འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མའི་རིགས་ཚོགས་ལ་དཔྱད་པའི་གཏམ།

1
1146

སའི་གོ་ལའི་སྤྱི་གཙུག་ཏུ་ཆགས་པའི་མཐོ་སྒང་བོད་ཅེས་གྲགས་པའི་ས་ཡི་ཐིག་ལེ་ཁྲོད་དུ་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མའི་རིགས་ཚོགས་ལ་བཞེད་ཚུལ་མི་འདྲ་བ་ཅུང་ཙམ་མཆིས་པ་རྣམས་བདག་གིས་མཐོང་ཐོས་མྱོང་གསུམ་དུ་གྱུར་བ་རྣམས་འདིར་གླེང་བར་བྱའོ། །

སློབ་དཔོན་ཀླུ་སྒྲུབ་དེ་ཉིད་སློབ་དཔོན་སྒྲ་ཅན་འཛིན་ལས་ཐེག་པ་ཆེ་ཆུང་མདོ་སྔགས་དང་བཅས་པའི་མདོ་སྡེ་དུ་མ་གསན་བསམ་སློབ་གཉེར་གནང་བ་སོགས་བོད་ཀྱི་ཆོས་འབྱུང་ཁག་ལ་གསལ་མོད། འོན་ཏང་ཁར་དཀར་ཚུལ་ཁྲིམས་སྐལ་བཟང་གིས་རྒྱ་ནག་གི་འགྱུར་ནང་སློབ་དཔོན་སྒྲ་ཅན་འཛིན་ནི་འཕགས་པ་ལྷའི་ཆོས་བརྒྱུད་འཛིན་མཁན་ཡིན་པ་གསལ་འདུག་པ་དང། དུས་རབས་ཆ་ནས་ཀྱང་༢༠༠-༣༠༠ བར་ན་བྱོན་ཡོད་པ་བཀོད་འདུག[1] དེས་ན་ཏཱརནཱཐ་དང་བུ་སྟོན་ཆོས་འབྱུང་སོགས་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་མཁན་པོ་ཡིན་པ་ཡང་གསལ་བས་སློབ་དཔོན་སྒྲ་ཅན་འཛིན་ཞེས་པའི་མཚན་གཅིག་པ་ཡིན་མཁན་སློབ་དཔོན་གཉིས་བྱུང་ཡོད་པ་མངོན། སློབ་དཔོན་སྒྲ་ཅན་འཛིན་དེ་ཉིད་ནི་ཟབ་མོ་དབུ་མའི་འཆད་ཁྲིད་ཁོ་ན་བྱས་པ་ལས་དབུ་མའི་སྐོར་དགོངས་འགྲེལ་སོགས་བརྩམས་ཡོད་པ་ལོ་རྒྱུས་ཁག་ལ་མི་མཇལ། འོན་ཏང་ཁོང་གི་དངོས་སློབ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཁྱད་པར་དུ་ཀླུ་ཡུལ་དུ་བྱོན་ནས་ཡུམ་ཆེན་མོའི་གླེགས་བམ་ཤེར་ཕྱིན་འབུམ་གྱི་མདོ་སྡེ་རིན་པོ་ཆེ་རྣམས་ཀླུ་ཡུལ་ནས་མི་ཡུལ་དུ་སྤྱན་དྲངས་ཚེ་བྱམས་ཞུས། ཆོས་འཕགས། རྟག་ངུ་། ཡོངས་གཏད་དེ་ལེའུ་བཞི་ཀླུས་མ་བསྐུར་བས་ཕྱིས་སུ་ཁ་བསྐོང་མཛད་ཡོད་ཅེས་གསུངས་པ་ལྟར་ཀླུའི་ཡུལ་ནས་ཤེར་ཕྱིན་འབུམ་པ་གདན་དྲངས་ཤིང་བརྟག་དཔྱད་ཟབ་མོ་གནང་སྟེ། དེའི་དགོངས་པ་འགྲེལ་བ་ལ་དབུ་མ་རྩ་བ་ཤེས་རབ་གཙོས་དབུ་མ་རིགས་ཚོགས་ལྔའམ་དྲུག་རབ་ཏུ་མཛད་ནས་ཟབ་རྒྱས་དབུ་མའི་ཤིང་རྟའི་སྲོལ་འབྱེད་པ་དང་ལྷན་དུ་སླར་ཡང་འཇིག་རྟེན་འདིར་ཐེག་ཆེན་གྱི་བསྟན་པ་ཉི་འོད་ལྟར་རྒྱས་པར་མཛད།  