རྩེ་གཅིག་འགྲོ་ལ་ཕན་བཞེད་ཐུགས་བསྐྱེད་ཀྱིས། །
ཚོགས་གཉིས་སྤྱོད་མཆོག་རྒྱ་མཚོའི་མཐར་སོན་ཏེ། །
སྐུ་གསུམ་ནོར་བུའི་གླིང་ལ་དབང་འབྱོར་བའི། །
བདུད་བཞི་ལས་རྒྱལ་ཐུབ་དབང་དེ་ལ་འདུད། །
བྱང་གྲོལ་བདུད་རྩིའི་འོད་ཀྱི་རླབས་གྲོལ་ཞིང༌། །
རྗེས་བརྩེའི་ཆ་ཤས་གང་བ་རྫོགས་པའི་གཟིས། །
མཐའ་དག་སྲིད་ཞིའི་ཚ་གདུང་ཀུན་འཕྲོག་པའི། །
སྔོན་མེད་ཟླ་བ་མིག་མི་འཛུམ་དེར་བསྔགས། །
གཏམ་བཟང་སྒྲོ་སྐུར་སྤངས་པ་བདེན་པའི་ཚིག །
རྒྱུད་མང་སྒྲ་ཡི་སྙན་པས་མི་བསྒྲུན་པའི། །
གསེར་བཞིན་དཔྱད་གསུམ་དག་པའི་རང་འོད་ཀྱིས། །
ཐང་མར་བརྡལ་ཏེ་སྐབས་འདིའི་གླེང་གཞི་ཡིན། །
དེ་ཡང་བདག་གི་མཁན་ཆེན་ཐམས་ཅད་མཁྱེན་པས། “མདོ་སྨད་པ་དགེ་འདུན་ཆོས་འཕེལ་ནི་དུས་རབས་ཉི་ཤུ་པ་འདིའི་ནང་བོད་མི་རིགས་ཀྱི་ཁྲོད་ནས་གཞན་དྲིང་མི་འཇོག་པའི་ཤེས་དཔྱོད་ཀྱི་བློའི་རང་རྩལ་དང༌། སྤྱི་བྱེའི་གནས་ཚུལ་ཐོག་ཕུགས་རྒྱང་རིང་པོར་མནོ་བསམ་ཐོངས་པའི་ནུས་པ་བཅས་ཀྱི་ཆ་ནས་ཡར་ཐོན་པར་བགྲང་འོས་པའི་སྐྱེས་བུ་ཞིག་ཡིན།”[1]ཞེས་གསུངས་པ་ལྟར། ཕྱི་ནང་གི་གཞུང་ལུགས་མང་པོར་རྣམ་དཔྱོད་ཀྱི་འཇུག་པ་མཆོག་ཏུ་དགེ་བ་ཨ་མདོ་དགེ་འདུན་ཆོས་འཕེལ(༥༨)དུ་གྲགས་པ་དེ་ནི་དུས་རབས་ཉི་ཤུ་པ་འདིའི་ནང་ཡུལ་གངས་ཅན་པའི་མཁས་པ་རྣམས་ཀྱི་མཇུག་སྡུད་ལྟ་བུར་བྱོན་ཏེ་སྣང་༌། སྤྱིར་ཨ་མདོའི་ཡུལ་དེ“རིག་པའི་འབྱུང་གནས”[2]ཞེས་གངས་ཅན་པར་གྲགས་པ་ལྟར་མཁས་གྲུབ་ཀྱི་སྐྱེས་བུ་བགྲངས་ཀྱིས་མི་ལང་བ་ཞིག་བྱོན་ཅིང་ཁྱད་པར་དགེ་འདུན་ཆོས་འཕེལ་ལ་དམིགས་བསལ་གྱི་ཁོ་རང་གི་མཁྱེན་དཔྱོད་ཆེས་གུ་ཡངས་སུ་གཏོང་བར་སྨན་པའི་མཐུན་རྐྱེན་མང་ཙམ་ཞིག་རང་བྱུང་འབད་མེད་ལྟ་བུར་ཐོབ་འདུག
ཁོང་གི་རྣམ་ཐར་ལ་བསམ་ཞིབ་བྱེད་སྐབས་བོད་ཀྱི་ཆོས་སྐད་དུ། རྐྱེན་ངན་དགེ་གྲོགས་ཟེར་བ་དོན་ལ་གནས་པ་འདུག་སྙམ་པ་བྱུང་༌། བོད་སྤྱི་དང་༌། བྱེ་བྲག་མདོ་སྨད་ཁུལ་དུ་དགེ་ཆོས་དང་མཁྱེན་རབས་མཉམ་པའི་སྐྱེས་བུ་གྲངས་མེད་ཅིག་བྱུང་མོད། བོད་མི་རྣམས་རྒྱལ་སྤྱིའི་འབྲེལ་ལམ་ཆུང་ཞིང་༌། རྒྱལ་ཁབ་གཞན་དག་གི་ནང་དུ་དུས་ཡུན་རིང་པོ་ནས་ཡར་རྒྱས་འགྲོ་བཞིན་པའི་ཤེས་ཡོན་དང་༌། རིག་གཞུང་གང་ལའང་དོ་སྣང་རྩ་བ་ནས་མ་བྱས་པར་འཇིག་རྟེན་ཡོངས་རྫོགས་གངས་རིའི་མུ་ཁྱུད་ཆུང་ངུ་དེ་རང་གི་ནང་ཚུད་པ་ལྟ་བུའི་བསམ་ཚུལ་གྱིས་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་བར་ཁེར་བསྡད་ཟུར་འགྲོས་བྱེད་རྐྱང་གིས་རང་ཡུལ་དུ་དར་ཁྱབ་ཡོད་བཞིན་པའི་རིག་པའི་གནས་དང་༌། ཤེས་ཡོན་གྱི་རྒྱུན་དེ་ཁོ་ནས་ཚིམས་ཏེ་གནས་པ་ལས་ཕྱིའི་རྒྱལ་ཁབ་སྤྱི་དང་༌། ལྷག་པར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་ནང་བྱུང་བའི་རིག་གནས་ཀྱི་ཡར་རྒྱས་ལ་དོ་སྣང་མ་བྱས་ཤིང་༌། ཁེ་ཕན་མ་བླངས་པའི་ཉེར་ལེན་ལས་གཞི་རྩ་རང་གི་རིག་གཞུང་ཆེས་རྒྱ་ཆེ་གཏིང་ཟབ་ཀྱི་གནས་ཚུལ་གཞན་འགྲན་བྲལ་ཞིང་༌། གཞན་དྲིང་མི་འཇོག་པ་ཞིག་ཡོད་ནའང༌། ཐ་སྙད་ཀྱི་རིག་གསར་རེ་ཟུང་སྣང་མེད་དུ་བཞག་པས་ཕྱིའི་སྣང་ངོར་རྗེས་ལུས་ཐེབས་པའི་རྣམ་པ་དང་༌། རང་གི་ཆེས་འགངས་ཆེན་གྱི་རིག་གཞུང་གི་ཁྱད་ཆོས་དང་༌། གནད་འགག་རྣམས་ཀྱང་གཞན་ལ་སྟོན་མ་ཐུབ་པར་གཞུང་ལུགས་རྒྱ་མཚོ་ལྟ་བུར་ནང་བྱན་ཆུད་པའི་མཁས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་རྣམས་ཀྱང་སྐབས་རེ་རིག་གསར་གྱི་ཐ་སྙད་ཆུང་ངུ་རེའི་ཐོག་རྨོངས་ཏེ་གནའ་བོའི་བོད་ཀྱི་གཏམ་དཔེར“གཙང་ཆུར་ཐར་ཡང་ཡུར་ཆུར་མ་ཐར”ཞེས་པའི་ཚུལ་དེ་བོད་ཀྱི་སྐྱེས་ཆེན་མང་པོ་ཞིག་ལ་བྱུང་འདུག
སྤྱིར་བཤད་ཡམས་ཙམ་དུ། “རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན”ཞེས་སོགས་དང༌་། “རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །”[3]ཞེས་སོགས་ལུང་འདྲེན་པོད་ཁ་ལོངས་ཙམ་རེ་བྱས་ཏེ་ཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་གནས་ཐམས་ཅད་ལ་སྦྱོང་དགོས་པའི་སྒྲོས་ཤིག་ཡོད་ནའང་༌། དངོས་དོན་ལག་ལེན་བསྟར་སྐབས་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱི་རིག་གཞུང་ལའང་དོ་སྣང་མ་བྱས་པར་བོད་རྐྱང་པ་དང་༌། དེའི་ནང་ནས་ཀྱང་རང་གི་ཆོས་བརྒྱུད། རང་གི་གདན་ས། རང་གི་གྲྭ་ཚང་༌། རང་གི་ཡིག་ཆ། རང་གི་བླ་མའི་གསུང་རྒྱུན་ཙམ་ལ་གཙོར་འདོན་གྱིས་ཐོས་བསམ་གྱི་ཕྱོགས་སུ་འདུན་པ་འཁྱེར་སྟངས། དུང་ཆེན་གྱེན་བསླངས་ཀྱི་ནང་དུ་སྤྱི་བོ་ཚུགས་སུ་འཛུལ་བ་ལྟ་བུ་ཞིག་མང་ཆེ་བས་བྱས་འདུག་པ་དེས་རྒྱལ་ཁབ་ཀྱི་ཤེས་ཡོན་ལ་དུས་རབས་དང་འཚམས་པའི་ཡར་རྒྱས་དང་༌། གསར་བརྗེ་མ་བྱུང་བར་མ་ཟད། ཆབ་སྲིད་དང༌། སྤྱི་ཚོགས་ལའང་ཕན་གནོད་ཇི་བྱུང་དེང་སྐབས་རང་ཅག་གིས་ཉམས་སུ་མྱོང་བཞིན་པ་དེར་ཟད།
