུང་ཞེས་པ་དེ་ཡོངས་གྲགས་སུ་རྒྱ་གར་གྱི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་ལ། རོ་སྒྲུང་རྒྱས་འབྲིང་བསྡུས་གསུམ་ལྟ་བུའི་དཔེ་རྒྱུན་སྣ་ཚོགས་བཞུགས་པའི་མཚན་བྱང་དག་ལས་ཀྱང་། རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་སྙིང་པོ་དང་རྒྱལ་པོ་བདེ་སྤྱོད་བཟང་པོ་གཉིས་ཀྱིས་མཛད་པའི་ངོ་མཚར་རྨད་དུ་བྱུང་བའི་མི་རོ་གསེར་སྒྲུང་ཞེས་བྱ་བ་བཞུགས་[10]སོ། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་ཅན་གྱི་སྒྲུང་མཁས་པ་དང་སྐྱེ་བོ་རྣམས་ཀྱི་རྣ་བའི་བཅུད་ལེན་ཞེས་བྱ་བ་ཕུན་ཚོགས་བདེ་སྟེར་ཞེས་བྱ་བ་བཞུགས་[11]སོ། །ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་པ་རྒྱས་པར་ཕྱེ་བ་བཞུགས་[12]སོ། །སློབ་དཔོན་ཀླུ་སྒྲུབ་དང་རྒྱལ་བུ་བདེ་བྱེད་བཟང་པོས་མཛད་པའི་རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་བྱུང་ཞེས་བ་བཞུགས་[13]སོ། །ཞེས་པའི་རོ་སྒྲུང་གི་བསྟན་བཅོས་རྣམས་ཀྱི་ཞལ་བྱང་འདི་དག་ཁོ་ནའི་ཐོག་ནས་ཀྱང་རོ་སྒྲུང་ནི་གནའ་བོའི་རྒྱ་གར་བའི་གཏམ་རྒྱུད་ཅིག་དང་། དེ་ཡང་མཛད་པ་པོ་མགོན་པོ་ཀླུ་སྒྲུབ་ཡིན་པ་གསལ་བར་འཁོད་ཡོད་པས། རོ་སྒྲུང་རྣམས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པར་འདོད།
དེ་བཞིན་མཁས་དབང་ནམ་མཁའི་ནོར་བུས་ (1938-2018) བརྩམས་པའི་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ལས[14]། མི་རོ་གསེར་སྒྲུང་གི་སྒྲུང་དེ་དག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཡིན་མིན་དང་། གླེང་གཞི་དེ་འདྲ་ཞིག་ངེས་པར་བྱུང་མྱོང་ཡོད་དམ་མེད་པ་མ་ངེས་ནའང་། རོ་དངོས་སྒྲུབ་ཅན་གྱི་གཞུང་ལེ་ཚན་བཅུའམ་བཅུ་གཅིག་གམ་བཅུ་གཉིས་སོགས་གང་རུང་ཞིག་ཡོད་པ་དེ་འདྲའི་དཔེ་ཞིག་བྱུང་ཡོད་པར་སྲིད་ལ། གཞུང་དེར་བོད་ཀྱི་གནའ་སྒྲུང་མང་པོ་རིམ་གྱིས་བསྣན་ཏེ་ལེའུ་ཚན་ཇེ་མང་དང་ཇེ་རྒྱས་སུ་བཏང་བའི་རྒྱུ་མཚན་གྱིས་ལེའུ་ཚན་མང་ཉུང་མི་འདྲ་བའི་དཔེ་འདྲ་མིན་འདི་རིགས་བྱུང་ཡོད་པར་ངེས་ཤིང་། ལེའུ་ཚན་སོ་སོར་གསལ་བའི་སྒྲུང་ཕལ་མོ་ཆེའི་ནང་དུ་བོད་མིའི་བསམ་སྟངས་དང་སྤྱོད་ཚུལ་སོགས་གསལ་བར་བསྟན་པ་དེ་དག་གིས་ཀྱང་ཤེས་ཐུབ་པ་ཞིག་ཡིན། ཞེས་གསུངས་པ་ལྟར་ད་དུང་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།
ཆ། རོ་སྒྲུང་རྒྱས་པ་ལེའུ་སོ་བདུན་ཅན།
དེ་ཡང་རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་སྙིང་པོ་དང་། རྒྱལ་པོ་བདེ་སྤྱོད་བཟང་པོ་གཉིས་ཀྱིས་མཛད་པའི་ངོ་མཚར་རྨད་དུ་བྱུང་བའི་མི་རོ་གསེར་སྒྲུང་ཞེས་བྱ་བ་བཞུགས་སོ། །[15]ཞེས་པའི་རོ་སྒྲུང་འདིར། གླེང་གཞི་དང་། ༡༽ ཕྱུག་པོ་སྤུན་གྱི་ལེའུ་སྟེ་དང་པོའོ།། ༢༽ རྒྱལ་པོ་དཔོན་གཡོག་གཉིས་ཀྱི་ལེའུ་སྟེ་གཉིས་པའོ།། ༣༽ བློན་པོ་མུ་ཏིག་སྐྱུགས་ཀྱི་ལེའུ་སྟེ་གསུམ་པའོ།། ༤༽ རི་བོང་སྟོབས་ཆེན་གྱིས་སེང་གེ་ཕབ་པའི་ལེའུ་སྟེ་བཞི་པའོ།། ༥༽ དར་ལྷམ་ཅན་གྱི་ལེའུ་སྟེ་ལྔ་པའོ།། ༦༽ སྟོང་ཉིད་སེང་གེའི་ལེའུ་སྟེ་དྲུག་པའོ།། ༧༽ བུ་སྡུག་རྫུན་མི་ཤེས་ཀྱི་ལེའུ་སྟེ་བདུན་པའོ།། ༨༽ སྲེག་པས་ཝ་མོའི་ཁ་ནས་བུའི་ཤ་ལན་བླངས་པའི་ལེའུ་སྟེ་བརྒྱད་པའོ།། ༩༽ སྟོང་ཉིད་སེང་གེས་ཇོ་དགོན་བསྟན་པ་བསྣུབས་པའི་ལེའུ་སྟེ་བརྒྱད་པའོ།། ༡༠༽ རྒྱལ་པོའི་བ་གླང་རྫི་བོ་རྒྱལ་སར་འཁོད་པའི་ལེའུ་སྟེ་དགུ་པའོ།། ༡༡༽ བུ་མོ་ཉི་འབུམ་གྱིས་སྐྱེ་བ་དྲན་པའི་ལེའུ་སྟེ་བཅུ་པའོ།། ༡༢༽ བུ་མོ་དེས་རྒྱལ་པོའི་བླ་གཤིན་ཡུལ་ནས་བླངས་ཤིང་རྒྱལ་སྲིད་བཟུང་བའི་ལེའུ་སྟེ་བཅུ་གཅིག་པའོ།། ༡༣༽ རྒྱལ་པོས་བུ་མོ་གསུམ་སྤྱང་གྲུང་གཟིགས་ནས་བཙུན་མོ་མཛད་པའི་ལེའུ་སྟེ་བཅུ་གཉིས་པའོ།། ༡༤༽ དབུལ་གླེན་བཟའ་མི་གཉིས་ཀའི་ལེའུ་སྟེ་བཅུ་གསུམ་པའོ།། ༡༥༽ བླ་མ་ཟོག་པོ་དཔོན་སློབ་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། ༡༦༽ རྐུན་མས་རྒན་མོ་མ་སྨད་ཀྱི་སྲོག་ཐར་ཞིང་གཅན་གཟན་སྟག་ཁྲིད་པའི་ལེའུ་སྟེ་བཅོ་ལྔ་པའོ།། ༡༧༽ མཆིག་ངན་གྱི་ལེའུ་སྟེ་བཅུ་དྲུག་པའོ།། ༡༨༽ ཡ་རུ་ཁ་ཁྲའི་ལེའུ་སྟེ་བཅུ་བདུན་པའོ།། ༡༩༽ མོ་སྟོན་ཕག་མགོའི་ལེའུ་སྟེ་བཅོ་བརྒྱད་པའོ།། ༢༠༽ ཉི་མའི་འོད་ཟེར་སྤུན་གྱི་ལེའུ་སྟེ་བཅུ་དགུ་པའོ།། ༢༡༽ མི་འཕྲུལ་ཆེན་གྱིས་རྒྱལ་པོ་བཏུལ་བའི་ལེའུ་སྟེ་ཉི་ཤུ་པའོ།། ༢༢༽ བྱ་ཤུབས་རྒྱལ་གྱི་ལེའུ་སྟེ་ཉེར་གཅིག་པའོ།། ༢༣༽ རི་མོ་མཁན་དང་ཤིང་བཟོ་བའི་ལེའུ་སྟེ་ཉེར་གཉིས་པའོ།། ༢༤༽ བུ་མོ་སྙིང་འཛིན་གྱི་ལེའུ་སྟེ་ཉེར་གསུམ་པའོ།། ༢༥༽ བཟའ་མི་གཉིས་ཀྱི་ལེའུ་སྟེ་ཉེར་བཞི་པའོ།། ༢༦༽ བུ་མོ་གསེར་སྒྲོམ་གྱི་ལེའུ་སྟེ་ཉེར་ལྔའོ།། ༢༧༽ མི་དྲན་གསལ་གྱི་ལེའུ་སྟེ་ཉེར་དྲུག་པའོ།། ༢༨༽ བྲམ་ཟེའི་ཁྱེའུ་རྒྱལ་པོར་གྱུར་པའི་ལེའུ་སྟེ་ཉེར་བདུན་པའོ།། ༢༩༽ ཚོང་དཔོན་སྦྲང་མ་གཟིར་ཆུང་ཡུལ་ཕྱོགས་མེད་འཁྱམས་ཤིང་རྒྱལ་ས་ཟིན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། ༣༠༽ ཕྱག་རྡོར་བསྙེན་པ་འབད་པའི་ཡོན་ཏན་གྱིས་སྤྲུལ་པའི་གྲིས་ཕ་རོལ་རྒོལ་འཇོམས། དེའི་བྱིན་རླབས་ཀྱིས་རྒྱལ་སྲིད་ཟིན་ཅིང་བདེ་སྐྱིད་སྤེལ་བའི་ལེའུ་སྟེ་ཉེར་དགུ་པའོ།། ༣༡༽ རྒྱལ་བུ་བདེ་ལྡན་དང་བློན་རིག་པ་ཅན་གྱིས་རྒྱ་གར་གླང་པོ་གཤོངས་ཀྱི་རྒྱལ་ས་བཟུང་བའི་ལེའུ་སྟེ་སུམ་ཅུ་པའོ།། ༣༢༽ བུ་མོ་སླ་ང་སླང་ཆུང་ཚེ་སྔོན་བསོད་ནམས་བསགས་ནས། ཡི་དམ་རྟ་མགྲིན་བསྒྲུབས་པའི་ཡོན་ཏན་གྱིས་སྲིན་པོའི་ཁ་ནས་ཐར་ཞིང་། བྱ་ཕོ་ཚ་ལུ་བཙན་གྱིས་བརྐུས་པ་བླངས་ནས་ཐོན་པའི་ལེའུ་སྟེ་སོ་གཅིག་པའོ།། ༣༣༽ བུ་མོ་སོ་ཁ་འདི་ལི་སྨན་ཅང་ཤེས་རྟས་སྲིན་པོའི་ལག་ནས་འཕྲལ་ཏེ་རྒྱལ་སྲིད་དང་འཕྲད་པའི་ལེའུ་སྟེ་སོ་གཉིས་པའོ།། ༣༤༽ རྒྱལ་པོའི་ཇོ་མོ་ཐོབ་པའི་ལེའུ་སྟེ་སོ་གསུམ་པའོ།། ༣༥༽ ཚོང་པ་ལམ་ནོར་རྒྱལ་ས་ཟིན་པའི་ལེའུ་སྟེ་སོ་བཞི་པའོ།། ༣༦༽ མི་བསོད་ནམས་ཅན་དེས་རྒྱལ་པོའི་བསམ་པ་རྣམ་པར་དག་པས་རྒྱལ་ས་ཐོབ་པའི་ལེའུ་སྟེ་སོ་ལྔ་པའོ།། ༣༧༽ ཚེ་སྔོན་གྱི་སྲོག་ལན་འདོད་པའི་སྲིན་མོའི་ཁ་ནས་ཐར་ཏེ། མཁར་གཞིས་ནོར་ཕྱུག་མངའ་ཐང་དང་བཅས་ཅང་ཤེས་ཀྱི་རྟ་དེས་དྲིན་ལན་གཞལ་བའི་ལེའུ་སྟེ་སོ་དྲུག་པའོ།། ༣༨༽ དུག་སྦྲུལ་ཝ་མི་ཟན་རྒྱ་དམག་བཏུལ་ནས་རྒྱལ་ས་ཟིན་པའི་ལེའུ་སྟེ་སོ་བདུན་པའོ།།
