སྟག་ལོའི་རྗེ་བསྟོད་འགྱོད་ཚངས་མིན་པའི་ཁུངས་བཀྲལ་པ།

1
1077

གླེང་བསླངས་ཏེ་མཚམས་སྦྱར་བ།

རང་རེའི་ལོ་རྒྱུས་ཐོག་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་ལྟ་བའི་ལེགས་བཤད་ཆེན་པོ་ལྔ་བརྩམས། ཐུན་མོང་མ་ཡིན་པའི་དབུ་མའི་ལྟ་གྲུབ་ཀྱི་རང་ལུགས་བཞག  དེ་ལ་ཕྱིས་ཀྱི་མཁས་པ་གོ་ཤཱཀ་སྟག་གསུམ་ཀྱིས་དགག་སྒྲུབ་དྲག་པོ་མཛད། དེ་ལས་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་རྗེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ཆེ་ཆེར་བསྔགས་པ《དད་པའི་པདྨོ་རྒྱས་པའི་བསྟོད་ཚིག་ཉི་མ》བརྩམས། ཡང《གྲུབ་མཐའ་ཀུན་ཤེས》སུ་རྗེ་ཙོང་ཁ་བ་ལ་འགལ་བའི་ཁུར་ཆེན་བཅོ་བརྒྱད་བགྲངས། རྗེའི་རང་ལུགས་ལ་དགག་པ་ཆེ་ཆེར་བརྩམས་སོ།།

ཕྱིས་སུ་རང་རེའི་ཡི་གེ་བའི་ཁྲོད་དུ་བསྟོད་རྩོམ་འདི་ལ་སྟག་ཚང་ལོ་ཙཱ་བའི་འགྱོད་ཚངས་སྙན་ངག་ཅེས་གྲགས་མོད། ཁོ་བོ་སྔོན་ནས་བཟུང་བཤད་ཚུལ་འདི་ལ་དོགས་པ་བྱུང་། ཉེ་ཆར་སྟག་ལོའི་གསུང་འབུམ་ལས་རྗེ་བསྟོད་རང་ལ་མཇལ་བ་ན་དོགས་པ་ཆེ་རུ་སོང་། རྒྱུ་མཚན། བསྟོད་པ་དེའི་མཚན་གྱི་དོན་དང་མཇུག་གི་གཏམ། བར་གྱི་ངག་གང་དུ་ཡང་འགྱོད་ཚངས་ཡིན་པའི་གསལ་ཁ་མ་མཐོང་། དེའི་ཕྱིར། བསྟོད་པ་དེ་ཉིད་དོན་དུ་འགྱོད་ཚངས་ཀྱི་ཚུལ་དུ་བརྩམས་ཡོད་མེད་ལ་བསམ་གཞིག་གཉིས་པ་ཞིག་མི་བྱེད་ཀ་མེད་དུ་གྱུར།

ཁོ་བོ་དོན་དངོས་ཤེས་འདོད་ཀྱིས་རབ་ཏུ་གདུང་སྟེ། སྟག་ལོའི་གསུང་འབུམ་སྤྱི་དང་། སྒོས་རང་རྣམ་ཁ་སྐོང་དང་བཅས་ལ་ཞིབ་ཏུ་དཔྱད་པ་ན། ཁོ་བོའི་ཐེ་ཚོམ་གྱི་མུན་པ་རྩད་ནས་སངས། ཤེས་རྟོགས་ཉི་མ་ཤར་བ་ལྟ་བུ་ཞིག་བྱུང་།  ད་ནི་གཤམ་དུ་རང་རེའི་ཡི་གེ་བ་རྣམས་ལ་གཏམ་གྱི་མཆོག་དགྲམ་པར་བྱའོ།།