དགེ་འདུན་ཆོས་འཕེལ་མཆོག་སྤྱིར་མཁྱེན་དཔྱོད་དང་༌། རིག་རྩལ་ཕུན་སུམ་ཚོགས་པའི་ཐོག་རྒྱ་གར་དང༌་། ཤྲཱི་ལངྐཱ་སོགས་ཕྱིའི་རྒྱལ་ཁབ་ཁག་མང་དུ་ཕེབས་བཞུགས་ཀྱིས་ལེགས་སྦྱར་དང་༌། པཱལི། དབྱིན་ཧིན་སོགས་སྐད་ཡིག་དུ་མ་ལ་ཐུགས་སྣང་གནང་ཞིང་༌། ཕྱི་རོལ་པའི་གྲུབ་མཐའ་དང་༌། བསྟན་བཅོས་མང་པོ་ལའང་གཟིགས་རྟོག་དང་༌། ནུབ་ཕྱོགས་པའི་ཤེས་རིག་སྤྱི་དང་༌། ལྷག་པར་སློབ་སྦྱོང་དང་ཉམས་ཞིབ་བྱེད་སྟངས་ཀྱི་ལམ་སྲོལ་རྣམས་ལ་ཐུགས་སྣང་ཆེན་པོ་མཛད་དེ། དུས་རབས་འདིར་གལ་ཆེར་བརྩི་བའི་ཤེས་བྱའི་དངོས་པོ་དག་ལ་རྣམ་དཔྱོད་ཀྱི་རྩལ་ཐོགས་མེད་དུ་འཇུག་པར་བརྟེན་བོད་ཀྱི་མཁས་པ་གཞན་དག་ལས་ཀྱང་ཁྱད་ཐོན་པའི་གནས་ཚུལ་ཞིག་བྱུང་བ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དེ་བཞིན་དང༌། སྤྱིར་གདན་ས་ཆེན་པོའི་ནང་དབུ་ཚད་སེང་གེའི་མཇིང་བསྣོལ་གྱིས་རིགས་ལམ་ལ་སྦྱངས་པའི་གང་ཟག་ཅིག་ཕྱིའི་རིག་གནས་གཞན་དག་གི་སློབ་སྦྱོང་བྱ་རྒྱུར་དཀའ་ཚེགས་མེད་པ་སྨོས་མི་དགོས་ཀྱང་༌། དོ་སྣང་དང་དགའ་ཚོར་གྱིས་དོན་གཉེར་བྱེད་རྒྱུ་དེ་གང་ཟག་ཁྱད་པར་བ་རེ་ཟུང་མ་གཏོགས་ཐམས་ཅད་ལ་མི་འབྱུང་བ་འདི་མིའི་ཁམས་གཤིས་ཀྱི་ཁྱད་པར་ཞིག་ཡིན་པ་གོར་མ་ཆག
སྤྱིར་འཇིག་རྟེན་གྱི་སྐྱེ་རྒུ་རྣམས་ཆགས་སྡང་རྨོངས་གསུམ་གྱི་གཞན་དབང་དུ་སོང་བ་ཤ་སྟག་ལ་བརྟེན་སྤྱི་ཚོགས་ཀྱི་ནང་མི་ཐམས་ཅད་མགུ་བ་ཞིག་ནི་མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་ཀྱིས་ཀྱང་མཛད་མ་ནུས་པར་འདུག་སྟེ། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ལ་ཡང་སྐུ་ལ་བསྡོ་བའི་སྦྱོར་ངན་ཇི་སྙེད་ཅིག་བྱུང་བ་ལུང་དུ་གསལ་ཞིང་༌། ལྷག་པར་རྒྱ་གར་དང་༌། བོད་ལྗོངས་གཉིས་ཀར་སྐྱེས་བུ་མཁས་པ་དང་༌། སྙན་གྲགས་ཅན། ལྷག་བསམ་དང་ལྡན་པ་རྣམས་ལ་སྐུ་འཚོ་བཞུགས་ཀྱི་སྐབས་འགྲན་སེམས་དང་༌། ཕྲག་དོག་འབའ་ཞིག་གིས་མཐོ་འཚམས་ཤིང་༌། ནམ་ཞིག་ཞལ་མ་བཞུགས་པ་ན་ད་གཟོད་བསྔགས་པ་བརྗོད་པ་དང་༌། རྣམ་ཐར་འབྲི་བ། འདྲ་སྐུ་བཞེངས་པ་ཡན་ཆད་བྱེད་སྲོལ་ཞིག་ཆེས་སྔ་མོ་ནས་འདུག་པ་ཚད་ལྡན་གྱི་ལོ་རྒྱུས་དུ་མར་གསལ།
དེས་ན་དགེ་འདུན་ཆོས་འཕེལ་ཡང་འཚོ་བཞུགས་རིང་མ་ཉེས་ཁ་གཡོག་སོགས་རྐྱེན་ངན་དུ་མས་སྐུ་ངལ་དང༌། ཐུགས་སུན་ཚད་མེད་ཅིག་བྱུང་འདུག་པ་དང་༌། དེར་བརྟེན་ཐུགས་ཡིད་གཏིང་ནས་སྐྱོ་བའི་སྟིང་ཚིག་དང་༌། འཁང་ར་མང་པོ་ཞིག་ཁོང་གི་གསུང་རྩོམ་ཕལ་ཆེ་བའི་ནང་སྙིང་རྩ་འདར་ནུས་ཀྱི་ཉམས་འགྱུར་དང་བཅས་ཡང་ཡང་ཡོང་གི་འདུག་པ་ཐུགས་ཁག་མ་མཆིས་མོད། འོན་ཀྱང་ངོས་ཀྱི་མཐོང་སྣང་དུ་འཕགས་བོད་ཀྱི་མཁས་གྲུབ་ཕལ་ཆེར་དེ་འདྲའི་ཐུགས་ཕམ་མ་བྱུང་བ་མེད་པ་ལྟ་བུ་ཞིག་འདུག་སྟེ། འཁོར་བའི་ཆོས་ཉིད་དུ་ཟད་དམ་སྙམ།
མཁས་པ་རྣམས་ལ་རྒྱུན་དུ་གཞན་གྱིས་ཕྲག་དོག་གིས་མཐོ་འཚམས་པ་དང༌། འོས་པའི་བཀུར་སྟི་མ་ཐོབ་པའི་གནས་ཚུལ་འདི་གནའ་རབས་ནས་ཡོད་པར་སྣང་སྟེ། “ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །”[4] ཞེས་ཁེངས་པ་མཛད་པའི་འཕགས་ཡུལ་གྱི་མཁས་དབང་ཆོས་ཀྱི་གྲགས་པ་ལྟ་བུས་ཀྱང༌། “སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་༌། །”[5] ཞེས་སྡུག་སྐད་ཆེན་པོ་སྐྱོན་དགོས་བྱུང་འདུག མཁས་པ་རྣམས་ལ་རྒྱུན་དུ་གཞན་གྱིས་བརྙས་བཅོས་དང༌་། མཐུན་རྐྱེན་ཡང་དཀོན་སེ་ཞིག་ཕལ་ཆེར་ལ་བྱུང་སྣང་སྟེ། ནོར་རྒྱུན་མ་དང་་༌། དབྱངས་ཅན་མ་གཉིས་ཀས་སྒྲུབ་པ་པོ་གཅིག་ལ་དངོས་གྲུབ་མི་སྟེར་བའི་ཐུགས་བསྐྱེད་ཀྱི་སེལ་ཡོད་ཚུལ་ཕྱི་ནང་གཉིས་ཀར་གྲགས་པ་དེ་དོན་ལ་གནས་སམ་སྙམ།
དགེ་ཆོས་ཀྱང་རྒྱུན་དུ་ཕྱག་སྣེ་སོགས་མཐུན་རྐྱེན་དཀའ་ཙམ་ཞིག་དང་༌། འོས་པའི་གུས་བཀུར་མ་ཐོབ་པར་བརྙས་པའི་གནས་ཚུལ་ཡང་ཡང་བྱུང་ཡོད་པ་ཁོང་རང་གི་གསུང་རྩོམ་ཁག་ནས་གསལ་བར་མངོན་པ་མ་ཟད། ཁོ་བོས་རང་ཉམས་ཀྱི་ཐོག་ནས་ཀྱང་རྗེས་སུ་དཔག་ནུས། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཀྱང་༌། “མཁས་པ་རྣམས་ནི་བཀུར་བ་དང༌་། །བསོད་སྙོམས་དག་ཀྱང་རྙེད་པར་ཤོག །”[6]ཅེས་འུ་ཐུག་གི་ཚུལ་དུ་ཐུགས་སྨོན་གནང་དགོས་བྱུང་བ་ཐུགས་ཁག་མེད་པར་སེམས། ལར་ནས་སྙན་ངག་མཁན་རྣམས་ལ་ཇི་ཙམ་གྱི་བཀུར་བཟོ་དང༌། ཆེ་བ་ཐོབ་རུང་ཡིད་མ་རང་བའི་འཁང་ར་ཞིག་ཕལ་ཆེར་ལ་བྱུང་སྣང་སྟེ། འདི་ནི་གཅིག་ཏུ་ན་ཅུང་ཟད་འདོད་རྔམ་ཆེ་བའང་མིན་ནམ་སྙམ།
འཕགས་ཡུལ་གྱི་སྙན་ངག་མཁན་ཆེན་པོ་ཏུལསཱི་ཁོལ་གྱིས་ཀྱང་དགའ་བྱེད་རྟོགས་བརྗོད་ཀྱི་འགོར། “རང་གི་ཡིད་བདེ་ཙམ་གྱི་དོན་དུ”ཞེས་གཞན་སུས་ཀྱང་ཁོང་གི་སྙན་ངག་ལ་བརྟེན་ནས་སིམ་པའི་ཉམས་འགྱུར་བསྐྱེད་མི་ཐུབ་པ་ལྟ་བུར་བཤད་པ་དང༌། རྒྱ་གར་གྱི་གོང་མ་གྲགས་ཅན་ཨཀ་བར་གྱི་དུས་སུ་བྱུང་བའི་ཕོ་བྲང་གི་སྙན་ངག་མཁན་གཱལིབ་ཞེས་པས་ཀྱང་འཁང་ར་དང་བཅས་ཏེ། “ཁུ་དཱ་ལ། ཡང་ན་ཁོ་རང་ལས་སྙན་ངག་རྩོམ་པའི་རིག་རྩལ་དེ་ཕྱིར་བཞེས་གནང་རྒྱུ་དང༌་། ཡང་ན་མི་གཞན་འགའ་ལའང་དེ་ཉན་ཤེས་པའི་ཤེས་རབ་གནང་སྐྱོང༌། དེ་ལྟར་མ་གནང་ན་ཁུ་དཱ་ནི་ཆེས་མ་དྲང་བ་ཞིག་གོ”ཞེས་སྟིང་ཚིག་བརྗོད་འདུག་པ་དང༌་། དུས་ཕྱིས་ཀྱི་འཕགས་ཡུལ་གྱི་སྙན་ངག་མཁན་ཆེན་པོ་ཉི་དབང་མགོན་པོས་ཀྱང“ཁོ་བོ་ནག་མོ་ཁོལ་གྱི་དུས་སུ་མ་སྐྱེས་པར་ད་ལྟ་དུས་རབས་འདི་འདྲ་སུས་ཀྱང་བརྩི་མཐོང་བྱེད་མཁན་མེད་དུས་སུ་སྐྱེས་པ་ཨང”ཞེས་སྡུག་སྐད་ལྷང་ལྷང་སྐྱོན་འདུག་པ་ནོ་སྦེལ་ཞེས་བྱ་བའི་བྱ་དགའ་དེས་ཀྱང་སྙན་ངག་མཁན་དེ་མ་ཚིམས་པར་སྣང་སྟེ། དོན་དུ་ནི་རྗེ་ས་པཎ་གྱིས། “མཁས་པ་མཁས་པའི་ནང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་གོ །”[7]ཞེས་པ་ལྟར་མཁས་པ་ཚིམ་པའི་བཀུར་སྟི་མཁས་པ་ཉིད་ཀྱིས་མ་གཏོགས་གཞན་གྱིས་བྱ་མི་ནུས་ལ། མཁས་པ་ནང་ཕན་ཚུན་ནི་ཕྲག་དོག་གིས་མ་གོས་པ་ཞིག་ཡོང་བར་དཀའ་བས་དུས་རབས་ཀུན་གྱི་མཁས་པ་རྣམས་ཡིད་མ་རངས་པའི་རྒྱུ་མཚན་གཙོ་བོར་འདིར་ཐུག་པར་སྙམ། ཚུལ་འདི་དག་སྐབས་དང་མ་འབྲེལ་བ་ལྟ་བུར་མངོན་སྲིད་ཀྱང༌་། མཁས་པ་ཕལ་ཆེར་ཡིད་མ་རངས་པའི་སྐྱོ་ཉམས་ཡོང་དགོས་ཀྱི་སེམས་ཚོར་གྱི་གནས་ལ་ཅུང་ཟད་རྟོགས་པའི་རྣམ་རྟོག་ཞོར་འཕྲོས་སུ་ཐལ་བ་སྟེ། གཅིག་ཏུ་ན“གློ་བ་འདྲིད་པར་བྱ་བའི་ཕྱིར་གཱལིབ་ཀྱི་རྣམ་རྟོག་འདི་བཟང་ངོ”ཞེས་པའི་ངང་ཚུལ་དུ་ཟད།
