གང་དེ་ལྐོག་ཏུ་ལུས་སམ་སྦས་པའི་གནད། །
གསལ་རྒྱས་རྫོགས་པར་གཏན་ལ་དབབ་པ་ལ། །
རིང་ནས་ཐོས་བསམ་ཆུང་ངུས་བཙལ་བའི་གྲོགས། །
རྩ་བ་ཤེས་རབ་ལས་གཞན་སུ་ལ་བསྙེན། །
རིགས་པས་དཔྱད་པ་བཟོད་པའི་དཀའ་བའི་གནས། །
རྩོད་ཅིང་འདྲི་བ་མཁས་པའི་ལུགས་སུ་གྲགས། །
མ་བརྟག་རྟོག་པས་བཏགས་པའི་ཟེར་སྒྲོས་ཙམ། །
ཡང་ཡང་སྐྱོར་བ་མཚན་ཉིད་རིགས་ལམ་མིན། །
ལུང་གི་རྒྱབ་རྩ་ལུང་གིས་མ་མནན་ཅིང་། །
རིགས་པའི་ཁུངས་ཀྱང་རིགས་པས་འཚོལ་བ་སྟེ། །
ལེགས་པའི་ལམ་དུ་ཞུགས་པའི་རྟེན་འབྲེལ་དུ། །
ཁོ་བོས་ཐོག་མའི་སེམས་བསྐྱེད་འདི་ཙམ་བྱས། །
དང་པོ། ཁོག་དབུབ་སྟོང་ཐུན་གྱི་སྐབས།
དེ་ཡང་ཁོ་བོར་མཚོན་ན་རྩོམ་པའི་རྒྱུ་གསུམ་གང་ཡང་མི་ལྡན་པའི་ཁར། མང་དུ་ཐོས་པ་དང་བྲལ་བ། ཤེས་རབ་དམན་པ། ལེ་ལོ་སྒྱིད་ལུག་སོགས་རྩོམ་པའི་སྐྱོན་ཆེན་པོས་ཀུན་ནས་དཀྲིས་པས།བློ་གྲོས་ཀྱི་མིག་ཕུར་ཁུང་ལ་ཐུག་པ་ལྟ་བུར་གནས་ཏེ། འདི་དང་དེ་མིན་ལ་དཔྱད་པ་ཡེ་མི་ཚུགས་ཤིང་། ལྷག་ཏུ་ལམ་གྱི་མངོན་རྟོགས་ཀྱི་རིགས་ལ་རང་སྟོབས་ཀྱིས་གཞལ་དཀའ་བ་ཡིན་གཤིས། རང་བློ་ཚད་མར་འཛིན་ཏེ་འཕྲལ་གྱི་བསམ་བློའི་འཁོར་ཕྱོགས་ཙམ་ལ་ཡིད་རྟོན་བྱས་ཀྱང་། གཏིང་དཔྱིས་ཕྱིན་པར་དཔོག་པའི་སྐབས་མི་སྲིད་པའི་ཕྱིར་ན། དེང་གི་ཞིབ་འཇུག་གི་འགྲོས་ལྟར།ཀར་ཊིཀ་ཆེན་མོ་གཞིར་བཞག་སྟེ་མཁས་པ་གཞན་གྱི་གསུང་སྒྲོས་དང་གཤིབ་བསྡུར་སྒོས་འཐད་སྒྲུབ་ཀྱི་རིགས་པ་བཙལ་ན། གཏན་ཚིགས་ཀྱི་ངེས་པ་འདྲེན་སླ་ཞིང་ཡིད་རྟོན་འཕེར་ངེས་སུ་སྙམ་སྟེ། འདིར་ལེགས་བཤད་དུ་མ་དཀྱུས་གཅིག་ཏུ་དྲངས་ནས་ཐེག་ཆེན་སྦྱོར་ལམ་ལ་དཔྱད་པ་བྱ།
འཐད་དང་མི་འཐད་རིགས་པས་རྣམ་པར་དཔྱད་དེ། གནད་དོན་འགའ་རེར་དགག་སྒྲུབ་ཅུང་ཙམ་བྱེད་འདོད་ལ། ཕྱོགས་སྔ་ལ་ཡང་མི་སྲིད་པའི་“ཁ་ཅིག་ན་རེ”ཞེས་པ་ལྟ་བུ་དགོད་རྒྱུ་མ་ཡིན་པར། རྒོལ་བའི་གླགས་རྙེད་མིན་ཅི་ཆ་རུང་། འཐད་ལྡན་མ་ཡིན་པའི་ཕྱོགས་ནི་དངོས་སུ་འདི་དང་དེ་ཞེས་ཁ་གསལ་གྱིས་བཀོད་དེ། རྒྱུ་མཚན་ལུང་རིགས་ཀྱི་གནོན་པ་བསྟན་རྒྱུ་ལགས་ཞེས་དཔའ་སྐད་བསྒྲགས་པ་ཡིན།
སྤྱིར། མཚན་ཉིད་གཞུང་ཆེན་ཁག་ཏུ་ཐུན་མོང་གི་སྒྲོམ་གཞི་ཞིག་ཡོད་པ་ནི། མངོན་རྟོགས་ཀྱི་རིགས་ལ་དཔྱད་པ་ཞུགས་པའི་ཚེ། རྒྱུ་དང་ངོ་བོ་རབ་དབྱེ་བྱེད་ལས་བཅས་ལ་གོ་རིམ་བཞིན་དུ་བརྟགས་ཏེ། རང་ལུགས་ལ་རིགས་པས་འཐད་པ་བཅུག་ནས་མཐའ་སྡོམ་མཛད་པའི་སྲོལ་ཡོད་པ་བཞིན། འདིར་ཡང་སྒྲིག་གཞི་དེའི་ཁྱབ་ཁོངས་ལས་འདའ་མེད།
གཤམ་དུ་གསལ་བ་ལྟར། སྐབས་འདིར་ཐེག་པ་སོ་སོའི་སྦྱོར་ལམ་སྤྱིའི་ཆ་ནས་འཆད་ན་སྐབས་དོན་དང་མི་འབྲེལ་བ་མེད་མོད། བྱེ་བྲག་ཐེག་ཆེན་སྦྱོར་ལམ་དམིགས་སུ་འཆད་པས། དངོས་ཤུགས་གང་རུང་ནས་གཞན་རྣམས་རྟོགས་པར་ཧ་ཅང་སླ་བས། ཚིག་ཉུང་ལ་དོན་འདུས་པ་དེ་ཡང་རྩོམ་གྱི་ཡོན་ཏན་དུ་སྙམ་ནས། རེ་ཞིག་ཡིད་ལ་གང་ཤར་འབྲི་བའི་ངལ་བ་བསྟེན་མེད།
རྒྱན་ལས་ཀྱང་། སྐབས་ལྔ་ལ་ཐེག་ཆེན་སྦྱོར་ལམ་དངོས་སུ་བསྟན་ནས་ཐེག་པ་གཞན་གྱི་སྦྱོར་ལམ་ཤུགས་སུ་གོ་བར་མཛད་ཡོད་པར་སྣང་ལ། ཡིན་ན་ཡང་། སྐབས་སོར་སོར་འཕྲལ་གྱི་དགོས་དབང་གིས་བྱེ་བྲག་ཕྱེས་ནས་གསུང་པ་ལས། ཐེག་ཆེན་སྦྱོར་ལམ་སྤྱིའི་ཁྱབ་བྱེད་ཀྱི་ངོ་བོ་འདི་ནས་གསུང་འདུག་སྙམ་པའི་གཞུང་ཞིག་གསལ་ཁ་མ་མཐོང་།
ལར་ཐེག་ཆེན་སྦྱོར་ལམ་ནི། སྤངས་རྟོགས་ཀྱི་ཚད་གཞི་ཅི་ཙམ་གྱི་ཆ་ནས་འཇོག་པ་དང་། རྒྱུད་རིམ་གང་འདྲ་ཞིག་ཚང་དགོས་སྙམ་ན། ཞིབ་པར་འོག་ནས་འབྱུང་མོད། འདིར་མདོ་ཙམ་སྨོས་ན།
གདམས་ངག་གི་དོན་བསྒོམས་པས་སྟོང་ཉིད་ལ་སྒོམ་བྱུང་གི་གསལ་སྣང་ཆེས་ཐོག་མར་ཐོབ་པ་ན་སྦྱོར་ལམ་ལ་འཕོས་པ་ཡིན་ཞིང་། ཚོགས་ལམ་དང་ལྟོས་འཇོག་གིས་བཤད་ན། ཡུལ་དང་ཡུལ་ཅན་འབྲེལ་མེད་རྒྱང་ཆད་དུ་སྣང་བའི་གཉིས་སྣང་སྐབས་འདིར་ཇེ་ཕྲ་རུ་སོང་བ་ཡིན་ནོ། ། འདི་ནི་རིགས་ངེས་པའི་དབང་དུ་བྱས་པ་ཡིན་ལ། དམན་ལམ་སྔོན་སོང་ལྟར་ན། ཚོགས་ལམ་ནས་སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་ཐོབ་པ་དང་། བསྒོམ་བྱའི་དོན་ལ་གསལ་སྣང་ཐོབ་པ་ཡོད་ཀྱང་། ཐེག་ཆེན་སྦྱོར་ལམ་དུ་མ་འཕོས་པའི་རྒྱུ་མཚན་ནི། ཚོགས་ལམ་སྐབས་ཀྱི་ཚོགས་གཉིས་ཀྱི་ནུས་པ་མ་རྫོགས་པའི་ཕྱིར་ཞེས། མཁས་པ་གཞན་གྱིས་གསུང་པ་ལྟར་ལེགས་སོ། །
ཐེག་པ་སོ་སོའི་ལྟ་སྒོམ་སྤྱོད་གསུམ་མི་འདྲ་བའི་དབང་གིས། སྦྱོར་ལམ་ལ་ཡང་མི་མཚུངས་པའི་ཁྱད་པར་མང་དུ་ཡོད་པ་བཞིན། རྒྱན་ལས་ཇི་སྐད་གསུང་པ་བཞིན། ཐེག་ཆེན་སྦྱོར་ལམ་ནི། ཉན་ཐོས་སྦྱོར་ལམ་ལས་ཁྱད་པར་ལྔ་ཡི་སྒོ་ནས་ཁྱད་དུ་འཕགས་ཤིང་། ཐུན་མོང་མ་ཡིན་པའི་རིན་ཐང་ལྡན་ཡོད་པ་ཡིན།
ང་ཚོས་འདི་ནས་སྦྱོར་ལམ་གྱི་མཚན་ཉིད་རབ་དབྱེ་ལ་ཁྱབ་མཐའ་དཔྱད་པའི་ཞོར་དུ། ཁ་ནང་དུ་ཕྱོགས་ནས་འདང་རྒྱག་དགོས་ས་ཞིག་ནི། ཐེག་པ་ཆེན་པོའི་སྡེ་སྣོད་ལ་སོགས་པའི་གདམས་ངག་ཇི་སྙེད། ཐོས་ཤིང་བསམ་པའི་དོན་དེ་ཡང་ཡང་བསྒོམས་པ་ལ་བརྟེན་ནས། གོ་རྟོགས་སྔར་དང་མི་འདྲ་པ་དང་བསམ་བློའི་གནས་ཚད་སྔར་ལས་ལྷག་པ་ཞིག་འཇིག་རྟེན་པ་ལའང་འབྱུང་བ་ཡོད་པས། ལམ་ཉམས་ལེན་གྱི་རྒྱུད་རིམ་ཁྲོད་དུ། ཐོས་བསམ་གྱི་ཤེས་རབ་ནི་གལ་ལོས་ཆེ་རུང་། ཆེས་མེད་ཐབས་མེད་པ་ནི་སྒོམ་བྱུང་གི་ཤེས་རབ་སྟེ། ཐོས་བསམ་གྱིས་སྒྲོ་འདོགས་མི་ཆོད་པ་དང་ངེས་པ་མ་རྙེད་པ་མིན་ཡང་། ཚད་མས་ངེས་པ་དྲངས་པའི་དོན་ལ་“དཔྱད་འཇོག་”ཅི་རིགས་ཀྱིས་ཡིད་ལ་འདྲིས་པར་བྱ་བ་ནི། གང་ཞིག་བསླབ་པའི་གནས་དེ་འཚོ་བ་དངོས་ཀྱི་ནང་དུ། རྒྱུན་ལྡན་བཀོལ་སྤྱོད་ཐུབ་པའི་ཐབས་ལམ་ཉག་གཅིག་ཏུ་གྱུར་ཡོད་པ་འདི་རེད།
གནད་དོན་འདིའི་ཐོག་ནས་བསམ་གཞིགས་བྱས་ན། སྤྱིར་ན། གཞུང་ལུགས་ཅི་ཞིག་བསླབས་རུང་ཐོས་བསམ་ཁོ་ནས་ཆོག་མི་ཤེས་པར། དེ་ཉིད་རང་གི་མི་ཚེའི་ལམ་ཡིག་ཅིག་ཏུ་གྱུར་དགོས་ན།དེའི་དོན་ཡིད་ལ་གོམས་ཤིང་སེམས་ལ་འདྲིས་པར་བྱ་རྒྱུ་ནི་རྒྱུ་འབྲས་ཀྱི་གོ་རིམ་ཞིག་ཏུ་ངེས་ནུས།
གཉིས་པ། ས་བཅད་རྣམ་འབྱེད་ཀྱི་སྐབས།
ཐེག་ཆེན་སྦྱོར་ལམ་སྐྱེ་བའི་རྟེན་ལ་དཔྱད་པ། བརྟེན་པ་ཐེག་ཆེན་སྦྱོར་ལམ་ལ་དཔྱད་པ། འདིར་བསྟན་སྦྱོར་ལམ་བློ་རིས་གང་ཡིན་ལ་དཔྱད་པ། ཁྱད་པར་བྱེད་ཆོས་ལྔ་ལ་བྱེ་བྲག་ཏུ་དཔྱད་པ།འདིར་བསྟན་རྟོག་པའི་ཟུར་དཔྱད།
ཐེག་ཆེན་སྦྱོར་ལམ་སྐྱེ་བའི་རྟེན།
༡ ལུས་རྟེན།
