སྙན་ངག་མེ་ལོང་མའི‘‘ཆོས་དཔེའི་མཚུངས་ཆོས’’གསར་དཔྱད།

0
785

ནང་དོན་གནད་བསྡུས།

མེ་ལོང་མའི་རྩ་འགྲེལ་ཁ་ཤས་ལས་ཆོས་དཔེའི་མཚུངས་ཆོས་ཀུན་ཏུ་དམར་ཞེས་པ་དེ། དོན་སྒྱུར་བྱས་ནས་ཅུང་ཙམ་དམར་བ་དང་ཚིག་འགྲེལ་ཙམ་བྱས་ནས་དཀར་ལ་དམར་ཞེས་བྲིས་པ་དག་ནི་ནོར་བར་འདོད་ཕྱིར། ཀུན་ཏུ་དམར་ཞེས་པ་ནི་གཞི་གང་ལ་ངོས་འཛིན་དགོས་མིན་དང་འགྱུར་ཡང་དག་ཡིན་མིན་སྐོར་ནས་གསལ་བཤད་བྱས་ཡོད།

བརྡ་ཆད།     མེ་ལོང་མ།  ཀུན་ཏུ་དམར།  མཚུངས་ཆོས།  ལག་མཐིལ།  

དང་པོ།   མེ་ལོང་མའི་རིག་གཞུང་གི་ཤུགས་རྐྱེན།

སྤྱིར་སྙན་ངག་མེ་ལོང་མ་ཡོད་མེད་གང་བྱས་ཀྱང་བོད་མི་རིགས་འདི་ངག་རིག་སྒྱུ་རྩལ་ལ་དགའ་ཞེན་ཆེ་བ་ཞིག་ཡིན་ཕྱིན། རྒྱལ་རབས་གསལ་མེ་ལས། ཚིག་འཇམ་པ་དང་། སྨྲ་མཁས་པ་ཞེས་གསལ་བ་དང་།  དེ་བཞིན་བོད་ཀྱི་བརྡ་རྙིང་ཡིག་ཆ་ལས། ཤྀང་རབས་ཀྱྀ་ནང་ན་ནྀ་ཐང་ཤྀང་རྀང་པོ་རྀང་། ཆུ་རབས་ཀྱྀ་ནང་ནྀ་ཡར་ཆུ་སྔོན་མོ་ཆེ། ཡར་ལྷ་ཤམ་པོ་ནྀ་གཙུག་གྀ་ལྷ་འོ། །ལྟ་བུ་བསྟན་དོན་ཡང་དཔེ་དང་སྦྱར་ནས་གཉའ་ཁྲི་བཙན་པོ་ནི་འགྲེང་མགོ་ནག་ཐམས་ཅད་ཀྱི་རྗེ་བོ་ཡིན་ཞེས་ཤུགས་ལས་བསྟན་པ་ལྟ་བུ་གནའ་རྩོམ་མང་ཞིང་འདིའི་རིགས་ལ་བལྟས་ཚེ་མི་རིགས་འདི་སྙན་ངག་དང་ཆེས་ཐག་ཉེ་བའི་མི་རིགས་ཤིག་ཡིན་པའང་ར་སྤྲོད་བྱེད་ཐུབ། བྱེ་བྲག་སྙན་ངག་མེ་ལོང་མ་བོད་དུ་བསྒྱུར་བ་ནས་རྩོམ་རིག་གཞུང་ལུགས་རང་བཞིན་ཅན་གྱི་ལམ་ལུགས་སམ་བསླབ་གཞི་ཞིག་དབུ་བརྙེས་པ་རེད་ཅེས་བཤད་ཆོག་པ་དང་།  ཐབས་ལམ་དེ་ཡང་བརྟན་ཚུགས་པ་ཞིག་བྱུང་བ་རེད་ཅེས་བཤད་ཆོག་པ་མ་ཟད།    དེ་ལ་བརྟེན་ནས་བོད་ཁམས་སུ་རྩོམ་པ་པོ་གནམ་གྱིས་ས་བཀབ་པ་ལྟ་བུ་ཡང་མང་དུ་བྱོན་པ་ལས་དཔེར་ན་བརྗོད་བྱའི་ཆ་ནས་བོ་དོང་པཎ་ཆེན་གྱི་གསུང་འབུམ་ལྟ་བུ་བརྗོད་བྱ་ཤེས་བྱ་ཀུན་བཏུས་རང་བཞིན་དུ་གྱུར་ཡོད་པ་དང་།  སྙན་པའི་ཆ་ནས་ཞང་ཞུང་ཆོས་དབང་གྲགས་པའི་རྩོམ་རྩལ་ལྟ་བུ་སོགས་མང་དུ་བྱུང་བ་དག་གཞུང་ལུགས་འདི་ཉིད་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། མེ་ལོང་མའི་འགྱུར་གཞུང་འདི་ཉིད་སྙན་ངག་ཡིན་མིན་སོགས་བཤད་པ་རེ་འགའ་མཆིས་ཀྱང་མདོར་ན་བོད་རང་གི་རྩོམ་འཇུག་རྨང་གཞི་རིག་པའི་ཤེས་བྱ་གལ་ཆེན་ཞིག་ཡིན་པ་དང་། སྤྱིར་བཏང་འགྱུར་དོན་ཙམ་མ་ཡིན་པར་གསེར་བཅད་བརྡར་བའི་གསེར་བཞིན་དུ་བོད་ཀྱི་མཁས་པ་མང་བོའི་ཤེས་རབ་ཀྱི་ཉིང་བཅུད་ཀྱང་གཞུང་ལུགས་འདིར་ཆུ་དང་འོ་མ་བཞིན་འདྲེས་ཡོད་ཕྱིར། འདི་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་ཟུངས་ཁྲག་ཅིག་ཡིན་པར་སྨྲོས་མེད་རེད།