དགེ་འདུན་ཆོས་འཕེལ་གྱི་ཡོན་ཏན་ཐམས་ཅད་ཀྱི་ནང་ནས་རྩོམ་པའི་ཡོན་ཏན་ཉིད་མཆོག་ཏུ་སྣང་ཞིང་༌། དེའི་ནང་ནས་ཀྱང་ཚིགས་བཅད་ཀྱི་རྩོམ་འགྲོས་ཧ་ཅང་ལེགས་པ་ཞིག་འདུག་སྟེ། བོད་ལ་རྩོམ་རིག་གི་ཐོག་བར་སྐབས་དེར་ཡིད་ཚོར་ལྡན་པ་དཀོན་ཞིང་༌། ལྷག་པར་རང་རེའི་རིག་གཞུང་གི་ནང་རྩོམ་འགྲོས་ཀྱི་རིན་ཐང་གཞལ་བའི་མཐའ་དཔྱོད་དང་༌། བསྐྱར་ཞིབ་བྱེད་སྲོལ་མ་དར་བས་ཅུང་ཟད་རྗེས་ལུས་ཐེབས་པ་མ་གཏོགས་སྐད་རིགས་གཞན་དག་དང་མཚུངས་པར་མཐའ་དཔྱོད་བྱ་སྲོལ་ཞིག་ཡོད་ན་དགེ་འདུན་ཆོས་འཕེལ་ནི་འཛམ་གླིང་གི་འབྲི་རྩོམ་མཁན་ཚོའི་ནང་༌། ཉི་དབང་མགོན་པོ་དང༌། ཤེཀསི་པི་ཡར་སོགས་ཀྱི་མདུན་གྲལ་དུ་བཞུགས་རྒྱུ་མ་གཏོགས་རྒྱབ་གྲལ་དུ་ནམ་ཡང་མི་ལུས་པ་ཞིག་ཡིན་པར་ཁོ་བོས་བསམ་གྱིན་ཡོད།
ངོས་རང་དགེ་འདུན་ཆོས་འཕེལ་དངོས་སུ་མཇལ་མ་མྱོང་ཞིང༌་། ཁོང་གིས་གསུང་ཚད་ཚད་མར་བཟུང་བའི་རྗེས་འཇུག་དད་པའི་རྗེས་འབྲང་ཞིག་གཏན་ནས་མིན་རུང་༌། ཧ་ཅང་དགའ་ཞེན་ཡོད་པའི་མ་མཐོང་བའི་གྲོགས་པོ་ཞིག་ཡིན། “སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང་༌། །དེ་ཉིད་ཉམས་པ་མེད་ལ་ལྟོས། །”[8]ཞེས་པ་ལྟར་ཁོང་གི་མཁྱེན་ཡོན་དང་༌། གྲགས་པའི་གཟུགས་བཟང་ངག་གི་རང་བཞིན་གྱི་མེ་ལོང་དུ་འཕོས་པ་ད་ལྟའང་མངོན་སུམ་བཞིན་ཉམས་སུ་མྱོང་ནུས་པར་བརྟེན་ཡུན་རིང་འདྲིས་པའི་གྲོགས་ལྟ་བུ་ཞིག་གི་སེམས་ཚོར་ཡོང་གི་ཡོད།
ངོས་རང་ལོ་བཅུ་གཅིག་ལོན་པ་ན་ང་ཚོའི་ཕ་ཡུལ་གྱི་རྙིང་མའི་རབ་བྱུང་ཀུན་དགའ་བློ་གྲོས་སུ་འབོད་པ་བདག་གི་ཡོངས་འཛིན་རིན་པོ་ཆེ་ཞལ་སྔ་ནས་ངག་དབང་སྦྱིན་པ་མཆོག་དང་ཐུགས་འདྲིས་ཆེ་བ་ཞིག་ཡོད་པ་དེ། རྒྱ་གར་ལ་གནས་སྐོར་དུ་སོང་སྟེ་ཕྱིར་འཁོར་སྐབས་རྒན་ཡོངས་འཛིན་རིན་པོ་ཆེ་མཇལ་དུ་ཡོང་བར་མཚན་མོ་ཕྱིས་པོའི་བར་རྒྱ་གར་གྱི་གནས་ཚུལ་མང་པོ་གསུང་མོལ་གནང་སྟེ་བཞུགས་སོང་བར་ཉན་གྱིན་བསྡད་པས། བྱང་ཆུབ་ཆེན་པོ་དང༌་། ཝཱརཱཎསཱི་སོགས་ཀྱི་གནས་ཚུལ་དང་༌། ཆུ་བོ་གངྒཱ་ཞེས་པ་གང་འདྲ་ཞིག་འདུག་དྲིས་པར་ཟམ་པའི་སྒང་ནས་མར་བལྟས་ན་ཆུ་བོའི་བབས་ཕྱོགས་གང་དུ་ཡིན་མིན་མི་ཤེས་པ་ཞིག་འདུག་སོགས་བྱིས་པ་ངོ་མཚར་སྐྱེས་པའི་གཏམ་དུ་མ་ཐོས་ཤིང་༌། ཆུ་བོ་གངྒཱའི་བྱེ་མ་དང་༌། གནས་ཆེན་ཁག་གི་ས་སྣ། བྱང་ཆུབ་ཆེན་མོའི་ལོ་མ། དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་རྒྱ་གར་གནས་ཆེན་ཁག་གི་ལམ་ཡིག་བཅས་སྐྱེས་སུ་ཕུལ་སོང་བར། ལམ་ཡིག་གི་དེབ་དེ་བཞིན་ཁོ་བོས་རྒྱུན་དུ་ཀློག་རྒྱུའི་བོད་ཀྱི་དཔེ་ཆ་དཔར་མ་གཞན་དང་མི་འདྲ་བར་ལྕགས་འབྲུར་བསྒྲིགས་པའི་དཔར་ཡིག་འབྲུ་ཆུང་ཞིང་ཁམས་གཙང་མོ་འདུག་པ་དགའ་སྣང་གིས་བལྟས་པས། དེའི་ནང་ཤོག་ལྷེ་ལྟེབས་རྩིག་བརྒྱབས་པ་ཞིག་གི་ནང་རྒྱ་གར་གྱི་ས་བཀྲ་ཆུང་ངུ་དང༌། བྱང་ཆུབ་ཆེན་པོའི་དཔེ་རིས་བཅས་འདུག་པའི་འོག་ཟུར་ན། “ཉག་གཅིག་ཞི་བའི་དབྱིངས་སུ་འཇུག་པའི་སྒོ། །བདེན་གཉིས་ཆོས་ཚུལ་ཟབ་མོ་དྲི་མེད་ལམ། །རིགས་གསུམ་གདུལ་བྱའི་ཚོགས་ལ་འདོམས་མཛད་པའི། །སྐུ་བཞིའི་བདག་ཉིད་ཐུབ་དབང་དེ་ལ་འདུད། །རྒྱ་ཁྱོན་མཚོ་དང་འདྲ་བའི་གྲོང་ཁྱེར་དང༌། །རྒྱ་དཔངས་རི་དང་མཉམ་པའི་མཆོད་རྟེན་སོགས། །རྒྱ་ཆེན་ངོ་མཚར་འདི་དག་གཟིགས་པའི་སླད། །རྒྱ་གར་ཡུལ་དུ་ལན་གཅིག་བྱོན་པར་ཞུ། །” ཞེས་པའི་ཤོ་ལོ་ཀ་གཉིས་འདུག་པ་ཧ་ཅང་ཡིད་ལ་འཐད་པས་ལན་འགའ་བཀླགས་པ་དང་༌། འཕྲལ་དུ་བློ་ལ་བྱང་བ་ཞིག་བྱུང་༌།
སྙན་ངག་གི་ཁྱད་ཆོས་ནི། རྒྱ་གར་ལྷོ་པ་རྣམས་ཀྱི་བཞེད་པ་ལྟར། ཚིག་གཞོན་ཞིང༌། བརྗོད་བདེ་འདྲེན་པ་ཞིག་དགོས། ཇི་ཙམ་བརྗོད་བདེ་འདྲེན་པ་ཡིན་མིན་གྱི་རྣམ་དབྱེ་ཀློག་པ་ན་ངག་ལ་འབྱར་དཀའ་སླའི་ཐོག་ནས་བརྟགས་ནུས་ཤིང་༌། བཀླགས་པ་ཙམ་གྱིས་ངག་ལ་བྱང་བ་དང་༌། བྱང་ཟིན་པ་ནམ་ཡང་མི་བརྗེད་པ་ཞིག་བྱུང་ན། སྙན་ངག་དེ་ཆེས་ཕུན་སུམ་ཚོགས་པའི་མཚོན་བྱེད་ཡང་དག་པ་ཞིག་ཡིན། གོང་འཁོད་ཤོ་ལོ་ཀ་གཉིས་པོ་དེ་ངོས་རང་ལོ་བཅུ་གཅིག་པའི་སྐབས་སུ་ཀློག་པ་ད་ལྟའི་བར་མི་ལོ་སུམ་ཅུ་སོ་དྲུག་སོང་ཡང་བློ་ལ་ལྷང་ངེར་གསལ་བ་འདི་དགེ་ཆོས་ཀྱི་རྩོམ་འགྲོས་ཀྱི་གཟི་བརྗིད་ཅིག་རེད། མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱི་མཚན་ཡང་དེབ་དེའི་ཐོག་ནས་ཐོག་མར་ཤེས་ཤིང་༌། ཁོ་བོའི་ཡོངས་འཛིན་དམ་པ་དེས་ཀྱང་གནས་ཡིག་འདི་ཧ་ཅང་ཡག་པོ་འདུག་ཅེས་མཉེས་མཉེས་མཛད་པ་ད་ལྟའང་དྲན།