དེའི་དགོངས་འགྲེལ་ལ་བོད་མཁས་པ་རྣམས་ཀྱི་དབུ་མ་རིགས་ཚོགས་ལྔའམ་དྲུག་ཞེས་བཞེད་ཚུལ་མི་འདྲ་སྟེ། དབུ་མ་རྩ་ཤེས་དང། རིགས་པ་དྲུག་ཅུ་པ། རྩོད་ཟློག སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག་རྣམས་རིགས་ཚོགས་ཡིན་པ་ལ་རྩོད་པ་མ་མཆིས། ཐ་སྙད་གྲུབ་པ། རིན་ཆེན་ཕྲེང་བ། ག་ལས་འཇིགས་མེད་གསུམ་གྱི་ནང་ནས་བོད་མཁས་པ་འགའ་ཞིག་གིས་ཐ་སྙད་གྲུབ་པ་བསྣན་ནས་རིགས་ཚོགས་དྲུག་དང་། ཁ་ཅིག་གིས་རིན་ཆེན་ཕྲེང་བ་བསྣན་ནས་རིགས་ཚོགས་དྲུག་དང། འགའ་རེས་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་དང། མཁས་པ་ཁ་ཅིག་གིས་དེ་གསུམ་པོ་གང་ཡང་རིགས་ཚོགས་སུ་མི་བགྲངས་བར་རིགས་ཚོགས་ལྔ་ཞེས་ཞལ་གྱིས་བཞེས།

དང་ཐོག་རིགས་ཚོགས་དྲུག་གམ་ལྔ་ཞེས་གསུང་མཁན་བོད་མཁས་པ་མ་གཏོགས་རྒྱ་གར་མཁས་པའི་གཞུང་ལུགས་སུ་ཁོ་བོས་མི་མཇལ། དེ་ཡང་རིགས་ཚོགས་དྲུག་གསུང་མཁན་དང་པོ་དེ་རྨ་བྱ་བྱང་ཆུབ་བརྩོན་འགྲུས་རེད་འདུག་སྙམ་སྟེ། དབུ་མ་རྩ་ཤེས་ཀྱི་འགྲེལ་བ་འཐད་པའི་རྒྱན་ལས།[2] དང་པོ་ལ་གསུམ་སྟེ། ལྟ་བ་གཙོ་བོར་བསྟན་པ་དབུ་མ་རིགས་པའི་ཚོགས་དྲུག་དང། སྤྱོད་པ་གཙོ་བོར་སྟོན་པ་ལ་རྒྱས་པ་དང་བར་མ་དང་བསྡུ་བ་རིམ་པ་ལྟར་བྱང་ཆུབ་ཀྱི་ཚོགས་དང། མདོ་ཀུན་ལས་བཏུས་པ་དང། བཤེས་པའི་སྤྲིང་ཡིག་གསུམ་དང། ལྟ་སྤྱོད་ཆ་མཉམ་པ་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བའོ། །ཞེས་གསུངས་པ་ལྟར་རྩ་བ་ལུས་ལྟ་བུ་བསྟན་བཅོས་རྩ་ཤེས་དང་། རིགས་པ་དྲུག་ཅུ་པ་དང། འཕྲོད་པ་ཡན་ལག་ལྟ་བུ་བསྟན་བཅོས་བཞི་སྟེ། རྩོད་ཟློག སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག ཐ་སྙད་གྲུབ་པ་ཞེས་བཞེད། གཞུང་དེ་ཉིད་དུ་ཐ་སྙད་གྲུབ་པ་རིགས་ཚོགས་དྲུག་ཏུ་བགྲངས་འདུག་སྟེ། དེ་ཉིད་ལས།[3] རང་བཞིན་མེད་ན་བོང་བུའི་རྭ་ལ་སོགས་པ་ལྟར་ཐ་སྙད་ཀྱི་རྣམ་གཞག་མི་འཐད་དོ་ཞེས་རྒོལ་བ་ལ། རང་བཞིན་མེད་པ་ལ་བཅོས་མ་རྟེན་འབྲེལ་རུང་བས་ཐ་སྙད་ཀྱི་རྣམ་གཞག་ཆེས་ཤིན་ཏུ་འཐད་པ་ཡིན་ནོ་ཞེས་སྟོན་པ་ཐ་སྙད་གྲུབ་པ་གསུངས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ན་རིན་ཆེན་ཕྲེང་བ་དང་ག་ལས་འཇིགས་མེད་རིགས་ཚོགས་སུ་རྩིས་པ་དང་། རིགས་ཚོགས་ལྔ་ལས་དྲུག་ཏུ་གྲངས་ངེས་པ་མེད་དོ་ཞེས་གསུངས་པ་ཐམས་ཅད་ཞལ་གྱིས་མི་བཞེས།

དེ་ལས་ལྡོག་སྟེ་རྗེ་ཙོང་ཁ་ཆེན་པོས་རྣམ་བཤད་རིགས་པའི་རྒྱ་མཚོ་ལས།[4] རིགས་པས་བསྟན་པ་ནི་རྩ་བ་ཤེས་རབ་སྟོང་ཉིད་བདུན་ཅུ་པ་རྩོད་ཟློག་རིགས་པ་དྲུག་ཅུ་པ་ཞིབ་མོ་རྣམ་འཐག་རིན་ཆེན་ཕྲེང་བ་སྟེ་དྲུག་ཏུ་རིགས་པ་མང་པོས་གཏན་ལ་ཕབ་བོ། །ཞེས་གསུངས་པ་ལྟར་ན་དབུ་མ་རིན་ཆེན་ཕྲེང་བ་རིགས་ཚོགས་སུ་བགྲངས་ནས་རིགས་ཚོགས་དྲུག་ཏུ་ཞལ་གྱིས་བཞེས། དེ་བཞིན་བཀའ་ཐང་སྡེ་ལྔ་ལས།[5] དབུ་མ་རིགས་པའི་ཚོགས་དྲུག་མཛད། །རྩ་ཤེས་རིགས་པ་དྲུག་ཅུ་པ། །སྟོང་ཉིད་བདུན་ཅུ་ཞིབ་མོ་འཐག །རིན་ཆེན་ཕྲེང་བ་རྩོད་ཟློག་མཛད། ཅེས་གསུངས་པ་ལྟར་རིན་ཆེན་ཕྲེང་བ་རིགས་ཚོགས་སུ་བཞེད་པ་དང་། ཡང་མཁས་པ་འགས་རྨ་བྱ་བཞིན་རིགས་ཚོགས་དྲུག་ཁས་ལེན་ཀྱང་རིན་ཆེན་ཕྲེང་བ་རིགས་ཚོགས་སུ་མི་འདོད་དེ། ཕར་ཕྱིན་ཉཊཱིཀ་ལས།[6] འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་ཡུམ་གྱི་སྙིང་བོའི་དོན་གཙོ་བོར་སྟོན་པ་དབུ་མ་རིགས་ཚོགས་མཛད་དེ། རྩ་ཤེས། སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རྩོད་ཟློག ཐ་སྙད་གྲུབ་པ་པ་སྟེ་དྲུག་ལས་ཕྱི་མ་བོད་དུ་མ་འགྱུར་རོ་ཞེས་དང། བུ་སྟོན་ཆོས་འབྱུང་ལས།[7] དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་འཐད་ཅིང་གྲུབ་པར་སྟོན་པ་ཐ་སྙད་གྲུབ་པ་དང་དྲུག་ཡིན་ནོ། ཞེས་གསུངས་པ་ལྟར་དབུ་མ་རིགས་ཚོགས་དྲུག་ནང་དུ་ཐ་སྙད་གྲུབ་པ་བགྲངས་བ་མ་གཏོགས་དབུ་མ་རིན་ཆེན་ཕྲེང་བ་མི་བགྲངས་སོ། །