ཀར་ཊཱིག་ཆེན་མོར། འདོད་པའི་ལྷ་མིའི་ཁོ་ནའི་རྟེན་ལ་གསར་དུ་སྐྱེ་བར་གསུངས་པ་ནི་ཤིན་ཏུ་བདེན་ཏེ། གཟུགས་མེད་ལ་ནི་བྱང་སེམས་ཀྱིས་སྐྱེ་བ་ཆེད་དུ་འགོག་ཅིང་། བརྒྱ་ལ་ལས་ཉོན་གྱིས་སྐྱེ་བ་རེ་ཡོད་ཀྱང་། སྡུལ་བསྔལ་ལ་སྐྱོ་བའི་སེམས་མི་སྐྱེ་བས་རྟེན་དེར་སྦྱོར་ལམ་གསར་སྐྱེ་མེད། གཟུགས་ཀྱི་རྟེན་ལ་གསར་སྐྱེ་ཡོད་མེད་ལ་འདོད་པ་མི་མཐུན་པ་མང་ཡང་། གོང་ན་མཐོང་ལམ་གསར་སྐྱེ་མེད་པའི་ཤེས་བྱེད་དང་མཚུངས་སོ། ། འདིར་འབའ་མདའ་བས། ཐེག་ཆེན་པས་གཟུགས་ཀྱི་རྟེན་ལའང་རང་གཞན་གྱི་སྡུག་བསྔལ་སྒོམ་པས་ཉན་རང་ལས་བརྒྱ་འགྱུར་གྱིས་ལྷག་པའི་སྐྱོ་བ་དྲག་པོ་སྐྱེས་ནས་ལམ་ལ་བརྩོན་པ་ཡོད་པས། གཟུགས་ཀྱི་རྟེན་ལ་ཐེག་ཆེན་སྦྱོར་མཐོང་གཉིས་ཀ་གསར་སྐྱེ་ཡོད་པར་མདོ་ལས་གསུངས་ཞེས་བཤད་འདུག་ཀྱང་། སྐབས་གཉིས་པར་མཐོང་ལམ་གཟུགས་ཀྱི་རྟེན་ལ་གསར་སྐྱེ་མེད་པར་ཚིག་ཉམས་སུ་བཟུང་འདུག་པས། དངོས་འགལ་འདི་ལྟར་སྨྲ་དགོས་བྱུང་བ་ནི་གཏན་ཚིགས་ཀྱི་ངེས་པ་མ་རྙེད་པས་ལན་ནོ། །
ཁོང་གིས་གསུང་པ་ལྟར། ཟ་མ་ཏོག་བཀོད་པའི་མདོར། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ཡི་དྭགས་མང་པོ་བདེན་པ་མཐོང་བ་ལ་བཀོད་པར་མཛད་པ་དང་། ལྷའི་བུའི་རབ་གནས་ཀྱིས་ཞུས་པའི་མདོར། གཟུགས་ཁམས་ཀྱི་ལྷ་མང་པོས་བདེན་པ་མཐོང་བ་གསུངས་ཡོད་པར་འདུག་ཀྱང་། དེ་དག་ནི་བདེན་པ་མཐོང་བའི་རྒྱུ་ཐེག་ཆེན་སེམས་བསྐྱེད་ལ་བཀོད་པ་ལྟ་བུ་དགོངས་གཞི་གཞན་ལ་དགོངས་པ་ཡིན་ཞེས་སེ་ར་རྗེ་བཙུན་གྱིས་གསུངས་པ་ལྟར་ཅིའི་ཕྱིར་མི་འདོད་དེ། ཡི་དྭགས་ཀྱི་རྟེན་ལ་བདེན་པ་གསར་མཐོང་མི་སྲིད་པ་འདིས་ཀྱང་། མདོ་ལུང་འདི་དག་དགོངས་གཞི་ཅན་དུ་གོ་ནུས་པའི་ཕྱིར་རོ། །
འདོད་པའི་རྟེན་ལ་ཡང་། སྒྲ་མི་སྙན་དང་ཟ་མ་མ་ནིང་། ངན་སོང་དང་མཚམས་མེད་ཀྱི་ལས་དང་ལྡན་པའི་རྟེན་ལ་གསར་སྐྱེ་མེད་དེ། འགྲོ་བའི་སྒྲིབ་པ་དང་ཉོན་མོངས་ཤུགས་ཆེ་བ། ཤུགས་དྲག་གི་རྣམ་སྨིན་གྱི་སྒྲིབ་པ་དང་མཚམས་མེད་ཀྱི་ལས་སོགས་ཀྱིས་གོ་བཀག་པའི་ཕྱིར། མདོར་ན། གསེར་ཕྲེང་ལས། དེས་ན་མཐོང་ལམ་སྐྱེ་བའི་རྟེན་ལ་སྐྱེ་དགོས་སོ། ། ཞེས་གསུངས་པ་ནི་མཇུག་སྡོམ་དུ་བཀོད་པ་ཡིན་ནོ། །
༢ སེམས་རྟེན།
ཀར་ཊཱིཀ་ལས། སེམས་རྟེན་ནི་བསམ་གཏན་ས་དྲུག་ལ་བརྟེན་པ་ཅན་ཡིན་ཏེ། ཞེས་གསུངས་པའི་དོན། ཐེག་ཆེན་སྦྱོར་ལམ་ཐོག་མར་དངོས་སུ་གསར་དུ་སྐྱེ་བའི་སེམས་ལ་བསམ་གཏན་གྱི་དངོས་གཞིས་ཁྱབ་པས། བསམ་གཏན་ས་དྲུག་གང་རུང་ལ་དགོངས་པར་སྙམ་མོ། དེར་གྱུར་པའི་བསམ་གཏན་གྱི་ཉེར་བསྡོགས་ཀྱང་མེད། སྲིད་རྩེའི་སེམས་ཡང་མེད། འདོད་སེམས་ཡང་མི་རུང་ངོ་། དེའི་རྒྱུ་མཚན་ནི། ཐེག་ཆེན་ཚོགས་ལམ་ཆེན་པོ་པའི་རྒྱུད་ལ་ཉེར་བསྡོགས་མེད་པའི་ཕྱིར་ཏེ། དངོས་གཞི་ཐོབ་བཞིན་དུ་ཉེར་བསྡོགས་ལ་བརྟེན་པར་དགོས་པ་མེད་པའི་ཕྱིར། ལྷག་མཐོང་ཤས་ཆུང་བས་སྲིད་རྩེའི་སེམས་ལས་དངོས་སུ་གསར་སྐྱེ་མི་འཐད་པའི་ཕྱིར་དང་། ཚོགས་ལམ་ནས་སྦྱོར་ལམ་དུ་མཉམ་བཞག་ངང་ནས་འཕོས་པའི་གནད་ཀྱིས། འདོད་སེམས་དངོས་སུ་གསར་སྐྱེའི་རྟེན་དུ་མི་འབྱུང་བའི་ཕྱིར་རོ། །
བྱེ་བྲག་ཏུ་ཕྱེས་ན། ཐོས་བསམ་སྒོམ་པ་ལས་བྱུང་བའི་ཐེག་ཆེན་སྦྱོར་ལམ་གསུམ་ལས། དང་པོ་གཉིས་དངོས་སུ་གསར་དུ་སྐྱེ་བའི་སེམས་རྟེན་ལ། འདོད་སེམས་འགོག་པ་མིན་ལ། དངོས་གཞི་ཐོབ་ཟིན་པས་འདོད་སེམས་ལ་བརྟེན་པ་ཅི་ལྟར་རིགས་ཤེ་ན། སྤྱིར་བཏང་སྒོམ་བྱུང་གི་བློ་དེ་དང་དེ་ལ་དེ་འདྲ་ངེས་ཀྱང་། ཐོས་བསམ་གྱི་བློ་གང་དང་གང་དངོས་གཞི་ཐོབ་བཞིན་དུ། དེ་ལས་དཀའ་བའི་ལམ་ལ་བརྟེན་པར་མི་རུང་བ་མིན་ནོ། །
འདིར་གསར་བརྩམས་ཀྱི་གཞུང་འགར། ཐེག་དམན་གྱི་ལུང་ཚིག་ཤེས་བྱེད་དུ་དྲངས་ནས། ཐེག་པ་ཆེ་ཆུང་གཉིས་ཀའི་ལུགས་ལའང་སྦྱོར་ལམ་གསར་སྐྱེའི་རྟེན་ལ་བསམ་གཏན་བཞི་པ་ངེས་ཞེས་བཤད་འདུག་ཀྱང་། ལོག་པར་སྨྲ་བ་འདི་དག་ལ་གསེར་ཕྲེང་ལས། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ཕྱིན་ཆད་ཀྱི་ཐེག་ཆེན་གྱི་ལམ་གྱི་ཡོན་ཏན་མཐའ་དག་བསམ་གཏན་བཞི་པ་ལ་བརྟེན་དགོས་པའི་ཐལ་བ་བརྗོད་མཛད་པ་ནི། རིགས་པ་དྲི་མ་མེད་པ་ཡིན་ནོ། །
བརྟེན་པ་ཐེག་ཆེན་སྦྱོར་ལམ།
༡ མཚན་ཉིད།
ཐེག་ཆེན་གྱི་སྦྱོར་ལམ་དང་། ཐེན་ཆེན་གྱི་དོན་མངོན་རྟོགས། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་རྣམས་ནི་མིང་གི་རྣམ་གྲངས་ཡིན་ལ། ངེས་ཚིག་འདི་དག་གི་ཐ་སྙད་ཀྱི་ཚིག་འབྲུ་སོ་སོར་ཕྲལ་ཏེ་སྒྲ་བཤད་བྱས་ན། ༡ བདེན་པ་མངོན་སུམ་དུ་རྟོགས་པ་ལ་མྱུར་དུ་སྦྱོར་བའི་ལམ་དང་། ༢ གསུང་རབ་ཀྱི་དོན་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མ་རྟོགས་ཀྱང་གཉིས་སྣང་རགས་པ་བྲལ་བའི་སྒོ་ནས་མངོན་པར་རྟོགས་པའི་གནས་སྐབས་ཀྱི་ལམ་དང་། ༣ ཀར་ཊིཀ་ཏུ་གསལ་བ་ལྟར། ངེས་འབྱེད་མཐོང་ལམ་དང་ཆ་འདྲ་བའམ་བདེན་པ་ལ་དམིགས་པའི་ཕྱོགས་མཐུན་གྱི་སྒོམ་བྱུང་གི་ཤེས་རབ་ཐོབ་པའི་ལམ་བཅས་སོ། །
ད་ནི་ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ལ་དཔྱད་པར་བྱ་སྟེ། ཀུན་མཁྱེན་གོ་རམ་ཞབས་ཀྱིས། སྤྱིར་སྦྱོར་ལམ་གྱི་མཚན་ཉིད་ལ། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཐར་ལམ་གང་ཞིག ཐར་པ་ཆ་མཐུན་གྱི་གནས་སྐབས་ལས་འདས་པའོ། ། ཞེས་གསུང་འདུག་ལ། དེ་ལྟར་ན། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་སྦྱོར་ལམ་ཆོས་ཅན། སོ་སྐྱེའི་རྒྱུད་ཀྱི་ཐར་ལམ་དུ་ཐལ། སྦྱོར་ལམ་ཡིན་པའི་ཕྱིར། རྟགས་ཡུམ་དོན་རབ་གསལ་དུ་བཞེས། འདོད་ན། དེ་འདྲའི་སྦྱོར་ལམ་པ་དེ་སོ་སྐྱེར་ཐལ་ལོ། །
ཡང་ཤཱཀ་མཆོག་པའི་ཊིཀ་ཀ་ལས། ཐེག་ཆེན་གྱི་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་ཞིང་། ཐེག་ཆེན་གྱི་མཐོང་ལམ་མ་སྐྱེས་གོང་གི་བདེན་པ་བཞི་མངོན་པར་རྟོགས་པ་དང་དམིགས་རྣམ་རྗེས་སུ་མཐུན་པ། ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་དུ་མཛད་ནས། ཐེག་ཆེན་སྦྱོར་ལམ་ལ་སྒོམ་བྱུང་གིས་མ་ཁྱབ་པ་དང་ཐོས་བསམ་ལས་བྱུང་བ་ཡོད་པའི་རྒྱུ་མཚན་མང་དུ་བཀོད་པ་ནི། འགལ་བའི་ཁུར་ཆེན་མི་འདོད་བཞིན་ཐོག་ཏུ་བབས་པ་ཡིན་ཏེ། སྦྱོར་ལམ་པའི་རྒྱུད་ཀྱི་སེམས་བསྐྱེད་ཆོས་ཅན། བདེན་པ་བཞི་མངོན་པར་རྟོགས་པ་དང་དམིགས་རྣམ་རྗེས་སུ་མཐུན་པར་ཐལ། ཐེག་ཆེན་སྦྱོར་ལམ་ཡིན་པའི་ཕྱིར། རྟགས་གྲུབ། འདོད་ན་བློ་ཡིན་ན་བདེན་པ་བཞི་མངོན་པར་རྟོགས་པ་དང་དམིགས་རྣམ་རྗེས་སུ་མཐུན་དགོས་པར་ཐལ་ལོ། །