དགེ་འདུན་ཆོས་འཕེལ་གྱི་མཁྱེན་རྒྱ་དང་༌། ལྷག་པར་ཡར་ཐོན་ཅན་གྱི་དགོངས་པ་བཞེས་ཕྱོགས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་དང་མ་འཚམས་པས་མཁྱེན་ཡོན་དང་མཉམ་པའི་མཛད་འཕྲིན་མ་བྱུང་ཡང༌་། ཞར་དང་ཞོར་ལ་རྩོམ་སྒྲིག་མཛད་པའི་གཞུང་དེ་དག་ད་ཆ་མཁས་པ་མགུ་བའི་ལེགས་བཤད་རྨད་དུ་བྱུང་བ་ཡིན་པར་ར་འཕྲོད་བྱུང་བ་དང་ཆབས་ཅིག་ཚང་མས་དོ་སྣང་དང་འཚོལ་ཞིབ་ཀྱིས་དེང་སྐབས་ཁོང་གི་ལོ་རྒྱུས་འབྲི་མཁན་དང༌་། གསུང་ཐར་ཐོར་རེ་རྙེད་སོན་བྱུང་ནའང་འཕྲལ་འཕྲལ་དཔར་འདེབས་བྱེད་མཁན་སོགས་ལག་མ་ཐོགས་པར་ཡོང་གི་ཡོད་པ་འདི་ཡང་མཁས་པའི་ཡོན་ཏན་བླུན་པོས་ནག་བསུབ་གཏོང་མི་ཐུབ་པའི་བདེན་རྟགས་ཤིག་ཡིན་པར་སྨོས་མ་དགོས།
སྔ་ལོ་ཕྱི་ཟླ་གཉིས་པའི་ནང་དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེའི་མཇུག་གི་སློབ་མའི་གྲས་སྣར་སྐྱིད་ངག་དབང་དོན་གྲུབ་མཆོག་འདི་གར་ཕེབས་བཞུགས་སྐབས་གླེང་མོལ་གྱི་ཞོར་དུ་ཁོང་སར་བོད་ནས་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་གསར་རྙེད་ཅིག་འབྱོར་རེ་ཡོད་པས་འབྱོར་ཚེ་འདི་གའི་སློབ་གྲྭ་ནས་དཔར་འགྲེམས་གནང་ན་འབྲེལ་ཡོད་ཤིན་ཏུ་འོས་ཤིང་འཚམས་པ་ཞིག་ཡོང་རྒྱུའི་རེ་བསྐུལ་གནང་བྱུང་བར། སྐབས་དེར་ཁོ་བོའི་བསམ་པར་བདག་གི་ཡབ་རྗེ་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས། དགེ་ཆོས་ཀྱི་བསྙེལ་ཐོ་ལྟ་བུར་བྲིས་པའི་གནས་ཚུལ་ལོ་རྒྱུས་མང་པོ་དང་༌། བར་བར་དུ་དཀའ་གནད་ཀྱི་དྭོགས་གཅོད་དང་༌། འདྲ་རིས་ཡིད་དུ་འོང་བ་དུ་མ་ཡོད་པའི་ཉིན་དེབ་འདྲ་བའི་དཔེ་དེབ་རིང་མ་ཐུང་མཐུག་པོ་ཞིག་འདུག་པ། ངའི་སར་བསྟན་རྒྱུ་འཁྱེར་ཡོང་སྟེ་རྒྱུན་རིང་ཙམ་བཞག་སོང་ཡང་ཉིན་གཅིག་ནོར་གླིང་ཤག་ཏུ་གློ་བུར་ཕེབས་ཏེ་དེབ་དེ་དགོས་ཞེས་ཕར་བསྣམས་སོང་བར་དེ་ནས་ཉི་མ་གཉིས་རྗེས་ཁོང་འཛིན་བཟུང་བྱས་འདུག སྐབས་དེར་ངས་ཕྱག་དཔེ་དེ་ཕར་མ་ཕུལ་ནའང་ཡོང་བ་ཡོད། ཅེས་བཀའ་བསྩལ་བ་ལྷམ་མེར་དྲན་ཏེ་ཕལ་ཆེར་དཔེ་དེབ་དེ་རང་ཨེ་ཡིན་སྙམ་པའི་རེ་བ་ཆེན་པོ་ཞིག་བྱུང་རུང་༌། རྗེས་མར་ལག་སོན་སྐབས་ཕྱག་དཔེ་དེ་རང་གི་ཆ་ཤས་ཕལ་ཆེར་ཡིན་བཟོ་འདུག་རུང་༌། གསུང་རྩོམ་དེ་སྡེ་ཚན་དྲུག་དང་༌། ཤོག་ལྡེབ་བཞི་བརྒྱ་ལྷག་ཙམ་ཞིག་ཡོད་འདུག་སྟེ། ད་ལྟ་རྙེད་སོན་བྱུང་བ་འདི་སྡེ་ཚན་དང་པོ་རྐྱང་པ་ལས་མི་འདུག
གང་ལྟར་ད་ལམ་དཔར་སྐྲུན་ཞུ་རྒྱུའི་དགེ་ཆོས་ཀྱི་གསུང་འདི་བཞིན་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ཞེས་བྱ་བ་ཁོ་རང་རྒྱ་གར་དུ་ཕེབས་རྒྱུའི་གོ་སྒྲིག་གིས་འཕགས་ཡུལ་གྱི་པཎྜིཏརཱཧུལསཾའཀྲིཏ྄ཡཱཡན་དང་ལྷན་དུ་རྭ་སྒྲེང་དང་༌། གཙང་ཁུལ་རྒྱ་དཔེ་འཚོལ་སྒྲུབ་ཏུ་ཕེབས་པ་ནས་བཟུང་གནས་ཚུལ་གང་གཟིགས་ཀྱི་དོན་གནད་འགངས་ཅན་རྣམས་བཀོད་པའི་ལོ་རྒྱུས་དེའི་ཆ་ཤས་སྡེ་ཚན་དང་པོ་དེ་རེད། སྡེ་ཚན་ལྷག་མ་ལྔ་ཡི་ནང་བརྗོད་བྱ་གང་ཡོད་ཀྱང་འདི་གའི་མཇུག་ཏུ་གསལ་འདུག་པ་ཤོག་གྲངས༣༦།༣༧ལ་ཡོད། སྡེ་ཚན་འདི་གཅིག་པུའི་ཕྱག་དཔེ་ལག་སོན་བྱུང་སྐབས་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་བྱུང་སྟེ། གསུང་རྩོམ་འདི་རྙེད་པས་དགའ་སྣང་དང་ཆབས་ཅིག་དེའི་སྡེ་ཚན་འཕྲོས་རྣམས་མ་རྙེད་པས་ཡིད་ཕམ་ཧ་ཅང་ཆེན་པོ་ཞིག་བྱུང་༌།
གོང་དུ་སྨོས་པ་ལྟར་དེང་སྐབས་དགེ་ཆོས་ཀྱི་གསུང་རྩོམ་ཐོག་དོ་སྣང་བྱེད་མཁན་ཆེས་མང་བས་གཞུང་འདི་དཔར་འགྲེམས་བྱེད་པོར་འཚང་ཁ་ཡོད་པ་སྨོས་མ་དགོས་ཀྱང༌། འདིའི་ནང་གཙོ་ཆེ་བོད་དུ་བཞུགས་པའི་ལེགས་སྦྱར་གྱི་རྒྱ་དཔེ་རིན་ཐང་བྲལ་བ་དེ་རྣམས་ཀྱི་དཀར་ཆག་བཀོད་འདུག་པར་བརྟེན་འདི་གའི་གཙུག་ལག་སློབ་ཁང་ནས་དཔར་འགྲེམས་བྱེད་རྒྱུ་འོས་འཚམས་ཡིན་ཚུལ་སྐུ་ངོ་ངག་དོན་གྱིས་གསུངས་པ་དེ་བཞིན་ཐུགས་ཤིན་ཏུ་མད་པ་དང་༌། སློབ་གྲྭར་འདིའི་དཔར་སྐྲུན་གྱི་གོ་སྐབས་ཐོབ་པར་དགའ་སྤོབས་ཆེན་པོ་བྱུང་༌།
གཏམ་རྒྱུད་འདིའི་ནང་རང་རེར་མཁོ་བའི་ལོ་རྒྱུས་དང༌། གནས་ཚུལ་ཧ་ཅང་གལ་ཆེ་མང་པོ་འདུག་པ་མ་ཟད། དགེ་ཆོས་རང་ཉིད་ཀྱི་མཛད་རྣམ་སྐོར་གསལ་ཆ་ཐོན་པའི་གནས་ཚུལ་འགའ་ཞིག་ཀྱང་འདུག་པ་དཔེར་ན། “དེ་ལ་རང་ལོ་སོ་གཉིས་སུ་སོན་པ་བོད་ཀྱི་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱིའི་ལོ་ལ་ཁོ་བོ་རྒྱ་གར་དུ་བརྟོལ་ཅིང༌་། ལོ་དེ་ལ་སིངྒལ་པའི་གནས་བརྟན་སྡེ་པ་དག་གིས་བཞེད་པའི་སངས་རྒྱས་མྱ་ངན་ལས་འདས་ནས་ཉིས་སྟོང་བཞི་བརྒྱ་དོན་དྲུག་པ་ཡིན་འདུག་ལ”ཞེས་དང་༌། ཡང་༌། “རང་ལོ་སོ་གཉིས་སུ་སོན་པའི་དགུན་ཟླ་ར་བའི་ཚེས་བཅོ་བརྒྱད་ལ་གངྒཱའི་ཆུ་འཐུང་ཞིང”ཞེས་པ་འདིས་དགེ་ཆོས་རྒྱ་གར་དུ་ཕེབས་ལོ་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ཕྱི་ལོ༡༩༣༤ཡིན་པ་དང་༌། སྐབས་དེར་ཁོ་རང་དགུང་ལོ་སོ་གཉིས་སོན་པས་འཁྲུངས་ལོ་རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ཕྱི་ལོ༡༩༠༢ཡིན་པ་བཅས་གསལ་བར་གྲུབ་པས། དགེ་ཆོས་ཀྱི་འཁྲུངས་ལོ་ཕྱི་ལོ༡༨༩༤།༩༥ཙམ་ལ་ཞེས་པ་དང༌་། ཕྱི་ལོ༡༩༠༥ལ་ཞེས་པ་གཉིས་ཀ་ཇི་བཞིན་མ་ཡིན་པར་རྟོགས་ནུས། དགེ་ཆོས་ནི་ལོ་རྒྱུས་ལ་ཐུགས་སྣང་ཆེ་བས་ལོ་རྩིས་སྐོར་ཏན་ཏིག་ཞིབ་ཆ་ཆེ་རུང་༌། ཁོ་རང་གི་གསུང་རྩོམ་རྣམས་སུ་རབ་ལོ་དང་༌། སྟོན་པའི་འདས་ལོ་མ་གཏོགས་ཕྱི་ལོའི་མིང་ཙམ་ཡང་མ་སྨོས་པ་ཡང་གཟི་བརྗིད་ཅན་དུ་མཐོང་༌།