དེ་དག་ལས་ཀྱང་ལྡོག་སྟེ་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས།[8] ཉན་ཐོས་དངོས་སྨྲ་བ་རྣམས་ཀྱི་རྩོད་པ་བཟློག་པའི་ཕྱིར་རིག་པའི་ཚོགས་ལྔ་ལ་སོགས་པ་མཛད། ཅེས་གསུངས་པ་ལྟར་ན་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་ཀྱང་ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག་ཏུ་བཞེད་པ་དང་ལྔ་རུ་བཞེད་པ་ཕྱོགས་གཉིས་སུ་མཆིས། རྗེ་བཙུན་རེད་མདའ་བ་དང་། ཀུན་མཁྱེན་གོ་བོ་རབ་འབྱམས་པ། འཇམ་མགོན་མི་ཕམ་བཅས་ཀྱིས་ཀླུ་སྒྲུབ་ཀྱི་རིགས་ཚོགས་ལྔར་ཞལ་གྱིས་བཞེས། ས་སྐྱའི་ལྟ་གྲུབ་ཀྱི་དོགས་སེལ་ལས།[9] སྔ་རབས་ཀྱི་མཁས་པ་རྣམས་ཀླུ་སྒྲུབ་ཀྱི་རིག་ཚོགས་དྲུག་འདོད་པ་དང་ལྔ་འདོད་པ་གཉིས་ཡོད་ཀྱང་ལྔ་བཞེད་པ་དོན་ལ་གནས་ཤིང་དེ་ལ་དགག་བྱ་གཞན་གྱིས་བརྟགས་པའི་མཐའ་དགག་པ། རང་ལུགས་དབུ་མའི་ལུས་རྣམ་པར་གཞག་པ། དེ་ལས་འཕྲོས་པའི་ཚུལ་གྱིས་རྩོད་པ་སྤང་བ་གསུམ་ལས། དང་པོ་ནི་ཞིབ་མོར་རྣམ་འཐག་སྟེ། ཞེས་པ་ནས། གཉིས་པ་རྩ་ཤེར་དང་རིག་པ་དྲུག་ཅུ་པ་གསུམ་པ་རྩོད་ཟློག་དང་སྟོང་ཉིད་བདུན་ཅུ་པ་ཡིན་པའང་གོ་བར་གནད་དུ་ཆེའོ། །ཞེས་དང་། དབུ་མ་རྩ་ཤེས་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས།[10] སྟོང་ཉིད་རིགས་པས་བསྒྲུབ་པ་དབུ་མ་རིགས་པའི་ཚོགས་ལྔ་དང། དེ་ཉིད་གསུངས་པའི་སྒོ་ནས་སྟོན་པ་ལ་བསྟོད་པ་བསྟོད་པའི་ཚོགས་དང་། རང་གི་བཤེས་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་གཏམ་དུ་བྱ་བ་བཤེས་པའི་སྤྲིང་ཡིག་དང། རིན་ཆེན་ཕྲེང་བ་སྟེ། ཞེས་གསུངས་པ་ལྟར་དབུ་མ་རིན་ཆེན་ཕྲེང་བ་སོགས་རིགས་ཚོགས་ཀྱི་ཁུངས་སུ་མ་བགྲངས་བར་རིགས་ཚོགས་ལྔ་ཞེས་འདོད་པ་ཙམ་མ་ཟད་ཀུན་མཁྱེན་གོ་བོ་རབ་འབྱམས་པས་དབུ་མ་རིགས་ཚོགས་དྲུག་བཞེད་ཚུལ་ལ་དགག་པ་མཛད་དེ། དང་པོ་ཐ་སྙད་གྲུབ་པ་རིགས་ཚོགས་སུ་བགྲངས་བར་མི་འཐད་དེ། དབུ་མའི་སྤྱི་དོན་ལས།[11] ཐ་སྙད་གྲུབ་པ་ནི་བོད་དུ་མ་འགྱུར་ཞིང། སློབ་དཔོན་ཟླ་བས་ཚིག་གསལ་དུ། སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལུགས་མཐོང་ཚུལ་སྨོས་པ་ན་གཞན་ལྔ་སྨོས་ནས་འདི་མ་སྨོས་པས། རྒྱ་གར་ནའང་རིགས་ཚོགས་སུ་བགྲངས་པ་མིན་པར་སྣང་ངོ་། ཞེས་དང། གཉིས་པ་རིན་ཆེན་ཕྲེང་བ་རིགས་ཚོགས་སུ་བགྲངས་བར་མི་འཐད་དེ། དེ་ཉིད་ལས།[12] ཕྱི་མ་ཁ་ཅིག རིན་ཆེན་ཕྲེང་བ་དང་དྲུག་ཏུ་བྱེད་པ་མི་འཐད་དེ། དེ་ནི་གཏམ་ཚོགས་ཡིན་པའི་ཕྱིར་རོ། ཞེས་གསུངས་པ་ལྟར་སློབ་དཔོན་ཟླ་གྲགས་ཀྱིས་མགོན་པོ་ཀླུ་སྒྲུབ་ཀྱི་བསྟན་བཅོས་ལ་ཐོས་བསམ་ཇི་ལྟར་བྱས་ཡོད་མེད་སོགས་ཚིག་གསལ་དུ་བཀོད་ཡོད་པས་མགོན་པོ་ཀླུ་སྒྲུབ་ཀྱི་བསྟན་བཅོས་ཁྲོད་དུ་ཐ་སྙད་གྲུབ་པ་ཞིག་མི་གསལ་བས་དེ་འདྲ་བའི་བསྟན་བཅོས་ཅིག་མེད་པར་འདོད་པ་དང། ཚིག་གསལ་དེ་ཉིད་དུ་རིན་ཆེན་ཕྲེང་བ་དེ་གཏམ་བྱ་རིན་ཆེན་ཕྲེང་བ་ཞེས་གསལ་བས་གཏམ་ཚོགས་སུ་བགྲངས་སོ། །

དེས་ན་ཁོ་བོས་ཐ་སྙད་གྲུབ་པ་གཞུང་དེ་ཉིད་མ་མཇལ་བས་རིགས་ཚོགས་སུ་བགྲངས་དང་མི་བགྲངས་ཞེས་ཁ་ཚོན་གཅོད་དཀའ། འོན་ཀྱང་རིགས་ཚོགས་སུ་བགྲང་མི་བགྲང་ཞེས་པ་ཡང་སྒྲ་ཡངས་དོག་གཉིས་ཀྱི་སྒོ་ནས་བགྱིས་ན་ལེགས་པར་མཐོང། སྒྲ་ཡངས་པའི་དབང་དུ་བྱས་ན་སྟོང་ཉིད་ཀྱི་རྣམ་གཞག་རིགས་པས་བསྒྲུབ་པ་ཙམ་ལ་བྱས་ན་རིན་ཆེན་ཕྲེང་བ་གཞུང་དེ་ཉིད་རིགས་ཚོགས་སུ་བགྲངས་ཆོག སྒྲ་དོག་པའི་དབང་དུ་བྱས་ན་ཐ་སྙད་གྲུབ་པའི་གཞུང་དེ་ཉིད་ཐ་སྙད་ཀྱི་རྣམ་གཞག་གཙོ་བོར་བསྟན་གྱི་ཡོད་ཅེས་གསུངས་པས་རིགས་ཚོགས་སུ་མི་བགྲངས་བ་དང། དེ་བཞིན་རིན་ཆེན་ཕྲེང་བ་སོགས་ཀྱང་རིགས་ཚོགས་སུ་མི་བགྲངས། འོན་ཏང་ཀུན་མཁྱེན་གོ་བོ་རབ་འབྱམས་པའི་བཞེད་ཚུལ་ལྟར་ཐ་སྙད་གྲུབ་པ་མེད་པར་ཁ་ཚོན་གཅོད་དཀའ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས་རང་བཞིན་མེད་པའི་ལྟ་བ་གཏན་ལ་འབེབས་པའི་ཚེ་ཏན་ཏན་འཇིག་རྟེན་པ་ཙམ་མ་ཟད་རྟོག་དཔྱོད་ཁ་ཅིག་གིས་ཀྱང་རང་བཞིན་གྱིས་མ་གྲུབ་ན་རི་བོང་གི་རྭ་ལྟར་མེད་པ་སྨྲ་མཁན་བྱུང་ཡོད་ངེས་ཡིན། དེ་དག་སེལ་བའི་ཕྱིར་དུ་ཐ་སྙད་ཀྱི་རྣམ་གཞག་གཙོ་དོན་བྱས་ནས་བསྟན་པའི་གཞུང་ཐ་སྙད་གྲུབ་པ་བརྩམས་འདུག་སྙམ། གཞུང་དེ་ཉིད་བོད་སྐད་དུ་མ་སྒྱུར་བ་ཙམ་གྱིས་མེད་པར་སྨྲ་ག་ལ་ཐུབ། གཉིས་ནི་རྨ་བྱ་བྱང་བརྩོན་ནི་དབུ་མའི་གཞུང་ཕྱིན་ཅི་མ་ལོག་པ་མཁྱེན་པའི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་པའི་སློབ་མ་བུ་ཆེན་བཞིའི་ནང་ནས་གཅིག་ཡིན་པས་དེ་ལྟར་ཡོད་མེད་མ་ངེས་པ་ལ་རིགས་ཚོགས་སུ་བགྲངས་མི་སྲིད་སྙམ། གཉིས་པ་དབུ་མ་རིན་ཆེན་ཕྲེང་བ་ལྟ་བུ་ཡང་རིགས་ཚོགས་མིན་ཏེ། རིན་ཆེན་ཕྲེང་བ་ལ་ལེའུ་ལྔ་ཡོད་པ་ལས་ལེའུ་ལྷག་མ་བཞིས་སྟོང་ཉིད་ཀྱི་རྣམ་གཞག་རིགས་པས་བསྒྲུབ་པ་མི་གསལ་བ་མ་ཟད། ལེའུ་དང་པོའི་བརྗོད་བྱ་མངོན་མཐོ་དང་ངེས་ལེགས་གཉིས་ལས་ངེས་ལེགས་ཀྱི་རྣམ་གཞག་སྐབས་སུ་སྟོང་ཉིད་རིགས་པས་བསྒྲུབ་པ་ཅུང་ཙམ་གསལ་བ་ལས་མངོན་མཐོའི་སྐབས་སུ་སྟོང་ཉིད་རིགས་པས་བསྒྲུབ་པ་མི་གསལ་བས་རིགས་ཚོགས་མི་བགྲངས། གཉིས་ནས་ཚིག་གསལ་ལས།[13] འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ལས་བསྟན་ཚིག་ལེའུ་བྱས་དེ་དང། རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་བཅས་སྟོང་ཉིད་བདུན་ཅུ་པ་དེ་དང། གང་ཡང་རྩོད་པ་རྣམ་པར་བཟློག་པ་བཀོད་དེ་དག་ཀྱང་ནི་མཐོང་གྱུར་ཞིང། ཞེས་རིགས་ཚོགས་བགྲངས་བ་ན་རྩ་ཤེས་དང། རིགས་པ་དྲུག་ཅུ་པ་དང། ཞིབ་མོ་རྣམ་འཐག་དང། སྟོང་ཉིད་བདུན་ཅུ་པ་དང། རྩོད་ཟློག་བཅས་ལྷན་ཅིག་ཏུ་བགྲངས་བ་ལས་རིན་ཆེན་ཕྲེང་བ་མི་བགྲངས་པར་མདོ་སྡེ་ཀུན་ལས་བཏུས་པ་དང་གཏམ་བྱ་རིན་ཆེན་ཕྲེང་ཞེས་ཟུར་དུ་བགྲངས་པའི་ཕྱིར་རོ། །