རྗེ་བསྟོད་འགྱོད་ཚངས་མིན་པའི་བདེན་དཔང་དངོས།

ཁོ་བོས་ཐོག་དང་པོ་རྗེ་བསྟོད་རང་ལ་དོ་སྣང་བྱས། དེ་ལྟ་ནའང་། བསྟོད་པ་དེའི་མཚན་བྱང་རང་ན《རྗེ་བཙུན་བློ་བཟང་གྲགས་པའི་ངང་ཚུལ་ཅུང་ཟད་བརྗོད་པ་བཞུགས་སོ》 ཞེས་དང་། མཛད་བྱང་དུ“ གངས་རིའི་ཁྲོད་འདིར་ཕྱིས་ཀྱི་བསྟན་འཛིན་ཆེན་པོ་འགྲན་ཟླ་དང་བྲལ་བ་བློ་བཟང་གྲགས་པའི་དཔལ་གྱི་ངང་ཚུལ་མདོ་ཙམ་དུ་བརྗོད་པ། དད་པའི་པད་མོ་རྒྱས་པར་བྱེད་པའི་བསྟོད་ཚིག་གི་ཉི་མ་ཞེས་བྱ་བ།” ཞེས་པ་ལས་གཞན་འགྱོད་ཚངས་ཡིན་པའི་ཚིག་དོན་གཉིས་ཀ་མ་དམིགས་སོ།།

གལ་ཆེ་བ་ནི། རྗེ་འགོག《གྲུབ་མཐའ་ཀུན་ཤེས》དང་། རྗེ་བསྟོད《ཚིག་གི་ཉི་མ》གཉིས་ཀྱི་རྩོམ་དུས་སྔ་ཕྱི་ལ་དོ་སྣང་ཆེན་པོ་བྱས།  རང་རྣམ་ལ་ཞིབ་ལྟ་མང་ཙམ་བྱས་པ་ན། གསུང་རྩོམ་དེ་གཉིས་ལས་རྗེ་བསྟོད་རྩོམ་སྔ་བ་ཤིན་ཏུ་གསལ་བོར་རྟོགས། རྒྱུ་མཚན་སྟག་ལོའི་གསུང་རྩོམ་དག་གི་སྔ་ཕྱིའི་གོ་རིམ་དང་དཀར་ཆག་ཁོང་ཉིད་ཀྱིས་བྱས་པ་འདི་ལྟར།  རང་རྣམ་ལས། “བྱང་གི་རི་ཁྲོད་སོགས་སུ་དལ་མེད་བྱས་པ་སྔར་གྲུབ་པའི་དཀར་ཆག་ནི” ཞེས་པ་ནས། “འོད་ཟེར་ཅན་སོགས་ལ་མང་པོ་ཡོད་པ་ཐོར་བུར་བསྡུས་པ། སྤོ་ཏི་ཆེན་པོར་ལོངས་པ་ན་གསལ”① ཞེས་པའི་བར་དུ། གསུང་རྩོམ་མང་པོ་ཞིག་དཀར་ཆག་ཏུ་བཀོད་པའི་ཁྲོད་ན་རྗེ་ཙོང་ཁ་བའི་བསྟོད་པ་ཡང་འཁོད་འདུག  དེ་དག་ནི། རང་རྣམ་དུ“སྔར་གྲུབ་པའི་དཀར་ཆག་ནི”ཞེས་བྱུང་བ་བཞིན། ཁོང་གི་གསུང་རྩོམ་སྔ་བའི་སྐོར་ཡིན། གོང་གི་རང་རྣམ་གྱི་ཚིག“ཐོར་བུར་བསྡུས་པ། སྤོ་ཏི་ཆེན་པོར་ལོངས་པ་ན་གསལ།” ཞེས་པའི་འཕྲོ་དེ་མ་ཐག་ཏུ། “དེ་རྗེས་བསྟན་པའི་རྩ་བ་ལེགས་གསུང་འདུལ་བའི་སྐོར་ལ།” ཞེས་པ་ནས། “མདོ་སྔགས་ཕྱི་ནང་ཀུན་གྱི་དོན་བསྡུས་པ། གྲུབ་མཐའ་ཀུན་ཤེས་རྩ་འགྲེལ་ནི་ལེགས་པར་གྲུབ་ལ།”② ཞེས་པའི་བར་གསུང་རྩོམ་ཕྱི་མའི་སྐོར་བྱས་ནས་དཀར་ཆག་བྱས་འདུག   རང་རྣམ་དུ“སྔར་གྲུབ་པའི་དཀར་ཆག་ནི” ཞེས་པའི་ཚིག་འདི་དང་། “དེ་རྗེས”ཞེས་པའི་ཚིག་འདི་གཉིས་ཀྱིས་གསུང་རྩོམ་དག་གི་རྩོམ་དུས་སྔ་ཕྱིའི་དབྱེ་མཚམས་ཤིན་ཏུ་གསལ་བོ་བྱས། རང་རྣམ་དུ་བྱུང་བའི་དཀར་ཆག་དེ་དང་། གསུང་རྩོམ་སོ་སོའི་མཛད་བྱང་གི་ལོ་ཚིགས་ལ་བལྟས་ན། གསུང་ཐོར་བུའི་སྐོར་ཕལ་ཆེ་བ་སྐུ་ཚེའི་སྟོད་དུ་བརྩམས། གཞུང་ཆེན་གྱི་གསུང་རྩོམ་ཁག་དགུང་གྲངས་ལྔ་བཅུ་ཡས་མས་བརྒལ་ཕྱིན་བརྩམས་འདུག སྒོས《གྲུབ་མཐའ་ཀུན་ཤེས》ནི། དགུང་གྲངས་ང་དགུ་བ། བོད་རབ་བྱུང་བརྒྱད་པའི་ཆུ་མོ་བྱ། བགྲང་བྱ་བདུན་པ། ཕྱི་ལོ1463ལོར་བརྩམས་པ་གཞུང་གི་མཛད་བྱང་རང་དུ་གསལ་བས། སྐུ་ཚེའི་སྨད་ཀྱི་གསུང་རྩོམ་དུ་གྲུབ་བོ།།