གོང་དུ་དྲངས་པའི་ཚིག་དེ་ལས་དགེ་ཆོས་ཐོག་མར་རྒྱ་གར་དུ་དགུན་ཟླ་ར་བའི་ཚེས་བཅོ་བརྒྱད་ལ་འབྱོར་འདུག་པ༡༩༣༤ཕྱི་ཟླ༡༢པའི་ཟླ་སྨད་ཙམ་ཡིན་སྲིད། འདི་ནི་རཱཧུལའི་རྩོམ་ཡིག་ཏུ་ཕྱི་ལོ༡༩༣༤ལོ་ཕྱི་ཟླ༤ཚེས༤ནས་ཕྱི་ཟླ༡༡ཚེས༡༠བར་བོད་ཀྱི་ས་ཐོག་ཏུ་བསྡད་པར་གསལ་བ་དང་ཧ་ཅང་འགྲིག[9] བལ་པོའི་རྒྱལ་སར་བདུན་ཕྲག་ཁ་ཤས་བཞུགས་རྗེས་འཕགས་ཡུལ་གྱི་སྐྱ་ནར་བུའི་གྲོང་དུ་འབྱོར་ཏེ་སྣང་༌། གཞན་ཡང“དབུས་སུ་སླེབས་ནས་འབྲས་སྤུངས་སུ་ལོ་བདུན་ཙམ་སོང་བ་ན་རྒྱ་གར་ནས་པཎྜིཏརཱཧུལ་བྱ་བ་ཞིག་བོད་དུ་བྱོན་པ་དང་འཕྲད་ནས”སོགས་གསུངས་པ་འདིས་དགེ་ཆོས་དབུས་སུ་བྱོན་དུས་དགུང་ལོ་ཉེར་ལྔ་ཡིན་པར་གྲུབ་པས་རང་ལོ་ཉེར་གསུམ་པའི་ཐོག་འབྲས་སྤུངས་སྒོ་མང་དུ་ཆོས་ཞུགས་བྱེད་པར་འདོད་པ་སོགས་ཀྱང་མི་འགྲིག་པ་གོ་ཐུབ།
ལར་ནས་རེབ་སྐོང་དགོན་ཆེན་དུ་ལོ་ཤས་སློབ་གཉེར་གནང་བ་དང་༌། དགུང་གྲངས་བཅོ་བརྒྱད་དུ་ཕེབས་རྗེས་མཁན་ཆེན་དགེ་འདུན་རྒྱ་མཚོའི་ཞབས་ཕྱིར་འཁྲིད་ཅིང་༌། རིམ་གྱིས་རབ་ཏུ་བྱུང་བ་སོགས་སྨྲ་བ་ཡང་དོན་ལ་མི་འགྲིག་མོད། གདན་སའི་ལམ་སྲོལ་མ་མཁྱེན་པས་ཁག་མེད། དགེ་ཆོས་ཀྱི་འཛིན་གྲྭར་ཐ་སྙད་འཛིན་གྲྭར་བཏགས་སྐད་ཀྱི་གཏམ་དེ་ཇི་བཞིན་མ་འཁྱོལ་བར་ཁོང་གི་གྲྭ་ཚང་དེ་ཐ་སྙད་གྲྭ་ཚང་ཞེས་བཏགས་ཟེར་བའང་རྩིང་ཞིང༌། གསང་གཏམ་བཤད་ཆེད་ཐ་སྙད་གསར་པ་མང་དུ་བརྩམས་པས་ཐ་སྙད་པར་འདོད་པ་ཡང་ཇི་བཞིན་མ་ཡིན་ཏེ། བགྲོ་གླེང་སྐབས་ཚིག་འཁྲིའི་རྩོད་པ་དང་༌། ཐ་སྙད་ལ་གཙིགས་ཆེར་མཛད་པས་དེ་ལྟར་བཏགས་ཀྱི། ཐ་སྙད་གསར་རྩོམ་བྱས་པའི་དོན་མ་ཡིན། དེ་ནི་སྒོ་མང་དགེ་བཤེས་ཤིག་ལ་ཐ་སྙད་འབུར་ཚག་ཅེས་བཏགས་པ་ལྟར་ཡིན་མོད། འདི་རྣམས་གལ་མི་ཆེ་ཡང་༌། ལོ་རྒྱུས་འབྲི་བ་པོ་རྣམས་ཀྱིས་དོ་བརྟན་མི་བྱེད་པར་གང་དྲན་བྲིས་པ་འདིས་སྐབས་རེ་སྐྱོན་ཡང་ཡོང་གི་འདུག་པས་བྱ་གཏོང་སྙན་སྒྲོན་ཙམ་དུ་བཀོད།
ལར་ནས་ངེད་ཅག་བོད་པ་རྣམས་ལོ་རྒྱུས་ལ་བློ་གྲོས་རྩིང་བར་གྲགས་པ་དེ་བདེན་པར་སྣང་སྟེ། དུས་རབས་འདིའི་ནང་བྱུང་བའི་དགེ་འདུན་ཆོས་འཕེལ་གྱི་འཁྲུངས་ལོ་དང་༌། འདས་ལོ། བཙོན་ཁང་དུ་བཞུགས་ལོ་སོགས་ཀྱི་ལོ་ཚིགས་ལ་ངེས་བརྟན་སུ་ལའང་མི་འདུག་ན། ལོ་གྲངས་སྟོང་ཕྲག་སྔོན་གྱི་ལོ་རྒྱུས་རྣམས་སུ་དུས་ཚིགས་དང་གནས་ཚུལ་ནོར་འཁྲུལ་མེད་པར་སུས་སྨྲ་ནུས།
གཞུང་འདིའི་ནང་བོད་དུ་བཞུགས་པའི་རྒྱ་དཔེའི་དཀར་ཆག་བཀོད་གནང་མཛད་པ་དེ་དག་དུས་ཡུན་ཐུང་ངུའི་ནང་བྲེལ་འཚབ་ཀྱིས་བྲིས་པས་ཡིན་ནམ་གང་ལྟར་དཔྱད་དགོས་པ་འགའ་ཞིག་འདུག་ཅིང༌། པཎྜིཏརཱཧུལས་བཀོད་པའི་དཀར་ཆག་དང་མི་མཐུན་པའང་གང་མཚམས་ཤིག་འདུག་པ་རྣམས་མདོར་བསྡུས་སུ་བརྗོད་ན་འདི་ལྟར། ས་སྐྱ་རྒྱ་དཔེའི་གྲས“ཏརྐཛྭལཱ་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་ཆ་ཚང༌་། འདི་རྩ་བ་དབུ་མ་སྙིང་པོ་རང་ཡིན་གྱི་འགྲེལ་པ་མིན”[10]ཞེས་བཀོད་འདུག་ཀྱང་། གལ་ཏེ་དབུ་མ་སྙིང་པོ་རང་ཡིན་ན། དེའི་མཚན་མདྷ྄ཡམཀཧྲྀདཡ་དབུ་མ་སྙིང་པོ་ཞེས་འབྱུང་གི“ཏརྐཛྭལཱ”རྟོག་གེ་འབར་བ་ཞེས་ཡོང་དོན་མེད། པཎྜིཏརཱཧུལ་གྱིས་བཀོད་པའི་ནང་དུའང“ཏརྐཛྭལཱ་མདྷ྄ཡམཀཧྲྀདཡ”ཞེས་བཀོད་དེ་གཉིས་ཀ་གཞུང་གཅིག་གི་མཚན་ཡིན་པ་ལྟ་བུར་བྱས་འདུག་ཀྱང་དོན་དུ་རྩ་བ་དབུ་མ་སྙིང་པོ་དང་༌། རང་འགྲེལ་རྟོག་གེ་འབར་བ་གཉིས་ཀ་གླེགས་བམ་གཅིག་ཏུ་བཞུགས་པ་ཞིག་ཡིན་འདུག
གང་གིས་མངོན་ན་རཱཧུལའི་ཐོའི་ནང་ཕྱག་དཔེའི་དབུ༦༨མཇུག་གི་ཚིག་ཁ་ཤས་དྲངས་འདུག་པར“ཨན྄ཡཱཡམཱརྒཱནུགཏཾ”སོགས་དབུ་མ་སྙིང་པོའི་མཆོད་བརྗོད་ཀྱི་ཚིག་ཏུ་སྣང་ཞིང༌། མཇུག་ཚིག“བིམ྄བདར྄ཤདརྤཎ”སོགས་རྟོག་གེ་འབར་བའི་མཇུག་བྱང་དུ་སྣང་བའི་ཕྱིར་རོ། །འདིའི་འདྲ་བཤུས་ཆ་ཚང་བིཧཱར་ཉམས་ཞིབ་ཚོགས་པའི་དཔེ་མཛོད་དུ་རཱཧུལས་བོད་ནས་གདན་དྲངས་པའི་རྒྱ་དཔེ་གཞན་དག་དང་མཉམ་དུ་བཞུགས་པ་ཕྱིས་སུ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ཤིག་ལ་དཔེ་དེ་རྒྱ་གར་གྱི་མཁས་པ་གྲགས་ཅན་ཞིག་གིས་ཞུ་དག་དང༌། དཔར་འདེབས་གནང་རྒྱུར་བསྙད་དེ་བསྣམས་སྐད་ཀྱང༌། འདིའི་སྐོར་འབྲི་རྩོམ་ཐུང་ངུ་ཁ་ཤས་དུས་དེབ་རེ་ཟུང་ནང་ཐོན་པ་མ་གཏོགས་རྩ་བའི་ཕྱག་དཔེ་དེ་དེང་དུས་གར་ཡོད་མེད་པར་གཡས་ཁར་གཡོན་དཀྲིའི་ངང་ཕལ་ཆེར་འཇའ་ལུས་སུ་གཤེགས་ཟིན་པ་འདྲ་ཞིང་༌། གང་ལྟར་སྐྱ་ནར་བུའི་གྲོང་གི་དཔེ་མཛོད་དུ་འདི་ད་ལྟ་མ་བཞུགས།
“ཁམས་ལེའི་དྲི་མེད་དཔེ་རིང་སྤུས་ལེགས་ལྡེབས་ཞེ་དྲུག་ཆ་ཚང”[11]ཞེས་གསལ་བ་དེར་རཱཧུལ་གྱི་ཐོའི་ནང་ཆ་མ་ཚང་ཞེས་བྲིས་འདུག་ཀྱང༌། དྲི་མེད་འོད་ཆ་མ་ཚང་བ་དགོངས་པ་འདྲ། ལྡེབ་ཞེ་དྲུག་ནང་ཁམས་ལེ་ཆ་ཚང་ཡོད་ངེས་སྙམ། “སཱརམཉ྄ཇརི་གནད་ཀྱི་སྙེ་མ་ཆ་ཚང་༌། ཙཏུརཱངྒསཱདྷན་ཡན་ལག་བཞིའི་སྒྲུབ་ཐབས་ཀྱི་འགྲེལ་པ་སློབ་དཔོན་སམནྟབྷདྲས་མཛད་པ།”[12] ཞེས་བཀོད་འདུག་པ་འདི་ཡང༌། འདི་གཉིས་བསྟན་བཅོས་གཅིག་གི་མཚན་ཡིན་གྱི་གཞུང་ཚན་སོ་སོ་བ་མ་ཡིན། “སཱརམཉ྄ཇརཱིནཱམཙཏུརཱངྒསཱདྷནས྄ཡཊིའཀཱ”ཞེས་ཡན་ལག་བཞིའི་སྒྲུབ་ཐབས་ཀྱི་འགྲེལ་པ་གནད་ཀྱི་སྙེ་མ། ཞེས་བྱ་བ་གཞུང་གཅིག་གི་མཚན་ཡིན། འདི་བོད་འགྱུར་བསྟན་འགྱུར་དུ་བཞུགས་པ་ལས་རྟོགས་ནུས་པ་མ་ཟད། རཱཧུལའི་ཐོར་ཡང་འདི་ཁོ་ན་བཞིན་གསལ།