དེ་ལྟར་མི་འཐད་པའི་ཕྱོགས་ལ་ལེགས་པར་བརྟག་ནས། རང་ལུགས་འཐད་ལྡན་དུ་འཇོག་པ་ནི་མཁས་པའི་སྲོལ་ཡིན་པས། སྦྱོར་ལམ་གྱི་མཚན་ཉིད་ནི། ཐེག་པ་རང་ལུགས་ཀྱི་ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང་། ཐེག་པ་རང་ལུགས་ཀྱི་མཐོང་ལམ་མ་སྐྱེས་བར་གྱི་མངོན་རྟོགས་དང་། ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ནི། ཐེག་ཆེན་ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང་ཐེག་ཆེན་མཐོང་ལམ་མ་སྐྱེས་བར་གྱི་མངོན་རྟོགས་འདི་འཐད་དོ། ། ཐེག་ཆེན་སྦྱོར་ལམ་ལ་ཀུན་བཏུས་ལས་ཇི་སྐད་བྱུང་བ་བཞིན། སྤྱིར་སྒོམ་བྱུང་གཙོ་ཆེ་ཡང་། ཐོས་བསམ་ལས་བྱུང་བ་དང་དགེ་བའི་རྩ་བ་ཡང་ཇི་སྙེད་ཡོད་དེ། ཚོགས་ཀྱི་ལམ་ལ་དེ་ཡོད་པ་གང་ཞིག་མཚུངས་པའི་ཕྱིར། དེ་བཞིན་ཀར་ཊིག་ཆེན་མོ་ལས། སྦྱོར་བའི་ལམ་དེའི་ངོ་བོར་གྱུར་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དང་། དེའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་དང་སྙིང་རྗེ་ཆེན་པོ་སོགས་ཀྱང་ཐེག་ཆེན་སྦྱོར་ལམ་གྱི་ཁོངས་སུ་བསྡུ་བ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར།
འདིར་བསྟན་ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ནི། ཐར་པའི་གོ་སྐབས་འབྱེད་པ་གང་ཞིག དབང་པོའི་ངོ་བོར་གྱུར་ཅིང་བྱང་ཆུབ་ཡན་ལག་གི་ངོ་བོར་མ་གྱུར་པ། ཐེག་ཆེན་མཐོང་ལམ་མ་སྐྱེས་གོང་གི་བདེན་པ་མངོན་སུམ་དུ་རྟོགས་པ་དང་དམིགས་རྣམ་རྗེས་སུ་མཐུན་པ་ཞེས། ཀར་ཊིཀ་ཆེན་མོ་ལས་བྱུང་བ་ལྟར་རོ། །
༢ རབ་དབྱེ།
ཐེག་ཆེན་སྦྱོར་ལམ་ལ་དབྱེ་ན། དེར་གྱུར་པའི་དྲོད་དང་རྩེ་མོ། བཟོད་པ་དང་ཆོས་མཆོག་བཞི་ཡོད། དེ་ཡང་སྦྱོར་ལམ་བཞིའི་མཉམ་བཞག་ནི། ཡུལ་བདེན་སྟོང་ལ་སྒོམ་བྱུང་གི་གསལ་སྣང་ཐོབ་པ་འདྲ་ཡང་། མི་མཐུན་ཕྱོགས་འཇོམས་པའི་ནུས་པ་ཐོབ་ཚུལ་མི་འདྲ་བ་ལས་སོ་སོར་བཞག་པ་ནི། མདོ་སྡེ་རྒྱན་ལས་གསུང་པ་ལྟར་ཡིན་ཞིང་། ཀར་ཊིཀ་ཆེན་མོ་ལས། སྦྱོར་ལམ་རྣམ་པ་བཞིར་དབྱེ་བའི་རྒྱུ་མཚན་ནི། ཆོས་ཉིད་ཀྱི་དོན་ལ་རྟོགས་པའི་ཁྱད་པར་ཉེ་རིང་མི་འདྲ་བ་རྣམ་པ་བཞིར་ངེས་པས་ན་རྣམ་པ་བཞིར་དབྱེ་བ་མཛད་པ་ཡིན། ཞེས་གསུངས་པའི་དོན་ནི། གོང་དུ་བཤད་པ་དང་གོ་བབས་གཅིག་མཚུངས་ཡིན་ཏེ། ཐེག་ཆེན་སྦྱོར་ལམ་ལ། ལྟོས་འཇོག་གིས་བདེན་སྟོང་ལ་གསལ་སྣང་ཆེ་ཆུང་བཞི་རུ་ངེས་པའི་དབང་གིས། སྤང་བྱ་མགོ་གནོན་བྱེད་ཚུལ་ལ་མི་འདྲ་བ་བཞིར་ངེས་པས། ཡུལ་ཅན་སྦྱོར་ལམ་ལ་ཡང་རྣམ་པ་བཞི་རུ་བཞག་པ་ཡིན་ནོ། ། དེ་དག་གི་མཚན་ཉིད་རིམ་པ་བཞིན་དུ་བཤད་པར་བྱ་བ་ལ།
༡ དྲོད།
ཐེག་ཆེན་སྦྱོར་ལམ་གང་ཞིག ཤེས་སྒྲིབ་ཀུན་ཉོན་གཟུང་རྟོག་མངོན་གྱུར་འཇོམས་པའི་ནུས་པ་ཐོག་མར་ཐོབ་པའི་གནས་སྐབས་ཀྱིས་བསྡུས་པའི་ལམ་མོ། །
༢རྩེ་མོ།
ཐེག་ཆེན་སྦྱོར་ལམ་གང་ཞིག ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་མངོན་གྱུར་འཇོམས་པའི་ནུས་པ་ཐོག་མར་ཐོབ་པའི་གནས་སྐབས་ཀྱིས་བསྡུས་པའི་ལམ་མོ། །
༣བཟོད་པ།
ཐེག་ཆེན་སྦྱོར་ལམ་གང་ཞིག ཤེས་སྒྲིབ་རྫས་འཛིན་རྟོག་པ་མངོན་གྱུར་འཇོམས་པའི་ནུས་པ་ཐོག་མར་ཐོབ་པའི་གནས་སྐབས་ཀྱིས་བསྡུས་པའི་ལམ་མོ། །
༤ ཆོས་མཆོག
ཐེག་ཆེན་སྦྱོར་ལམ་གང་ཞིག ཤེས་སྒྲིབ་བཏགས་འཛིན་རྟོག་པ་མངོན་གྱུར་འཇོམས་པའི་ནུས་པ་ཐོག་མར་ཐོབ་པའི་གནས་སྐབས་ཀྱིས་བསྡུས་པའི་ལམ་མོ། །
དྲོད་སོགས་བཞིའི་སྒྲ་བཤད་ནི། འགྲེལ་ཆུང་ལས་ཇི་སྐད་འབྱུང་བ་ལྟར། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་སྐྱེ་བའི་སྔ་ལྟས་ཡིན་པས་དྲོད། འཇིག་རྟེན་པའི་དགེ་བའི་རྩ་བ་གཡོ་བ་རྣམས་ཀྱི་ནང་ནས་རྩེ་མོར་གྱུར་པ་ཡིན་པས་རྩེ་མོ། ངན་འགྲོར་ལས་ཉོན་གྱིས་སྐྱེ་བ་ཆད་པས་བཟོད་པ། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཡིན་པས་ཆོས་མཆོག་ཅེས་བྱའོ། ། དྲོད་མཉམ་བཞག་ཡེ་ཤེས་ནས། བདེན་མེད་ལ་བསྒོམས་བྱུང་གི་གསལ་སྣང་ཐོབ་པས། རྟོག་པ་བཞི་ཆར་མགོ་གནོན་པའི་ནུས་པ་ཐོབ་པ་མིན་ནམ་ཞེ་ན་མིན་ཏེ། དེ་ལྟར་ན། འགྲེལ་ཆུང་ལས། དེ་ལྟ་བུའི་རྣམ་པར་རྟོག་པ་བཞི་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་གྲངས་བཞིན་དུ་ལྡན་པ་ཡིན་ནོ། ། ཞེས་པ་འདི་དང་མི་འགྲིག་པའི་ཕྱིར།
འདིར་དཀའ་བའི་གནས་འདི་ལྟར་ཤེས་དགོས་ཏེ། སྦྱོར་ལམ་བཞིའི་མཉམ་བཞག་ལ་གཟུང་འཛིན་གྱི་བདེན་སྟོང་གཉིས་སྒོམ་བྱུང་གི་གསལ་སྣང་འབྱུང་ཆེ་ཆུང་དང་། རྟོག་པ་བཞི་རགས་པ་མགོ་གནོད་བྱེད་དཀའ་སླའི་རྒྱུ་མཚན་གང་ཡིན་སྙམ་ན། སྟོང་གཞི་གཟུང་འཛིན་གཉིས་ལས་གཟུང་བ་ངེས་སླ་ཞིང་། དེར་ལྟོས་ཀྱིས་འཛིན་པ་ངེས་དཀའ་ལ། སྟོང་གཞི་ངེས་སླ་བ་དེའི་ཆོས་ཉིད་ལ་སྒོམ་བྱུང་གི་གསལ་སྣང་འབྱུང་ཆེ་བ་ཡིན། འདིར་དྲོད་སོགས་བཞི་ལ་སྦྱར་ཏེ་འཆད་ན། གཟུང་བའི་ནང་ནས་ཀྱང་རྣམ་བྱང་ལ་ལྟོས་ནས་ཀུན་ཉོན་ཕྱོགས་ཀྱི་གཟུང་བ་ལ་གོམས་ཆེས་པས། སྦྱོར་ལམ་དྲོད་ནས་དང་པོར་དེའི་ཆོས་ཉིད་ལ་ཡང་གསལ་སྣང་ལྷག་པ་དང་། ཀུན་ཉོན་གཟུང་རྟོག་ཡང་མངོན་གྱུར་མགོ་གནོན་པ་ཡིན། རྫས་འཛིན་ལས་ཀྱང་རྣམ་བྱང་གཟུང་བ་ལ་གོམས་ཆེ་བས། སྦྱོར་ལམ་རྩེ་མོ་ནས་དེའི་ཆོས་ཉིད་རྟོགས་ཚབ་ཆེ་བ་དང་། རྣམ་བྱང་གཟུང་རྟོག་མངོན་གྱུར་མགོན་གནོན་བྱས་པ་སོགས་ཀྱིས་རིགས་བསྒྲེས་ནས། སྟོང་གཞི་བཏགས་འཛིན་ལས་ཀྱང་རྫས་འཛིན་ལ་གོམས་ཆེ་ཞིང་སེམས་གཏོད་པ་མང་བས། བཟོད་མཆོག་གཉིས་ལ་དེའི་ཆོས་ཉིད་ལ་ཡང་རྟོགས་ཚབ་ཆེ་ཆུང་བྱུང་བ་དང་། འཛིན་རྟོག་གཉིས་ལ་རགས་པ་མགོ་གནོན་བྱེད་དཀའ་སླ་བྱུང་བ་ཡིན།འདི་དག་འབའ་མདའ་བའི་ཊིཀ་ཀ་ལས་རྒྱས་པར་འབྱུང་ཞིང་། མཁས་པའི་ལེགས་བཤད་རྨ་མེད་པ་ཡིན་ནོ། །
འདིར་བསྟན་སྦྱོར་ལམ་བློ་རིས་གང་ཡིན་ལ་དཔྱད་པ།
ད་དུང་གཏམ་གྱི་འཕྲོ་གཏིང་ཟབ་ས་རུ་མཐུད་ན། འདིར་བསྟན་ཐེག་པ་ཆེན་པོའི་སྦྱོར་ལམ་དེ། བློ་ཡི་ངོ་བོ་གང་འདྲ་ཡིན་མིན་སྐོར་ནས། མཁས་པ་རྣམས་ཀྱི་བཞེད་ཚུལ་ལ། མི་མཐུན་པ་དང་མི་འདྲ་པ་མང་དུ་བྱུང་ཞིང་། ཕལ་ཆེ་བར་ལུང་རིགས་ཀྱི་རྒྱབ་རྩ་ངེས་ཅན་ཡོད་དུ་ཆུག་ཀྱང་། འགའ་ཞིག་གིས་མྱོང་བ་ཐན་ཐུན་ཙམ་གྱིས་འཆད་ཀྱང་། རིགས་པ་མི་ཤེས་པས་ཕལ་ཆེར་ཡིད་ཆེས་དཀའ་ལ། ཁ་ཅིག་ནི་ཟེར་སྒྲོས་སྔ་མ་ཙམ་ཞིག་སྐྱོར་ནས་རང་ལ་བདེན་ཁ་སྟེར་བར་བྱེད་ན། དེ་དག་ནི་འཕོངས་ཕྱིས་པའི་རྡོ་བཞིན་རྒྱང་དུ་དོར་བར་བྱའོ། །