སྤྱིར་མེ་ལོང་མའི་རྩ་བའི་འགྲོས་དང་བསྟུན་པའི་བརྩམས་ཆོས་ཤིན་ཏུ་མང་ན་ཡང་དེའི་ནང་ནས་སྙན་འགྲེལ་བོད་མཁས་པའི་«དཎ་ཌི་དགོངས་རྒྱན་»ནི་རྩ་བའི་སྒྲོམ་གཞི་ལས་མ་འདའ་བར་དཔེར་དོན་གནད་ལ་ཁེལ་བ་ཡིན་པ་དང་། རྩ་བ་དང་འགྲེལ་བའི་དོགས་དཔྱོད་ཀྱི་ཆ་ནས་(དབྱངས་ཅན་ངག་གི་རོལ་མཚོ་ལེགས་བཤད་ནོར་བུའི་འབྱུང་ཁུངས་»ལྟ་བུ་འཇོག་ན་ཆོག་པ་དང་།  གཞན་དཔེར་བརྗོད་ཆ་ཚང་ཞིང་མཚན་ཉིད་རྒྱས་བསྡུས་ཆ་འཚམ་ཞིང་ཁ་གསལ་བ་ནི་«ཚིག་རྒྱན་རིག་པའི་སྒོ་འབྱེད་»ལྟ་བུ་དང་།  བོད་རང་གི་ངག་རིག་སྒྱུ་རྩལ་ལམ་ཚིག་དོན་སྦྱོར་ཚུལ་གྱི་ཆ་ནས་བོད་རང་གི་རྩོམ་གཤིས་དང་ཆེས་ཐག་ཉེ་བ་ནི་རྒྱལ་དབང་ལྔ་བའི་«དབྱངས་ཅན་དགྱེས་གླུ་»དང་།   གཞན་ཡང་འགྲེལ་བའི་ཆ་ནས་«ཚངས་སྲས་བཞད་སྒྲ་»ལྟ་བུ་ནི་མཐུས་སྒོ་ཚང་ཞིང་གོ་བདེ་བ་ལྟ་བུ་དང་།  འཇུག་པར་བདེ་བའི་སླད་དུའམ་ལས་ཐོག་མ་བའི་ལམ་ནས་རྒྱས་བསྡུས་འོས་འཚམ་ཡིན་པ་ནི་«སྙན་ངག་སྤྱི་དོན་»ལྟ་བུ་བཅས་གྲངས་མང་ཞིང་རྣམ་གྲངས་སྣ་ཚོགས་པ་ཡིན་ཕྱིར།  རང་གི་འདོད་ཚུལ་དང་དཔེ་ཀློག་གི་མྱོང་བ་ལས་མཚོན་དོན་ཁག་ཅིག་འདི་རུ་དྲངས་པ་ཙམ་ལས་རྒྱས་བཤད་ནི་མི་ཐུབ་པས།  འདི་དག་གིས་མེ་ལོང་མའི་ཤུགས་རྐྱེན་དང་དགོས་དབང་སོགས་ཕལ་ཆེར་མཚོན་ཐུབ་པ་མ་ཟད།  བོད་ཀྱི་རིག་གནས་ཀྱི་ཆ་ཤས་ཤིག་ཏུ་གྲུབ་ཡོད་པའང་གསལ་བོ་སྟོན་ཐུབ།