“ཀྲྀཥ྄ཎཡམཱརིཏནྣྟཔཉ྄ཇིཀཱ། དགྲ་ནག་གི་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་ཀུམཱརཙནདྲས་མཛད་པ”[13]ཞེས་འཁོད་འདུག་ཀྱང་༌། དགྲ་ནག་རྒྱུད་ཀྱི་དཀའ་འགྲེལ་དེ་སློབ་དཔོན་ཀུམཱརཅནྡ྄རས་མ་ཡིན། དཔེ་འདིའི་སྔ་ལོགས་ཉིད་དུ་ཀུམཱརཙན྄དྲས་མཛད་པའི་བཛྲབྷཻརབཏནྣྟཔཉ྄ཇིཀཱ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་རཱཧུལའི་དཔེ་ཐོར་འཁོད་འདུག་པ་དེ་འདིར་མི་གསལ་བས་དཔེ་གཉིས་མཉམ་བསྲེས་ཀྱིས་ནོར་བར་སྣང༌། གོང་གི་དགྲ་ནག་དཀའ་འགྲེལ་དེའི་མཛད་པ་པོ་ནི་སློབ་དཔོན་དྷརྨདཱས་ཏེ་ཆོས་འབངས་ཡིན་པར་གསལ་ལ། འདི་བོད་སྐད་དུ་འགྱུར་མེད་པ་འདྲ་སྙམ།[14] བསྟན་འགྱུར་དུ་བཞུགས་པའི་དགྲ་ནག་པོའི་རྒྱུད་ཀྱི་དཀའ་འགྲེལ་དེ་སློབ་དཔོན་པདྨཔཱཎིས་མཛད་པ་ཡིན་ལ། འདི་དང་རཱཧུལ་གྱི་དཔེ་ཐོར་བཀོད་པ་གཉིས་ཚིག་རིས་མི་མཐུན། ཡང༌། “རྡོ་རྗེ་བདུད་རྩིའི་དཀའ་འགྲེལ་སློབ་དཔོན་བིམལཔྲབྷཱས་མཛད་པ།”[15]ཞེས་པ་ཡང་ཅུང་ཟད་ནོར་བ་སྟེ། འདིའི་མཛད་པ་པོ་བིམལབྷདྲ་དྲི་མེད་བཟང་པོ་ཡིན་གྱི། བིམལཔྲབྷཱ་དྲི་མེད་འོད་མ་ཡིན་ནོ། །
“ཛྙཱནཤྲིའམིཏྲས་མཛད་པའི་གཞན་སེལ་གྱི་རབ་ཕྱི་བ་བོད་དུ་མ་བསྒྱུར་བ་ཞེས་པ་ནས་ལེ་ཚན་བཅུ་གཉིས་པོད་ཆེན་གཅིག་ལོན་པ་ཡོད།”[16]ཅེས་པའི་བར་དཔེ་ཚན་བརྒྱད་ཀྱི་མཚན་བཀོད་དེ། དང་པོ་ལྔ་ཛྙཱནཤྲིའམིཏྲས་མཛད་པ་དང་༌། ལྷག་མ་གསུམ་མཛད་བྱང་མེད་པར་གསལ་འདུག་ཀྱང་༌། རཱཧུལའི་དཔེ་ཐོར་སྐད་ཅིག་འཇིག་པར་གྲུབ་པ་མ་གཏོགས་གཞན་རྣམས་རཏ྄ནཀཱིརྟིས་མཛད་པར་བྱས་འདུག གང་ལྟར་གཞན་སེལ་གྲུབ་པ། སྐད་ཅིག་མ་བརྟག་པ། དབང་ཕྱུག་བརྟག་པ་བཅས་ཀྱི་མིང་ཅན་གྱི་རབ་བྱེད་ཛྙཱནཤྲཱིམིཏྲ་དང་རཏ྄ནཀཱིརྟི་གཉིས་ཀའི་གསུང་དུ་བཞུགས་ཤི༌ང་། ཐམས་ཅད་མཁྱེན་པར་གྲུབ་པ་དང་༌། ནང་གི་ཚད་མ་གྲུབ་པ་གཉིས་ནི་རཏ྄ནཀཱིརྟི་མ་གཏོགས། ཛྙཱནཤྲིའམིཏྲའི་གསུང་དུ་མི་རྙེད་པས་འདིར་འཁོད་པའི་གཞུང་རྣམས་དངོས་དོན་དགེ་ཆོས་ཀྱི་གསུང་ལྟར་ཛྙཱནཤྲིའས་མཛད་པ་ཡིན་ནམ་རཱཧུལས་གསུངས་པ་ལྟར་རཏ྄ནཀཱིརྟིས་མཛད་པ་ཡིན་ཁ་ཚོན་གཅོད་པར་དཀའ། ཁོ་བོར་གཞུང་བཀླགས་པའི་ལོང་མ་བྱུང་ཞིང༌་། དེ་ཙམ་གལ་གནད་ཆེ་བར་ཡང་མ་མཐོང་བས་བཏང་སྙོམས་སུ་བཞག
གང་ལྟར་འདི་རྣམས་བོད་སྐད་དུ་འགྱུར་བ་ནི་གཅིག་ཀྱང་མེད། འདིར་བཀོད་པའི་ལྡན་གྲུབ་ཀྱི་རྒྱུ་དཔྱོད་པ། ཞེས་པ་དེ་རཱཧུལའི་དཔེ་ཐོར་མ་གསལ། གཉིས་མེད་ཀྱི་སེམས་དཔྱོད་པའི་རབ་བྱེད་ཅེས་པ་དེ་རཱཧུལ་གྱི་ཐོར་རཏ྄ནཀཱིརྟིས་མཛད་པ་བྱས་འདུག་ཀྱང་༌། རཏ྄ནཀཱིརྟིའི་གསུང་ཕྲེང་ནང་ནཱནཱདེྭཏཔྲཀཱཤབཱད་སྟེ་སྣ་ཚོགས་གཉིས་མེད་གསལ་བ་ཞེས་པ་ལས་སྣ་ཚོགས་གཉིས་མེད་ཀྱི་སེམས་དཔྱོད་པའི་རབ་བྱེད་ཅེས་པ་ཞིག་མ་བཞུགས། ཡན་ལག་ཅན་མེད་པ་ཡང་རཱཧུལའི་དཔེ་ཐོར་རཏ྄ནཀཱིརྟིས་མཛད་པར་བྱས་འདུག་ཀྱང་༌། རཏ྄ནཀཱིརྟིའི་གསུང་རཏ྄ནཀཱིརྟིའི་གསུང་ཕྲེང་དུ་མི་རྙེད། རཱཧུལའི་དཔེ་ཐོར་རཏ྄ནཀཱིརྟིའི་གསུང་གྲས་སུ། བྱཱཔ྄ཏིནིཏ྄ཡས྄ཐིཏསིདྷིདཱུཥཎསཱམཱན྄ཡནིརཱཀརཎ་ཞེས་འདུག་པ་དགེ་ཆོས་ཀྱི་དཔེ་ཐོར་མི་འདུག
ལར་ནས་པཎྜིཏརཱཧུལསཱཾཀྲིཏ྄ཡཱཡན་ཁོང་སྐུ་ཚེ་གཅིག་གི་ནང་གསུང་རྩོམ་ཧ་ཅང་མང་པོ་བྲིས་ཟིན་པ་གནང་རྒྱུའི་ཐུགས་བསྐྱེད་ཅན་ཞིག་ཡིན་སྟབས་ཁོང་གི་གསུང་རྩོམ་ཕལ་ཆེར་ཧ་ཅང་བྲེལ་སྟབས་སུ་མགྱོགས་བྲིས་བྱས་པ་མང་ཆེ་བས་བརྗོད་དོན་ནོར་བ་དང་༌། འཁྲུགས་པ་སོགས་པཎྜིཏ་མཉམ་པར་མ་བཞག་པའི་གཏམ་དུ་མ་ཞིག་ཡོང་གི་ཡོད་པ་མཐུན་སྣང་དུ་ཡོད། དགེ་ཆོས་མཆོག་ཀྱང་ཐོག་མར་ལེགས་སྦྱར་གྱི་སྐད་གསན་ཡུལ་རཱཧུལ་ཡིན་སྟབས། རིག་གཞུང་གི་ཐོག་འཆད་རྩོམ་གྱི་བྱ་བ་མང་པོ་གནང་རྒྱུའི་ཡིད་བསྐུལ་དང་མཉམ་དུ་བྲེལ་འཚབ་གནང་རྒྱུའི་ཐུགས་གཤིས་ཀྱི་ཤན་ཡང་ཅུང་ཟད་མི་ཐེབས་པའི་ངེས་པ་མེད། དེར་མ་ཟད་སྔོན་གྱི་ལག་བྲིས་མའི་རྒྱ་དཔེ་རྙིང་མ་མང་པོར་ཆད་ལྷག་ཡིག་ནོར་ལྡེབ་འཁྲུགས་ཇི་སྙེད་ཅིག་ཡོང་གི་འདུག་པ། དེང་སང་རེ་ཟུང་ལ་དག་ཞུ་བྱེད་རྒྱུའི་གོ་སྐབས་བྱུང་བ་ན་ཉམས་སྣང་བྱུང་ཞིང༌། ཚུལ་འདི་དག་མཐོང་བའི་ཚེ་རང་རེའི་བོད་ཀྱི་བྲིས་མའི་བཀའ་བསྟན་རྙིང་མ་དེ་རྣམས་ཇི་ཙམ་ངོ་མཚར་ཅན་ཞིག་ཡིན་པ་དང༌་། ལྷག་པར་དཔར་ཤིང་བརྐོས་པའི་ལམ་སྲོལ་དར་བ་ནས་བཟུང་༌། བོད་དཔེ་རྣམས་ཆད་ལྷག་དང་༌། དག་ཆའི་སྐྱོན་སོགས་མེད་པའི་གཞུང་དག་པོ་མི་ཉམས་རྒྱུན་འཛིན་ཡོང་བ་ལ་ཧ་ཅང་གི་ཕན་རླབས་ཆེ་བའི་ཚུལ་འདི་དག་རྒྱལ་ཁབ་གཞན་གྱི་རིག་གཞུང་མཐོང་བ་ན་གཞི་ནས་རང་ཡུལ་གྱི་ཁྱད་ཆོས་དང་༌། རིན་ཐང་གོ་བ་ཞིག་ཡོང་གི་འདུག་སྟེ་ཕྱིས་ཏེ་སྣང་༌།
དེང་སྐབས་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་ནང་པའི་གཞུང་ཕལ་ཆེར་ཡང་མ་དག་རྒྱུན་འབྱམས་ཧ་ཅང་ཆེ་བས་བོད་ཀྱི་འགྱུར་ལ་མ་བརྟེན་པར་ཐད་ཀར་ལེགས་སྦྱར་གྱི་སྐད་དུ་རང་ཐོག་ནས་ཞུ་དག་འདྲོངས་པ་ཞིག་ཀྱང་བྱ་ཐབས་དཀའ་བ་ཞིག་ཡིན་པ་དེང་དུས་ཀྱི་མཁས་པ་བློ་གཟུ་བོར་གནས་པ་ཐམས་ཅད་ལ་གྲགས་ཤིང་གྲུབ་པའི་གནས་ཚུལ་དེ་ལགས་མོད། ད་ལྟ་བོད་མི་གཞོན་སྐྱེས་ཚོས་རང་གི་རིག་གཞུང་ལ་སློབ་སྦྱོང་བྱེད་སྟངས་ཀྱི་ཁ་སྟབས་འདི་ལ་བལྟས་ཚེ་བོད་དང་ལེགས་སྦྱར་གྱི་སྐད་དུ་བཞུགས་པའི་གཞུང་ཆེན་མོར་གྲགས་པའི་པོ་ཏི་མཛོ་ཁལ་ཙམ་པ་དེ་རྣམས་ཡུན་རིང་པོར་མ་ལོན་པར་སྤྲོས་བྲལ་ཆོས་ཀློང་དུ་ཐིམ་པའམ། ཡང་ན་འགྲེམས་སྟོན་ཁང་དག་གི་བང་ཁྲི་མཛེས་བྱེད་ཙམ་དུ་བྱས་པར་འགྱུར་བར་གདོན་མི་ཟ་བར་སྣང་བས། ཀྱེ་མ་འོ་ཅག་ཡང་ན་ལོ་ལྔ་བཅུ་ཙམ་སྐྱེས་སྔ་བ་དང་༌། ཡང་ན་ནི་ལོ་ལྔ་བཅུ་ཙམ་སྐྱེས་ཕྱིས་པར་བྱུང་འདུག་མོད། ལས་དབང་བཙན་པ་ལྡོག་ཏུ་མ་མཆིས་པས་ཅི་བྱ།
“ཀྲྀཡཱསམུཙྪཡགྲུབ་ཆེན་དརྤཎས་མཛད་པ”ཞེས་འཁོད་པ་འདི་རཱཧུལའི་དཔེ་ཐོར་མཇུག་གིས་མཛད་པ་ཞེས་འཁོད་འདུག ཀལཱཔའི་རྣམ་དབྱེ་ཏི་དང་སི་སོགས་ཀྱི་འགྲེལ་པ་སློབ་དཔོན་འཇམ་གྲགས་ཀྱིས་མཛད་པ་བཞུགས་ཞེས་ནང་མོ་གསུང་བྱ་བའི་ཁ་བྱང་ཅན་པོད་ཆུང་གཅིག[17]ཅེས་པ་འདིར་རཱཧུ་ལའི་དཔེ་ཐོར་མཛད་པ་པོ་འཇམ་གྲགས་ཀྱི་ཚབ་ཏུ་ཨུཏ྄སབཀཱིརྟི་སྟེ་དགའ་སྟོན་གྲགས་ཞེས་བྲིས་འདུག་པས་དཔྱད་པར་བྱ། ཡང་རཱཧུལའི་དཔེ་ཐོ་འདི་གའི་མཇུག་ཏུ་ཏྲིལིངྒཔྲཀརཎ་རྟགས་གསུམ་གྱི་རབ་བྱེད་འཇམ་དཔལ་མཉ྄ཛུཡིས་མཛད་པ་འཁོད་འདུག་པ་དེ་དགེ་ཆོས་ཀྱི་ཐོར་མི་གསལ་བས་ཕལ་ཆེར་དཔེ་ཚན་འདི་གཉིས་ཀ་གླེགས་བམ་གཅིག་གི་ནང་དུ་བཞུགས་སམ་སྙམ། རཱཧུལའི་དཔེ་ཐོར་མེད་པ་དགེ་ཆོས་ཀྱི་ཐོ་ནང་ཡོད་པའི་དཔེ་གཤམ་གསལ།
ཞ་ལུ་དགོན་དུ།
ཁམས་ལེ་དྲི་མེད་འོད་སྤུས་ལེགས་ཆ་ཚང་ལྡེབས་ཞེ་དྲུག
འབུམ་དུམ་བུ་ལེའུ་བཅུ་གཉིས་ནས་བཅུ་དྲུག་བར་སྤུས་ལེགས།
བརྒྱད་སྟོང་པོད་ཆེན་གཅིག་སྤུས་ལེགས།
ཏྲིལོཙན།
དབང་ཕྱུག་རྣམ་པར་བརྟག་པ་ཛྙཱནཤྲིའམིཏྲ།
ལྡན་གྲུབ་རྒྱུ་དཔྱོད་པ།༧༢
བཛྲབཻརབྷ་རྡོ་རྗེ་འཇིགས་བྱེད།
གདན་བཞིའི་སྒྲུབ་ཐབས།
གྲྭ་ལྔ་ལ་སོགས་པའི་གཟུགས་སྣ་ཚོགས་པོད་ཆེན་གཅིག་སྤུས་ལེགས།
སེངྒེ་བཟང་པོའི་རྒྱུད་འགྲེལ་མ་ཚང་བ།
ཉན་ས་དང་རང་སངས་རྒྱས་ཀྱི་ས་མགོ་མཇུག་མ་ཚང་བ།
སམ྄པུཊ།
ཉན་ས་དང་བྱང་ས།
རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཙཱཎཀྱ།
བརྟག་གཉིས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ།
གསང་འདུས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལཱིལཱབཛྲ།
ནག་པོ་བའི་རྡོ་རྗེའི་གླུ།
འཕགས་པ་གཉིས་མེད་མཉམ་ཉིད་རྟོག་པ་ཉེར་གཉིས་ཅན།
ངོར་དགོན་དུ།
སྒྲུབ་ཐབས་མཚོ་སྐྱེས་ཀྱི་འགྲེལ་པ།
བརྟག་གཉིས་རྡོ་རྗེ་སྙིང་འགྲེལ།
ཀྱེ་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ཉིད་བྱུང་བ།
སྤྱོད་འཇུག་ཤེར་ལེའི་འགྲེལ་པ་ཤེར་འབྱུང་བློ་གྲོས་ཀྱིས་མཛད་པ།
ཆོས་ཀྱི་བདུད་རྩིའི་ཚིགས་བཅད་གཞུང་ཚད་ལྔ་བརྒྱ་པ།
ཆོས་མཆོག་ཆུང་བ།
རྩོད་རིག་ཚར་གཉིས།
ཀུན་གླིང་དཔེ་མཛོད་དུ།
འཇམ་དཔལ་མཚན་བརྗོད།
དགེ་ཆོས་ཀྱི་དཔེ་ཐོར་མེད་པ་རཱཧུལའི་ཐོར་ཡོད་པ་གཤམ་གསལ།
ཞ་ལུ་དགོན་དུ་དཔེ་གྲངས༤༦༧༣
ངོར་དགོན་དུ་དཔེ་གྲངས༡༠༦
ས་སྐྱ་སྒོ་རུམ་ལྷ་ཁང་དུ་དཔེ་གྲངས༥
ས་སྐྱ་ལྷ་ཁང་ཆེན་མོར་དཔེ་གྲངས༡༤
ལྷ་ས་ཀུན་གླིང་བླ་བྲང་དུ་དཔེ་གྲངས༡
རྒྱལ་རྩེ་སྤོས་ཁང་དགོན་པར་དཔེ་གྲངས༡
བཅས་ཁྱོན་དཔེ་ཚན་བརྒྱ་དང་དོན་གསུམ་སྐོར་ཁྱད་པར་ཡོང་གི་འདུག་པ་དགེ་ཆོས་ཤིང་ཁྱི༡༩༣༤ས་སྟག༡༩༣༨བཅས་རཱཧུལ་བོད་དུ་ཕེབས་ཐེངས་གཉིས་པ་དང་༌། བཞི་པ་ལ་མཉམ་དུ་ཡོད་འདུག་ཀྱང་མེ་བྱི་ལོར༡༩༣༦རཱཧུལ་བོད་དུ་ཕེབས་ཐེངས་གསུམ་པའི་སྐབས་དགེ་ཆོས་ལྷན་དུ་མེད་པས་དེ་སྐབས་རྙེད་པའི་དཔེ་ཐོ་རྣམས་འདིར་མ་ཚུད་པ་ཡིན་ནམ། ཡང་ན་དུས་དེའི་མཁས་པ་སྟག་སེང་འདྲ་བའི་དབར་དཔེ་མཁྱུད་ལྟ་བུའང་བྱུང་ཡོད་པ་སྲིད་དམ་སྙམ།
དགེ་ཆོས་ཀྱི་དཔེ་ཐོར་ཡོད་པ་རཱཧུལའི་དཔེ་ཐོར་མེད་པ་དེ་གྲས་འགའ་ཤས་བོད་ཡིག་ཏུ་བྲིས་པའི་ལེགས་སྦྱར་གྱི་དཔེ་ཡིན་པའང་སྲིད། དེ་མཐའ་གཅིག་ཏུ་ཁ་ཚོན་བཅད་དཀའ། གང་ལྟར་ཡང་ཁོ་བོའི་དཔྱད་ཞིབ་འདི་དག་ནི་ནམ་མཁའི་པདྨོའི་ཁ་དོག་ལ་རྟོགས་པ་དང་འདྲ་བར་སྣང་སྟེ། རིན་ཐང་བྲལ་བའི་རྒྱ་དཔེ་དེ་དག་གཟུངས་དང༌། ཏིང་ངེ་འཛིན་ལ་མངའ་དབང་འབྱོར་བའི་འཕགས་པ་རྣམས་ཀྱི་ཐུགས་སུ་ནི་ཡོད་མཆི། དེ་མིན་ཚུ་རོལ་མཐོང་བ་རྣམས་ཀྱི་དབང་པོའི་ཡུལ་དུ་གྱུར་པ་ཞིག་ནི་ད་གཟོད་རྙེད་པའི་རེ་བ་ཆེས་ཕྲའོ། ། དེ་ལྟར་སྲིད་འདིར་རྙེད་དཀའི་རིན་ཐང་བྲལ་བའི་དཔེ་དེ་རྣམས་རང་ལག་ཏུ་ཡོད་དུས་ནི་སུས་ཀྱང་གལ་གནད་ཡོད་པ་མ་ཤེས་ལ། བདག་གཅེས་དང་༌། དཔར་འདེབས་སོགས་བྱ་རྒྱུ་ནི་དྲན་ཡུལ་དུའང་མ་བྱུང་༌། ད་ཆ་ཤུལ་མེད་དུ་གྱུར་ཟིན་དུས་དཀར་ཆག་ཐོ་ཡིག་ཙམ་ལའང་གཙིགས་སུ་བཟུང་སྟེ་ནན་ཏན་དུ་བྱ་བ་འདི་རྗེ་མི་ལས། “དམ་ཆོས་ཡོད་དུས་ཞབས་ཏོག་མེད། །ཞབས་ཏོག་སླེབས་དུས་ཐིག་པས་བརྡུངས། །གཉིས་ཀ་འཛོམས་རུང་སྙིང་པོ་མེད། །བུ་ངས་སྙིང་པོའི་ལྷ་ཆོས་བྱེད། །”[18]ཅེས་གསུངས་པའི་ཚུལ་ཉིད་དུ་བྱུང་སྣང་བས་འདི་ཡང་འཁོར་བའི་གཤིས་ལུགས་ཀྱི་རང་མཚང་གསལ་བྱེད་དུ་སྣང་ངོ༌་། །
གཏམ་རྒྱུད་གསེར་ཐང་གི་དཔེ་འདིའི་ནང་ལེགས་སྦྱར༧༤གྱི་སྐད་ཚང་མར་ཙཏུརཱངྒབཛྲཨམྲྀཏ། ཤིཀྵཱསམུཙྪཡ། ལྟ་བུ་ཅ་སྡེའི་ཡིག་འབྲུ་ཚང་མར་བོད་ལུགས་ཙ་སྡེ་རང་དུ་བྲིས་འདུག་པ་འདི་བཞིན་དགེ་ཆོས་རང་ཉིད་ཀྱི་བཞེད་པ་ག་ལ་ཡིན་ཡང༌། ཡོངས་གྲགས་བོད་ཀྱི་འབྲི་སྲོལ་ལ་མཐུན་འཇུག་ཙམ་དུ་མཛད་པ་ཡིན་ནམ་བརྟག་པར་བྱ་བའི་གནས་སུ་འདུག