འདིར་སྨྲ་བའི་ཁྱུ་མཆོག་རྣམས་ཀྱི་ལེགས་བཤད་དག་ཕན་ཚུན་གོ་བསྡུར་གྱིས་དཔྱད་ན། ཐོག་མར་ཐུན་མོང་ནས་ཐུགས་བསམ་བཞེས་ཡུལ་ནི། སྤྱིར་སྒོམ་བྱུང་གི་བློ་གང་དག་བློ་རིས་འདི་དང་དེ་ཞེས་ཁ་ཚོན་ཆོད་དཀའ་བར་འདུག་ཅིང་། རྣམ་འགྲེལ་ནས་བསྟན་པའི་བློའི་རབ་དབྱེ་ཙམ་དུ་འདུ་མིན་ཡང་དཔྱད་པའི་གཞི་རུ་ལུས་ཡོད་པར་སྙམ། ངས་མཐོང་མྱོང་བའི་དཔེ་དེབ་ཅིག་ཏུ་སྙིང་རྗེ་དང་སེམས་བསྐྱེད་སོགས་ཀྱང་བློ་རིགས་བདུན་གྱི་ཁོངས་སུ་མི་འདུ་བར་སྒྲུབ་འདུག་པ་ནི་བསྐྱར་དུ་བརྟག་འོས་པ་ལས། གྱ་ཚོམ་དུ་སྐྱོན་གཟུང་བ་ནི་མཁས་པའི་ལུགས་མིན་ནོ། །
དེ་བཞིན། ཤཀཱ་མཆོག་པས། ཐེག་ཆེན་སྦྱོར་ལམ་མཉམ་བཞག་ཡེ་ཤེས་ཀྱི་ངོ་བོ་ནི། རང་ལྡོག་ནས་སྤྱིར་མངོན་སུམ་དང་། བྱེ་བྲག་ཏུ་རང་རིག་པའི་མངོན་སུམ་མོ། ། ཞེས་དང་། གལ་ཏེ་དེ་ཆོས་ཉིད་ལ་བློ་རིགས་གང་དུ་འདོད་ཅེ་ན། དེ་ལ་བློ་རིགས་གང་དུ་ཡང་མི་འདོད་དེ། ཞེས་དགག་སྒྲུབ་ཀྱི་སྤྲོས་པ་མང་དུ་མཛད་འདུག་ཀྱང་། མདོ་ཧྲིལ་གྱིས་དྲིལ་ན། དེས་རྒྱུ་མཚན་གཙོ་བོ་ནི་དཔྱད་གཞིའི་སྦྱོར་ལམ་དེས་ཆོས་ཉིད་ཡུལ་དུ་བྱ་མ་ནུས་པའི་ཕྱིར་ཞེས་པ་འདི་ཁོ་ན་ཐུག་པ་ལས། དེ་ལས་གཞན་དཔྱད་གཞིའི་སྦྱོར་ལམ་དེ་མངོན་སུམ་ཡིན་པ་དང་། དེ་ཆོས་ཉིད་ལ་བློ་རིགས་གང་ཡང་མ་ཡིན་པའི་སྒྲུབ་བྱེད་ཅི་ཡང་མི་འདུག་པས། འདི་ལ་བརྟག་པར་བྱ་སྟེ། དང་པོ་མངོན་སུམ་ཡིན་པ་མི་འཐད་དེ། ཆོས་ཉིད་ལ་མཉམ་པར་བཞག་པའི་སོ་སྐྱེའི་བློ་ཡིན་པའི་ཕྱིར། ཅི་སྟེ་རང་གི་ངོ་བོ་ལ་མངོན་སུམ་ཡིན་པའི་ཕྱིར་སྙམ་ན། འོ་ན་ཤེས་པ་ཐམས་ཅད་ནས་ཐམས་ཅད་དེར་ཐལ་བའི་ཕྱིར་རོ། ། དེས་ཆོས་ཉིད་ཡུལ་དུ་བྱ་མ་ནུས་པའི་ཕྱིར་ཞེས་པ་ལ་སྐྱོན་འདི་ལྟར་འཇུག་སྟེ།དཔྱད་གཞིའི་སྦྱོར་ལམ་དེས་དམིགས་པ་བདེན་བཞི་མི་རྟག་བཅུ་དྲུག་གང་རུང་ལ་དམིགས་ནས། རྣམ་པ་བདེན་སྟོང་སྒྱུ་མ་ལྟར་དུ་བྱེད་པར་མི་འཐད་པར་ཐལ། དེས་ཆོས་ཉིད་ཡུལ་དུ་མ་བྱས་པའི་ཕྱིར་རོ། ། འདོད་ན་རྒྱན་རྩ་འགྲེལ་དང་འགལ་ལོ། ། དེ་བཞིན་བརྒྱད་སྟོང་འགྲེལ་ཆེན་དུ། ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་གསལ་བ་དང་། འབྲིང་ཙམ་གསལ་བ་དང་། ཤིན་ཏུ་གསལ་བ་དང་།རྫོགས་པར་གསལ་བ་སྟེ། ཆོས་ཉིད་ལ་གསལ་སྣང་གི་སྒོ་ནས་སྦྱོར་ལམ་བཞི་རུ་གསུང་པ་དེ་ཡང་མི་འཐད་པར་ཐལ། དེ་ཆོས་ཉིད་ལ་གསལ་སྣང་མ་ཐོབ་པའི་ཕྱིར་ཏེ། དེས་ཆོས་ཉིད་ཡུལ་དུ་མ་བྱས་པའི་ཕྱིར་རོ། །
ཡང་རྩོད་རིགས་སྨྲ་བ་སེ་ར་རྗེ་བཙུན་གྱིས། དེ་འདྲའི་མཉམ་བཞག་ཡེ་ཤེས་དེ་བཅད་ཤེས་དང་། རྣམ་འགྲེལ་ནས་བཤད་པའི་སྒྲ་དོན་འདྲེས་རུང་འཛིན་པའི་རྟོག་པར་འདོད་བཞིན་དུ། དེ་ལ་ཆོས་ཉིད་གསལ་བར་སྣང་བ་འདོད་པ་ནི། ཤེས་བཞིན་དུ་ཆོས་ཀྱི་གྲགས་པར་རྒྱབ་ཀྱིས་ཕྱོགས་པ་ཡིན་པས། ཆེད་དུ་གཞུང་ལུགས་ལོག་པར་བཅོས་པའི་མཛད་པ་འདི་འདྲ་བསྐྱང་པ་ནི། མཁས་པའི་རྩ་དོན་བོར་ནས་བླུན་པའི་གྲལ་དུ་འཚང་པའི་རྟགས་སུ་མཐོང་ངོ་། །
དེ་ཡང་ཁོ་ན་རེ། དེ་འདྲའི་མཉམ་བཞག་ཡེ་ཤེས་དེ་ལ་ཆོས་ཉིད་གསལ་བར་སྣང་སྟེ། ཆོས་ཉིད་ཀྱི་དོན་སྤྱི་གསལ་བར་སྣང་བའི་ཕྱིར། ཞེས་བཀོད། འོ་ན་སྒྲ་དོན་སྣང་བའི་རྟོག་པ་དེ་ལ་ཆོས་ཉིད་སྣང་ན། ཆོས་ཉིད་གསལ་བར་སྣང་དགོས་པར་འགྱུར་ཏེ། ཆོས་ཉིད་ཀྱི་དོན་སྤྱི་གསལ་བར་སྣང་དགོས་པའི་ཕྱིར། དེ་ཡང་ཡིན་ཏེ། ཆོས་ཉིད་ཀྱི་དོན་སྤྱི་དེ་དོན་སྤྱིའི་བར་མ་ཆོད་པར་འཆར་ངེས་པའི་ཕྱིར། དེ་ལྟར་མིན་ན་དོན་སྤྱི་ཐུག་མེད་དུ་ཐལ་བའི་སྐྱོན་གང་གིས་བཟློག
ཡང་དེ་འདྲའི་སྦྱོར་ལམ་ཆོས་ཅན། ཆོས་ཉིད་ལ་རྟོག་མེད་ཀྱི་ཤེས་པར་ཐལ། ཆོས་ཉིད་གསལ་བར་སྣང་བའི་ཕྱིར། ཞེས་པ་ལ་མ་ཁྱབ་པའི་ལན་གནང་འདུག་ཀྱང་། ཆོས་གྲགས་ཀྱིས། གསལ་བར་སྣང་བ་ཅན་བློ་གང་། ། དེ་ནི་དེ་ལ་རྟོག་མེད་འདོད། ། ཅེས་དང་། རྣམ་རྟོག་རྗེས་སུ་འབྲེལ་བ་ལ། ། དོན་གསལ་སྣང་བ་ཅན་མ་ཡིན། ། ཞེས་སོགས་ཇི་སྙེད་གསུང་པ་དག་དང་འགལ་ལོ། །
ཡང་ལོ་ཙཱ་བ་ཆེན་པོ་སོགས་མཁས་པ་སྔ་མ་མང་པོས། དཔྱད་གཞིའི་སྦྱོར་ལམ་དེ་རྣལ་འབྱོར་མངོན་སུམ་དུ་བཞེད་པ་ལ། ལུང་སྙེ་དང་གསེར་ཕྲེང་དུ། དེ་ལྟར་ན་དེས་ཆོས་ཉིད་མངོན་སུམ་དུ་རྟོགས་པར་འགྱུར་ཞིང་། འདོད་ན། སོ་སྐྱེས་ཆོས་ཉིད་ཇི་ལྟ་བ་བཞིན་རྟོགས་མི་ནུས་པ། རྗེ་བཙུན་དང་ཞི་མཚོ་ཨ་བྷྱ་སོགས་ཀྱི་ལུང་འགལ་རྗོད་པ་དང་། དཔྱད་གཞིའི་སྦྱོར་ལམ་དེས་མཐོང་སྤང་ས་བོན་འགའ་ཞིག་སྤངས་པའི་ཐལ་བ་འཕངས་པ་ནི། ཟློག་ཏུ་མེད་པའི་རིགས་པའི་གནོན་བྱེད་ཡིན་ནོ། །
དེ་ཡང་ཚིག་ཚོགས་མང་ཉུང་ལ་མ་ལྟོས་པར། ཞིབ་པའི་བློས་མཁས་པ་རྣམས་ཀྱི་ལུགས་ལེགས་པར་བརྟགས་ནས། ཡིད་རྟོན་ཐུབ་ངེས་ཀྱི་ལུགས་སུ་བྱས་པ་ནི་འཐད་ལྡན་དུ་འཇོག་པ་ལ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས། དྲན་པ་བཅད་ཤེས་ཡིན་ན་སྒྲ་དོན་སྣང་བའི་རྟོག་པར་འགྱུར་ལ། དེ་ལྟར་ན་ཆོས་ཉིད་གསལ་སྣང་མི་འཐད་པས་འགོག་པར་མཛད་ཅིང་། མངོན་སུམ་དུ་ཡང་མི་འདོད་པའི་སྲོལ་ལེགས་པར་ཕྱེས་པ་ནི་ཡང་དག་པའི་ལེགས་བཤད་ཁོ་ནར་མཐོང་སྟེ། དཔྱད་གཞིའི་སྦྱོར་ལམ་དེས་ཆོས་ཉིད་ལ་གསལ་སྣང་ཐོབ་པ་ནི། གཞུང་ལས་བྱུང་བ་ཙམ་མ་ཡིན་པར།རིགས་པས་གྲུབ་པ་ཡིན་ཏེ། སྒོམ་བྱུང་གི་གསལ་སྣང་ཞེས་པ་ནི་དོན་སྤྱི་གསལ་སྣང་ཙམ་ལ་བཤད་ན། དེ་ནི་ཆེད་དུ་མ་སྒོམ་ཡང་འཆར་བ་ཡོད་པས། དེ་ལྟར་ན། དམིགས་གསལ་སྦྱོར་ལམ་སྐབས་སུ་ཆོས་ཉིད་ལ་སྒོམ་བྱུང་གི་གསལ་སྣང་ཐོབ་ནས། རྟོག་པ་བཞི་མགོ་གནོན་བྱས་ཞེས་བཤད་ཀྱང་། རྒྱུ་མཚན་ཅན་དུ་ནམ་ཡང་མི་འགྲོ། ཡང་གསེར་ཕྲེང་དུ། ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་ཞེས་པ་ནི། ཚོགས་ལམ་དུ་རྣམ་གཡེང་ཤས་ཆེ་བ་སྦྱོར་ལམ་དུ་སྒོམ་བྱུང་གིས་འདྲིད་པར་བྱས་ཏེ་ཤས་ཆུང་བ་ལ་བཞེད་ཅེས་ཀྱང་ཟེར་མོད། དེ་ལ་བདེན་པའི་ཆ་མ་མཆིས་སོ། །
ཡང་གསེར་ཕྲེང་དུ། དེས་ན་སྦྱོར་ལམ་བདག་མེད་ལ་དམིགས་པ་ནི་བདག་མེད་ཀྱི་དོན་སྤྱི་རང་ལ་སྣང་བ་དེར་མོས་ནས་འཛིན་པའི་དོན་སྤྱི་འཇལ་བའི་བློ་ཡིན་པའི་ཕྱིར་སྒྲ་དོན་སྣང་བའི་རྟོག་པ་ཡིན་ལ། ཞེས་བཤད་དེ། ཐམས་ཅད་མཁྱེན་པ་བུ་ཡི་ལྡོག་ཕྱོགས་སུ་ཐད་ཐད་དུ་ལངས་ཡོད་མོད། འདི་མི་འཐད་པ་ཀར་ཊིཀ་ཏུ་སུན་འབྱིན་གནང་བ་བཀོད་ན། ཆོས་ཉིད་དོན་སྤྱིའི་ཚུལ་དུ་སྒོམ་པ་དེ་སྦྱོར་ལམ་གྱི་སྒོམ་པས་ཉམས་སུ་མྱོང་ཚུལ་མིན་ཞིང་། དེ་ཡིན་པའི་ཁུངས་ཀྱང་རྒྱ་གཞུང་ལས་མི་འབྱུང་ཞིང་། བོད་དུ་གྲགས་ཀྱང་ཡིད་མི་ཆེས་ཞེས་གསུངས་པ་ནི་རང་བཟོའི་རྣམ་བཞག་དང་བྲལ་བའི་གཞུང་ལུགས་འགྲེལ་སྟངས་ཡང་དག་པ་ཡིན་ནོ། །