སློབ་དཔོན་དབྱུག་པ་ཅན།  སི་བོད་སློབ་གྲྭའི་དགེ་རྒན་དཔལ་བསྡུས་ཀྱིས་མཁོ་འདོན་བྱས།

གཉིས་པ།   ཆོས་དཔེའི་མཚུངས་ཆོས་དོགས་སློང་།

རྒྱ་འགྱུར་མེ་ལོང་མ་འདི་ནི་བོད་ཀྱི་རྩོམ་རིག་གི་གཤིན་ས་ལྟ་བུ་ཞིག་ཆགས་ཡོད་པ་དང་དེ་ནི་ཅུང་ཁོད་ཡངས་ཤིང་འཇུག་པ་གྲངས་མང་བའི་ཆ་ནས་གནའ་ནས་ད་བར་གཤིན་ས་དེ་ནས།  ཡིད་དུ་འོང་བའི་སྙན་ངག་པའི་ལྗང་སྨྱུག་ཀྱང་མང་དུ་འཁྲུངས་པ་ལོ་རྒྱུས་དང་རྣམ་ཐར། བརྩམས་ཆོས་ཁག་ལས་མཇལ་ཐུབ་པས་བཤད་མ་དགོས་པར་གྱིས། ད་ཐེངས་ཕྲན་གྱིས་མེ་ལོང་མའི་རྩ་བའི་སློབ་ཁྲིད་དང་འབྲེལ་ནས་ཆོས་དཔེའི་རྩ་བ་ལ་ཁ་སྐོང་དང་གསལ་བཤད་ཉུང་བསྡུས་ཤིག་ཞུ་ན་འདོད་དེ། དེའང་མེ་ལོང་མའི་རྩ་བའི་ཆོས་དཔེ་ནི།[1]མཛེས་མ་ཁྱོད་ཀྱི་ལག་མཐིལ་ནི།  །ཆུ་སྐྱེས་བཞིན་དུ་ཀུན་ཏུ་དམར།  ། ཞེས་པ་སྟེ།  འདི་ལ་འགྲེལ་ཚུལ་རེ་ཟུང་མཆིས་ཀྱང་དོན་གནད་ལ་སོང་མིན་ནི་རྩ་བའི་ཆ་ནས་དོགས་གཞི་ཞིག་རིགས་ཏེ། འདི་ནས་དཔེ་དང་དཔེ་ཅན་གྱི་དབྱེ་བ་མ་འདྲེས་པ་གསལ་བོ་ཡིན་ན་ཡང་མཚུངས་ཆོས་ཀྱི་ངོ་གདོང་ནས་ (ཀུན་དུ་དམར)ཞེས་པ་ནི་དཔེ་ཅན་ལ་སྦྱར་ན་མི་འོས་སོ་ཞེས།  ཡར་སྔོན་གྱི་མཁས་པ་ལ་ལས་འགྱུར་བཅོས་མཛད་དེ་ཅུང་ཟད་དམར་ཞེས་གསུངས་པ་དང་དེའི་རྗེས་འབྲངས་པ་དག་གིས་ཀྱང་དེ་ལྟར་ཡིན་ཆགས་བྱས།  ཕྱིས་སུ་འགྲེལ་བ་རེ་ཟུང་ལས་དཀར་ལ་དམར་ཞེས་གོ་བདེའི་ཚོད་དུ་འགྲེལ་ཚུལ་སོགས་འགའ་ཞིག་མཆིས་ཕྱིར། འདིར་དཔེ་མཚོན་ཙམ་རེ་དྲངས་ན། [2]སི་ཏུའི་འགྱུར་བཅོས་ལས།  ཆུ་སྐྱེས་བཞིན་དུ་ཅུང་ཟད་དམར། ཞེས་གསུངས་པ་དང་[3]སྔོན་མེད་བུ་རམ་ཤིང་གི་ལྗོན་པ་ལས།  རྒྱ་ཆེར་འགྲེལ་གྱིས་དགག་པ་ངོས་བཟུང་ནས་ཨ་ཏཱ་མྲམ་ཨ་རུ་ཎ་ཞེས་དམར་སྐྱ་བཤད་པས།  དགག་པ་དེ་ཡང་ནང་གསེས་གསུམ་དུ་ཕྱེ་བས་སྐབས་འདིར་ཅུང་ཟད་དགག་པས་ཅུང་ཟད་དམར་རམ་དཀར་དམར་མདངས་ལྡན་དུ་གོ་བར་མཛད། ཅེས་དང་།[4]ཚངས་སྲས་བཞད་སྒྲ་ལས།   ཀརྨ་སི་ཏུའི་འགྱུར་བཅོས་ལས།  ཅུང་ཟད་དམར་ཞེས་པར་བསྒྱུར་ཅིང་ཀུན་ཏུ་དམར་ཞེས་པ་ནི་རབ་བཏགས་སུ་འགྱུར་བས། དཀར་ལ་དམར་བའི་མདངས་ཅན་ཏེ།   ཅུང་ཟད་ཅེས་བསྒྱུར་ན་རྒྱ་འགྲེལ་དང་མཐུན་ཞིང་ལེགས་པར་སི་ཏུའི་རྗེས་འབྲང་རྣམས་ཀྱིས་འདོད།  ལྟ་བུ་དང་། [5] སྙན་འགྲེལ་རྒྱན་གྱི་བསྟན་བཅོས་ལས།  དཀར་ལ་དམར་བའི་ཁྱད་ཆོས་ཀྱི་མདངས་འདྲ་བའི་ཆ་ནས་ཞེས་འགྲེལ་ཚུལ་དང་གསུང་ཚུལ་མང་མོད། ཕལ་ཆེར་རང་གི་འདོད་པར་ལྟར་དུ་སྒྲུབ་པ་ལས་སྙན་ངག་གི་རྒྱབ་ལྗོངས་དང་རྩོམ་པ་པོའི་འཆར་སྣང་སོགས་ནི་སྣང་མེད་དུ་བྱས་པར་རང་འདོད་དེ།  རྒྱུ་མཚན་ཡང་། ཅུང་ཟད་དམར་ཞེས་པ་ནི་སྤྱིར་བཏང་བུད་མེད་ཀྱི་ལག་མཐིལ་དེའི་ཆོས་ཙམ་ལ་གཞིགས་ནས་གསུངས་པ་དང་། དཀར་ལ་དམར་ཞེས་བརྗོད་པའང་ནང་ལོགས་ཀྱི་བུད་མེད་དག་གི་ཤ་ཚུགས་ཙམ་ལ་བལྟས་ནས་མཐའ་གཅིག་ཏུ་བཤད་པ་ཡིན་པ་ལས།  མེ་ལོང་མ་དང་དེའི་རྩོམ་པ་པོ། ཡུལ་དང་དུས་སོགས་ལ་དཔྱད་ནས་གླེང་བ་ནི་མི་རིགས་པས།  ཀུན་ཏུ་དམར་ཞེས་པ་འདི་ཅུང་ཟད་དམར་དང་དཀར་ལ་དམར་ཞེས་འགྲེལ་ཚུལ་འདིའི་རིགས་དོན་སྒྱུར་ཡིན་ཟེར་ན་འདྲ། མིན་རུང་རབ་བཏགས་སུ་དོགས་ནས་དགག་པ་སོགས་ཇི་ལྟར་བཤད་ཀྱང་རྩོམ་གྱི་རྒྱབ་ལྗོངས་དང་ཚིག་རྒྱན་ལ་ཉམས་ཞིབ་མ་བྱས་པར་འདོད་པས། ད་སྔོན་འདིའི་སྐོར་ནས་སུས་ཀྱང་དམིགས་བསལ་ཞིག་གསུངས་མི་འདུག་པས་འདིའི་སྐོར་ནས་ཉུང་ཙམ་ཞིག་ཞུ་བར་བྱའོ། །