རང་རྣམ་འདི་ནི་ཁོང་དགུང་ལོ་རེ་དྲུག་པ། བོད་རབ་བྱུང་བརྒྱད་པའི་ལྕགས་ཕོ་སྟག བགྲང་བྱ་ཉེར་བཞི་བ། ཕྱི་ལོ་1470ལོར་བརྩམས་པ་རང་རྣམ་གྱི་མཇུག་བྱང་རང་དུ་གསལ། དེའི་ཡན་གྱི་སྐུ་ཚེའི་ནང་རྗེ་བསྟོད་གཅིག་ལས་མ་མཛད་པ་དང་། དེ་ཡང་རྗེ་འགོག་གྲུབ་མཐའ་ཀུན་ཤེས་ལས་གསུང་རྩོམ་སྔ་བའི་གྲས་ཡིན་པ་ཁོང་རང་གིས་གསལ་ཁ་བྱས། གལ་ཏེ་རྗེ་བསྟོད་གཉིས་པ་ཞིག་ཡོད་མི་ཆོག་གམ་ཞེ་ན། རང་རྣམ་ཁ་སྐོང་དང་བཅས་པ་དང་། གཞན་དཔལ་བརྩེགས་ཞིབ་འཇུག་ཁང་གིས་སྟག་ལོའི་གསུང་རྩོམ་འཚོལ་སྡུད་མ་ཐུབ་པའི་ཆོས་ཚན་220ཙམ་གྱི་མཚན་ཐོ་བཀོད་པ་སོགས་སུ་ཚིག་ཟུར་ཙམ་ཡང་མ་བྱུང་ངོ་།།

དེས་ན།  སྟག་ལོའི་རྗེ་བསྟོད་འགྱོད་ཚངས་ཀྱི་ཚུལ་དུ་བརྩམས་ཡོད་མེད་དེ། རྗེ་བསྟོད་《ཚིག་གི་ཉི་མ》དང་། རྗེ་འགོག་《གྲུབ་མཐའ་ཀུན་ཤེས》གཉིས་ཀྱི་རྩོམ་དུས་སྔ་ཕྱི་འདི་གཅིག་པུས་ཀྱང་། གཟུ་བོར་གནས་ཤིང་། བདེན་པ་ཁས་ལེན་པའི་བློ་ལྡན་ཀུན་གྱིས་སྐད་ཅིག་ཉིད་ལ་ཁོང་དུ་ཆུད་པར་འགྱུར་རོ།།