འདིར་ངེས་པར་དོ་སྣང་བྱ་དགོས་ངེས་གཅིག་ལ། གསེར་ཕྲེང་དུ། ཆོས་ཉིད་ལ་ཡེ་ཤེས་ཀྱི་གསལ་སྣང་ཡོད་པར་འདོད་ན་དེ་ལ་མངོན་སུམ་དུ་ཐལ་བ་གང་གིས་བཟློག་ཅེས་པ་འདི་རེད། རྣམ་བཞག་འདི་ནི་རྣམ་འགྲེལ་ལྟར་ན་བདེན་དུ་ཆུགས་ཀྱང་། སྐབས་འདིར་སྒྲ་དོན་འདྲེས་རུང་དུ་འཛིན་པ་མ་ཡིན་པའི་རྟོག་པ་ཞིག་ཅིས་ཀྱང་འཆད་པས། དེ་ལ་གསལ་སྣང་ཡོད་ཀྱང་རྟོག་མེད་དུ་མི་འགྱུར་རོ། །
མདོར་ན། བུ་སྟོན་རིན་པོ་ཆེ་ལས་ལྷག་པའི་རིགས་པ་རྣོ་བ་ཞིག་སྐབས་འདིར་མ་བྱུང་བས། ཁོང་གི་རྗེས་སུ་འབྲང་བར་བྱ་སྟེ། དཔྱད་གཞིའི་སྦྱོར་ལམ་དེ་སྒྲ་དོན་སྣང་བའི་རྟོག་པ་མ་ཡིན་ལ།རྟོག་མེད་དུ་ཡང་མི་འདོད་ཅིང་། རང་ཡུལ་གསལ་སྣང་ཅན་གྱི་ཞེན་རིག་ཏུ་འདོད་དོ། ། ཀར་ཊཱིཀ་ཏུ་ཡང་སྒྲ་དོན་སྣང་བའི་རྟོག་པ་མ་ཡིན་པར་ལན་མང་གསུངས་ལ། རྟོག་མེད་དུ་མི་འཐད་དེ།གལ་སྲིད་ཡིན་ན་མངོན་སུམ་ལས་འོས་མེད་ལ། དེ་མ་ཡིན་པར་རྒྱུ་མཚན་དབང་བཙན་པའི་ཕྱིར། ཆོས་ཉིད་གསལ་སྣང་ཅན་ཡིན་ཏེ། ཨ་བྷྱས། ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བ་སྐྱེད་པ་དེའི་ཚེ་བཟོད་པའི་གནས་སྐབས་ཏེ་ཞེས་དང་། འགྲེལ་ཆེན་ལས་ཀྱང་དེ་བཞིན་འབྱུང་ལ། ཤེས་བྱ་ཀུན་ཁྱབ་ལས། གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པས་སོ། ། ཞེས་གསུངས་པ་གང་ལ་བལྟས་ཀྱང་། དཔྱད་གཞིའི་སྦྱོར་ལམ་དེས་ཆོས་ཉིད་གསལ་བར་སྣང་ལ། དོན་སྤྱི་གསལ་སྣང་ཙམ་ལ་བཤད་ན་མི་རིགས་པ་གོང་དུ་བསྟན་ཟིན་པའི་ཕྱིར་རོ། །
སྐབས་འདིར་ཉ་དབོན་གྱིས། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེར་དགག་པ་བསྐྱོན་ཏེ། སྦྱོར་ལམ་རྣལ་འབྱོར་མངོན་སུམ་དུ་བཤད་ཀྱང་། སྒྲུབ་བྱེད་ཚད་ལྡན་ཅི་ཡང་མ་རྙེད་པས། འོག་ཏུ་འདི་བློར་མ་ཤོང་ན་བུ་རིན་གྱི་རྗེས་སུ་འབྲང་བར་བྱའོ། ། ཞེས་ངེས་པ་མཐའ་མ་འཁྱོལ་བ་བྱུང་ཡོད། ཉ་དབོན་གྱིས་བུ་སྟོན་གྱི་བཞེད་པ་འགོག་པའི་སྐབས། ཉ་ཊཱིཀ་ལས། བུ་སྟོན་རིན་པོ་ཆེ་ནི།བློའི་ངོ་བོ་རང་རིག་ཡེ་ཤེས་ཏིང་ངེ་འཛིན་དང་ཤེས་རབ་སྟེ་མ་འཁྲུལ་བ་དང་ཆ་མཐུན་པའི་རྟོག་མེད་འཁྲུལ་ཤེས་ཞིག་གོ་གསུང་ཞིང་། ཞེས་དྲངས་འདུག་ཀྱང་། བུ་ཡིས་དཔྱད་གཞི་སྦྱོར་ལམ་དེ།རྟོག་མེད་འཁྲུལ་ཤེས་ཡིན་པར་ནམ་ཡང་མི་བཞེད་ཀྱང་། ལུང་སྙེར། སྒྲ་དོན་སྣང་བའི་རྟོག་པ་མེད་པའི་འཁྲུལ་ཤེས་ཡིན་ལ། ཞེས་པ་འདི་འཁྲུལ་གཞི་བྱུང་བར་སྙམ་མོད། བློ་དེ་སྒྲ་དོན་སྣང་བའི་རྟོག་པ་དང་བྲལ་ན། རྟོག་མེད་ཡིན་པའི་ངེས་པ་འདི་བུ་སྟོན་ལ་མེད་དོ། ། དེ་བཞིན་འཁྲུལ་ཤེས་ཞེས་གསུང་པ་དེ་ཡང་། རང་ཡུལ་ཆོས་ཉིད་ཇི་ལྟ་བ་བཞིན་མ་རྟོགས་པ་ཙམ་ལ། འཁྲུལ་ཤེས་ཞེས་བརྡ་སྦྱོར་བ་ཡིན་ཏེ། ལྟ་བ་ངན་སེལ་ལས། དེ་ལྟར་མ་ཡིན་ན་རྟོག་པ་དེ་དག་ཆོས་ཅན། སྦྱོར་ལམ་མ་ཡིན་པར་ཐལ། ཐ་སྙད་དུ་ཡང་ལོག་ཤེས་ཡིན་པའི་ཕྱིར། ཞེས་སོགས་གསུང་པ་ལ་བལྟས་ན། སྦྱོར་ལམ་དེ་ཆོས་ཉིད་ལ་དེར་མ་ཡིན་ལ་དེར་འཛིན་གྱི་འཁྲུལ་ཤེས་མ་ཡིན་པར་གོ་ནུས་སོ། །
ཡང་རང་ལུགས་ཡིག་ཆ་འཛིན་རློམ་ཁ་ཅིག དཔྱད་གཞིའི་སྦྱོར་ལམ་དེ་མངོན་སུམ་ཡིན་ཞེས་སྨྲ་མོད། དེ་ལྟར་ན་དེ་འདྲའི་སྦྱོར་ལམ་དེས་ཆོས་ཉིད་མངོན་སུམ་དུ་རྟོགས་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། རྣལ་འབྱོར་མངོན་སུམ་དུ་ཐལ། ཀར་ཊཱིཀ་ཆེན་མོ་ལས། གཟུང་འཛིན་གྱི་མཚན་མ་ཐམས་ཅད་དང་བྲལ་བར་མངོན་སུམ་དུ་རྟོགས་པའི་ཚེ་ནི་རྣལ་འབྱོར་མངོན་སུམ་གྱི་བདག་ཉིད་མཐོང་བའི་ལམ་ཡིན་ལ། ཞེས་གསུངས་པའི་ཕྱིར་རོ། །
འོ་ན། ཀར་ཊཱིཀ་ལས། དེའི་ཚེའང་མཉམ་བཞག་དེ་ནི་རང་རིག་མངོན་སུམ་ལས་གཞན་པ་མ་ཡིན་ཏེ། རིག་བྱ་དང་རིག་བྱེད་གཉིས་ཀ་མྱོང་བ་གསལ་རིག་གཅིག་གི་ངོ་བོར་སྐྱེས་པའི་ཕྱིར་རོ། །ཞེས་པའི་གཞུང་ཚིག་འདིའི་དོན་ཇི་ལྟར་ལགས་སྙམ་ན། ཅིས་ཀྱང་དཔྱད་པར་བྱ་སྟེ། འདི་ཉིད་འཁྲུལ་གཞིར་བྱས་ཏེ་ལོག་བཤད་ཀྱིས་གཞུང་ལུགས་དཀྲུག་པ་ཧ་ཅང་མང་བས། མི་བསྐྱོད་པའི་གཞུང་ལུགས་གཟུ་དཔོན་དུ་བསྐོས། རིགས་པ་དྲི་མ་མེད་པ་དཔང་དུ་བཙུགས་ནས་འཆད་པར་བྱ་སྟེ། དེ་ཡང་ རིག་བྱ་དང་རིག་བྱེད་གཉིས་ཀ་མྱོང་བ་གསལ་རིག་གཅིག་གི་ངོ་བོར་སྐྱེས་པ་ནི།བདེན་སྟོང་ལ་མཉམ་པར་བཞག་པ་སྟེ། གཟུང་འཛིན་གཉིས་སྣང་མེད་པའི་སྒོ་ནས་མཉམ་བཞག་རོ་གཅིག་ཏུ་འདྲེས་པ་ལ་གོ་དགོས་ཤིང་། རྒྱུ་མཚན་འདི་ཙམ་གྱིས་མངོན་སུམ་བཞིའི་ཟླས་ཕྱེ་བའི་རང་རིག་མངོན་སུམ་དུ་སྒྲུབ་པ་ན། ཁྱབ་འབྲེལ་ལ་ངེས་པ་མེད་པས་བསྒྲུབ་བྱ་རྟོགས་མི་ནུས་སོ། ། དེ་ནས། གཞུང་འདིས་དཔྱད་གཞིའི་སྦྱོར་ལམ་མངོན་སུམ་དུ་སྒྲུབ་པ་མ་ཡིན་པར། གཟུང་འཛིན་རྒྱང་ཆད་དུ་སྣང་བའི་གཉིས་སྣང་རགས་པ་ནུབ་པའི་སྒོ་ནས། བདེན་སྟོང་ལ་མཉམ་པར་བཞག་པ་ཙམ་ལ། སོ་སོར་རང་རིག་པའི་མངོན་སུམ་གྱི་ཐ་སྙད་གསོལ་བར་མཛད་པ་ཡིན་ནོ། །
དེ་བཞིན་དགོངས་གཅིག་ཀར་ཊཱིཀ་ལས། ཕར་ཕྱིན་ཐེག་པར་སྒོམ་བྱུང་གི་སྒོ་ནས་སྙོང་ཉིད་རྟོགས་པ་ལ་སྒྲོ་འདོགས་བཅད་པའི་ངེས་ཤེས་རྟོགས་(མཆན། པར་གཞིར་“རྟོགས”་འདི་བྲིས་འདུག་ཀྱང་། ཡིག་ནོར་དུ་སྣང་སྟེ་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་བློ་ལ་མདོ་སྔགས་གཉིས་ལ་རྟོག་བཅས་ཡིན་མིན་གྱི་ཁྱད་པར་འབྱེད་པའི་སྐབས་ཡིན་པའི་ཕྱིར། འོག་དེ་མ་ཐག་ཏུ་རྡོ་རྗེ་ཐེག་པ་ལྟར་ན། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བར་མངོན་སུམ་དུ་ཉམས་སུ་མྱོང་བ་ཁོ་ནར་གསུངས་པས་རྟོག་པའི་ངོ་བོར་སྐྱེས་པ་མི་འདོད་དོ། ། ཞེས་པ་འདི་ལས་ཀྱང་ཤེས་ནུས་པའི་ཕྱིར་རོ། །)པའི་ངོ་བོར་སྐྱེས་པ་ཞིག་ཀྱང་འདོད་དོ། ། ཞེས་གསུངས་ལ། དེ་འདྲའི་སྟོང་ཉིད་ལ་སྒྲོ་འདོགས་ཆོད་པའི་རྟོག་པའི་ངོ་བོར་གྱུར་པའི་སྒོམ་བྱུང་གི་བློ་དེ་སྦྱོར་ལམ་མཉམ་བཞག་ལས་འོས་མེད་དེ།རིགས་ངེས་པའི་དབང་དུ་བྱས་ན། མཐོང་ལམ་ལམ་ཡན་ཆད་ཀྱི་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཤེས་རབ་ནི་སྦྱོར་ལམ་དུ་ངེས་པའི་ཕྱིར་རོ། ། དེ་ལྟར་བཤད་པའི་གྲུབ་དོན། འདིར་བསྟན་སྦྱོར་ལམ་རྟོག་བཅས་སུ་ཤུགས་ཀྱིས་གྲུབ་པ་ཡིན་ནོ། །