སྙན་ངག་མེ་ལོང་མ་དང་མཚན་བྱང་སུམ་ཕབ་མ།

གསུམ་པ།  མཚུངས་ཆོས་ཀྱི་དོགས་སེལ་དང་གསལ་བཤད།

མེ་ལོང་མའི་དཔེ་རྒྱན་སོ་གཉིས་ཀྱི་ཐོག་མ་ཆོས་དཔེའི་རྩ་བ་ལས།  ༼ཀུན་ཏུ་དམར་༽ཞེས་པ་ནི་དབྱུག་པ་ཅན་གྱི་དགོངས་གཞི་དངོས་ཡིན་པ་དང་དེའང་རྒྱ་གར་གྱི་བུད་མེད་དག་གི་ལག་མཐིལ་ལ་བལྟས་ནས་བརྩམས་པ་ནི་བསྙོན་དུ་མེད་དེ། གལ་སྲིད།  དཀར་ལ་དམར་ཞེས་པའི་ཤ་མདོག་འདི་རྒྱ་རིགས་དང་བོད་རིགས་ལྟ་བུ་ཕུད་ནས་རྒྱ་གར་གྱི་བུད་མེད་དག་ལ་སྦྱར་དགོས་པའི་ཚེ་ན།   ང་ཚོ་སུ་ལའང་དཀའ་ཁག་གཅིག་དང་གད་མོ་ཞིག་ཀྱང་མ་དགོད་རང་དབང་མེད་པར་འབྱུང་སྲིད་པ་མ་ཟད།  མིག་སྨན། སྤྱན་དཀྱུས་ཨུཏྤལ།  ཙན་དན་གྱི་གཤེར།  ཟླ་བའི་དྲིན། གླང་ཆེན་གྱི་དྲེགས་པ་སོགས་ནི་ང་ཚོ་དང་ཆེས་རིང་ས་འམ་གབ་སྦས་རང་བཞིན་ཅན་གྱི་དཔེ་མཚོན་འགའ་ཞིག་ཡིན་ཞེས་བཤད་ནའང་མི་ཆོག་པ་མེད་པ་དང་། དེའི་རིགས་ལས་ང་ཚོའི་ས་གནས་ཀྱི་ཨུཏྤལ་རིགས་དང་འགྲེ་ནས་སྤྱན་གྱི་ཨུཏྤལ་དཀྱུས་རིང་བ་སོགས་འགྲེལ་བ་ཡིན་ཆོག་ཆོག་རེ་བརྒྱབ་པ་ཡིན་ན། དཔེ་དོན་གནད་དུ་མ་འབྱོར་བའི་སྐྱོན་འབྱུང་བ་མ་ཟད་མཛེས་ཆོས་ཀྱི་ལྟ་བའང་རྙེད་དཀའ་ལ་རྙེད་ཐབས་ཀྱང་བྲལ་བ་ཞིག་ཡིན་པས། རྒྱུ་མཚན་ཡང་རྒྱ་གར་ཨུཏྤལ་སྔོན་པོ་ནི་པདྨའི་རིགས་ཤིག་ཡིན་པ་གཏམ་རྒྱུད་གསེར་ཐང་དུ་གསལ་བ་དང་ང་ཚོའི་ཨུཏྤལ་སྔོན་མོ་ཞེས་པ་ནི་གསོ་རིག་གི་འཁྲུངས་དཔེ་ཤེལ་གོང་འཕྲེང་སོགས་ལས་མདོག་སྔོ་སྐྱ་དང་སྔོ་སྨུག་ཡིན་པར་འདབ་མ་བཞི་དང་བཅས་པ་སྤུ་སེར་རགས་པོས་ཁྱབ་པ་དེའོ་ཞེས་གསུངས་པ་ལྟར་རོ། །