དེ་ལྟར་ལེའུ་སོ་བདུན་ཞེས་བྱུང་ཡང་། གཞུང་དངོས་སུ་གསལ་བའི་ལེའུ་གྲངས་ལྟར་ན། ལེའུ་བརྒྱད་པ་གཉིས་བརྩེགས་གསལ་བ་ལྟར་སོ་སོར་བརྩིས་ན་རོ་སྒྲུང་ལེའུ་ ༣༨ དང་། གླེང་གཞི་བརྩིས་ན་ལེའུ་ ༣༩ ཅན་དུ་གྱུར་ལ། རོ་སྒྲུང་གི་མིང་གི་ཆ་ནས་ལེའུ་དྲུག་པ་དང་། ལེའུ་བརྒྱད་པ་ཕྱི་མ་གཉིས་གཅིག་མཚུངས་ལྟ་བུར་སྣང་ཡང་། དེ་གཉིས་ལེའུ་ཐ་དད་དུ་གསལ་ཞིང་། ལེའུ་བརྒྱད་པ་སྔ་མ་སྲེག་པས་ཝ་མོའི་ཁ་ནས་བུའི་ཤ་ལན་བླངས་པའི་ལེའུ་དེ་གྲངས་སུ་མ་བརྩིས་པ་དང་། གླེང་གཞི་ཡང་ལེའུའི་གྲངས་སུ་མ་བརྩིས་པར་སྣང་། རོ་སྒྲུང་འདི་ཉིད་ཁམས་བྲིས་དཔེ་ཐུང་ཤོག་གྲངས་ ༢༣༧ ཅན་ཞིག་ཡིན་ནོ།།
གོང་གསལ་རོ་སྒྲུང་ལེའུ་ ༣༧ ཅན་གྱི་ལེའུ་ ༢༦ པ་ནས་རོ་སྒྲུང་མཇུག་རྫོགས་པ་ལྟ་བུ་དང་། ལེའུ་ ༢༧ ནས་བཟུང་སྒྲུང་འགོ་འཛུགས་སྐབས་གོང་གི་ལེའུ་ ༢༦ དང་མི་འདྲ་བར་རོ་སྒྲུང་ལེའུ་ ༢༡ ཅན་ལྟར་བླ་མ་དང་། ང་རང་། དྲ་བ། ཐོ་བ། ཞགས་པ། རལ་གྲི། འཛར་བ། རོ་གོག་སོགས་ཀྱི་བྱུང་བ་རྣམས་འགོར་གསལ་ཡོད་ལ། རོ་སྒྲུང་ལེའུ་ ༣༧ པའི་མཇུག་མཐར་རོ་དངོས་གྲུབ་ཅན་ལེན་ཐུབ་པའི་གཏམ་མཇུག་མ་བྱུང་བས་དེ་བས་དཔྱད་གཞི་ཆེ་ལ། ལེའུ་ ༣༧ ནང་བོད་ཅེས་པའི་མིང་ཡང་ལན་གསུམ་ཙམ་བྱུང་བས་དཔྱད་དགོས་པར་སྣང་ངོ་།།
ཇ། རོ་སྒྲུང་རྒྱས་པ་ལེའུ་ ༢༧ ཅན།
དེ་ཡང་། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་དང་རྒྱལ་པོ་བདེ་སྤྱོད་བཟང་པོ་གཉིས་ཀྱིས་མཛད་པའི་རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་དུ་བྱུང་བའི་གཏམ་རྒྱུད་ལེའུ་ཉེར་བདུན་པ་བཞུགས་སོ། །[16]ཞེས་པའི་རོ་སྒྲུང་གི་མཆོད་བརྗོད་དུ། སྭསྟི་པྲཛྙཱ་བྷྱ། རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་སྙིང་པོ་ཞེས། །ཕྱི་ནང་དག་པས་སྣོད་བཅུད་ཉིན་མོར་བྱེད། །ངེས་དོན་དབུ་མའི་ལྟ་བ་སྟོན་མཛད་པའི། །མཆོག་ཏུ་མཁས་པ་དེ་ཕྱག་འཚལ་ལོ། །དེ་ལྟར་བརྗོད་པ་སྔོན་དུ་སོང་ནས། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་དང་། རྒྱལ་པོ་བདེ་སྤྱོད་བཟང་པོ་གཉིས་ཀྱིས་མཛད་པ་ངོ་མཚར་རྨད་དུ་བྱུང་བ། གང་ཞིག་མཁས་པ་དང་སྐྱེ་བོ་རྣམས་ཀྱིས་ཀྱང་། ཉམས་སུ་ལེན་པའི་གནས་སུ་བཞུགས་སུ་གསོལ་ཏེ། འཆད་པ་དང་ཉན་པ་དང་བརྗོད་པ་ཙམ་གྱིས་ཀྱང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་འབྱུང་ངོ་། །ཞེས་པའི་གཏམ་རྒྱུད་ལེའུ་བཅུ་གསུམ་གྱིས་སྟོན་ཏེ། དེའི་གླེང་གཞི་ནི། ཞེས་སོགས་ཐོག་མའི་མཆོད་བརྗོད་དང་གླེང་གཞི་སོགས་ནི། ལེའུ་སོ་བདུན་དང་། ལེའུ་ཉེར་བཞི། ལེའུ་བཅུ་གསུམ་ཅན་བཅས་དང་ཕལ་ཆེར་གཅིག་མཚུངས་སུ་བྱུང་ལ། ལེའུ་ཉེར་བདུན་ནི།
༡༽ ཕྱུག་པོའི་བུའི་ལེའུ་དང་། ༢༽ རྒྱལ་པོ་དཔོན་གཡོག་གཉིས་ཀྱི་ལེའུ། ༣༽ ཡ་རུ་ཁ་ཁྲའི་ལེའུ། ༤༽ མོ་སྟོན་ཕག་མགོ་ཅན་གྱི་ལེའུ། ༥༽ ཉི་མའི་འོད་སྤུན་གྱི་ལེའུ། ༦༽ འཕྲུལ་ཅན་གྱིས་རྒྱལ་པོ་བཏུལ་བའི་ལེའུ། ༧༽ བྱ་ཤུབས་ཅན་གྱི་ལེའུ། ༨༽ རི་མོ་མཁན་དང་ཤིང་བཟོ་ཀུན་དགའ་གཉིས་ཀྱི་ལེའུ། ༩༽ བུ་མོ་སྙིང་འཛིན་གྱི་ལེའུ། ༡༠༽ བཟའ་མི་གཉིས་ཀྱི་ལེའུ། ༡༡༽ བུ་མོ་གསེར་སྒྲོན་མའི་ལེའུ། ༡༢༽ རྒྱལ་པོ་བྱིས་པའི་བློ་ཅན་གྱི་ལེའུ། ༡༣༽ བྲམ་ཟེའི་ཁྱེའུ་རྒྱལ་པོར་གྱུར་པའི་ལེའུ། ༡༤༽ ཕུ་ནུ་གཉིས་ཀྱི་ལེའུ། ༡༥༽ རྒྱལ་བློན་གྱི་བུ་གཉིས་ཀྱི་ལེའུ། ༡༦༽ བཙུན་མོ་ཉི་མའི་མདོག་གི་ལེའུ། ༡༧༽ རྒན་རྒོན་ཕོ་མོའི་ལེའུ། ༡༨༽ ཕྱུག་པོའི་བུ་གླེན་པའི་ལེའུ། ༡༩༽ གསང་སྔགས་པའི་བུའི་ལེའུ། ༢༠༽ སེངྒེ་བ་ལང་གཉིས་ཀྱི་ལེའུ། ༢༡༽ བློ་ལྡན་རི་བོང་གི་ལེའུ། ༢༢༽ རྒྱལ་པོ་བོང་བུའི་རྣ་བ་ཅན་གྱི་ལེའུ། ༢༣༽ ཁྱེའུ་གླེན་པའི་ལེའུ། ༢༤༽ རྐྱལ་པ་ཁུར་བའི་གནས་སྐོར་མཁན་འདྲེ་དང་གྲི་ཁུར་བའི་བུ་ལོན་འདེད་མཁན་མི་གཉིས་ཀྱི་ལེའུ། །༢༥༽ རི་མ་ལ་ཡ་ལས་མི་བཞིས་དངོས་གྲུབ་བླངས་པའི་ལེའུ། ༢༦༽ རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་སྐྱ་ཀའི་སློག་ཅན་གྱིས། རྒྱལ་པོར་གྱུར་ཏེ་ཀླུ་དབང་གི་བུ་མོ་དང་འདུས་པ་ལས། བུ་ཁྱད་པར་ཅན་བཞི་བྱུང་བའི་ལེའུ་བཅས་ལས། ལེའུ་དང་པོ་ནས་བཅུ་གསུམ་བར་ནི། རོ་སྒྲུང་ལེའུ་བཅུ་གསུམ་ཅན་ངོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་བྱུང་དང་མཚུངས་ལ། རོ་སྒྲུང་གི་མཚན་བྱང་ཡང་གཅིག་ཅིང་། རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་དུ་བྱུང་བའི་གཏམ་རྒྱུད་ལེའུ་ཉེར་བདུན་པ་ལས[17]། གཏམ་རྒྱུད་ལེའུ་བཅུ་གསུམ་གྱིས་སྟོན་ཏེ། དེའི་གླེང་གཞི་ནི། ཞེས་དང་། ཡང་དེ་ཉིད་ལེའུ་བཅུ་གསུམ་ལས[18]། སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུ་དྲུང་དུ་ཉེ་བ་ན་ནམ་མཁའ་ལ་འཕུར་ཏེ་སོང་ངོ་། །སློབ་དཔོན་གྱིས་ཁྱོད་ཀྱིས་སྙིང་རུས་ལ་སྐྱོན་མེད་རུང་། འཛམ་གླིང་སྤྱི་མཐུན་གྱི་བསོད་ནམས་ལ་མ་ཤོང་བ་ཡིན། ཁྱོད་ཀྱིས་རོ་དངོས་གྲུབ་ཅན་ཐེངས་བཅུ་གསུམ་འཁུར་བས་ཚེ་འདི་ལ་སྟོབས་དང་ལོངས་སྤྱོད་ལ་རྒྱལ་པོ་གཞན་གྱིས་འགྲན་མི་ནུས་པ་ཞིག་ཡོང་བར་འདུག་གོ་གསུངས། རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་བྲམ་ཟེའ་ཁྱེའུ་རྒྱལ་པོར་གྱུར་པའི་ལེའུ་སྟེ་བཅུ་གསུམ་པའོ། །ལེའུ་བཅུ་གསུམ་གྱི་འཕྲོར་བླ་ཐབས་སུ་བསྣན་པ་འགའ་རེ་འདུག་པ་བྲིས་པ་ལ། ཞེས་ལེའུ་བཅུ་གསུམ་ནས་རོ་སྒྲུང་རྫོགས་ཤིང་། དེ་འཕྲོས་རྣམས་ནི་བླ་ཐབས་སུ་བསྣན་པ་ཞིག་ལས་དཀྱུས་གཅིག་མིན་པ་ཤིན་ཏུ་གསལ་ལོ།།