གཏམ་རྒྱུད་གསེར་ཐང་གི་སྡེ་ཚན་དང་པོ་འདི་བཞིན་སིངྒལར་བཞུགས་དུས་བོད་དབུས་སམ་ཨ་མདོ་གང་རུང་དུ་དགེ་ཆོས་རང་ཉིད་ཀྱི་མཛའ་གྲོགས་ཤིག་ལ་རེ་འཁང་ཆེན་པོ་དང་བཅས་བསྐུར་གནང་འདུག་ཀྱང་འབུལ་ཡུལ་གྱི་མཛའ་གྲོགས་དེ་སུ་ཡིན་མ་ངེས་ཤིང་༌། ད་ལྟའི་དཔེ་འདིའི་རྙེད་ཁུངས་སྐུ་ངོ་ངག་དབང་དོན་གྲུབ་ལའང་ཐུགས་རྒྱུས་མི་འདུག གང་ལྟར་མཁས་པ་ཞིག་ནི་ཡིན་ཚོད་དུ་སྣང་སྟེ། ཡི་གེ་མ་དག་པ་རྣམས་ལ་ཞུས་དག་དང་༌། དོན་ལ་མི་གནོད་པའི་ཚིག་སྦྱོར་བཅོས་པ་སོགས་ཀྱང་གནང་རྒྱུའི་མངགས་གཏམ་ཞུས་འདུག ངེད་ཀྱི་དཔེ་ཆུང་འདི་ད་ནས་ཁྱོད་ལ་བཅོལ་བ་ཡིན་པས་སྐྱེས་མ་ཐག་ཏུ་མི་ཤི་བ་ཞིག་མགོན་སྐྱབས་ཅིས་ཀྱང་མཛད་རྒྱུའི་བཀའ་དྲིན་སྐྱོང་བར་ཞུ། ཞེས་གདུང་ཡུས་ཆེན་པོ་མཛད་འདུག་པ་ལྟར་སྐྱེས་མ་ཐག་ཏུ་མ་ཤི་ཡང༌། ད་བར་འཚར་ལོང་མ་བྱུང་བར་ལོ་གྲངས་བཞི་བཅུའི་སྐོར་བྱིས་པའི་གཉིད་ཐུན་གཅིག་ཏུ་ལུས་འདུག་པ་ད་ལམ་དཔར་གྱི་འདུ་བྱེད་ཀྱི་བྱིས་འདྲུད་འཁོར་ལོའི་ནང་དྲངས་ཐུབ་ཙམ་བྱུང་བའང་གློ་བ་དགའ། འབུལ་ཡུལ་དེ་རྙིང་མའི་མཁས་པ་ཞིག་ཡིན་པར་ངེས་ཏེ། ཕྱོགས་དེར་རང་བསྟན་སྔ་འགྱུར་གྱི་བཀའ་སྲོལ་བྱེ་ཚན་སྟེང་གི་མར་བཞིན་དུ་གནས་པ་ལ་ཉིད་ལྟ་བུ་རེ་དཔལ་མགོན་དུ་བཞུགས་པས་ཅི་ལྟར་བས་ཀྱང་ཞེ་ཕུགས་ཙམ་དྲོ་བ་ལགས། ཞེས་གསུངས་པ་འདིས་གསལ་ལོ། །
ད་དུང་ཡང་གཟུར་གནས་དོན་གཉེར་ཅན་རྣམས་ཀྱིས་འདིའི་སྡེ་ཚན་ལྷག་མ་རྣམས་རྙེད་སོན་འབྱུང་ཐབས་ལ་འབད་པ་ཅིས་ཀྱང་མཛད་པར་ཞུ་ཞེས་ཁོ་བོ་ནི་དེ་སྐད་ཐལ་མོ་སྦྱར་བ་ལགས་སོ། །
སླར་སྨྲས་པ།
དགེ་ལེགས་ཀུན་འབྱུང་སྣ་ཚོགས་རིག་གཞུང་ལ། །
འདུན་པ་བཟང་པོས་རྟག་ཏུ་བརྩོན་པ་ལས། །
ཆོས་དང་ཆོས་མིན་འབྱེད་པའི་བློ་གྲོས་ཀྱི། །
འཕེལ་བ་རྫོགས་པའི་སྐྱེས་བུ་དེ་ལ་བསྔགས། །
གངས་རིའི་མུ་ཁྱུད་མཛེས་པའི་སྨན་ལྗོངས་སུ། །
མཁས་གྲུབ་པུཎྜརཱིཀའི་མཚར་སྡུག་འབུམ། །
བཀྲ་བའི་སྔོན་མེད་ཉེ་བའི་ནགས་ཀླུང་ཞིག །
འཛམ་གླིང་འཛིན་མའི་ཏོག་ཏུ་མཛེས་ཞེས་གྲགས། །
ཆེར་སྙིགས་དུས་ཀྱི་རྒུད་པའི་གྲང་རེག་གིས། །
ཞི་བདེའི་སྟོན་གྱི་དཔལ་ཡོན་བཅོམ་པ་ན། །
ལོ་པཎ་པད་མའི་ཚལ་ཆེན་རྙིང་གྱུར་ཚེ། །
དུས་མིན་མེ་ཏོག་གཅིག་ཅིག་བཀྲ་བར་གྱུར། །
ཆེ་རྒུའི་ཅོད་པཎ་མཛེས་པའི་དབུ་རྒྱན་དུ། །
མ་མཆོད་དུས་ཀྱིས་ནོངས་པའི་འདབ་བརྒྱ་པ། །
རང་གཤིས་ཡོན་ཏན་མཆོག་གི་བསུང་ཞིམ་པོ། །
དྲེགས་ལྡན་བླུན་པོས་བརྙས་ཀྱང་ག་ལ་དོར། །
རང་སྡེའི་རིགས་ལ་ཞེན་པའི་ལྷག་བསམ་སྐྱེ་བ་ལྔ་པའི་མདངས་གསལ་ཞིང༌། །
རང་བྱུང་ལེགས་བཤད་ཆེས་སྙན་སྒྲ་དབྱངས་རྨོངས་རིམ་སེལ་བའི་གསོས་སུ་སྒྲོག །
རང་དོན་དོར་བའི་དྲང་པོའི་གཤིས་ཀྱི་གཡས་འཁྱིལ་རི་མོ་ལེགས་བཀྲ་ཡང༌། །
རང་འདོད་ཅན་གྱི་སྐྱེ་བོས་བརྙས་ལ་གདུང་བས་ཡུས་པ་ཐུགས་བདེན་མོད། །
སྔོན་སོང་སྔོན་རབས་བསྐལ་པ་བཟང་དུས་ཀྱང༌་། །
མཁས་རྣམས་མཁས་པས་མཆོད་ཀྱི་བླུན་པོས་མིན། །
དམ་པ་དམ་པའི་རང་བཞིན་མི་འདོར་བས། །
ནམ་ཞིག་ནམ་ཕུགས་གསལ་བའི་དུས་ཤིག་འོང་༌། །
ཆེན་པོའི་ལུང་དང་གསེར་གྱི་མཎྜལ་བཅས། །
བསྐུལ་བའི་སྐྱེས་བུ་མེད་པ་སྟབས་རེ་ལེགས། །
ཅི་སྟེ་ཡོད་ན་དེ་ཚོའི་གཡར་ངོའི་མདུན། །
བདེན་གཏམ་ཟོལ་མེད་སྨྲ་བའང་དཀའ་ཙམ་ཡོང་༌། །
ལྐུགས་པའི་འཛུམ་དང་ཕྱུག་པོའི་ལེགས་སོ་ལ། །
རེ་བའི་རྨི་ལམ་ཁྱོད་ལ་མེད་མོད་ཀྱི། །
གཡམ་རྒྱུགས་སྐྱེན་པའི་དུས་འདིར་ཁྱོད་མཚན་ལ། །
བསྔགས་པའི་བྱེད་པོ་གྲལ་རིམ་གཉིས་དེར་མང་༌། །
བདག་ལྟ་ཐོས་བརྩོན་ཤེས་རབ་མི་ལྡན་ཡང་༌། །
ཁྱོད་ཀྱི་ལེགས་བཤད་སྙིང་སྒོར་ཞུགས་པས་འཚེངས། །
ཕན་པའི་ལམ་མཚོན་གསུང་གིས་ཕན་བཏགས་པའི། །
མ་མཐོང་གྲོགས་མང་འབད་པ་འབྲས་བཅས་ལགས། །
ཞེས་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ཞེས་བྱ་བ་དཔར་སྐྲུན་བྱེད་སྐབས་གླེང་བསླང་བའི་ཚུལ་ཅུང་ཟད་བརྗོད་པ་འདིའང་ཤཱཀྱའི་དགེ་སློང་ཟམ་གདོང་པ་བློ་བཟང་བསྟན་འཛིན་དུ་འབོད་པས་གཡར་ཁྲལ་ཙམ་དུ་བྲིས་པའི་ཡི་གེ་པ་ནི་བློ་གྲོས་དང་ལྡན་པ་བློ་བཟང་ནོར་བུ་ཤཱསྣྟིའའོ། །ཕྱི་ལོ༡༩༨༦ལོར།
དཔྱད་ཡིག
[1] ༧གོང་ས་སྐུ་ཕྲེང་བཅུ་བཞི་པ། དགེ་ཆོས་ཀྱི་ལོ་རྒྱུས་བཀྲས་མཐོང་ཐུབ་བསྟན་གྱིས་བརྩམས་པ། དྷ་སའི་དཔར་མ། ཤོག་གྲངས་ ༣
[2] མདོ་སྡེ་རྒྱན་ལེའུ་བཅིུག་པ། ཤོ་ལོ་ཀ་ ༤༠
[3] སྤྱོད་འཇུག་ལེའུ་ལྔ་པ། ཤོ་ལོ་ཀ་ ༡༠༠
[4] ཏཱརནཱཐའི་ཆོས་འབྱུང༌། སཱར་ནཱཐའི་དཔར་མ། ཤོག་གྲངས་ ༡༦༥
[5] ཚད་མ་རྣམ་འགྲེལ་ལེའུ་དང་པོ། ཤོ་ལོ་ཀ་ ༢
[6] སྤྱོད་འཇུག་ལེའུ་བཅུ་པ། ཤོ་ལོ་ཀ་ ༤༦
[7] ས་སྐྱ་ལེགས་བཤད་རབ་བྱེད་བཞི་པ། ཤོ་ལོ་ཀ་ ༡༥
[8] སྙན་ངག་མེ་ལོང་ལེའུ་དང་པོ། ཤོ་ལོ་ཀ་ ༥
[9] བིཧཱར་དང་ཨོརིསའི་ཉམས་ཞིབ་ཚོགས་པའི་དུས་དེབ། Vol. XXI ༡༩༣༥ ཤོག་གྲངས་ ༢༢
[10] གཏམ་རྒྱུད་གསེར་ཐང༌། ཤོག་གྲངས་ ༡༥
[11] གཏམ་རྒྱུད་གསེར་ཐང༌། ཤོག་གྲངས་ ༡༥
[12] གཏམ་རྒྱུད་གསེར་ཐང༌། ཤོག་གྲངས་ ༡༦
[13] གཏམ་རྒྱུད་གསེར་ཐང༌། ཤོག་གྲངས་ ༡༦
[14] གཏམ་རྒྱུད་གསེར་ཐང༌། ཤོག་གྲངས་ ༡༦
[15] གཏམ་རྒྱུད་གསེར་ཐང༌། ཤོག་གྲངས་ ༡༦
[16] གཏམ་རྒྱུད་གསེར་ཐང༌། ཤོག་གྲངས་ ༡༧
[17] གཏམ་རྒྱུད་གསེར་ཐང༌། ཤོག་གྲངས་ ༢༦
[18] རྗེ་མི་ལའི་རྣམ་ཐར། འབྲས་སྤྱི་བློན་ཆེན་ཡིག་ཚང་ནས་དཔར་པ། ཤོག་གྲངས་ ༢༤༡༧༨
– – – – –