གཞན་ཡང་ལེགས་སྦྱར་སྐད་དུ།  སམྦྷོ་རུ་ཧ་མི་བཱ་ཏཱ་མྲཾ། །ཞེས་གསལ་བ་དང་། དེ་ལྟར་མིན་རུང་ཨ་ཏཱ་མྲཾ་ཞེས་པ་ནི་དགག་སྒྲ་ཁོ་ན་ངོས་བཟུང་པ་ནི་ཨ་མྲི་ཏ་ཞེས་པ་དང་རིགས་མཚུངས་ཙམ་འདྲེན་པ་ལས་ཨ་ཡིག་རིང་ཆ་ལྡན་པ་གང་ཞིག་དགག་སྒྲ་རུ་ཐག་གཅད་དགོས་པའང་མ་ངེས་ཕྱིར།  །དེ་བས་སྐབས་བབས་ཀྱི་བརྗོད་བྱ་ཡང་ང་ཚོའི་མིག་སྔུན་གྱི་སྣང་ཚུལ་ལ་ལྟོས་ནས་འགྲེལ་བརྗོད་བྱ་རྒྱུ་མ་ཡིན་པར་རྒྱ་གར་གྱི་ཡུལ་དུས་གོམས་སྲོལ་སོགས་ལ་བསམ་གཞིགས་ནན་མོ་བྱས་ན། ཀུན་ཏུ་དམར་ཞེས་པ་ནི་སྔ་འགྱུར་རིགས་ཡང་དག་ཏུ་སྣང་ཞིང་འདི་ཉིད་ཀུན་ཏུ་དམར་ཞེས་བརྗོད་པ་ནི་བུད་མེད་ཀྱི་ལག་མཐིལ་ཡོངས་སུ་དམར་བོ་ཆགས་སོང་བའི་དོན་ཙམ་གོ་ན་མི་འགྲིག་པར་དེ་ལྟར་གོ་དགོས་ཚེ་དཔེ་རྒྱན་གྱི་རྩ་བའི་ཁྱད་ཆོས་ནི་དངོས་ཤུགས་གང་རུང་ལས་མཛེས་པའི་ཆོས་དང་མ་འབྲལ་བ་ཞིག་དགོས་ཕྱིར། ཤིན་ཏུ་དམར་བའི་ལག་པ་ཞེས་བརྗོད་པའི་ཚེ་ན་ཀློག་པ་པོའི་སྣང་བརྙན་དུའང་ཤན་པའི་ལག་པ་ལྟར་དམར་བ་ནི་མཛེས་པའི་ཆོས་སུ་འགྲོ་དཀའ་ལ།  འདིར་གཙོ་བོ་དམར་ཞེས་པ་ནི་ཤའི་ཁ་དོག་མ་ཡིན་པར་རི་མོ་ལ་གོ་དགོས་པར་འདོད་ཕྱིར། དེའང་རྒྱ་གར་གྱི་གོམས་སྲོལ་ལ་གནའ་ནས་ད་བར་བུད་མེད་ཀྱི་ལུས་ལ་རི་མོ་སྣ་ཚོགས་འབྲི་བའི་ལུགས་སྲོལ་ཞིག་ཡོད་པ་དང་དེའི་ནང་ནས་སྨིན་མཚམས་སུ་དམར་ཐིག་ཕབ་པ་ལྟ་བུ་ནི་བཀྲ་ཤིས་པའི་མཚོན་དོན་ཞིག་ཡིན་ལ་དེ་དང་འདྲ་བ་ལག་མཐིལ་ཡང་དམར་པོ་གོར་གོར་ཞིག་འབྲི་བའི་སྲོལ་ཡོད་པ་ནི་ད་བར་དུ་མ་ཉམས་པ་གནས་ཤིང་། དབྱིན་སྐད་དུ་ཧིན་རྣའ(Hanna)ཞེས་དང་རྒྱ་སྐད་དུ་ཡུལ་ཅན་ཧན་ན་དང་ཡུལ་ཧྲོའུ་ཧོའུ་(海娜手绘)ཞེས་འབོད་ལ་མིང་འདི་རྒྱ་གར་གྱི་སྐད་དོད་ཡིན་པར་བཤད།