གཞན་ཡང་། རྟོག་པ་ཡིན་ན་རྣམ་འགྲེལ་ནས་བཤད་པའི་སྒྲ་དོན་སྣང་བའི་རྟོག་པ་ཡིན་མི་དགོས་ཏེ། མཚན་གཞི་འདིར་བསྟན་སྦྱོར་ལམ་དེ་ཡིན་པའི་ཕྱིར། དེ་ཡང་ལུང་དང་རིགས་པ་གཉིས་ལས། དང་པོ་ནི་དགོངས་གཅིག་ཀར་ཊཱིཀ་ལས། མཐོང་ལམ་མི་རྟོག་ཡེ་ཤེས་ལ་ལྟོས་ནས་རྟོག་བཅས་དང་། ཞེས་གསུངས་པས་རྟོག་པར་གྲུབ་ལ། ཡང་དེ་ཉིད་ལས། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བྲལ་ཆ་ནས་རྟོག་མེད་ཡིན་ཡང་། ཞེས་གསུངས་པ་འདིས་སྒྲ་དོན་འདྲེས་འཛིན་གྱི་རྟོག་མེད་ཡིན་པར་གྲུབ་བོ། ། གཉིས་པ་རིགས་པ་ནི། དོན་སྤྱི་ལ་འཁྲུལ་བའི་རྟོག་པ་རགས་པ་འདི།ལམ་ཉམས་ལེན་གྱི་རིམ་པ་དང་བརྒྱུད་ནས་མངོན་སུམ་དུ་འགྱུར་བའི་གོ་རིམ་ལ་བལྟས་ན། འཁྲུལ་སྣང་དེ་ཡང་ཇེ་ཕྲ་ཇེ་ཕྲ་དུ་སོང་སྟེ། འཁྲུལ་གཞི་སྒྲ་དོན་གྱི་སྣང་བ་ལོག་ནས་ད་དུང་ཡུལ་ལ་ཞེན་པ་ཙམ་མ་ལྡོག་པའི་གནས་སྐབས་ཡོད་ངེས་ཤིང་། དེ་ནས་ཞེན་པ་ཙམ་ཡང་ལྡོག་ནས་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ངོ་བོར་འགྱུར་བ་ཡིན་གཤིས། དཔྱད་གཞིའི་སྦྱོར་ལམ་འདི་ནི་སྒྲ་དོན་གྱི་སྣང་བ་ལོག་ནས་ཡུལ་ལ་ཞེན་རིག་གི་ལྷག་མ་ལུས་པའི་གནས་སྐབས་ཀྱི་བློ་ཡིན་ནོ། །
ཁྱད་པར་བྱེད་ཆོས་ལྔ་བྱེ་བྲག་ཏུ་དཔྱད་པ།
ཁྱད་པར་བྱེད་ཆོས་ལ། ཉི་སྣང་དང་དོན་གསལ་གཉིས་ཀྱི་བཀྲལ་ཚུལ་ཅུང་མི་འདྲ་བ་བྱུང་ཞིང་། དེ་ཡང་ཉི་སྣང་ལས། རེ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གང་ཡིན་པ་དེ་དག་ནི་ཉན་ཐོས་ལ་སོགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ལས་ཁྱད་པར་རྣམ་པ་དྲུག་གིས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཞེས་གསུངས་ནས། དམིགས་པ། རྣམ་པ། རྒྱུ། ཡོངས་འཛིན། རྣམ་རྟོག་ལྡན་ཚུལ། དེའི་ཐོག་ཏུ་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བ་སྟེ་དྲུག་ཏུ་གསུངས་ཡོད། དམན་པའི་སྦྱོར་ལམ་ཆོས་མཆོག་ནི་དུས་མཐའི་སྐད་ཅིག་མའི་ངོ་བོ་ཡིན་པས། ཆེ་འབྲིང་གི་དབྱེ་བ་མེད་ཅིང་། ཐེག་ཆེན་ལ་དེ་ལྟར་རུང་བས་ཁྱད་དུ་འཕགས་པའི་བྱེད་ཆོས་ལ་འགྲོ་སྟངས་ནི་དེ་འདྲ་ཡིན་པར་གཞན་གྱིས་བཤད།
སྐབས་འདིར་དོན་གསལ་ལྟར་དུ། ཆུང་འབྲིང་གི་ཁྱད་པར་དོར་ནས། ཁྱད་པར་ལྔ་ལ་བསྡུས་ནས་འཆད་པར་བྱ་བས། དང་པོར་མདོར་བསྟན་ཚུལ་དུ་དོན་གསལ་གྱི་གཞུང་འདྲེན་པ་ནི་གལ་ཆེ་བར་སྙམ་མོ། ། དེ་ཡང་ཇི་སྐད་དུ། དམིགས་པའི་ཁྱད་པར་གྱི་ངོ་བོ་ཉིད་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་དང་། ཆོས་སུ་བལྟ་བའི་གཉེན་པོ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང་། ཐེག་པ་གསུམ་ཅར་རྟོགས་པའི་རྒྱུ་ཡི་ངོ་བོ་དང་། དགེ་བའི་བཤེས་གཉེན་ཐབས་ལ་མཁས་པའི་མཚན་ཉིད་ཀྱིས་ཡོངས་སུ་འཛིན་པ་དང་ལྡན་པ་དང་། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་བཞི་པོ་འཆད་པར་འགྱུར་བའི་ཚུལ་དང་འབྲེལ་བར་འབྱུང་བ་ནི་ཉན་ཐོས་ལ་སོགས་པའི་དྲོ་བ་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། ། ཞེས་གསུངས།
༡ དམིགས་པའི་ཁྱད་པར།
ཀར་ཊཱིཀ་ལས། སྐབས་འདིར་བསྟན་གྱི་དམིགས་པ་ནི་དམིགས་བྱའི་ཡུལ་གྱི་གཙོ་བོར་གྱུར་པ་དེ་ལ་བྱ་སྟེ། ཞེས་གསུངས་པ་ལྟར་ཡིན་ཞིང་། དེ་ཡང་རྒྱན་ལས། དམིགས་པ་མི་རྟག་ལ་སོགས་པ།། ཞེས་དང་། ཉི་སྣང་ལས། དམིགས་པའི་ཁྱད་པར་གྱིས་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་རྣམ་པར་མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཕྱིར། ཞེས་འབྱུང་བ་ལྟར། འདིར་བསྟན་ངེས་འབྱེད་བཅུ་གཉིས་པོས་དམིགས་པའི་ཁྱད་པར་ནི་མི་རྟག་བཅུ་དྲུག་གང་རུང་ལ་དམིགས་པ་འདི་ཡིན་ཏེ། དམན་པའི་སྦྱོར་ལམ་སྤྱི་ལྡོག་ནས་གཙོ་ཆེར་བདེན་པ་བཞི་ཙམ་ལ་དམིགས་པ་ཡིན་ཏེ།དེ་ཡང་འགྲེལ་ཆུང་ལས། བདེན་པ་བཞི་ལ་དམིགས་པ་དང་ཞེས། དམན་པའི་སྦྱོར་ལམ་གྱི་དམིགས་པ་བསྟན་པས་སོ། ། དེ་བཞིན། འདིར་བསྟན་སྦྱོར་ལམ་སྤྱི་ལྡོག་ནས་དམིགས་པ་བདེན་བཞིའི་ཁྱད་ཆོས་ལ་བྱེད་པ་གཙོ་ཆེ་སྟེ། འགྲེལ་ཆུང་ལས། བདེན་པ་བཞིའི་དངོས་པོ་ལ་དམིགས་པ་དང་ཞེས་གསུངས་པས་སོ། ། འོན་ཀྱང་། སྤྱིའི་ཆ་ནས་དམན་པའི་སྦྱོར་ལམ་ལས། དམིགས་རྣམ་གྱི་སྒོ་ནས་ཁྱད་པར་འཕགས་པ་བཤད་པ་ཡིན་གྱི། བྱེ་བྲག་ལ་བཀར་བའི་དམན་པའི་སྦྱོར་ལམ་གཅིག་ལ་ལྟོས་ན། དམིགས་རྣམ་མཚུངས་པ་ཡང་ཡོད་པར་ཤེས་པར་བྱའོ། །
༢ རྣམ་པའི་ཁྱད་པར།
ཀར་ཊཱིཀ་ལས། རྣམ་པ་ནི་དམིགས་བྱའི་ཡུལ་གྱི་འཛིན་སྟངས་ཀྱི་ཁྱད་པར་ལ་འདོད་དགོས་པ། ཞེས་སོགས་གསུངས་པ་ལྟར་ཡིན་ཏེ། རྒྱན་ལས། རྣམ་པ་མངོན་ཞེན་ལ་སོགས་འགོག ། ཅེས་དང་། ཉི་སྣང་དང་འགྲེལ་ཆུང་གཉིས་མཐུན་པར། མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པ། ཞེས་གསུངས་སྟེ། འདིར་བསྟན་ངེས་འབྱེད་བཅུ་གཉིས་པོའི་རྣམ་པའི་ཁྱད་པར་ནི། དམིགས་པ་མི་རྟག་བཅུ་དྲུག་སོགས་རྣམ་པ་བདེན་སྟོང་སྒྱུ་མ་ལྟར་དུ་འཛིན་པ་འདི་ཡིན་ཏེ། ཐེག་དམན་སྦྱོར་ལམ་སྤྱི་ལྡོག་ནས། དམིགས་པ་བདེན་པ་བཞི་ཙམ་ལ་དམིགས་ནས། རྣམ་པ་མི་རྟག་སྡུག་བསྔལ་སྟོང་བདག་མེད་ཙམ་དུ་འཛིན་པ་གཙོ་ཆེ་བའི་ཕྱིར། དེ་ཡང་འགྲེལ་ཆུང་ལས། བདག་ཏུ་ལྟ་བའི་གཉེན་པོ་ཉིད་ཀྱིས་མི་རྟག་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང་། ཞེས་དམན་སྦྱོར་གྱི་རྣམ་པ་བསྟན་པས་སོ། །
དམིགས་རྣམ་གྱི་ཁྱད་པར་ཡང་སྤྱི་ཡོངས་ནས་འབྱེད་དགོས་པ་ལས། བྱེ་བྲག་དང་བྱེ་བྲག་བསྡུར་ན་ཐེག་པ་ཆེ་ཆུང་ལ་མཚུངས་ཆོས་ཡོད་པ་གོང་དུ་དྲངས་པ་ལྟར་འདིར་ཡང་ཡིན་ལ། འགའ་ཞིག་གིས་རྒྱན་གྱི་གཞུང་། དམིགས་པ་མི་རྟག་ལ་སོགས་དང་། ། ཞེས་པ་དང་། རྣམ་པ་མངོན་ཞེན་ལ་སོགས་འགོག ། ཅེས་པའི་རྩ་བ་དང་འགྲེལ་བ་བཅས་ལ་མ་བསྟུན་པར། ཐེག་ཆེན་སྦྱོར་ལམ་གྱིས་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་སྟེང་གི་བདེན་སྟོང་ལ་དམིགས་པ་དང་། ཉན་རང་སྦྱོར་ལམ་གྱིས་དེ་ལྟར་མི་དམིགས་པས་དམིགས་པའི་སྒོ་ནས་ཁྱད་པར་འཕགས་པ་དང་། ཐེག་ཆེན་སྦྱོར་ལམ་ལ་བདེ་བཞི་མི་རྟག་སོགས་བཅུ་དྲུག་གི་ངོ་བོར་བདེན་སྟོང་དུ་དམིགས་པའི་འཛིན་སྟངས་དང་ལྡན་ལ། ཉན་རང་སྦྱོར་ལམ་ལ་དེ་མི་ལྡན་པས་རྣམ་པའི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་ལ། ཞེས་ཞིབ་ཆ་འབྱེད་མོད། རྩོད་པའི་སྐབས་འདི་ལྟར་འཛིན་མཚམས་བདེ་བར་འདུག་ཀྱང་། དེ་ལྟར་ན། དམིགས་རྣམ་གཉིས་ཆར་བདེན་སྟོང་ཁོ་ནར་སོང་བས། རྣམ་པའི་ཁྱད་པར་ནི་དམིགས་པའི་ཁྱད་པར་བསྐྱར་དུ་བཟློས་པ་ཙམ་ཡིན་མིན་དཔྱད་པའི་གཞི་རུ་འཇོག་འོས།