ཞར་ལ་སྟག་ལོའི་འདས་ལོ་ཁ་གསལ་ཁུངས་བཙན།

རང་རེའི་ཕྱིས་ཀྱི་རྩོམ་ཡིག་མི་ཉུང་བ་ན། ཁོང་གི་འདས་ལོ་མ་རྙེད་དང་། མི་གསལ་སོགས་མང་དུ་སྣང་། འོན་ཀྱང་། ཐོས་པའི་སྤྱན་ཟུང་རིང་ས་ནས་ཞིབ་སར་སྐོར་ཐུབ་ན། ཁོང་གི་འདས་ལོ་ནི་ཤིན་ཏུ་གསལ་ཞིང་། ཁུངས་བཙུན་པ་ཡོད། རྣམ་ཐར་ཁ་སྐོང《ཡིད་ཆེས་གསེར་གྱི་ལྗོན་པ》རུ། “མེ་མོ་བྱ་ལོའི་ཟླ་བདུན་པ་ནས་དགུ་པའི་བར་རྒྱལ་བུ་ལྷུན་གྲུབ་བཀྲ་ཤིས་དང་ཐར་གླིང་གི་དགེ་འདུན་ཁྱིམ་བདག་སོགས་གདུལ་བྱ་བགྲང་བར་ཡས་པ་ལ་རྒྱུད་སྡེ་འོག་མའི་དབང་བཀའ་དང་།” ཞེས་པ་ནས། ལོ་དེའི“ཧོར་ལུགས་ཀྱི་ཟླ་བ་བཅུ་བའི་ཚེས་བདུན་ཙམ་ནས་སྐུ་ན་སྙུན་མངའ་བའི་ཚུལ་བསྟན།” ཅེས་དང་། “ཇོ་བོ་ཨ་ཏི་ཤ་ཡང་ཚེས་ཉི་ཤུ་ལ་ཐུགས་དམ་གྲོལ་བའི་ཚུལ་བསྟན་པའི་དུས་ཁྱད་པར་ཅན་ལ་དགོང་པ་གཏད་དེ་གུང་ཚིགས་ཀྱི་གཎྜི་མི་ཡོང་ཙམ་ལ་གཟུགས་སྐུའི་སྣང་བརྙན་ཆོས་སྐུར་ཐིམ་པའི་ཚུལ་བསྟན།”③ཅེས་བྱུང་བ་བཞིན། དགུང་གྲངས་དོན་གསུམ་པ། བོད་རབ་བྱུང་བརྒྱད་པའི་མེ་མོ་བྱ། བགྲང་བྱ་སོ་གཅིག་པ། ཕྱི་ལོ1477ལོའི་ཧོར་ཟླ་བཅུ་བའི་ཚེས་ཉི་ཤུའི་ཉིན་སྐུ་མྱ་ངན་ལས་འདས་པ་ཤིན་ཏུ་གསལ་ལོ།། འཁྲུངས་ལོ་བོད་རབ་བྱུང་བདུན་པའི་ཤིང་མོ་བྱ། བགྲང་བྱ་བཅུ་དགུ་བ། ཕྱི་ལོ1405ལོའི་ཧོར་ཟླ་བཞི་བའི་ཚེས་གསུམ་ཡིན། ཁོ་བོའི་འདི་ནི་ཁོང་གི་རྣམ་ཐར་ཁག་ལ་དཔྱད་ཁུལ་བགྱིས་པའི་ཟིན་ཐོ་ཙམ་ལགས། གཞན་ཉེ་ཆར་དཔལ་བརྩེགས་ཞིབ་འཇུག་ཁང་གིས་སྟག་ལོའི་འཁྲུངས་འདས་ལོ་ཚིགས་ཞིབ་འཇུག་གནད་སྨིན་མཛད་འདུག་གོ།