ལུས་ཚོན་ལག་རྩལ་འདིའི་རིགས་ནི་གཉེན་སྟོན་སོགས་སུ་དར་སྲོལ་ཆེ་བ་དང་གཞན་ཡང་དུས་སྟོན་ཁྱད་པར་བ་སོགས་སླེབས་ན་བུད་མེད་རྣམས་ཀྱིས་ཆེད་གཏད་དུ་འབྲི་སྲོལ་འདུག་ལ།  ཕལ་ཆེར་རྒྱ་གར་དུ་གོམས་སྲོལ་འདི་དར་ནས་ལོ་ངོ་ལྔ་སྟོང་ཙམ་སོང་བར་མི་དག་གིས་བཤད་པ་དང་ཕྱིས་སུ་ཆེད་མཁས་པ་དག་གིས་གསུང་བ་ཡིན་ན་རི་མོ་འདིའི་རིགས་ཐོག་མ་དུས་རབས་བཅུ་གཉིས་པའི་ནང་ཨ་རབ་(阿拉伯)ནས་ཚུར་དར་བ་ཡོང་བ་བཤད་ཡོད་པ་དང་།  འབྲི་སྲོལ་འདི་ཉིད་ཡུལ་དུས་ཀྱི་དབང་གིས་ཀྱང་འདྲ་མི་འདྲ་མང་ཙམ་ཡོད་པ་བཤད་ཕྱིར། དཔེར་ན།  རྒྱ་གར་དང་བལ་པོའི་བུད་མེད་ཚོའི་དུས་སྟོན་(提吉节)ཞེས་པ་རང་ཡུལ་གྱི་དཔལ་ལྷའི་དུས་ཆེན་དང་ཅུང་འདྲ་བོ་ཡོད་པ་དེའི་སྐབས་སུ་འབྲི་ཆེ་བ་དང་གཉེན་སྟོན་གྱི་དུས་སུ་ཡང་མེད་ཐབས་མེད་པའི་གོམས་སྲོལ་ཞིག་ཏུ་བརྩི་བཞིན་ཡོད།   མཚོན་དོན་དང་གོ་རིམ་ཡང་རྒན་པོ་ཞིག་གི་མི་ཚེའི་གཏམ་རྒྱུད་ཅིག་གླེང་བ་ལྟར་ཧ་ཅང་རིང་ཕྱིར་མང་བོ་མི་བཤད་པར་ཡོངས་གྲགས་ཀྱི་བཤད་རྒྱུན་ལྟར་སོང་ན།  གཙོ་བོ་ལྷ་ཆེན་པོའམ་ཚོགས་བདག་གླང་སྣ་ཅན་(Ganjesha) དང་ཚོགས་ཡུམ་བདེ་འབྱུང་མ་ (Laksmi) གཉིས་ཀྱི་དགོངས་པ་དང་བསྟུན་པའི་མཚོན་དོན་ཞིག་ཡིན་པ་ཡོངས་སུ་གྲགས་པ་དང་། དེའང་ཁོང་ཅག་གིས་བཤད་སྲོལ་ཡིན་ན་ཚོགས་བདག་དང་ཚོགས་ཡུམ་གཉིས་ནི་ཁ་དོག་དམར་བོ་ལ་ཤིན་ཏུ་དགྱེས་པའམ་ཆགས་པ་དང་།  ཆོ་ག་དང་དུས་སྟོན་གྱི་རིགས་ལ་དམར་པོའི་རིགས་མང་དུ་བརྒྱན་པ་དང་། དམར་བོས་ལུས་ཚོན་འབྲི་བ།  ཁ་དོག་དམར་བོ་ཅན་གྱི་གྱོན་པ་སོགས་རྒྱན་དུ་འཆང་བ་ཡིན་ན་ལྷ་རྣམས་དགྱེས་ཏེ་མི་རྣམས་ཚེ་རིང་ནད་མེད་བདེ་སྐྱིད་དང་ལྡན་པའི་རྟེན་འབྲེལ་ཁྱད་པར་བ་ཡོད་པ་བཤད་པ་དང་།  གཞན་ལག་ངོས་སུ་རི་མོ་འབྲི་བའི་ཚེ་ན་ཡང་མེ་ཏོག་གིས་བུ་མང་བ་དང་བསོད་ནམས་འཕེལ་བ་མཚོན་པ། རྨ་བྱ་དང་པདྨའི་མཚར་སྡུག་དང་འབྱོར་བ་རྒྱས་པ་མཚོན་ཐུབ། གླང་ཆེན་གྱིས་གཟི་བརྗིད་མཚོན་པ་དང་གཞན་མནའ་མའི་ལག་མཐིལ་དང་ལག་རྒྱབ་ཏུ་ཆོ་གའི་མིང་ཡང་མེ་ཏོག་གི་གསེང་ན་འབྲི་བ་བཤད།

གང་ལྟར་ལག་མཐིལ་དུ་བྲི་བའི་ཚེ་ནའང་རྨ་བྱ་དང་ཉ། པདྨ་དང་ཉི་ཟླ་སོགས་གཞན་ཡང་འདོད་པའི་སྒྱུ་རྩལ་སོགས་མཚོན་ཐབས་ཀྱི་རི་མོ་སོགས་སྣ་ཚོགས་ཤིག་འབྲི་ལུགས་འདུག་པས། བུད་མེད་ཀྱི་མཆོད་ཀོར་རམ་ལག་མཐིལ་དུ་དམར་ཀོར་ལེ་བ་ཞིག་འབྲི་བའང་རྟེན་འབྲེལ་ལས་གཞན་མཛེས་པའི་ཁྱད་ཆོས་ཤིག་ལས་མ་འདས་པས། སྙན་ངག་མཁན་པོས་ཀྱང་ཡུལ་དུས་གང་ལ་བལྟས་ཀྱང་འདི་ཙམ་ལ་དགོངས་ནས་བྲིས་པར་འདོད་ལ། མ་གཏོགས་ཤ་ཚུགས་དངོས་ཀྱི་ངོས་ནས་ཧིན་དྷིའི་བུ་མོ་དེ་དག་ཅུང་ཙམ་ནག་པ་ལས་དམར་བའི་ཆ་ཤིན་ཏུ་ཉུང་བ་དང་།  ཤ་མདོག་མཛེས་དཔྱོད་ཀྱི་ཆ་ནས་ཀྱང་དཀར་པོ་དགའ་བའི་ཚིག་ཟུར་ཞིག་མེ་ལོང་མ་དང་སྤྲིན་གྱི་ཕོ་ཉ་ལ་སོགས་པ་ལས་ཟླ་བ་ལྟ་བུ་དཔེ་འདྲེན་པ་མང་ཚུལ་ལ་གཞིགས་ན་དཀར་པོ་དམིགས་སུ་འཛིན་པ་ལས་དམར་བོ་དེ་ཙམ་མཛེས་ཆོས་སུ་མི་བརྩི་བ་གསལ་ལ། དེ་བས་ཧ་ཅང་དཀར་བ་ཨ་རུ་སུའི་བུད་མེད་ལྟ་བུ་ནི་གནས་དེར་སྲིད་པ་ཙམ་མོ།  །