ཡང་གཅིག་བཤད་ན། བདེན་བཞི་ཙམ་ལ་དམིགས་ནས། དེ་ཉིད་མི་རྟག་བཅུ་དྲུག་གང་རུང་དུ་སྒོམ་པ་ཐེག་དམན་གྱི་ལམ་སྒོམ་པའི་རིམ་པ་དང་། མི་རྟག་བཅུ་དྲུག་གང་རུང་ལ་དམིགས་ནས།དེ་ཉིད་བདེན་སྟོང་དུ་སྒོམ་པ་ནི་ཐེག་ཆེན་གྱི་ལམ་སྒོམ་པའི་ཁ་ཕྱོགས་སྤྱིར་བཏང་ནས་དེ་འདྲ་ཡིན་གཤིས། འགྲེལ་ཆུང་ལས་དེ་ལྟར་འབྱུང་བ་བཞིན་སྐབས་འདི་ཡང་ཐེག་པ་ཆེ་ཆུང་གི་དམིགས་རྣམ་ཟབ་ཁྱད་ནི། དེ་ལྟར་དུ་འབྱེད་པ་ནི་འོས་ཤིང་འཚམ་པར་མཐོང་། འདི་དག་ཡང་ཡང་སྐྱོར་བ་ནི་གལ་པོ་ཆེ་ལ་ནན་ཏན་ཚུལ་དུ་ཡིན་ལ། རྩོད་རིགས་ཀྱིས་འཕུལ་ན་དོན་གྱི་གོ་བ་དཀྲུག་པའི་སྣང་ཚུལ་ནི། གནད་དོན་འདི་ཁོ་ན་ལ་ཡང་མ་ཡིན་པས། དཔྱོད་པ་དང་ལྡན་པ་དག་གིས་ཡིན་ལུགས་ལ་བསླད་མི་བསྲེ་བར་གཅེས་འཚལ།
རང་རེས་རང་ལུགས་ཞེས་ཨུ་ཚུགས་ཨ་མཐས་ཀྱིས་ལར་ཞེན་མི་འཛིན་པར། ཀར་ཊཱིཀ་ཀྱི་དམིགས་རྣམ་འཆད་པའི་སྐབས་ཀྱི་གཞུང་དེ་དཔྱད་གཞིར་འཛིན་རིགས་ཏེ། ཇི་ལྟར་བསམ་ཡང་འདི་འདྲ་ཡིན་འདུག་སྙམ་པའི་གོ་བ་ལེགས་པོ་ཞིག་འཆར་བ་མེད་པས། འདིར་དཔྱོད་པའི་སྒོ་ཙམ་བསྟན་ན། གཞུང་དེ་ཉིད་ལས། མདོར་ན་སྐབས་འདིར་བསྟན་གྱི་དམིགས་པ་ནི་དམིགས་བྱའི་ཡུལ་གྱི་གཙོ་བོར་གྱུར་པ་དེ་ལ་བྱ་སྟེ། ཇི་སྐད་དུ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། ། ཞེས་བྱ་བ་ལ་འཆད་དགོས་ཤིང་། ཞེས་པའི་གསུང་འདི་ལ་བརྟག་པར་རིགས་ཏེ། དམིགས་པ་ནི། དམིགས་པ་ཆོས་རྣམས་ཐམས་ཅད་དེ་ཞེས་བྱ་བ་ལ་ཇི་ལྟར་འཆད་དེ། སྤྱིར་ན་ངེས་འབྱེད་ཀྱིས་ཆོས་ཐམས་ཅད་ལ་དམིགས་སུ་ཟིན་ཡང་། འདིར་སྨོས་ཀྱི་དམིགས་རྣམ་གཉིས་སུ་ཕྱེས་པའི་དམིགས་པ་རུང་མིན་དཔྱད་པའི་གཞིའོ། །
ཡང་ཀར་ཊཱིཀ་ལས། རྣམ་པ་ནི་དམིགས་བྱའི་ཡུལ་གྱི་འཛིན་སྟངས་ཀྱི་ཁྱད་པར་ལ་འདོད་དགོས་པ་ཡིན་པར་ཡང་། ཇི་སྐད་དུ། གཞི་ཤེས་པ་ཡི་བྱེ་བྲག་རྣམས། ། རྣམ་པ་ཞེས་བྱ་ཞེས་གསུངས་པ་ལྟར་གྱི་རྣམ་པ་ལ་འཆད་དགོས་པ་ཡིན་ནོ། ། ཞེས་པའི་གསུང་འདི་ཉིད་ལ་དཔྱད་དགོས་པར་མཐོང་སྟེ། ཤེས་བྱེད་ཀྱི་ཁུངས་སུ་སྐབས་བཞི་པའི་ལུང་འདི་ཉིད་དྲངས་པ་འདིས། ངེས་འབྱེད་ཀྱི་རྣམ་པ་ནི། ཕལ་ཆེར་མཁྱེན་གསུམ་གྱི་རྣམ་པ་ལ་དགོངས་པ་ངེས་ནུས་ལ། དེ་ལྟར་མིན་ན། དམིགས་པ་དང་རྣམ་པ་ཞེས་པའི་གཞུང་ཚིག་ཡོད་དོ་ཅོག་འདིར་བཀོད་ན། སྐབས་དོན་དང་མ་འབྲེལ་བའི་སྐྱོན་དུ་འགྱུར་མིན་དཔྱོད་ཅིག
༣ རྒྱུ་ཡི་ཁྱད་པར།
རྒྱན་ལས། ཐེག་པ་གསུམ་ཅར་འཐོབ་པའི་རྒྱུ། ། ཞེས་དང་། འགྲེལ་ཆུང་ལས་ཀྱང་། ཐེག་པ་གསུམ་ཅར་རྟོགས་པའི་རྒྱུ་ཡི་ངོ་བོ་དང་། ཞེས་གསུངས་པ་ལྟར། འདིར་བསྟན་ངེས་འབྱེད་བཅུ་གཉིས་པོའི་རྒྱུ་ཡི་ཁྱད་པར་ནི། ཐེག་གསུམ་གྱི་རྟོགས་རིགས་ཚང་བའི་མཐོང་ལམ་གྱི་ཉེ་རྒྱུ་ཡིན་པ་འདིས་གྲུབ་བོ། ། དམན་པའི་སྦྱོར་ལམ་ལ་དེ་ལྟར་ཉེ་རྒྱུ་བྱེད་པ་མེད་པའི་ཕྱིར་ཏེ། དེ་ཡང་འགྲེལ་ཆུང་ལས། རང་གི་ཐེག་པ་ཁོ་ན་རྟོགས་པའི་ཆེད་དུ་དང་། ཞེས་གསུངས་པས་སོ། ། འདིའི་སྐབས་ཉེ་རྒྱུ་ཞེས་པ་ནི་རང་དང་རིགས་མི་མཐུན་པའི་ལམ་གཞན་གྱིས་བར་དུ་མ་བཅད་པ་ལ་གོ་ན་འཐུས་སོ། །
༤ སྤངས་བྱའི་ཁྱད་པར།
འདིར་བསྟན་ངེས་འབྱེད་བཞི་ལ། རྟོག་པ་བཞི་པོ་རགས་པ་མགོ་གནོན་ཚུལ་གྱིས་སྤང་གཉེན་དུ་ལྡན་པས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྣམ་པར་རྟོག་པ་བཞི་དང་མི་ལྡན་པར་འབྱུང་ངོ་། །ཞེས་འགྲེལ་ཆུང་ལས་འབྱུང་བ་ལྟར། དམན་པའི་སྦྱོར་ལམ་ནི་རྣམ་རྟོག་བཞི་དང་སྤང་གཉེན་དུ་ལྡན་པ་མེད་པས། འདིར་བསྟན་སྦྱོར་ལམ་དེ་རྣམ་རྟོག་ལྡན་ཚུལ་གྱིས་ཁྱད་པར་འཕགས་པར་གྲུབ་བོ། །
ཉི་སྣང་ལས། དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་གཉིས་པ་དག་ནི་གོ་རིམ་བཞིན་དུ་གཟུང་བའི་རྣམ་པར་རྟོག་པ་གཉིས་སུ་གྱུར་པ་ཡིན་ལ། གསུམ་པ་དང་བཞི་པ་དག་ཀྱང་འཛིན་པའི་རྣམ་པར་རྟོག་པ་གཉིས་ཡིན་ནོ། ། ཞེས་འདིར་བསྟན་གྱི་རྟོག་པ་འདི་དག་ངོ་བོར་ལྡན་པ་ལས། སྤང་གཉེན་དུ་བཤད་པ་གར་ཡང་མི་འབྱུང་བའི་ཕྱིར་ཟེར་ཡང་། སྤྱིར་ན་རིགས་པ་འཚོལ་བའི་ལམ་དུ་མི་ཞུགས་པར་ལུང་གི་གསལ་ཁ་མེད་ན་ཡིད་རྟོན་མི་བྱེད་པ་དག་ལ། བརྩད་ཀྱང་སྙིང་པོས་དབེན་མོད། སྦྱོར་ལམ་མཉམ་བཞག་བཞིས་རྟོག་པ་བཞི་པོ་རིམ་པ་བཞིན་མགོ་གནོན་ཚུལ་མདོ་སྡེ་རྒྱན་སོགས་ནས་བཤད་པ་ནི། ཐོས་བསམ་གྱི་རྒྱ་ཆུང་བས་མ་མཐོང་བ་མ་གཏོགས་མེད་པ་མིན་ནོ། །
འོ་ན་ཉི་སྣང་གི་ཚིག་དེས་ངོ་བོར་ལྡན་པ་བསྟན་ཏོ་སྙམ་ན། དེ་ལ་ཀར་ཊཱིཀ་ཏུ། འཕགས་གྲོལ་གྱིས་རྟོག་པ་བཞི་པོ་དྲོད་སོགས་བཞི་ལ་མཚུངས་ལྡན་དུ་བརྟེན་པར་བཤད་པ་ཡིན་གྱི། མཚུངས་ལྡན་དུ་བརྟེན་པ་ཙམ་གྱིས་དེ་དྲོད་སོགས་བཞི་ཡིན་མི་དགོས་པའི་གསལ་བཤད་མཛད་ཡོད་པ་འདི་ཤིན་ཏུ་བདེན་ནོ། །
ངོ་བོར་ལྡན་པ་མི་འཐད་དེ། དེ་ལྟར་ན་ཐེག་ཆེན་སྦྱོར་ལམ་ཁེགས་ན། དེ་དག་ཁེགས་དགོས་པས། ཐེག་ཆེན་འཕགས་པ་ཡིན་ན་སྒྲིབ་པ་ཅི་ཡང་རྒྱུད་ལ་མེད་པས་ཁྱབ་པར་ཐལ་ལོ། ། ཞེས་མཁས་གྲུབ་རྗེས་གསུངས་པ་ནི་ཟློག་ཏུ་མེད་པའི་ཐལ་བའོ། །
ཡང་སྐོར་ཞིག་གིས། དགག་རྟོག་ངོ་བོར་ལྡན་པ་དང་། སྒྲུབ་རྟོག་སྤང་གཉེན་དུ་ལྡན་པར་སྨྲ་མོད། ཇི་ལྟར་བྱས་ཀྱང་འདི་སྐབས་ཀྱི་རྟོག་པ་ཡིན་ན། བདེན་འཛིན་ལས་འདའ་བ་མེད། དེ་ནི་ཅིས་ཀྱང་བདེན་མེད་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོར་ལྡན་ཐབས་བྲལ་ཞིང་། དེ་ལྟར་ཡང་ཀར་ཊཱིཀ་ཆེན་མོ་ལས། དེང་སང་འདི་ན་ལ་ལ་དག་སྒྲུབ་རྟོག་སྤང་བྱར་ལྡན་པ་དང་དགག་རྟོག་ངོ་བོར་ལྡན་པ་ཞེས་བྱ་བ་ལ་སོགས་པའི་རྣམ་གཞག་ནི། གོང་དུ་བཤད་པའི་དོན་ལ་མཐའ་མ་ཆོད་པར་འཁྲུལ་བའི་གཏམ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡིན་ནོ། ། ཞེས་གསུང་གསེར་ནག་གི་ཕྲེང་བ་ལྟར་བསྩལ་བ་ནི། མཁས་པ་མགུ་བའི་ལེགས་བཤད་ཉག་གཅིག་ཡིན་ནོ། །
འདིར་ཁ་གསལ་གྱིས་ངེས་དགོས་པ་ཞིག་ནི། ཀར་ཊཱིཀ་ཏུ། འཕགས་གྲོལ་གྱིས་རྟོག་པ་བཞི་པོ་དྲོད་སོགས་བཞི་ལ་མཚུངས་ལྡན་དུ་བརྟེན་པར་བཤད་པ་ཡིན་གྱི། ཞེས་གསུངས་པ་ཡང་། ཕན་ཚུན་སྤང་གཉེན་ལྟ་བུར་གོ་བ་ལས། དམིགས་རྣམ་མཚུངས་པ་མི་བཞེད་པ་འདི་ཡང་ངེས་པར་གོ་དགོས་ཏེ། འགྲེལ་ཆུང་གི་གཞུང་། དེ་ལྟ་བུའི་རྣམ་པར་རྟོག་པར་བཞི་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་གྲངས་བཞིན་དུ་ལྡན་པ་ཡིན་ནོ། ། ཞེས་པའི་འབྲུ་གནོན་གྱི་སྐབས། ཀར་ཊཱིཀ་ལས། གྲངས་བཞིན་དུ་ལྡན་པའི་གོ་དོན་ཡང་མཚུངས་ལྡན་གྱི་གོ་དོན་ཡིན་ལ། དེའི་དོན་ཡང་དེང་སང་བོད་རྣམས་ཀྱིས་དགག་རྟོག་གི་ངོ་བོར་ལྡན་ཙམ་ལ་དགོངས་པ་མ་ཡིན་ཏེ། སྐབས་དེར་ངེས་འབྱེད་ཡན་ལག་གི་གཉེན་པོ་གང་ཡིན་པ་དེའི་སྤང་བྱ་གང་ཡིན་དེ་དེར་གྲངས་སུ་ལྡན་ཞེས་པའི་དོན་ཡིན་ལ། དེ་གྲངས་སུ་མཚུངས་པར་ལྡན་ཡང་དེ་དེར་ཡོད་པ་ཁོ་ནར་ངེས་པའི་མཚུངས་ལྡན་ནི་མ་ཡིན་ནོ། ། ཞེས་ཞིབ་ཆ་མཛད་པ་འདི་ཡིད་ནས་མ་བརྗེད་པར་གཅེས་འོས། །