ལྷག་པར་ལེའུ་ ༢༧ པ་ནི། དེ་ཉིད་ལས[19]། བུ་ཆོས་ནང་དུ་ཡོད་པའི་ཐེམ་སྐས་བཅུ་གསུམ་མམ། རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་ལེའུ་ཉེར་བདུན་པ་ཞེས་བྱ་བ་བཞུགས་སོ། །ཞེས་བྱུང་བ་ལྟར། བཀའ་གདམས་བུ་ཆོས་ཀྱི་ཐེམ་སྐས་བཅུ་གསུམ་རྣམས་ལེའུ་གཅིག་ཏུ་བརྩིས་ནས་རོ་སྒྲུང་དུ་བསྣན་པ་ཞིག་སྟེ། དེ་ཉིད་ལས། ཐེམ་སྐས་བཅུ་གསུམ་གྱི་སྒྲུང་རྒྱས་པར་སྨྲས་ནས། ཡང་རོ་ན་རེ། སྐས་གདང་བཅུ་གསུམ་གྱི་སྟེང་དུ་བྱིའུ་བཅུ་གསུམ་བཅུ་གསུམ་འདུག །བྱིའུ་རེ་ཁ་ན་ཡང་ནས་རྡོག་བཅུ་གསུམ་བཅུ་གསུམ་ཡོད་དེ། དེ་དག་བསྡོམས་ན་དུ་འོང་ཟེར་བའི་གྲངས་མ་ཆོད་པའི་རིང་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་དྲུང་དུ་སླེབས་སོ། །རོ་དངོས་གྲུབ་ཅན་གྱི་སྒྲུང་ལས་དེད་དཔོན་དགེ་བ་བཟང་པོས་རྒྱ་མཚོར་ནོར་བུ་ལེན་དུ་སོང་བའི་རྗེས་ཤུལ་ན། སྲོ་ལོང་ཀུན་ཏུ་རྒྱུའི་ཐེམ་སྐས་བཅུ་གསུམ་གྱི་སྒྲུང་སྨྲས་པས་རྒྱལ་པོ་བདེ་སྤྱོད་བཟང་པོས་གཏམ་མ་ཤོར་བར་རོ་ཁྱེར་འོང་ནས་སློབ་དཔོན་ལ་ཕུལ་བའི་ལེའུ་ཐམས་ཅད་བསྡོམས་ཏེ། ལེའུ་སུམ་ཅུ་རྩ་དགུའི་བདག་ཉིད་ཡིན་ཡང་ཐེམ་སྐབས་བཅུ་གསུམ་པོ་དེ་གཅིག་ཏུ་བྱས་པས་ཉེར་བདུན་པ་སྟེ་ཐ་མའོ། །ཞེས་བྱུང་ངོ་།།
དེ་བཞིན་མཇུག་བྱང་ལས[20]། རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཟླ་ཟེར་གྱིས། །མི་དབང་བདེ་སྤྱོད་བཟང་པོ་ཀུནྡ་ཡི། །ཐུགས་རྒྱུད་མེ་ཏོག་གསར་པ་སྨིན་མཛད་པའི། །འཇིག་རྟེན་ལུགས་ཀྱི་རྗེས་འབྲང་གཏམ་རྒྱུད་འདི། །མཁས་དང་སྐྱེ་བོའི་རྣ་བའི་བཅུད་ལེན་ཕྱིར། །ཡིད་འཕྲོག་བུང་བའི་གླུ་དབྱངས་རྩེར་སོན་པ། །བསྟན་བཅོས་འདབ་བརྒྱའི་ཚལ་ལས་བྱུང་བ་དང་། །ལྔ་རིས་པཎྜི་ཏ་ཡི་མཁྱེན་པས་ནི། །གསུང་དབྱངས་ཁྲི་ཕྲག་ལྡན་པའི་གཏམ་རྒྱུད་འདི། །མི་དབང་སྟོབས་ལྡན་དགེ་བས་བསྐུལ་བའི་ངོར། །ཟས་དང་གྲོང་ཁྱེར་དར་རྒྱས་གཙུག་ལག་ཁང་། །རིག་པའི་གནས་ལྔ་ལ་ནི་བློ་སྦྱངས་པའི། །ཨར་པོ་པཎྜི་ཏ་ཞེས་བྱ་བས་བཀོད། །བསྟན་བཅོས་འདི་ནི་གང་གིས་བརྗོད་པ་ཡང་། །དེ་ནི་ཐུན་མོང་དངོས་གྲུབ་བྱུང་ངོ་ཞེས། །ཀླུ་སྒྲུབ་གསུང་བཞིན་ཐོགས་པ་མེད་པར་ཤོག །སློབ་དཔོན་ཀླུ་སྒྲུབ་དང་བདེ་སྤྱོད་བཟང་པོ་གཉིས་ཀྱིས་མཛད་པའི་རོ་དངོས་གྲུབ་ཅན་གྱི་གཏམ་རྒྱུད་ངོ་མཚར་ཡིད་ཀྱི་དགའ་སྟོན་ཞེས་བྱ་བ་ལེའུ་ཉེར་བདུན་མ་རྫོགས་སོ། །ཞེས་ཨར་པོ་པཎྜི་ཏས་བཀོད་པར་གསལ་ལོ།།
གོང་གསལ་ལེའུ་ཉེར་བདུན་ལས། ལེའུ་ ༡༢ པ་མ་གཏོགས་ ༡ ནས་ ༡༣ བར་ལེའུ་སོ་བདུན་ཅན་ནང་གསལ་ཞིང་། དེ་བཞིན་ལེའུ་ ༡ ནས་ ༡༣ བར་ནི་རོ་སྒྲུང་ལེའུ་ ༢༤ ཅན་གྱི་ནང་དུའང་གསལ་བར་མ་ཟད། ལེའུ་དང་པོ་ ༡ ནས་ ༡༣ བར་ནི། རོ་སྒྲུང་བསྡུས་པ་ལེའུ་ ༡༣ ཅན་ངོ་མཚར་རྨད་བྱུང་དང་ཡོངས་སུ་མཚུངས་མོད། འོན་ཀྱང་གོང་གསལ་ལེའུ་ ༢༧ ནས་མོ་སྟོན་ཕག་མོ་ཙམ་མ་གཏོགས་དེ་མིན་རོ་སྒྲུང་རྣམས་ལེའུ་ ༢༡ ཅན་ནང་ཧ་ལམ་མི་གསལ། མདོར་ན་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་དུ་བྱུང་བའི་གཏམ་རྒྱུད་ལེའུ་ཉེར་བདུན་གྱི་ནང་ནས་ལེའུ་ ༡༤ ནས་ ༢༦ བར་གྱི་རོ་སྒྲུང་རྣམ་གྲངས་ ༡༣ རྣམས་རོ་སྒྲུང་གཞན་དང་གཞན་དུ་མི་གསལ་ཞིང་། ལེའུ་ ༢༦ པ་ནས་རོ་དངོས་གྲུབ་ཅན་བླངས་ཏེ་བླ་མ་ཀླུ་སྒྲུབ་དང་མཇལ་བར་གསལ་བས་རོ་སྒྲུང་མཐའ་མར་མངོན་པས། འདིར་དེ་དག་ཟུར་འདོན་གྱིས་ཁ་སྐོང་ཕྱོགས་བསྒྲིགས་ཞུས་པ་ལས། ལེའུ་དང་པོ་ནས་བཅུ་གསུམ་བར་ནི་རོ་སྒྲུང་བསྡུས་པ་ལེའུ་བཅུ་གསུམ་དང་ཡོངས་སུ་མཚུངས་པས་ཉིས་ཟློས་སྤངས་ཕྱིར་འདིར་མ་བཀོད་ལ། ལེའུ་ཉེར་བདུན་པ་ནི་བཀའ་གདམས་བུ་ཆོས་ཀྱི་ཐེམ་སྐབས་བཅུ་གསུམ་སྟེ། སྲོ་ལོང་ཀུན་ཏུ་རྒྱུའི་སྐྱེས་རབས་ཡིན་ལ། དེ་ཉིད་ཇོ་བོའི་གསུང་གི་སྐབས་སུ་ཕྱོགས་བསྒྲིགས་ཞུས་ཡོད་པས། དེ་ཡང་ཟློས་སྐྱོན་སྤངས་ཕྱིར་འདིར་མི་དགོས་པ་བྱས་ཐོག །ལེའུ་བཅུ་བཞི་ནས་ཉེར་དྲུག་བར་ཕྱོགས་བསྒྲིགས་ཞུས་ཡོད་པས་དེ་ལྟར་དགོངས་འཇགས་མཛད་པར་འཚལ་ལོ།།
ཉ། རོ་སྒྲུང་འབྲིང་བ་ལེའུ་ཉེར་བཞི་ཅན།
སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་ཅན་གྱི་སྒྲུང་མཁས་པ་དང་སྐྱེ་བོ་རྣམས་ཀྱི་རྣ་བའི་བཅུད་ལེན་ཞེས་བྱ་བ་ཕུན་ཚོགས་བདེ་སྟེར། ཞེས་པའི་ལེའུ་ཉེར་བཞི་ཅན་ཁམས་བྲིས་དཔེ་རིང་ཤོག་གྲངས་ ༩༡ ཅན་འདིར་གླེང་གཞི་མ་བརྩིས་པའི་ལེའུ་ ༢༤ ཡོད་པ་ནི།
གླེང་གཞི་དང་། ༡༽ ཁྱེའུ་དྲུག་གི་བྱུང་བ་བསྟན་པའི་ལེའུ། ༢༽ རྒྱལ་བུ་དཔོན་བློན་གྱི་ལེའུ། ༣༽ མ་སངས་ཡ་རུ་ཁ་ཁྲའི་ལེའུ། ༤༽ མོ་སྟོན་ཕག་མགོ་ཅན་གྱི་ལེའུ། ༥༽ རྒྱལ་པོ་ཉི་མའི་འོད་ཟེར་གྱི་ལེའུ། ༦༽ འཕྲུལ་ཅན་གྱི་བྱུང་བ་བསྟན་པའི་ལེའུ། ༧༽ བྱ་ཤུབས་རྒྱལ་པོའི་ལེའུ། ༨༽ རི་མོ་མཁན་དང་ཤིང་མཁན་གྱི་ལེའུ། ༩༽ བུ་མོ་སྙིང་སྟོབས་ཅན་གྱི་ལེའུ། ༡༠༽ ཁྱིམ་བདག་ཁྱོ་ཤུག་མི་མཛའ་བའི་ལེའུ། ༡༡༽ བུ་མོ་གསེར་སྒྲོན་མའི་ལེའུ། ༡༢༽ རྒྱལ་པོ་བྱིས་པའི་བློ་ཅན་གྱི་ལེའུ། ༡༣༽ བྲམ་ཟེ་ཁྱེའུ་རྒྱལ་པོར་སྒྱུར་བའི་ལེའུ། ༡༤༽ བུ་མོ་དེ་ཉིད་འབུམ་གྱི་སྐྱེས་བ་དྲན་པའི་ལེའུ། ༡༥༽ རལ་གྲི་རིན་པོ་ཆེའི་ཡོན་ཏན་གྱིས་རྒྱལ་བུས་རྒྱལ་སྲིད་བསྐྱངས་པའི་ལེའུ། ༡༦༽ བུ་མོ་སོ་ཁ་འདི་ལི་སྨན་ཅང་ཤེས་ཀྱི་རྟ་ལ་བརྟེན་ནས་རྒྱལ་སྲིད་དང་འཕྲད་པའི་ལེའུ། ༡༧༽ ཁྱེའུ་བསོད་ནམས་ཅན་གྱི་ལེའུ། ༡༨༽ བཙུན་མོ་མེ་ཏོག་ཅན་སྲས་དང་བཅས་པའི་བྱུང་བ་བསྟན་པའི་ལེའུ། ༡༩༽ ཁྱེའུ་རྫུན་གཏན་སྤངས་པས་བདེ་བ་ཐོབ་པའི་ལེའུ། ༢༠༽ ཁྱིམ་བདག་གི་བུ་མོ་སྲིན་མོས་བསླུས་ཀྱང་བསོད་ནམས་ཀྱི་སྟོབས་ཀྱིས་བཙུན་མོར་མངའ་གསོལ་བའི་ལེའུ། ༢༡༽ དེད་དཔོན་གྱི་བུའི་ལེའུ། ༢༢༽ རྒྱལ་བུ་ཁྱི་ཕྲུག་གིས་ཆུང་མ་བཙལ་བའི་ལེའུ། ༢༣༽ ཚོང་དཔོན་སྦྲང་མ་གཟིར་ཆུང་ཡུལ་མེད་འཁྱམས་ནས་ཡོང་བ་ལ་བསོད་ནམས་སྟོབས་ཆེ་བས་རྒྱལ་ས་ཟིན་པའི་ལེའུ། ༢༤༽ བློན་པོ་རིག་པ་ཅན་གྱིས་རྒྱལ་པོ་ལ་ཇོ་མོ་དང་རྒྱལ་ས་རྒྱ་གར་གླང་པོའི་གཤོངས་ནས་བཙལ་བའི་ལེའུ་བཅས་ལེའུ་ ༢༤ དང་། གླེང་གཞི་བརྩིས་ན་ལེའུ་ ༢༥ བཞུགས་སོ།།
ཀ༽ གོང་གསལ་རོ་སྒྲུང་ལེའུ་ ༢༤ ཅན་གྱི་ཁྲོད་ནས་ལེའུ་ ༢། ༤། ༥། ༦། ༧། ༨། ༩། ༡༡། ༡༣། ༡༤། ༡༥། ༡༦། ༡༧། ༢༣ བཅས་སྒྲུང་སྣ་ཁག་ ༡༤ ཡོད་པ་རྣམས་རོ་སྒྲུང་རྒྱས་པ་ལེའུ་ ༣༧ ཅན་ངོ་མཚར་རྨད་དུ་བྱུང་བའི་མི་རོ་གསེར་སྒྲུང་ནང་གཅིག་མཚུངས་སུ་གསལ་བ་ལས། དེ་འཕྲོས་རོ་སྒྲུང་རིགས་ ༡༠ ཡོད་པ་རྣམས་ལེའུ་ ༣༧ ཅན་དང་ཐ་དད་ཡིན། ཁ༽ དེ་བཞིན་རོ་སྒྲུང་ལེའུ་ ༢༤ ཅན་ཕུན་ཚོགས་བདེ་སྟེར་ནང་གསལ་བའི་སྒྲུང་ལེའུ་ ༤། ༡༤། ༡༥། ༡༦། ༡༧། ༡༩། ༢༠། ༢༢། ༢༣། ༢༤ བཅས་སྒྲུང་སྣ་ཁག་ ༡༠ པོ་རྣམས་རོ་སྒྲུང་ལེའུ་ ༢༡ ཅན་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་རྒྱས་པར་ཕྱེ་བའི་ནང་གཅིག་མཚུངས་སུ་གསལ་ཡོད། འོན་ཀྱང་དེ་འཕྲོས་རྣམས་རོ་སྒྲུང་ཐ་དད་དུ་བྱུང་ངོ་།།