འདི་དག་སྔ་གཞུག་ཏུ་བསམ་གཞིག་རེ་བྱས་པ་ཡིན་ན། ཀུན་ཏུ་དམར་ཞེས་པའང་སྲོལ་རྒྱུན་གྱི་མཛེས་ཆོས་དེ་དག་ལས་མ་འདས་པ་ཞིག་ཡིན་པར་ར་སྤྲོད་ཐུབ་པར་འདོད་ལ། དེ་དང་མཚུངས་པའི་མིག་སྨན་ཞེས་པ་འདིའང་རྒྱན་མང་ཙམ་ཞིག་ལས་འབྱུང་ཕྱིར་གོང་དང་འདྲ་བ་མིག་མཐར་སྨག་བྱེད་ཅིག་ཡིན་པས་མཛེས་པའི་རྒྱན་དུ་སྦྱར་བ་འང་ཤའི་ཁ་དོག་ཁོ་ན་མིན་པ་ཡང་དག་རེད།   ང་ཚོའི་ས་གནས་ཀྱི་བུད་མེད་དག་གི་ཤ་ཚུགས་ལ་བལྟས་ནས་རིགས་མཚུངས་བསྒྲེ་བ་ནི་ཁང་བའི་ཕྱི་ནས་བལྟས་ཏེ་ནང་གི་གནས་ཚུལ་ཞུས་པ་བཞིན་དེ་ཙམ་གནད་དུ་སྨིན་ཐབས་མེད་ཕྱིར། ཞིབ་འཇུག་ནན་ཏན་འདྲ་བོ་བྱས་ན་ལ་ཕར་ནང་ཧིན་དྷི་ཞེ་ན་དེ་འདྲའི་མི་མཐོང་བ་དང་མི་རིག་བའང་མིན་པས།  གཞན་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ལས་ལག་མཐིལ་དམར་བ་ནི་རི་མོ་དོན་ཡིན་པར་བཞད་ཚུལ་ཞིག་ཀྱང་ཡོད་པ་ལྟར་ན།  ལག་པ་དམར་ཆིལ་ཆིལ་བ་ཞིག་མཛེས་ཆོས་སུ་སྙན་ངག་པའི་རྟོག་པ་ལ་འཆར་དཀའ་བ་མ་ཟད།   དེ་བས་ཀྱང་ལང་ཚོ་སྨིན་པ་དང་ལྟ་ན་སྡུག་པ་མཚོན་ཐབས་མེད་པ་མ་ཟད།  ལར་ཚ་བ་རྒྱས་པའི་ནད་དང་མེ་ཡི་ཚིག་པའི་ལག་པ་འདྲ་མིན་ན་དམར་བོ་དམར་རྐྱང་ཞིག་ནི་ད་ལྟའི་འཇིག་རྟེན་ན་ཡང་དཀོན་པ་འདྲ་ཡིན་ཕྱིར། མེ་ལོང་མའི་ཆོས་དཔེའི་རྩ་དོན་དུ་ཀུན་ཏུ་དམར་ཞེས་པ་ནི་སྤྱི་ལོ༡༧༠༠ཆིག་སྟོང་བདུན་བརྒྱའི་ཡར་སྔོན་གྱི་མཁས་པ་ཡོངས་གྲགས་ཀྱིས་བཟོ་བཅོས་བྱས་མེད་སྟབས  དེ་ལུགས་བཞིན་ཡང་དག་ཡིན་པར་ཤེས་དགོས་ལ་སྤྱིར་མེ་ལོང་མའི་རྩོམ་གཞུང་ལ་འཇུག་དུས་ནས་བོད་རང་གི་རི་ཆུ་ནགས་གསུམ་དང་སྐྱེ་འགྲོ་སེམས་ཅན་དག་མེ་ལོང་མའི་རྩ་བའི་སྣང་བརྙན་དུ་སྐྲུན་ཐབས་བྱེད་པ་ནི་ཕྱོགས་གཅིག་ནས་གོ་སླ་བ་འདྲ་ཡོང་སྲིད་ཀྱང་། གཞུང་དོན་གྱི་ངོས་ནས་མ་རྟོགས་ལོག་རྟོག་དང་དགོངས་གཞི་མ་ཁྲོལ་བའི་སྐྱོན་མང་འབྱུང་བ་ནི་གདོན་མི་ཟ་བས།  ཅི་ནས་ཀྱང་ང་ཚོ་ཉི་མ་དགའ་བ་དང་ཁོ་ཚོ་ཟླ་བ་ལ་དགའ་བ་ཙམ་ལ་གཞིགས་ནའང་ཡུལ་དུས་ཀྱི་ཁྱད་པར་ཤིན་ཏུ་ཆེ་བའི་གནས་ལུགས་ཤིག་རྟོགས་ཡོང་ངོ་། །