འདིར་བསྟན་རྟོག་པའི་ཟུར་དཔྱད།
རང་ཡུལ་ལ་བདེན་པར་འཛིན་པའི་ཤེས་སྒྲིབ། འདིའི་སྐབས་ཀྱི་རྟོག་པའི་མཚན་ཉིད་དུ་འཇོག་པ་རིགས་ཤིང་། དེ་ཡང་ཤེས་སྒྲིབ་ཀྱིས་ཁྱབ་པའི་རྒྱུ་མཚན་ནི། ཐེག་ཆེན་མཐོང་སྒོམ་གྱི་སྤང་བྱ་གཙོ་བོར་སྟོན་པའི་སྐབས་ཡིན་པས། ཤེས་སྒྲིབ་ལས་འོས་མེད་ལ། དེ་ཡང་མཐོང་སྤང་དང་སྒོམ་སྤང་གཉིས་ཆར་ནས་བསྟན་པ་ཡིན་ཏེ། འགྲེལ་ཆེན་ལས། མཐོང་བ་དང་སྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་རྣམ་པར་རྟོག་པ་བཞི་པོ། ཞེས་སོགས་དང་། འགྲེལ་ཆུང་ལས། མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་ཞེས་སོགས་གསུངས་པ་འདིས་གྲུབ་བོ། ། འོ་ན། འཕགས་པས། ད་ནི་རྣམ་པར་རྟོག་པ་དང་ཡང་དག་པར་ལྡན་པ་བཤད་པར་བྱའོ། ། དེ་ལ་མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་ནི་རྣམ་པར་རྟོག་པ་བཞི་སྟེ། ཞེས་མཐོང་སྤང་ལས་སྒོམ་སྤང་མ་མཛད་པའི་རྒྱུ་མཚན་གང་ཡིན་སྙམ་ན། བདག་གི་རྣམ་རྟོག་ལ་འཆར་ཚོད་ལྟར་ན། ངེས་འབྱེད་སྐབས་ཀྱི་དངོས་བསྟན་གྱི་རྟོག་པ་ལ་མཐོང་སྤང་གིས་ཁྱབ་ཅིང་། དེའི་ཕྱིར་སྒོམ་སྤང་གི་རྣམ་བཞག་མ་མཛད་པ་ཡིན་ནམ་སྙམ་མོ། །
འདིར་ད་དུང་དཔྱད་དགོས་པ་ནི། དེ་དག་དགག་རྟོག་དང་སྒྲུབ་རྟོག་གང་ཡིན་གཞིག་པར་བྱ་སྟེ། འདིར་ཡང་མཁས་པ་རང་རང་གིས་རྣམ་རྟོག་གི་སྤྲོས་པ་ཇི་སྙེད་ཅིག་བྱས་ཀྱང་། ཀར་ཊཱིཀ་ལས།དེ་སྐབས་ཀྱི་རྣམ་རྟོག་དེ་དགག་རྟོག་དང་སྒྲུབ་རྟོག་གང་ཡིན་ཞེ་ན། གཉིས་ཀའི་ཆ་ཡོད་པ་ཡིན་ཏེ། ཞེས་གསུངས་པ་ལྟར་ལེགས་ཏེ། དགག་རྟོག་དང་སྒྲུབ་རྟོག་ནི་དམིགས་ཡུལ་གྱི་ཆ་ནས་འབྱེད་དགོས་ཤིང་། དེ་ཡང་བུམ་པ་མ་ཡིན་པ་ལ་དམིགས་ནས་དེ་ཉིད་བདེན་པར་འཛིན་པའི་རྟོག་པ་ནི་དགག་རྟོག་དང་། བུམ་པ་ལ་དམིགས་ནས་དེ་ཉིད་བདེན་པར་འཛིན་པ་ནི་སྒྲུབ་རྟོག་ཡིན་པ་སོགས། ཞིབ་ཆ་མ་ནོར་བར་ནན་ཏན་བྱའོ། ། ཡང་འཛིན་སྟངས་ཀྱི་ཆ་ནས་ཁྱད་འཇོག་པ་ནི་ནོར་བ་ཡིན་ཏེ། འདིའི་སྐབས་ཀྱི་རྟོག་པ་ཡིན་ན་བདེན་འཛིན་ཡིན་དགོས་ཤིང་། དེ་ཡང་གཟུང་འཛིན་གང་རུང་གི་ཕྱོགས་སུ་བདེན་པར་ཞེན་ན། སྒྲུབ་ཕྱོགས་ཀྱི་འཛིན་སྟངས་དང་ལྡན་པས། དེ་ལྟར་ན། འདིའི་སྐབས་ཀྱི་རྟོག་པ་ལ་དགག་རྟོག་གི་ཆ་མེད་པར་ཐལ་བ་ཡིན་ནོ། །
ཁ་ཅིག་གིས། རྟོག་བཞི་པོ་དགག་རྟོག་ཏུ་འདོད་ཅིང་། དེ་ཡང་བདེན་མེད་དུ་མངོན་པར་ཞེན་པའི་རྟོག་པ་ཡིན་ཞེས་ཟེར་རོ། ། འོ་ན། ཉན་རང་གི་རྒྱུད་ལ་རྣམ་རྟོག་བཞི་པོ་མེད་པར་ཐལ། བདེན་མེད་དུ་ཞེན་པའི་རྟོག་པ་མེད་པའི་ཕྱིར། རྟགས་སླ། འདོད་ན། ཟླ་འོད་ལས། རྣམ་རྟོག་བཞི་པོ་ཡོད་ཀྱང་ཉན་ཐོས་ལ་སོགས་པ་ལ་ནི་བྱང་ཆུབ་ཀྱི་མི་མཐུན་པའི་ཕྱོགས་མིན་པས་རྣམ་པར་བཞག་པ་མ་བྱས་སོ། ། ཞེས་དང་། འགྲེལ་ཆེན་ལས་ཀྱང་དེ་ལྟར་འབྱུང་བས། གཞུང་དང་འགལ་ལོ། །
འདིར་བསྟན་ཤེས་སྒྲིབ་རྟོག་པ་དེ་དབྱེ་གཞིར་བྱས་ཤིང་། དེ་ལ་དབྱེ་ན། གཟུང་རྟོག་དང་འཛིན་རྟོག་གཉིས་སུ་ཡོད། གཟུང་རྟོག་དང་འཛིན་རྟོག་ནི། དམིགས་ཡུལ་གཟུང་བ་དང་འཛིན་པ་གང་ཡིན་ཡང་རུང་། དེ་ཉིད་གཟུང་བའི་ཕྱོགས་སུ་བདེན་པ་ཞེན་པ་ནི་གཟུང་རྟོག་དང་། དེ་ཉིད་འཛིན་པའི་ཕྱོགས་སུ་བདེན་པར་ཞེན་པ་ནི་འཛིན་རྟོག་གོ ། གཟུང་བ་དང་འཛིན་པ་ནི་གནས་སྐབས་སོ་སོར་འཇོག་ཚུལ་མི་འདྲ་བ་འདུག་ཀྱང་། འདིར་ཡུལ་དང་ཡུལ་ཅན་གྱི་དབང་དུ་བྱས་ན་མི་རུང་བ་མེད།
གཟུང་བར་རྟོག་ན་གཟུང་རྟོག་དང་། འཛིན་པར་རྟོག་ན་འཛིན་རྟོག་ཡིན་མི་དགོས་ཏེ། སྐབས་འདིར་འཛིན་ཚུལ་གྱི་སྒོ་ནས་ཁྱད་འབྱེད་པ་ཡིན་པས་སོ། ། དེ་ལས་གཞན་དམིགས་ཡུལ་གྱི་སྒོ་ནས་བཤད་པ་ནི་ཧ་ཅང་ནོར་ཏེ། མ་རིག་པ་ལ་དམིགས་པའི་གཟུང་རྟོག་སོགས་འཛིན་རྟོག་གྱུར་ཅིང་། རྣམ་བཞག་ཡོད་ཚད་ཕན་ཚུན་འདྲེས་ཏེ་འཁྲུག་པར་འགྱུར་བས་བློ་དང་ལྡན་པ་དག་ནི་དབང་ཡོད་བཞིན་དུ་ཅིའི་ཕྱིར་འདི་ལྟར་སྨྲ་བར་བྱེད།
གཟུང་རྟོག་ལ་དབྱེ་ན། ཀུན་ཉོན་གཟུང་རྟོག་དང་། རྣམ་བྱང་གཟུང་རྟོག་གཉིས། འདི་ནི་གཟུང་རྟོག་གཞིར་བྱས། ཡུལ་གྱི་ཆ་ནས་སོ་སོར་འཇོག་པར་རིགས་སོ། ། འཛིན་རྟོག་ལ། རྫས་འཛིན་རྟོག་པ་དང་། བཏགས་འཛིན་རྟོག་པ་གཉིས། འཛིན་རྟོག་གཞིར་བྱས། དམིགས་ཡུལ་རྫས་འཛིན་དང་བཏགས་འཛིན་གྱི་ཆ་ནས་ཁྱད་འབྱེད་དགོས་ལ། དཔེར་ན། བདག་རང་དབང་བར་འཛིན་པའི་འཛིན་པ་ལ་དམིགས་ནས་དེ་ཉིད་འཛིན་པའི་ཕྱོགས་སུ་བདེན་ཞེན་ནི། རྫས་འཛིན་རྟོག་པ་ཡིན་པ་ལྟ་བུ་རྟོག་པ་འཕར་མ་ངེས་པར་དགོས་ཏེ། དེ་མིན་བདག་རང་དབང་བར་འཛིན་པའི་འཛིན་པ་ཙམ་ལ་འཛིན་རྟོག་མི་འགྲོ་སྟེ། དེ་ཉོན་སྒྲིབ་ཡིན་པའི་ཕྱིར་རོ། །
འདིའི་རྟོག་པ་མཐའ་དག་དབྱེ་བ་འདི་དག་གང་རུང་དུ་མ་ངེས་ཤིང་། སྤྱིར་ན་བདེན་པར་འཛིན་ཚུལ་གྱི་ལོག་རྟོག་མཐའ་ཡས་པས། གཟུང་བ་དང་འཛིན་པ་གང་རུང་གི་ཕྱོགས་སུ་བདེན་པ་ཞེན་པ་མ་ངེས་སོ། ། ཁ་ཅིག་ན་རེ། ཐེག་དམན་མཐོང་ལམ་ལ་དམིགས་ནས། དེ་ཉིད་ཐེག་ཆེན་ལམ་གྱི་ལྡོག་བྱར་བདེན་པ་ཞེན་པའི་བློ་ཆོས་ཅན། གཟུང་བའི་ཕྱོགས་སུ་བདེན་པར་ཞེན་པར་ཐལ།གཟུང་རྟོག་ཡིན་པའི་ཕྱིར། རྟགས་གྲུབ་སྟེ་ལྡོག་པ་གཟུང་རྟོག་ཡིན་པའི་ཕྱིར། འདོད་མི་རིགས་ཏེ། དེས་གཟུང་བ་ཉིད་དུ་བདེན་པར་མ་ཞེན་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ཕྱོགས་སུ་ཞེས་པའི་སྒྲ་ཡི་ནུས་པས་འདི་དག་བསྡུ་བ་ཡིན་པའི་ཕྱིར་རོ། །
(ཡོངས་འཛིན་སྐོར་འདིར་མ་ལྕོགས་པས་བཞག་པ་ཡིན།)
རྩ་བ་གཅིག་ལས་གྱེས་པའི་ལྟ་ཚུལ་ཀུན། །
རྩོད་པ་གཅིག་གིས་སྡུམ་པ་དྲག་པོའི་ལས། །
ཇི་ལྟར་བརྩད་ཀྱང་མི་མཐུན་བསམ་བློ་ནི། །
ལུང་དང་རིགས་པས་བགྲོ་བ་དམ་པའི་གཤིས། །
ཕལ་ཆེར་འདི་ཡིན་འཕྲོ་ལ་དེ་མིན་ཞིག །
ད་དུང་དཔྱད་ན་རྙེད་དུ་ཡོད་ངེས་མོད། །
རང་ཐག་བཅད་དེ་རིགས་པ་འདི་ཙམ་ལ། །
ཡིད་ཆེས་བྱས་ཀྱང་འཐུས་སྒོ་མ་ཚང་མེད། །
གཞུང་ལུགས་ལོག་པར་བཅོས་པའི་ཧམ་པ་བྲལ། །
གཞན་དག་རྗེས་སུ་གཟུང་བའི་ཤེས་རབ་དབུལ། །
ཀུན་ལས་ལོགས་སུ་གྱེས་པའི་བཤད་ཡམ་མེད། །
ཐུན་མོང་རྩ་གཞུང་དག་ལས་བཏུས་ཏེ་བསྒྲིགས། །
– – – – –