གཞན་ཡང་རོ་སྒྲུང་གི་གཞུང་དངོས་ལས[21]། དངོས་གྲུབ་ཅན་ན་རེ། རྒྱལ་པོ་དེ་ནི་ལེགས་སོ་ཞེས་སྨྲས་ནས་སློབ་དཔོན་ཀླུ་སྒྲུབ་སྙིང་པོ་དང་ཐག་ཉེ་བ་ནས་ནམ་མཁའ་ལ་འཕུར་སོང་ངོ་། །སློབ་དཔོན་གྱི་ཞལ་ནས། ཁྱོད་ཀྱིས་སྙིང་རུས་བྱས་རུང་འཛམ་བུ་གླིང་ལ་བསོད་ནམས་མེད་པ་ཡིན། ཁྱོད་རང་གིས་རོ་དངོས་གྲུབ་ཅན་ལན་བཅུ་གསུམ་ཁུར་བས། ཚེ་འདི་ལ་སྟོབས་ལོངས་སྤྱོད་རྒྱལ་པོ་གཞན་གྱིས་འགྲན་མི་ཚུགས་པ་ཞིག་ཡོང་བར་འདུག་གོ །དངོས་གྲུབ་ཅན་ལས་བྲམ་ཟེ་ཁྱེའུ་རྒྱལ་པོར་གྱུར་བའི་ལེའུ་སྟེ་བཅུ་གསུམ་པའོ། །ཞེས་ལེའུ་བཅུ་གསུམ་པའི་མཐར་རྒྱལ་པོ་བདེ་སྤྱོད་བཟང་པོ་དང་མགོན་པོ་ཀླུ་སྒྲུབ་ཞལ་མཇལ་བ་དང་། རོ་དངོས་གྲུབ་ཅན་ལེན་མ་ཐུབ་ཀྱང་རྒྱལ་པོ་བདེ་སྤྱོད་རང་ཉིད་ཚེ་འདིར་སྟོབས་དང་ལོངས་སྤྱོད་འགྲན་ཟླ་བྲལ་བ་འབྱུང་བར་གསུངས་ཏེ་སྒྲུང་མཇུག་བསྡུས་པ་ལྟ་བུར་སྣང་ངོ་།།
ཡང་དེ་ཉིད་ལས[22]། རྒྱལ་པོ་བདེ་སྤྱོད་བཟང་པོའི་དེའི་གྲངས་རྩིས་མ་འཐེབས་པའི་ངང་དུ། སློབ་དཔོན་ཀླུ་སྒྲུབ་ཀྱི་དྲུང་དུ་སླེབས་ཏེ་དངོས་གྲུབ་ཅན་ཐོབ་ནས་ཕུལ་བས་ཤིན་ཏུ་དགྱེས་ཏེ། དེ་ལ་བརྟེན་ནས་གསེར་འགྱུར་གྱི་སྒྲུབ་པ་མཛད་པས་གཙུག་ལག་ཁང་དང་། དགེ་འདུན་གྱི་འཚོ་བ་སྦྱོར་བ་དང་། སྐྱེ་བོ་ཐམས་ཅད་ཕོངས་པ་ལས་སྒྲོལ་བར་མཛད་པ་དང་། གསེར་གྱི་མཆོད་སྡོང་སོགས་ད་ལྟའང་རྒྱ་གར་ན་ཡོད་པར་གྲགས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་བྱོན། སརྦ་མངྒ་ལཾ། །ཞེས་ལེའུ་ཉེར་གཅིག་པ་དངོས་གྲུབ་ཅན་ལས་དེད་དཔོན་གྱི་བུའི་ལེའུའི་མཇུག་ནས་རོ་དངོས་གྲུབ་བླངས་ནས་ཀླུ་སྒྲུབ་ལ་ཕུལ་བར་གསུངས་ཀྱང་། དེ་མཇུག་སླར་ཡང་ལེའུ་གསུམ་འདུག་པ་ནི་ཕྱིས་སུ་བསྣན་པ་ཞིག་སྟེ། ལེའུ་ཕྱི་མ་གསུམ་པོ་འདི་དག་གི་ཚིག་འགྲོས་ཅུང་མི་འདྲ་ཞིང་། བར་བར་དུ་ཡུལ་སྐད་ཀྱང་འགའ་ཞིག་སྣང་ལ། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། ང་རང་རྒྱལ་པོ་བདེ་སྤྱོད་བཟང་པོ་ཡིན། ཞེས་སོགས་སྒྲུང་གི་ཐོག་མའི་ལོ་རྒྱུས་རྣམས་ལེའུ་དང་པོ་ནས་ཉེར་གཅིག་བར་མི་གསལ་ཡང་། ལེའུ་ཕྱི་མ་གསུམ་ལ་ཆོས་སྒྲུང་ཉེར་གཅིག་རྒྱས་པར་ཕྱེ་བ་དང་མཚུངས་པར་བྱུང་བ་དང་། ལེའུ་ཉེར་བཞི་ཅན་གྱི་རོ་སྒྲུང་མཐའ་མ་ནི། བློན་པོ་རིག་པ་ཅན་གྱིས་རྒྱལ་པོ་ལ་ཇོ་མོ་དང་རྒྱལ་ས་རྒྱ་གར་གླང་པོའི་གཤོངས་ནས་བཙལ་བའི་ལེའུ་སྟེ་ཉེར་བཞི་པའོ། །ཞེས་བྱུང་མོད། སྒྲུང་འདི་རོ་སྒྲུང་རྒྱས་པ་ལེའུ་སོ་བདུན་ཅན་གྱི་ལེའུ་སུམ་ཅུ་པར་གསལ་ལ། ཆོས་སྒྲུང་ཉེར་གཅིག་པ་རྒྱས་པར་ཕྱེ་བའི་ལེའུ་བརྒྱད་པར་གསལ་བས། མཐའ་མཇུག་གི་རོ་སྒྲུང་དེ་ཡང་མིན་པ་སོགས་ལ་གཞིགས་ཚེ། ལེའུ་ཉེར་བཞི་ཅན་འདི་ཉིད་རོ་སྒྲུང་རྒྱས་བསྡུས་འགའ་ཞིག་ནས་ཕྱོགས་བསྡུས་བྱས་པ་ལྟ་བུ་ཞིག་ཏུ་སྣང་བས་དཔྱད་པར་འཚལ་ལོ།།
ཏ། བོད་རིགས་ཀྱི་དམངས་ཁྲོད་གཏམ་རྒྱུད། མི་རོ་རྩེ་སྒྲུང་།
བོད་རིགས་ཀྱི་དམངས་ཁྲོད་གཏམ་རྒྱུད། མི་རོ་རྩེ་སྒྲུང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་ལེའུ་ཉེར་བཞི་ཅན་ཤོག་གྲངས་ ༡༩༧ དང་། དེ་རྗེས་རྒྱ་ཡིག་གི་ཐོག་ནས་སྒྲུང་དང་རི་མོ་མཉམ་དུ་བཀོད་པ་ནི་བོད་སྒྲུང་ཡིན་པར་གསལ། འོན་ཀྱང་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་རོ་སྒྲུང་ནང་གསལ་བའི་རོ་སྒྲུང་མོ་སྟོན་ཕག་མགོ་སོགས་རོ་སྒྲུང་བཞི་ལྔ་ཞིག་འདིར་ཡང་བྱུང་བས། མཐའ་གཅིག་ཏུ་བོད་རིགས་ཀྱི་དམངས་ཁྲོད་གཏམ་རྒྱུད་ཡིན་པར་བརྗོད་དཀའ་བས་དཔྱད་དགོས། འདི་ལ་གླེང་གཞི་བརྩིས་ན་ལེའུ་ ༢༥ དང་། གླེང་གཞི་ལེའུའི་ཁོངས་སུ་མ་བརྩིས་ན་ལེའུ་ ༢༤ ཡོད་པ་ནི།
དེ་ཡང་གླེང་གཞི་དང་། ༡༽ སྤུན་ཟླ་དྲུག ༢༽ དྲན་གསལ། ༣༽ ཤིང་བཟོ་ཀུན་དགའ། ༤༽ གསེར་མོ་མཚོ་དང་དངུལ་མོ་མཚོ། ༥༽ གསེར་གཡུ་སྐྱུག་པ། ༦༽ སོ་ནམ་པ་དང་རྒྱལ་པོ་གཏུམ་པོ། ༧༽ དྲིན་ལན་འཇལ་བ། ༨༽ ཕུ་ནུ་གཉིས། ༩༽ ཕྱུག་པོས་རྐུ་བྱས་པ། ༡༠༽ བྱ་ཤུབས་རྒྱལ་བུ། ༡༡༽ བུ་དབུལ་པོ་དང་ཀླུའི་བུ་མོ། ༡༢༽ འབྲི་ཁྲ་བོས་ན་གཞོན་བསྐྱབས་པ། ༡༣༽ མོ་སྟོན་ཕག་མགོ། ༡༤༽ བུ་མོ་གསེར་སྒྲོན། ༡༥༽ མ་སང་ཡ་རུ་ཁ་ཁྲ། ༡༦༽ འཕོ་བ་གྲོང་འཇུག་སློབ་པ། ༡༧༽ སྦལ་པ་དང་སྲས་མོ། ༡༨༽ ཁ་མི་གྲག་པའི་བུ་མོ། ༡༩༽ རྫུན་མི་སྨྲ་བའི་རྟ་རྫི། ༢༠༽ ཕྱུགས་འཚོ་བའི་བྱིས་པ། ༢༡༽ རྡོའི་སེང་གེས་ཁ་གདངས་པ། ༢༢༽ བདུད་པོ་སྤུན་གསུམ། ༢༣༽ བུ་མོ་སྙིང་འཛིན། ༢༤༽ ལས་ལ་བརྩོན་པའི་བུ་མོ་གསུམ་བཅས་ལེའུ་ཉེར་བཞི་དང་། གླེང་གཞི་བརྩིས་ན་ལེའུ་ ༢༥ ཡོད་དོ།།
གོང་གསལ་རོ་སྒྲུང་རྣ་བའི་བཅུད་ལེན་ཕུན་ཚོགས་བདེ་སྟེར་ལེའུ་ ༢༤ ལས་ལེའུ་ ༡། ༣། ༤། ༧། ༡༡། བཅས་སྒྲུང་ཁག་ལྔ་པོ་རྣམས་བོད་རིགས་ཀྱི་དམངས་ཁྲོད་ཀྱི་གཏམ་རྒྱུད་མི་རོ་རྩེ་སྒྲུང་ལེའུ་ ༢༤ ཅན་ནང་གཅིག་མཚུངས་སུ་གསལ་བ་སྟེ། གོང་གསལ་རོ་སྒྲུང་ཕུན་ཚོགས་བདེ་སྟེར་དང་བོད་རིགས་དམངས་ཁྲོད་ཀྱི་གཏམ་རྒྱུད་མི་རོ་རྩེ་སྒྲུང་གཉིས་ཀར་གཅིག་མཚུངས་སུ་གསལ་བའི་རོ་སྒྲུང་ནི། ༡༽ སྤུན་ཟླ་དྲུག་དང་། ༢༽ བྱ་ཤུབས་རྒྱལ་བུ། ༣༽ མོ་སྟོན་ཕག་མགོ ། ༤༽ བུ་མོ་གསེར་སྒྲོན། ༥༽ མ་སང་ཡ་རུ་ཁ་ཁྲ་བཅས་ལྔ་ཡོད། དེ་འཕྲོས་ཀྱི་རོ་སྒྲུང་ཁག་ ༡༩ རྣམས་གཉིས་ཀར་ཐ་དད་དུ་གསལ་ཡོད།
དེ་ཡང་ཕྱག་དེབ་འདིའི་མཚན་བྱང་དུ། བོད་རིགས་ཀྱི་དམངས་ཁྲོད་གཏམ་རྒྱུད། མི་རོ་རྩེ་སྒྲུང་། ཞེས་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཡིན་པར་གསལ་ནའང་། དེ་ཉིད་ཀྱི་ལེའུ་ཉེར་བཞི་པ། ལས་ལ་བརྩོན་པའི་བུ་མོ་གསུམ་གྱི་སྒྲུང་ལས[23]། བདེ་སྤྱོད་བཟང་པོས་རོ་དངོས་གྲུབ་ཅན་དེ་རང་གི་རྒྱབ་ཀྱི་རྐྱལ་པའི་ནང་ནས་འཕུར་སོང་བ་མཐོང་སྟེ། རང་ཉིད་ལ་མགོ་སྐོར་གཏོང་སླ་བ་དང་། སྒྲུང་གཏམ་ངོ་མཚར་ཅན་དེ་དག་གིས་བསླུས་པར་སེམས་གཏིང་ནས་འགྱོད་པ་སྐྱེས། ད་ཐེངས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་གདམས་ལྟར་བྱེད་ཅིང་། ཁ་མི་གྲག་སྙམ་དུ་དམ་བཅས་ནས་སླར་ཡང་དུར་ཁྲོད་དེར་སོང་ནས་ཐད་ཀར་ཤིང་ཨ་མྲའི་སྡོང་པོའི་གམ་ལ་ཕྱིན་ཏེ། སྟ་རེ་ཟླ་བ་དཀར་པོ་ལག་ལ་བཟུང་ནས་སྡོང་པོ་གཅོད་པར་བརྩམས་པ་ན། རོ་དངོས་གྲུབ་ཅན་བྱ་ཐབས་མེད་པར་མར་བབས་ནས་རྐྱལ་པ་སྟོང་ཤོང་ནང་ལ་འཛུལ། བདེ་སྤྱོད་བཟང་པོས་རྐྱལ་པའི་ཁ་དམ་པོར་བསྡམས་ནས་ཁུར་ཏེ་སླར་སོང་། ཡུད་ཙམ་སོང་བ་ན་རོ་དངོས་གྲུབ་ཅན་གྱིས་སྒྲུང་ཞིག་བཤད། ཅེས་བུ་མོ་སྤུན་གསུམ་གྱི་སྒྲུང་བཤད། དེ་བཞིན་དེ་ཉིད་ལས[24]། སྒྲུང་བཤད་ནས་མཚམས་དེར་སླེབས་ཚེ། བདེ་སྤྱོད་བཟང་པོ་ཀླུ་སྒྲུབ་བཞུགས་པའི་བྲག་ཕུག་གི་སྒོར་སླེབས་སོ། །དེའི་དུས་ཁོ་སེམས་ཤིན་ཏུ་དགའ་ནས། སྔར་གྱི་སྡུག་བརྗེད་དེ་སྨྲས་པ། གསར་བུ་དེ་དཔའ་ངར་ཅན་ཞིག་རེད། ཅེས་བཤད་མ་ཐག །རོ་དངོས་གྲུབ་ཅན་དེ་དུར་ཁྲོད་བསིལ་བ་ཚལ་[25]དུ་འཕུར་སོང་། ཡིན་ན་ཡང་ཁོ་བྲག་ཕུག་ཏུ་སླེབས་ཟིན་པ་དང་། མགོན་པོ་ཀླུ་སྒྲུབ་མཇལ་བའི་སྟབས་ཀྱིས། རོ་དངོས་གྲུབ་ཅན་གྱི་སྐྲ་ཉག་འགའ་ལུས་ཡོད་པ་གསེར་དང་དངུལ་དུ་གྱུར་འདུག་པས། དེའི་དུས་ནས་བཟུང་མི་ཡུལ་དུ་གསེར་དངུལ་བྱུང་བ་ཡིན་ཞེས་གྲགས་སོ། །དེའི་དུས་མགོན་པོ་ཀླུ་སྒྲུབ་ཐུགས་དགྱེས་བཞིན་གསུངས་པ། ཁྱོད་ལ་སྙིང་སྟོབས་ཆེན་པོ་ཡོད་པས། དེ་ལྟར་བསྒྲུབས་ན་མི་འགྲུབ་པའི་ལས་དོན་མེད། ཁྱོད་ཀྱིས་ལས་དོན་དེས་ཕལ་ཆེར་རྫོགས་པ་ཡིན་པས། སླར་ཡང་རང་ཡུལ་ལ་སོང་ནས་སེམས་ཅན་ལ་ཕན་པའི་དོན་སྒྲུབས་ཤིག །ཅེས་གསུངས་སོ། །ཞེས་རོ་སྒྲུང་གཞན་གྱི་གླེང་གཞིར་གསལ་བ་བཞིན་ཁུངས་མགོན་པོ་ཀླུ་སྒྲུབ་དང་རྒྱལ་པོ་བདེ་སྤྱོད་གཉིས་ཀར་གཏུགས་པས། མཚོ་སྔོན་གྱི་དེབ་གཟུགས་པར་མའི་མཚན་བྱང་དུ། བོད་རིགས་ཀྱི་དམངས་ཁྲོད་གཏམ་རྒྱུད། མི་རོ་རྩེ་སྒྲུང་། ཞེས་བཀོད་པ་ལྟར་མཐའ་གཅིག་ཏུ་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཡིན་པར་སྨྲ་མི་ཐུབ། འོན་ཀྱང་མི་རོ་རྩེ་སྒྲུང་འདིར་གླེང་གཞི་འདུས་པས་ལེ་ཚན་ཉེར་ལྔའི་བདག་ཉིད་ཅན་འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་པར་དཔེར་བལྟས་ཏེ། བོད་རང་གི་གཏམ་རྒྱུད་མང་པོ་བསྣན་ཏེ་གྲུབ་པ་ཞིག་ལ་འདོད་མཁན་ཡོད་ཀྱང་། རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་དང་། བོད་རིགས་ཀྱི་དམངས་ཁྲོད་གཏམ་རྒྱུད་མི་རོ་རྩེ་སྒྲུང་དུ་གྲགས་པ་གཉིས་ལ་ཐུན་མོང་གི་རོ་སྒྲུང་ཞིག་ཧ་ལམ་མེད་པས་དེ་ཡང་དཔྱད་དགོས་པ་ཞིག་ཡིན་ལ། མི་རོ་རྩེ་སྒྲུང་འདི་ཉིད་བོད་རིགས་ཀྱི་དམངས་ཁྲོད་གཏམ་རྒྱུད་ཡིན་པར་གྲགས་ཆེ་བ་ལྟར། སྐབས་འདིར་ངོ་སྤྲོད་ཙམ་ལས་གཞུང་དངོས་ཕྱོགས་བསྒྲིགས་ཞུས་མེད་ན། དེ་དོན་དགོངས་འཇགས་འཚལ་ལོ།།
ཐ། རོ་སྒྲུང་འབྲིང་བ་ལེའུ་ཉེར་གཅིག་ཅན།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་པ་རྒྱས་པར་ཕྱེ་བ་བཞུགས་སོ། །ཞེས་པའི་རོ་སྒྲུང་འདིར་ལེའུ་ཉེར་གཅིག་བཞུགས་པ་ནི། ༡༽ སྤྲང་ཆུང་ཟླ་བ་གྲགས་པ་ལ་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞེས་མཚན་གསོལ་བ། ༢༽ བུ་མོ་དེ་ཉིད་འབུམ་སྐྱེ་བ་དྲན་པ། ༣༽ བུ་མོས་རྒྱལ་པོ་ཤི་ཡུལ་ནས་བླངས་པ། ༤༽ རྒྱལ་བུ་ཁྱི་སྤྲུལ་གྱིས་ཆུང་མ་བཙལ་བ། ༥༽ ཚོང་དཔོན་སྦྲང་མ་ཟིར་ཆུང་ཡུལ་མེད་འཁྱམས་ནས་ཡོང་བས་བསོད་ནམས་སྟོབས་ཀྱིས་རྒྱལ་ས་ཟིན་པ། ༦༽ ཐབས་ལ་མཁས་པའི་ཡོན་ཏན་གྱིས་གྲི་བཟང་པོ་གཞལ་ཚད་རི་བ་ཐོབ་པར་བརྟེན་ནས་རྒྱལ་བུ་ཞར་བས་རྒྱལ་སྲིད་བཟུང་བ། ༧༽ བུ་རིག་པའི་ཁྱེའུ་ཆུང་རྫུན་མི་ཤེས་པས་རྫུན་སྤངས་པ་སྐད་ཅིག་ཀྱང་མ་བཏང་བ་མཐར་བསྐྱལ་ནས་རྒྱལ་ས་ཟིན་པ། ༨༽ རྒྱལ་པོ་ཐོ་རྩེའི་བློན་རིག་པ་ཅན་གྱིས་ཤེས་རབ་ལ་བརྟེན་ནས་རྒྱ་གར་གླང་པོ་གཤོངས་ཀྱི་རྒྱལ་ས་ཟིན་པ། ༩༽ བུ་མོ་སླ་ང་སླང་ཆུང་དྲང་སྲོང་གིས་བསྐྱབས་ཏེ་སྲིན་པོའི་ཁ་ནས་ཐར་བ་དང་། བུ་བྱ་ཕོ་ཚ་ལུ་བཙན་གྱི་ཡུལ་ནས་བསུས་ཏེ་ལྷན་དུ་རྒྱལ་སྲིད་བཟུང་བ། ༡༠༽ བུ་མོ་སོ་ཁ་འདི་ལི་སྨན་ཅང་ཤེས་རྟས་སྲིན་པོའི་ལག་ནས་ཁ་འཕྲལ་ཏེ་རྒྱལ་སྲིད་དང་འཕྲད་པ། ༡༡༽ སྲིན་མོས་བུ་མོ་བསླུས་ནས་རང་གི་ཨ་མ་བསད། ཨ་མས་རང་གི་བུ་མོ་བློས་མ་ཐོང་བར་སྲིན་མོ་མ་སྨད་ལ་ངན་ལན་འཇལ་ཏེ་བུ་མོ་དེ་རྒྱལ་པོའི་ཇོ་མོར་གྱུར་པ། ༡༢༽ ཚོང་པ་ལམ་ནོར་གྱིས་རྒྱལ་ས་ཟིན་པ། ༡༣༽ ཀླུ་བདུད་ཀྱི་ཁ་ནས་ཐར་ཏེ་རྒྱལ་ས་ཐོབ་པ། ༡༤༽ ཇོ་ཇོ་བཟང་པོ་གཤིས་རྒྱུད་ངན་པའི་སྲིན་མོའི་ལག་ནས་ཐར་ཏེ་ཅང་ཤེས་རྟའི་བཀའ་དྲིན་གྱིས་མཁར་གཞིས་ནོར་ཕྱུགས་མངའ་ཐང་རྒྱས་པ་བྱུང་བ། ༡༥༽ ཐགས་མཁན་ཕོ་ཧྲེང་ལམ་འགྲོ་རྒྱུགས་པའི་སྟབས་ཀྱིས་སྟག་མི་ཟན་གྱི་ཁ་ནས་ཐར་ཏེ་དུག་སྦྲུལ་དང་ཝ་མི་ཟན་བཏུལ་ནས་རྒྱལ་ས་ཟིན་པ། ༡༦༽ བུ་ཤིང་འཐུ་བས་མཐར་རྒྱལ་ས་ཟིན་པ། ༡༧༽ མོ་སྟོན་པ་དབུ་གཙུག་གི་ཕག་མགོ་ཅན་གྱིས་རྒྱལ་བརྒྱུད་ཆད་ལ་ཁད་པའི་སྲོག་བསླུས་ནས་སྲིན་པོ་བཟའ་མི་བཏུལ་བ། ༡༨༽ བུ་མོ་བསོད་ནམས་ཅན་སྐྱེས་པ། ༡༩༽ རྨི་ལམ་ཟས་སུ་བཟའ་བ་དེའི་རྨི་ལམ་ཐིག་ནས་རྒྱལ་ས་ཟིན་པ། ༢༠༽ རྒྱལ་པོ་ཆོས་བཟང་བསམ་གཏན་པ་དང་། མེ་ཏོག་ས་ལེ་སྒྲོལ་མ་གཉིས་ཀྱིས་ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ་ནས་འཛམ་གླིང་བདེ་བར་བཀོད་པ། ༢༡༽ རྒྱལ་བུ་དོན་གྲུབ་འཕྲལ་དུ་སྡུག་ཁུར་བྱས་པ་ལས་ནམ་ཕུག་རྒྱལ་ཁྲིམས་ཆོས་བཞིན་བསྐྱངས་པ་བཅས་ལེའུ་ཉེར་གཅིག་གོ།
ཀ༽ དེ་ལྟར་རོ་སྒྲུང་ལེའུ་ ༢༡ གི་ཁྲོད་ནས་ལེའུ་ ༢། ༣། ༥། ༦། ༨། ༩། ༡༠། ༡༢། ༡༤། ༡༥ བཅས་རོ་སྒྲུང་ ༡༠ པོ་རྣམས་ལེའུ་ ༣༧ ཅན་ངོ་མཚར་རྨད་དུ་བྱུང་བའི་མི་རོ་གསེར་སྒྲུང་ནང་གཅིག་མཚུངས་སུ་གསལ་ཞིང་། དེ་འཕྲོས་ཀྱི་རོ་སྒྲུང་ ༡༡ རྣམས་ཐ་དད་ཡིན། ཁ༽ ཡང་གོང་གསལ་རོ་སྒྲུང་ལེའུ་ ༢༡ ཡོད་པའི་ཁྲོད་ནས་ལེའུ་ ༢། ༤། ༥། ༦། ༧། ༨། ༡༠། ༡༡། ༡༤། ༡༧། ༡༨ བཅས་ལེའུ་ ༡༡ རྣམས་རོ་སྒྲུང་ལེའུ་ ༢༤ ཅན་རྣ་བའི་བཅུད་ལེན་ཕུན་ཚོགས་བདེ་སྟེར་གྱི་རོ་སྒྲུང་དང་གཅིག་མཚུངས་གསལ་བ་ལས་དེ་འཕྲོས་རྣམས་སྒྲུང་རྣམས་ཐ་དད་པ་ཡིན། ག༽ གོང་གསལ་རོ་སྒྲུང་ལེའུ་ ༢༡ ཡོད་པ་རྣམས་དང་རོ་སྒྲུང་ལེའུ་ ༢༤ ཅན་གཉིས་ནང་གསལ་བའི་མོ་སྟོན་ཕག་མགོ་དང་མི་རོ་རྩེ་སྒྲུང་གཉིས་ནང་གསལ་བའི་རོ་སྒྲུང་མོ་སྟོན་ཕག་མགོ་ནི་མིང་རྒྱས་བསྡུས་ཙམ་ལས་གཅིག་མཚུངས་ལྟ་བུར་གསལ་བ་ལས། དེ་མིན་རོ་སྒྲུང་ཆ་ཚང་ཐ་དད་ཤ་སྟག་ཡིན།