[ Hanna ]ལག་ཚོན་རི་མོ་དང་མཛེས་མ།

བཞི་བ།  མཇུག་དོན་ནམ་སྡོམ་ཚིག

གང་ལྟར།  ཡར་སྔོན་གྱི་འགྲེལ་བ་དང་འགྱུར་བཅོས་དག་ལས་ཀུན་ཏུ་དམར་བ་ཞེས་པ་ནི་རྒྱན་དུ་མི་འགྲོ་བ་དང་མཛེས་ཆོས་ཀྱི་ཆ་དམན་པ་སོགས་བཤད་མོད། གཙོ་བོ་ཁོང་ཅག་གིས་གོ་བ་ལེན་ས་ནི་ཤའི་མདོག་ཁོ་ན་ལ་གཞོལ་སོང་བས་མཐར་མི་མཛེས་པ་དང་མི་འོས་པའི་སྣང་ཚུལ་དུ་མ་དང་བཅས་སོ་སོས་ཀྱང་འགྲེལ་ཚུལ་དང་གོ་ཚུལ་རེ་གསུངས་ཡོད་པ་ལས་གནས་ལུགས་ཆེ་བོ་མེད་དེ། ཀུན་ཏུ་དམར་ཞེས་པ་ནི་ཤའི་ཁ་དོག་ཁོ་ན་ལ་བཞེད་པ་ནི་མི་འོས་པར་གཙོ་བོ་རྒྱ་གར་དང་བལ་རིགས་ཀྱི་བུ་མོ་དག་གིས་མཛེས་སྤྲས་ཀྱི་ཆ་ལ་གོ་བ་དང་།  དེའང་ཡོངས་གྲགས་སུ་ལག་མཐིལ་རི་མོ་དམར་གོར་གོར་བ་དེ་གོ་དགོས་ཕྱིར།  དེ་ལ་ཁ་དོག་གི་ཆ་ནས་ནག་པོ་དང་། སྔོན་པོ། ཇ་སྨུག་བཅས་རིགས་འགའ་ཡོད་ནའང་དམར་བོ་ནི་ལྷ་ཆེན་པོའི་མཆོད་པ་དང་བྱིན་རླབས་སུ་རློམ་པ་དང་། རྟེན་འབྲེལ་དང་མཛེས་ཆོས་ལྟ་བུ་ཆགས་ཡོད་པས་ཡུལ་དུས་རིག་གནས་དང་བཅས་གནའ་ནས་དར་བ་དང་ད་བར་འབྲི་བའི་ལུགས་སྲོལ་ཡོད་པའི་ཚུལ་འདིས་གསལ་ལ།  དེས་ནང་ནས་དམར་བོས་འབྲི་བ་མང་བའི་རྒྱུ་མཚན་དང་བཅས་མེ་ལོང་མ་མཛད་མཁན་སློབ་དཔོན་དབྱུག་པ་ཅན་ཁོང་གིས་ཀྱང་ཡུལ་དུས་དེའི་སྣང་བརྙན་གསོན་བཞེངས་བྱས་པ་གཟུར་གནས་བློ་དང་ལྡན་པ་ཞིག་གིས་བལྟས་ན་འཁྲུལ་མེད་ཡིན་ནོ། །   ། །

ཟུར་ལྟའི་དཔྱད་གཞི་ཡིག་ཆ།

[1] ཚིག་རྒྱན་རིག་པའི་སྒོ་འབྱེད།  དུང་དཀར་བློ་བཟང་འཕྲིན་ལས། མཚོ་སྔོན་མི་རིགས་དཔེ་སྐུན་ཁང་། སྲིབ།1.P120

[2]སྙན་ངག་མེ་ལོང་མའི་རྩ་འགྲེལ་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ཉིབ་ངོས། 1.P66

[3]སྙན་ངག་མེ་ལོང་མའི་རྩ་འགྲེལ་ཕྱོགས་བསྒྲིགས།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   སྲིབ་ངོས།1.P122

[4] ཚངས་སྲས་བཞད་སྒྲ།  བསེ་ཚང་བློ་བཟང་དཔལ་ལྡན། གསེར་ཐང་བླ་མ་རུང་དཔེ་ཁང་། ཤོག་གྲངས། སྲིབ་ངོས། 1.P99

[5]  རྒྱན་གྱི་བསྟན་བཅོས་ངག་གི་རོལ་མཚོ།    ཐུབ་བསྟན་ཆོས་ཀྱི་ཉི་མ།   བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།   ཤོག་གྲངས། སྲིབ་ངོས། 1.P105

[6] གསུང་རྩོམ་ཕྱོགས་བསྒྲིགས།   དགེ་འདུན་ཆོས་འཕེལ།  མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ཉིབ་ངོས། 1.P225

[7] ཤེལ་གོང་འཕྲེང་།  དེའུ་དམར་བ་དགེ་བཤེས་བསྟན་འཛིན་ཕུན་ཚོགས། མི་རིགས་དཔེ་སྐུན་ཁང་། ཤོག་གྲངས། སྲིབ་ངོས། 1.P76

– – – – –

Loading