རྣམ་ཐར་ཁ་སྐོང《ཡིད་ཆེས་གསེར་གྱི་ལྗོན་པ》འདི་ལ་མཛད་བྱང་མི་གསལ་ཡང་། སྟག་ཚང་ལོ་ཙཱ་བ་དང་ཕལ་ཆེར་དུས་མཉམ་པ་ནི། རྣམ་ཐར་ཁ་སྐོང་ལས། “རྗེའི་ཞབས་འབྲིང་དུ་གཉུག་མར་གནས་པ་གནས་བརྟན་ཆོས་གྲགས་ལས་དངོས་སུ་ཐོས”④ ཞེས་པའི་ཚིག་འདི་ཁོ་ནས་གསལ་བས་མང་པོ་མི་སྤྲོ།

གྲགས་པའི་རྗེས་འབྲང་གི་རང་རེའི་ཞིབ་འཇུག་པ།

ཁོ་བོས་རང་རྟོག་གི་གོ་ཆ་བགོས། རང་ལ་དབང་བའི་ཐོས་པའི་ལམ་དུ་ཞུགས་པ་ན། རང་རེའི་ཞིབ་འཇུག་པ་མི་ཉུང་བ་ལ་དོགས་པ་ཟ་ཡོང་། བློ་མི་བདེ་བར་ཆགས། གཅིག ཁོང་ཅག་གིས་ཐ་ན་སྟག་ལོའི་རང་རྣམ་ལ་མ་བལྟས། 《གྲུབ་མཐའ་ཀུན་ཤེས》ཀྱི་མཛད་བྱང་གི་ལོ་ཚིགས་མ་མཐོང་། རྣམ་ཐར་ཁ་སྐོང་ན་གསལ་བའི་སྟག་ལོའི་འདས་ལོ་ཙམ་ཡང་མ་གཟིགས། ད་རུང་དཔྱད་པའི་བརྟུལ་ཞུགས་སྤངས་ཏེ། སྟག་ལོའི་འགྱོད་ཚངས་སྙན་ངག་ཅེས་ཁ་མ་ཎི་འདོན་འདོན་གྱིས། ཆེད་རྩོམ་བྲིས། གཏམ་བཤད་སྤེལ། སློབ་ཁྲིད་ཀྱང་བྱས་པ་རེད། ད་རུང་སྟག་ལོའི《གྲུབ་མཐའ་ཀུན་ཤེས》ཁོང་གི་སྐུ་ཚེ་སྟོད་ཀྱི་གསུང་རྩོམ་རེད་ཅེས་དང་། ཁོང་གི་འདས་ལོ་མི་གསལ་ཞེས་ཡོངས་སུ་གྲགས་ཤིང་གྲུབ་པར་བྱས། གུས་ཤིང་བཀུར་འོས་ཀྱི་རང་རེའི་ཞིབ་འཇུག་པ་ཆེན་པོ་དག་གི་གྲས་ནའང་འདི་འདྲའི་ཐོས་པ་ཞན། ཞིབ་ཚགས་མེད། གྲགས་པའི་རྗེས་འབྲང་གི་བཤད་པ་ལྷུར་ལེན་པ་ཡོད་འདུག་སྙམ་སྟེ། ཁོ་བོ་དངོས་གནས་ཧང་སང་ངེ་བ་ཞིག་བྱུང་ངོ་།།

དཔྱད་གཞིའི་ཡིག་ཆ། 

①སྟག་ཚང་ལོ་ཙཱ་བའི་གསུང་འབུམ། པོད་གཉིས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར། ཤོག་ངོས། 36

②སྟག་ཚང་ལོ་ཙཱ་བའི་གསུང་འབུམ། པོད་གཉིས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར། ཤོག་ངོས། 40

③སྟག་ཚང་ལོ་ཙཱ་བའི་གསུང་འབུམ། པོད་གཉིས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར། ཤོག་ངོས། 60

④སྟག་ཚང་ལོ་ཙཱ་བའི་གསུང་འབུམ། པོད་གཉིས་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར། ཤོག་ངོས། 56

– – – – –

Loading

1 མཆན་བུ།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།