འདི་ལ་བོད་ནས་པར་སྐྲུན་བྱས་པའི་མ་དཔེ་ལྟར་ཤེས་རིག་པར་ཁང་ནས་ ༢༠༡༡ ལོར་དཔར་འགྲེམས་གནང་བ་གཅིག་དང་། དེ་བཞིན་རོ་སྒྲུང་འདི་ཉིད་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ ༡༩༨༠ ལོར་པར་སྐྲུན་གནང་བའི་དེབ་གཟུགས་ཤོག་གྲངས་ ༢༧༤ ཅན་གཉིས་གཅིག་མཚུངས་ཡིན་པ་ལས། སྔ་མར་དཔར་སྐྲུན་གསལ་བཤད་དང་མཇུག་བྱང་གང་ཡང་མི་གསལ་ནའང་། ཕྱི་མའི་མཇུག་བྱང་དུ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་བརྩམས་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་པ་འདི་བོད་རང་སྐྱོང་ལྗོངས་ཡིག་ཚགས་ལས་ཁུངས་སུ་ཡོད་པའི་ལག་བྲིས་མ་གཞིར་བཟུང་སྟེ་བསྒྲིགས་ཡོད། འོན་ཀྱང་དེའི་ནང་བརྗོད་བྱ་མི་བདེ་བ་དང་། བརྗོད་དོན་སྔ་ཕྱི་མི་མཐུན་པ། གོ་བ་ལོན་མི་བདེ་བ། ཡི་གེ་མ་དག་པ་སོགས་སྒྲིག་པ་པོས་སྒྲུང་གི་ནང་དོན་མ་འཁྲུགས་པའི་ཐོག་ནས་བཟོ་བཅོས་ཕྲན་བུ་བྱས་ཡོད། སྒྲུང་དེབ་འདི་སྤྱིར་ན་ནང་དོན་ཕུན་སུམ་ཚོགས་རུང་། ཆོས་ཀྱི་གནས་ལུགས་མི་ཉུང་བ་ཞིག་བཤད་འདུག་པས། ཀློག་པ་པོ་རྣམས་ནས་ཞན་ཆར་མཐའ་དཔྱོད་གནང་རྒྱུའི་རེ་འདུན་ཡོད། ཅེས་གསལ་ལོ།།
རོ་སྒྲུང་ལེའུ་ ༢༡ ཅན་ལ་གླེང་གཞི་ལེའུ་དང་པོར་བརྩིས་ཡོད་ཀྱང་། རོ་སྒྲུང་གཞན་རྣམས་ལ་གླེང་གཞི་ལེའུའི་ཁོངས་སུ་བརྩིས་མེད། རོ་སྒྲུང་ལེའུ་ ༢༡ ཅན་འདིའི་རོ་སྒྲུང་རྣམས་ནི། རོ་སྒྲུང་གཞན་རྣམས་ལས་རྒྱས་ལ་ཞིབ་ཚགས་ཤིང་། རོ་སྒྲུང་ལེའུ་ ༢༡ ཅན་ལ་སྡེ་ཚན་གསུམ་དུ་ཕྱེ་སྟེ་བདུན་ཚན་དང་པོ་ནི་རྒྱལ་ས་ཟིན་པའི་ལེའུ་ཡིན་པར་གསལ་ལ། བདུན་ཚན་གཉིས་པའི་མཇུག་ཏུ་རོ་སྒྲུང་དེ་ཉིད་ལས[26]། དེར་རྒྱལ་བུ་ཐང་ཆད་གྲོད་པ་ཡང་ལྟོགས། ད་གང་བྱས་ཀྱང་རོ་མི་ལོན་པ་འདྲ་བསམས་དགོན་པ་ལ་ལོག་ཕྱིན། མཚམས་རྡོ་བརྒལ་མ་ནུས། སྐོར་བ་ཞིག་བསྐོར་ཤར་ནས་ལྷོ་ལ་ཕྱིན་པས། ལྷོའི་མཚམས་རྡོ་ལ་ཡི་གེ་ཞིག་སྦྱར་འདུག་པ་དེ་བཀླགས་པས། བུ་ཁྱོད་ལ་ཇི་ཙམ་སྨྲས་ཀྱང་གོ་རྒྱུ་ནི་མི་འདུག །སྔ་མ་ནས་ཞེ་རུས་བསྐྱེད་ན་སེམས་ཅན་ལ་ཕན་ཐོགས་པའི་གསེར་ཁ་ཞིག་ཡོད་དེ་དེ་ནི་མ་བྱུང་། དེ་རྗེས་ཀྱང་ཞེ་རུས་བསྐྱེད་ན་པུས་མོ་ཡན་གསེར་དུ་འགྲོ་བ་ཡོད་དེ་དེ་ཡང་མ་བྱུང་། ད་བུ་ཁྱོད་སྙིང་རུས་བསྐྱེད་ན་ལྟེ་བ་ཡན་གསེར་དུ་འགྲོ་བ་ཡོད་པས་སྙིང་རུས་སྐྱེད་ཅིག་གསུངས། མར་ཟན་གའུ་ཁ་སང་གི་དེ་ལས་ཆེ་བ་ཞིག་བཞག་འདུག་གོ །དེར་མར་ཟན་དེ་ནས་རྒྱགས་ཚད་ཅིག་ཟོས། ལྷག་མ་རྣམས་ཁྱེར་ནས་ཡང་དུར་ཁྲོད་དེར་ཕྱིན་ཏོ། །ཞེས་གསལ་བ་ལྟར་སླར་ཡང་ལན་བདུན་ལེན་པར་ཕྱིན་པ་དང་། བདུན་ཚན་གསུམ་པའི་མཇུག་མཐར། དེར་རྒྱལ་བུ་བདེ་སྤྱོད་བཟང་པོའི་བསམ་པ་ལ། ངས་སྔར་ཤིང་སྡོང་གི་རྩར་འགྲོ་དུས་རོ་འདིས་ང་མ་ལེན་ཟེར། རྒྱབ་ཏུ་ཁུར་ནས་ཆོས་ཀྱི་སྒྲུང་རིང་ཐུང་མང་དུ་ང་ལ་ལབ་ཀྱང་ངས་གོ་རྟོགས་མ་རྙེད། རྒྱབ་ཏུ་རོ་ཁུར་ཡང་ལྐུག་བསུན་ནི་ང་ལ་མ་བྱུང་། དེ་རིང་བཏང་བའི་སྒྲུང་དེ་ཕན་ལ་ཉི་ཤུ་རྩ་གཅིག་སོང་བ་ལ། རྒྱལ་བུ་དོན་གྲུབ་ཀྱིས་འཕྲལ་སྡུག་ཁུར་བྱས་པ་ལས་ནམ་ཕུགས་རྒྱལ་ཁྲིམས་ཆོས་བཞིན་སྐྱོང་བ་ཞིག་འདུག །ཀུན་གྱིས་རྒྱལ་བུ་དོན་གྲུབ་ནི་འགྲོ་འོང་བསྟོད་པ་སོགས་གང་བྱེད་ནའང་བླ་མ་མིན་པ་དྲན་རྒྱུ་མེད། འཆི་བ་སྲོག་ལ་བབས་ཀྱང་རྒྱ་མཚོའི་གཏིང་ནས་བླ་མ་དྲན་པ་ཞིག་བྱུང་འདུག །བླ་མ་དྲན་ནས་བཞུགས་པས་བླ་མ་དང་མཇལ། དེར་རྒྱལ་བུ་དོན་ཡོད་ས་མཐར་འཁྱམས་ཀྱང་མཐའི་རྒྱལ་སྲིད་ཐོབ་ནས་རྒྱལ་པོ་ཡབ་ཡུམ་དང་མཇལ། འཛམ་བུ་གླིང་མངའ་འོག་ཏུ་ཚུད་པའི་ཆོས་རྒྱལ་དེ་འདྲ་བྱུང་འདུག །ཁོང་རང་ལ་སྡུག་མྱོང་དེ་འདྲ་བཏང་འདུག །ང་ལ་རོ་ཁོས་རྒྱལ་པོ་ལས་ཟད་པོ་ཟེར་ཡང་ལས་མ་ཟད་པ་འདུག་བསམས། ཁྱེད་འདྲའི་སྤྲང་ཆུང་ཟླ་བ་གྲགས་པ་ཞིག་ཡོང་བ་བསམས་ནས་མཆི་མ་སྣ་གོང་དུ་ལྷགས། བླ་མ་དྲན་མོས་གུས་ཆེན་པོ་ཞིག་སྐྱེས་པའི་སྟོབས་ཀྱིས་བླ་མའི་གཟིམ་ཆུང་ན་སླེབས་འདུག་གོ །དེར་བླ་མ་ཐུགས་དམ་ལ་བཞུགས་ཀྱང་ཕྱག་འཚལ་བསྐོར་བ་བྱས་བྱིན་རླབས་ཞུས་ཏེ་ཟླ་བ་གྲགས་སླེབས་ཡོད། འདི་ནས་ཕྱིན་འཕྲལ་དད་པའི་ཤུགས་བསྐྱེད་པའི་མཐུས་བླ་མའི་བཀའ་གནང་བ་འགྲུབ་ཡོད་ཞུས་པ་དང་། བླ་མའི་ཞལ་ནས་ང་ལ་སློབ་མ་མདོ་རྒྱུད་བསྟན་བཅོས་ལ་མཁས་པ་མང་རབ་བྱུང་ཡང་། ཞེ་རུས་བྱས་ནས་ལྷོ་ཕྱོགས་དཔལ་གྱི་རི་ལ་གསེར་ཁ་འགྲུབ་པ་ཁྱོད་ལས་མ་བྱུང་། སྡུག་རུས་དང་སྙིང་རུས་ཐོན་པ་ཁྱོད་ནི་ཕྱི་མ་འགྲོ་དོན་ལ་ཕན་ཐོགས་པ་ཞིག་ཡོང་རྒྱུ་ཡིན་གསུངས། རྒྱལ་བུ་བདེ་སྤྱོད་བཟང་པོས་དཀའ་བ་མཐར་ཕྱིན་པ་སྤྱད་པའི་མི་རོ་གསེར་འགྱུར་གྱི་རོ་སྒྲུང་། ལེའུ་ཉི་ཤུ་རྩ་གཅིག་པ་རྫོགས་སོ། །ལེའུ་ཉེར་གཅིག་པ་འདི་ཉིད་རོ་སྒྲུང་གི་མཐའ་མ་ཡིན་པར་གསལ་ཡོད་ལ། ལེའུ་ཉེར་གཅིག་པ་རྒྱལ་བུ་དོན་གྲུབ་འཕྲལ་དུ་སྡུག་ཁུར་བྱས་པ་ལས་ནམ་ཕུག་རྒྱལ་ཁྲིམས་ཆོས་བཞིན་བསྐྱངས་པ། ཞེས་པ་ནི་རྒྱས་བསྡུས་ཙམ་ལས། ཡོངས་གྲགས་ལྷ་གཞུང་བརྒྱད་ཀྱི་ནང་ཚན་གཅུང་དོན་ཡོད་དོན་གྲུབ་ཀྱི་བརྗོད་བྱ་དང་མཚུངས་པས། རོ་སྒྲུང་དེ་ཉིད་འཁྲབ་གཞུང་དུ་བསྒྲིགས་པའམ། ལྷ་གཞུང་དེ་ཉིད་རོ་སྒྲུང་གི་ཁོངས་སུ་དྲངས་པ་གང་ཡིན་ཁ་ཚོན་གཅོད་དཀའ་བས་དཔྱད་དགོས་སོ།།
ད། རོ་སྒྲུང་བསྡུས་པ་ལེའུ་བཅུ་གསུམ་ཅན།
སློབ་དཔོན་ཀླུ་སྒྲུབ་དང་རྒྱལ་བུ་བདེ་བྱེད་བཟང་པོས་མཛད་པའི་རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་བྱུང་ཞེས་པ་འདི་ཉིད་ཕྱི་ལོ་ ༡༩༦༤ ལོར་ཀ་སྦུག་ནས་དཔར་སྐྲུན་གནང་བའི་ལག་བྲིས་དབུ་ཅན་དེབ་གཟུགས་ཤོག་གྲངས་ ༡༠༨ ཅན་དེ་ཉིད་ཡིན་ལ། ཐོག་མའི་མཆོད་བརྗོད་ལས[27]།
རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་སྙིང་པོ་ཞེས། ། ཕྱི་ནང་དག་པའི་སྣོད་བཅུད་གསལ་བ་དང་། །
ངེས་དོན་དབུ་མའི་ལྟ་བ་སྟོན་མཛད་པ། ། སྟོན་པ་གཉིས་པ་དེ་ལ་ཕྱག་འཚལ་ལོ། །
དེ་ཡང་སློབ་དཔོན་ཀླུ་སྒྲུབ་དང་། རྒྱལ་པོ་བདེ་སྤྱོད་བཟང་པོ་གཉིས་ཀྱིས་མཛད་པ་ངོ་མཚར་རྨད་དུ་བྱུང་བ། མཁས་པ་དང་སྐྱེ་བོ་རྣམས་ཀྱིས་རྣ་བའི་བཅུད་ལེན་གང་དགོས་བློར་བཞུགས་ནས་འཆད་པ་དང་། གསན་པ་ཙམ་གྱིས་དངོས་གྲུབ་འབྱུང་ངོ་ཞེས་པའི་གཏམ་རྒྱུད་ལེའུ་བཅུ་གསུམ་གྱིས་སྟོན་ཏོ།།
དེའི་གླེང་གཞི་ནི། ཞེས་གསལ་བ་ལྟར་གླེང་གཞི་དང་། ལེའུ། ༡༽ ཕྱུག་པོའི་བུའི་ལེའུ། ༢༽ རྒྱལ་པོའི་བུ་དང་མི་ལྟོགས་བུའི་ལེའུ། ༣༽ མ་གསང་ཡ་རུ་ཁ་ཁྲའི་ལེའུ། ༤༽ མོ་སྟོན་ཕག་མགོའི་ལེའུ། ༥༽ ཉི་མའི་འོད་ཟེར་དང་ཟླ་བའི་འོད་ཟེར་གཉིས་ཀྱི་ལེའུ། ༦༽ མི་འཕྲུལ་ཅན་གྱིས་རྒྱལ་པོ་བཏུལ་བའི་ལེའུ། ༧༽ བྱ་ཤུབས་རྒྱལ་པོའི་ལེའུ། ༨༽ རི་མོ་མཁན་དང་ཤིང་བཟོ་བ་གཉིས་ཀྱི་ལེའུ། ༩༽ བུ་མོ་སྙིང་སྟོབས་ཅན་གྱི་ལེའུ། ༡༠༽ བཟའ་མི་གཉིས་ཀྱི་ལེའུ། ༡༡༽ དགོས་བསིར་སྒྲོལ་མའི་ལེའུ། ༡༢༽ རྒྱལ་པོ་བྱིས་པའི་བློ་ཅན་གྱི་ལེའུ། ༡༣༽ བྲམ་ཟེའི་ཁྱེའུ་རྒྱལ་པོར་གྱུར་པའི་ལེའུ་བཅས་ ༡༣ དང་། གླེང་གཞི་བརྩིས་ན་ལེའུ་ ༡༤ ཅན་དུ་འགྱུར་རོ།།
གོང་གསལ་ལེའུ་ ༡༣ གྱི་ནང་ནས། ༡༽ རྒྱལ་པོའི་བུ་དང་། ༢༽ ཉི་མའི་འོད་ཟེར་དང་ཟླ་བའི་འོད་ཟེར་གཉིས། ༣༽ དགོས་བསིར་སྒྲོལ་མ། ༤༽ རྒྱལ་པོ་བྱིས་པའི་བློ་ཅན་བཞི་པོ་རྣམས་ལེའུ་ ༣༧ ཅན་ནང་མི་གསལ་བ་ལས་དེ་འཕྲོས་ཀྱི་ལེའུ་ ༩ པོ་རྣམས་ལེའུ་ ༣༧ ཅན་ནང་གཅིག་མཚུངས་སུ་འཁོད་པའི་རོ་སྒྲུང་རྣམས་ཡིན། དེས་ན་ལེའུ་ ༡༣ ཅན་གྱི་རོ་སྒྲུང་ཕལ་མོ་ལེའུ་ ༣༧ ནང་གསལ་ཡོད། དེ་བཞིན་གོང་གསལ་རོ་སྒྲུང་ལེའུ་ ༡༣ རྣམས་རོ་སྒྲུང་ལེའུ་ ༢༤ ཅན་རྣ་བའི་བཅུད་ལེན་ཕུན་ཚོགས་བདེ་སྟེར་ནང་གསལ་བས་ལེའུ་ ༡༣ ཅན་འདི་ཉིད་རྣ་བའི་བཅུད་ལེན་ཕུན་ཚོགས་བདེ་སྟེར་ནས་ཟུར་འདོན་བྱས་པ་ལྟ་བུར་སྣང་ལ། གཞན་ཡང་རོ་སྒྲུང་ལེའུ་ ༡༣ རྣམས་ཀྱི་ཁྲོད་ནས་རོ་སྒྲུང་ ༥ ཙམ་མི་རོ་རྩེ་སྒྲུང་དུའང་གསལ་ཞིང་། དེ་འཕྲོས་རོ་སྒྲུང་རྣམས་ཐ་དད་དུ་བྱུང་བ་དང་། དེ་ཡང་ལེའུ་བཅུ་ ༡༣ ཅན་དང་། ལེའུ་ ༢༤ ཅན་བོད་རིགས་དམངས་ཁྲོད་ཀྱི་སྒྲུང་གཏམ་མོ་རོ་རྩེ་སྒྲུང་གཉིས་ནང་གཅིག་མཚུངས་སུ་གསལ་བའི་སྒྲུང་ནི། ༡༽ ཕྱུག་པོའི་བུའམ་ཕྱུག་པོའི་བུས་རྐུ་བྱས་པ། ༢༽ བྱ་ཤུབས་རྒྱལ་བུ། ༣༽ མོ་སྟོན་ཕག་མགོ ། ༤༽ མ་སང་ཡ་རུ་ཁ་ཁྲ་བཅས་གསལ་བ་ལས། དེ་འཕྲོས་ཀྱི་སྒྲུང་གཏམ་རྣམས་ཐ་དད་ཡིན་པ་བཅས་སོ།།
ཡང་གོང་གསལ་རོ་སྒྲུང་ལེའུ་ ༡༣ ཆ་ཚང་རོ་སྒྲུང་རྒྱས་པ་ལེའུ་ ༢༧ ཅན་གྱི་དང་པོ་ནས་བཅུ་གསུམ་བར་ཡོངས་སུ་མཚུངས་པས་འདིས་འཐུས་པར་བྱས་ཤིང་། རོ་སྒྲུང་ཕྱོགས་བསྒྲིགས་འདིར་གླེང་གཞི་བརྩིས་ནས་ཁྱོན་བསྡོམས་རོ་སྒྲུང་རྣམ་གྲངས་ ༡༡༡ ཙམ་ཕྱོགས་བསྒྲིགས་ཞུས་ཡོད་ལ། མོ་སྟོན་ཕག་མགོ་ལྟ་བུ་ནི་རོ་སྒྲུང་རྒྱས་འབྲིང་བསྡུས་གསུམ་ལྟ་བུར་ཚང་མར་གསལ་ཡང་། སྒྲུང་དེ་ཉིད་ཚིག་སྦྱོར་དང་རྒྱས་བསྡུས་མི་འདྲ་བ་སྣ་ཚོགས་ཤིག་འབྱུང་ལ། ལྷག་པར་ལེའུ་ ༡༣ ནང་གསལ་བའི་རོ་སྒྲུང་རྣམས་སྙིང་བསྡུས་ཕྱོགས་བཏུས་བྱས་པ་ལྟ་བུ་ཞིག་ཏུ་སྣང་བ་དང་། རོ་སྒྲུང་རྣམས་ཀྱི་རྩ་བའི་རོ་སྒྲུང་ནི་ལེའུ་ ༡༣ ཅན་དེ་ཉིད་ཡིན་པ་ལ། རྗེས་སུ་རོ་སྒྲུང་ཁ་སྣོན་རིམ་ཞུས་ཀྱིས་ལེའུ་ཉེར་གཅིག་ཅན་དང་། ཉེར་བཞི་ཅན། ཉེར་བདུན་ཅན། སོ་བདུན་ཅན་རྣམས་རིམ་པར་བྱུང་བའམ། ཡང་ན་ལེའུ་ ༡༣ ཅན་དེ་དག་རོ་སྒྲུང་རྒྱས་པ་རྣམས་ལས་ལེགས་བཏུས་བྱས་པ་ལས་རོ་སྒྲུང་རྒྱས་པའི་ལེའུ་མཐའ་མ་དེ་ཉིད་ལེའུ་བཅུ་གསུམ་པར་བཀོད་པ་ལས་དེ་ཉིད་རོ་སྒྲུང་མཐའ་མ་ལྟ་བུར་གྱུར་པ་གང་ཡིན་སོགས་ལ་དཔྱད་དགོས་པར་མ་ཟད། རོ་སྒྲུང་ལེའུ་ཉེར་བདུན་ཅན་ནང་གེ་སར་དམག་གི་རྒྱལ་པོ་དང་། སྟག་གཟིག་ནོར་གྱི་རྒྱལ་པོ། ལེའུ་སོ་བདུན་ཅན་ནང་གུ་རུ་པདྨ་འབྱུང་གནས་དང་། རྒྱ་དམག་བཏུལ་བ། བོད་དང་བོན་གྱི་ཐ་སྙད་ལྟ་བུ་བྱུང་བས་ཞིབ་ཏུ་དཔྱད་དགོས་སོ།།
དེ་ལྟར་རོ་སྒྲུང་ནང་རྒྱལ་བུ་དང་རྒྱལ་པོ་ཞེས་དང་། རྒྱལ་པོ་བདེ་བྱེད་བཟང་པོ་དང་། བདེ་སྤྱོད་བཟང་པོ་ཞེས་མཚན་གྱི་དག་སྡེབ་རིགས་གཉིས་བྱུང་བ་འདིས་ཀྱང་མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་གྱི་དཔྱད་གཞི་ཆེན་པོ་ཞིག་ཡིན་ལ། རོ་སྒྲུང་ཕལ་མོ་ཆེའི་མ་ཡིག་ཡིག་རྙིང་བྲིས་མར་སོང་གཤིས་མ་དག་པ་ཤིན་ཏུ་མང་བས་རང་སོར་བཞག་ན་མ་དག་རྒྱུན་འབྱམས་འགྲོ་ཉེན་དང་། ཤད་གུག་ནང་དག་བཅོས་བྱས་ན་མིག་ལམ་དུ་མི་མཛེས་ཤིང་། ཀློག་མི་བདེ་བ། ཡིག་ཚོགས་ཆེ་བ་སོགས་ཀྱི་སྐྱོན་འཇུག་པས་དག་ནོར་ངོས་འཛིན་ཐུབ་རིགས་རྣམས་ཐད་ཀར་དག་བཅོས་ཞུས་ཡོད། འོན་ཀྱང་མ་དཔེ་བྲིས་མ་དག་དང་དཔེ་བསྡུར་གནང་བདེ་ཡོང་སླད་བྲིས་མ་དཔེ་གཟུགས་ཕྱག་དཔེའི་ཤོག་གྲངས་ཤད་གུག་ནད་བཀོད་ཡོད།
རོ་སྒྲུང་ལེའུ་ ༣༧ ཅན་ནང་ཁམས་སྐད་དང་། རོ་སྒྲུང་ལེའུ་ ༢༤ དང་ ༢༡ ཅན་ནང་གཙང་སྐད་བཅས་ཀྱི་ཡུལ་སྐད་འདྲེས་ཤུགས་ཆེ་ལ། རོ་སྒྲུང་ཕལ་མོ་ཆེ་ངག་རྒྱུན་དུ་ཤོད་སྲོལ་ཡོད་པ་ལས། རོ་སྒྲུང་དེ་དག་ཐོག་མ་ནས་ཡིག་ཐོག་ཏུ་བརྩམས་པ་ཞིག་མིན་པར་ཕྱིས་སུ་དབུས་གཙང་ཁམས་གསུམ་གྱི་མི་སྣས་ངག་སྒྲུང་བཤད་ནས་ཡིག་ཐོག་ཏུ་བཀོད་པའི་རྣམ་པ་ཤུགས་ཆེར་མངོན་ཡང་། རོ་སྒྲུང་ལེའུ་ ༢༧ ཅན་ནི་ཡིག་ཐོག་ནས་བརྩམས་པ་ལྟ་བུ་ལས་ངག་སྒྲུང་ཡིག་ཐོག་ཏུ་ཕབ་པ་ལྟ་བུའི་རྣམ་པ་མི་མངོན་པའི་ཁྱད་པར་མཆིས་ལ། སྐབས་འགར་རོ་སྒྲུང་གི་འགོ་བརྗོད་དང་གཞུང་དངོས་གཉིས་མི་མཐུན་པ་དང་། ཡང་འགོ་བརྗོད་དམ་ལེའུ་མིང་མི་འདྲ་ཡང་ནང་དོན་རོ་སྒྲུང་གཅིག་མཚུངས་ཡིན་པ། ཡང་རོ་སྒྲུང་ནང་དོན་གཅིག་ཡིན་ནའང་ཚིག་སྦྱོར་སོགས་རྒྱས་བསྡུས་ཀྱི་ཁྱད་པར་ཡོད་པ་སྣ་ཚོགས་ཤིག་ཀྱང་མཆིས་སོ།།
རོ་སྒྲུང་བསྡུས་པ་འདི་ཉིད་ཀྱི་བཀའ་སྦུག་པར་མའི་དཔར་སྐྲུན་གསལ་བཤད་ལས[28]། རོ་དངོས་གྲུབ་ཅན་གྱི་སྒྲུང་དཔེ་བྲིས་མ་ལེའུ་ ༡༦ ཡོད་པ་ཞིག་ལོ་མང་གོང་ནས་ཐབས་འཚོལ་གྱིས་ཐོབ་པ་པར་འདེབས་ཞུ་འདུན་ཡོད་མུར་སྐབས་དེར་སུ་ཞིག་གིས་ཉིན་ཤས་རིང་གཡར་པོ་དགོས་ནན་ལ་བརྟེན་པས་ཕྲན་ནས་སྔ་གཡར་བཏང་རུང་། རྗེས་སུ་ཕྱིར་ལོག་སྤྲོད་དགོས་ལབ་མཚམས་སྤྲད་ཟིན་ཚུལ་སོགས་ཀྱིས་གང་ལྟར་ལག་སོན་མ་བྱུང་ཡང་། ཁ་སྔོན་མི་རྗེ་གྲོ་རྒྱལ་ཚོང་སྤྱི་ཟུར་པ་དཔལ་ལྡན་མེག་སྒྲོལ་ནེལ་ས་ཧེབ་མཆོག་ལ་རོ་སྒྲུང་ལེའུ་ ༡༣ ཡོད་པ་ཞིག་འདུག་པ་དེ་བཞིན་པར་འདེབས་ཆོག་པའི་བཀའ་བཟང་ཐོབ་པ་ཐུགས་རྗེ་ཆེ་བས། ཕྲན་ཁུ་ནུ་མཐར་ཕྱིན་པས་ད་ལམ་པར་འདེབས་ཞུས་པ་འདིས་ཀྱང་ཀུན་ཕན་རྣ་བའི་བཅུད་དུ་བསིམ་གྱུར་ཅིག །ཅེས་བཀོད་པ་ལྟར་ལེའུ་ ༡༦ ཅན་ཞིག་ཡོད་འདུག་ཀྱང་དེ་ཉིད་ལག་སོན་མ་བྱུང་ལ། དེ་བཞིན། ༡༽ དངོས་གྲུབ་ཅན་གྱི་སྒྲུང་དགོས་འདོད་ཆར་འབེབས་དང་། ༢༽ རོ་སྒྲུང་ལེའུ་བཅུ་གསུམ་པ་ངོ་མཚར་ཡིད་ཀྱི་དགའ་སྟོན། ༣༽ མི་རོ་གསེར་གྲུབ་བྲ་བའི་མིག་དགུ་མ། བཅས་ཀྱི་མ་ཡིག་ལག་སོན་མ་བྱུང་རྣམས་ཀྱང་ཐབས་འཚོལ་གྱིས་མ་འོངས་པར་ཁ་སྐོང་ཕྱོགས་བསྒྲིགས་ཞུ་དགོས་སོ།།
དེ་ལྟར་ལེའུ་བཅུ་གསུམ་ཅན་གྱི་རོ་སྒྲུང་། སློབ་དཔོན་ཀླུ་སྒྲུབ་དང་རྒྱལ་བུ་བདེ་བྱེད་བཟང་པོས་མཛད་པའི་རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་བྱུང་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་ཅན་གྱི་སྒྲུང་མཁས་པ་དང་སྐྱེ་བོ་རྣམས་ཀྱི་རྣ་བའི་བཅུད་ལེན་ཞེས་བྱ་བ་ཕུན་ཚོགས་བདེ་སྟེར་ཞེས་པ། ལེའུ་སོ་བདུན་ཅན་གྱི་རོ་སྒྲུང་། རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་སྙིང་པོ་དང་རྒྱལ་པོ་བདེ་སྤྱོད་བཟང་པོ་གཉིས་ཀྱིས་མཛད་པའི་ངོ་མཚར་རྨད་དུ་བྱུང་བའི་མི་རོ་གསེར་སྒྲུང་བཅས་ཀྱི་མཆོད་བརྗོད་གཅིག་མཚུངས་ཡིན་ནའང་། ཚིག་རྒྱས་བསྡུས་དང་། དག་སྡེབ་མི་མཐུན་པ་ཅུང་ཟད་མཆིས་ལ། ལེའུ་ཉེར་བཞི་ཅན་གྱི་མི་རོ་རྩེ་སྒྲུང་དང་། ལེའུ་ཉེར་གཅིག་ཅན་གྱི་རོ་སྒྲུང་སྟེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རོ་ལངས་གསེར་འགྱུར་གྱི་ཆོས་སྒྲུང་ཉེར་གཅིག་པ་རྒྱས་པར་ཕྱེ་བ་གཉིས་ནི། ཐོག་མར་མཆོད་བརྗོད་སོགས་གང་ཡང་མེད་པར་ཐད་ཀར་སྤྲང་ཆུང་ཟླ་བ་གྲགས་པ་ལ་རྒྱལ་པོ་བདེ་སྤྱོད་ཅེས་མཚན་གསོལ་བ་ནས་དབུ་བཙུགས་ཡོད།
དེ་མིན་མ་སང་ཡ་རུ་ཁ་ཁྲ་དང་། མོ་སྟོན་ཕག་མགོ །བྱ་ཤུབས་རྒྱལ་བུ་ལྟ་བུའི་རོ་སྒྲུང་བཞི་ལྔ་ཙམ་ལེའུ་ ༡༣ དང་། ལེའུ་ ༢༤ ཅན་རིགས་གཉིས་ཀ །དེ་མིན་ལེའུ་ ༣༧ བཅས་སུ་གཅིག་མཚུངས་སུ་གསལ་ནའང་། ལེའུ་ ༢༡ ཅན་ནང་དེ་དག་གསལ་མེད། འོན་ཀྱང་ལེའུ་ ༢༡ ཅན་ནང་གསལ་བའི་རོ་སྒྲུང་རྣམས་ལེའུ་ ༢༤ ཅན་དང་། ལེའུ་ ༣༧ ཅན་གསུམ་གར་མི་གསལ་བ་གཙོ་ཆེ་མོད། རྒྱུ་མཚན་དེ་ལ་བརྟེན་ནས་ཆོས་སྒྲུང་ཉེར་གཅིག་རྒྱས་པར་ཕྱེ་བ་ཀླུ་སྒྲུབ་ཀྱི་གསུང་དང་། གཞན་རྣམས་ཀླུ་སྒྲུབ་ཀྱི་གསུང་མིན་པར་ཐག་གཅོད་ཀྱང་བྱེད་དཀའ་སྟེ། ལེའུ་ ༣༧ ཅན་དང་། ལེའུ་ ༢༧ ཅན། ལེའུ་ ༢༤ ཅན། ལེའུ་ ༡༣ ཅན་ཚང་མའི་མཛད་བྱང་ངམ་མཚན་བྱང་དུ་ཀླུ་སྒྲུབ་ཀྱིས་མཛད་པར་གསལ་ལ། རོ་སྒྲུང་རྒྱས་འབྲིང་བསྡུས་གསུམ་ཁག་ལྔ་ཡོད་པའི་ཁྲོད་ནས་རོ་སྒྲུང་གཅིག་མཚུངས་ཡིན་པ་རྣམས་ཉིས་ཟློས་བསལ་བའི་ལྷག་འཕྲོས་རྣམས་གཅིག་ཏུ་བསྡོམས་ན་སྒྲུང་སྣ་ཁག་བརྒྱ་ལྷག་ལོང་བས་རོ་སྒྲུང་ལ་ལེའུ་བརྒྱ་ལྷག་ཡོད་པར་གསུངས་པའང་འདི་ལ་དགོངས་པའམ། ཡང་ན་རོ་སྒྲུང་ལེའུ་བརྒྱ་ལྷག་ཅན་ཞིག་ཟུར་དུ་ཡོད་མིན་དཔྱད་དགོས་སོ།། །།
དཔྱད་ཡིག་དང་ཞབས་མཆན།
[1] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༩༢༦
[2] ཀུན་བཏུས་ཞལ་ཐང་ཆེན་མོའི་རྣམ་བཤད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༥༢༠
[3] བོད་རྒྱ་ཚིག་མཛོད་ཆེན་མོ། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༧༢༢
[4] ནམ་མཁའི་ནོར་བུའི་གསུང་རྩོམ། ༼༡༽ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༢༤༧
[5] ནམ་མཁའི་ནོར་བུའི་གསུང་རྩོམ། ༼༡༽ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༢༤༧
[6] ནམ་མཁའི་ནོར་བུའི་གསུང་རྩོམ། ༼༡༽ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༢༤༧
[7] བཤེས་སྤྲིངས་སྤྲིང་ཡུལ་གྱི་རྒྱལ་པོ་བདེ་སྤྱོད་དང་། གཏམ་རྒྱུད་འདི་ཉིད་དུ་གསལ་བའི་སྤྲང་ཆུང་ཟླ་བ་གྲགས་པ་ལ་རྒྱལ་པོ་བདེ་སྤྱོད་དུ་མཚན་གསོལ་བ་གཅིག་མིན་དཔྱད་དགོས།
[8] Norde Volume 10 No. 4 ཤོག་ངོས། ༥
[9] Norde Volume 14 No. 4 ཤོག་ངོས། ༥
[10] རོ་སྒྲུང་ངོ་མཚར་རྨད་དུ་བྱུང་བ། ཁམས་བྲིས། དཔེ་ཐུང་། ཤོག་གྲངས་ ༡
[11] རོ་སྒྲུང་རྣ་བའི་བཅུད་ལེན་ཕུན་ཚོགས་བདེ་གཏེར། ཁམས་བྲིས། དཔེ་རིང་། ཤོག་གྲངས་ ༡
[12] རོ་སྒྲུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༠ ལོ། དེབ་གཟུགས། ཁ་ཤོག་ནང་མ།
[13] རོ་སྒྲུང་ངོ་མཚར་རྨད་བྱུང་། བཀའ་སྦུག་ལག་བྲིས་དེབ་གཟུགས། ༡༩༦༤ ལོ། ཤོག་གྲངས་ ༢
[14] ནམ་མཁའི་ནོར་བུའི་གསུང་རྩོམ། ༼༡༽ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༢༤༧
[15] ངོ་མཚར་རྨད་དུ་བྱུང་བའི་མི་རོ་གསེར་སྒྲུང་། བྲིས་མ། ཤོག་གྲངས་ ༢༣༧ བཞུགས་པ་ལྟར་རོ།།
[16] རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་དུ་བྱུང་བའི་གཏམ་རྒྱུད། དཔེ་དཀོན། ཤིང་པར། ཤོག་ ༣༤༠ ཅན་ལྟར་རོ།།
[17] རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་དུ་བྱུང་བ། ཤིང་པར་དཔེ་དཀོན། དཔེ་ཐུང་ཤོག་གྲངས་ ༢ན༣
[18] རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་དུ་བྱུང་བ། ཤིང་པར་དཔེ་དཀོན། དཔེ་ཐུང་ཤོག་གྲངས་ ༡༣༤ན༣
[19] རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་དུ་བྱུང་བ། ཤིང་པར་དཔེ་དཀོན། དཔེ་ཐུང་ཤོག་གྲངས་ ༣༣༧བ༥
[20] རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་དུ་བྱུང་བ། ཤིང་དཔར་དཔེ་ཐུང་ཤོག་གྲངས་ ༣༣༨བ༥
[21] མཁས་པ་དང་སྐྱེ་བོ་རྣམས་ཀྱི་རྣ་བའི་བཅུད་ལེན་ཕུན་ཚོགས་བདེ་སྟེར། བྲིས་མ་དཔེ་རིང་། ཤོག་གྲངས་ ༤༠བ༦
[22] མཁས་པ་དང་སྐྱེ་བོ་རྣམས་ཀྱི་རྣ་བའི་བཅུད་ལེན་ཕུན་ཚོགས་བདེ་སྟེར། བྲིས་མ་དཔེ་རིང་། ཤོག་གྲངས་ ༧༣བ༤
[23] མི་རོ་རྩེ་སྒྲུང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༦༣ ལོ། ཤོག་གྲངས་ ༡༨༨
[24] མི་རོ་རྩེ་སྒྲུང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༦༣ ལོ། ཤོག་གྲངས་ ༡༩༧
[25] དུར་ཁྲོད་བསིལ་བ་ཚལ་ཞེས་གསལ་བ་ལྟར་གནས་ཡིག་སོགས་སུ་ཡོངས་གྲགས་བསིལ་བ་ཚལ་གྱི་དུར་ཁྲོད་ནི་རྒྱ་གར་གྱི་དབུས་འགྱུར་འཆང་གི་གནས་མཆོག་རྡོར་གདན་གྱི་ཉེ་འགྲམ་དུ་ཆགས་པའི་དཔལ་ཤཱ་བ་རིའི་བྲག་ཕུག་གི་འདབས་སུ་ཆགས་པ་དེར་ངོས་འཛིན་ཅིང་། རོ་སྒྲུང་ལ་ལར་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རིའི་ཉེ་འགྲམ་གྱི་བསིལ་བ་ཚལ་གྱི་དུར་ཁྲོད་ནས་རོ་ལེན་པ་བཅས་རིགས་གཉིས་གསལ་བས་གང་ཡིན་དཔྱད་དགོས་པར་སྣང་ངོ་།།
[26] རོ་སྒྲུང་། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༤༧
[27] རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་བྱུང་། བཀའ་སྦུག །༡༩༦༤ ལོ། ཤོག་གྲངས་ ༡
[28] རོ་དངོས་གྲུབ་ཅན་གྱི་སྒྲུང་ངོ་མཚར་རྨད་བྱུང་། བཀའ་སྦུག །༡༩༦༤ ལོ། ཤོག་གྲངས་ ༡༠༨
—–