འདིར་རིགས་ཚོགས་ཞེས་པ་ནི་སྟོང་ཉིད་ཀྱི་རྣམ་གཞག་རིགས་པས་བསྒྲུབས་པ་གཙོ་ཆེ་བའི་གཞུང་ཞིག་ལ་རིགས་ཚོགས་བརྗོད་འདུག་སྙམ་སྟེ། རྗེ་དགེ་འདུན་གྲུབ་ཀྱི་ཏའི་སི་ཏུ་རྣམ་རྒྱལ་གྲགས་པའི་དྲིས་ལན་ལས།[14] དབུ་མ་རིགས་པའི་ཚོགས་ཞེས་པའི་དོན་ནི། ཡུམ་གྱི་མདོ་ནས་བསྟན་བཞིན། རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུ་མའམ། སྟོང་ཉིད་རིགས་པས་རྒྱས་པར་གཏན་ལ་འབེབས་པའི་གཞུང་ལ་དབུ་མ་རིགས་པའི་ཚོགས་ཞེས་བྱ་ལ། ཞེས་གསུངས། དེ་བས་ན་རིན་ཆེན་ཕྲེང་བ་དེ་ཀོ་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་གཏམ་དུ་བྱ་བ་ཡིན་པས་ན་གཏམ་བྱ་རིན་ཆེན་ཕྲེང་བ་ཞེས་བྱ་སྟེ། ཚིག་གསལ་ལས། [15]མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་བ་དང་ཡང་དག་བསྟོད་པ་དང། ཞེས་གསུངས་པས་རིན་ཆེན་ཕྲེང་བའི་ཚིག་རྒྱན་དུ་གཏམ་བྱ་ཞེས་གསལ་བས་གཏམ་ཚོགས་སུ་རྩིས་བ་དང། ཐ་སྙད་གྲུབ་པ་དེ་ཡང་ཐ་སྙད་པའི་ཚད་མ་གཙོ་དོན་བྱས་ནས་གསུངས་པའི་གཞུང་ཞིག་རེད་འདུག་སྙམ་མོད། འོན་ཏང་རིགས་ཚོགས་ལྔ་རུ་བཞེད་པ་དག་དང་རིགས་ཚོགས་སུ་ཐ་སྙད་གྲུབ་པ་རྩིས་ནས་རིགས་ཚོགས་དྲུག་ཅེས་ཞལ་གྱིས་བཞེས་པ་རྣམས་ཀྱིས་རིན་ཆེན་ཕྲེང་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་འདོད་ཀྱང་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་གཏམ་དུ་བྱ་བ་ཡིན་པས་རིགས་ཚོགས་སུ་མི་བགྲངས་བར་དེ་དག་གིས་རིན་ཆེན་ཕྲེང་བ་ནི་གཏམ་ཚོགས་ཀྱི་ཁུངས་སུ་བགྲངས་བ་དང་། རྗེ་ཙོང་ཁ་པ་དང་དེའི་རྗེས་འབྲངས་དང་བཅས་པས་དབུ་མ་རིན་ཆེན་ཕྲེང་བ་གཞུང་དེས་ཀྱང་དོན་དམ་གྱི་རྣམ་གཞག་རིགས་པས་བསྒྲུབས་པ་མང་བས་རིགས་ཚོགས་སུ་བགྲངས་འདུག་སྙམ། ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་ཡིན་ཕྱིན་ཆད་རིགས་ཚོགས་དང། གཏམ་ཚོགས། བསྟོད་ཚོགས་གསུམ་དུ་འདུས་བའི་དབང་དུ་བྱས་ནས་ཐ་སྙད་གྲུབ་པ་དེ་རིགས་ཚོགས་སུ་རྩིས་བ་མིན་ནམ་སྙམ།

ཁོ་བོའི་དཔྱད་མཐར་དུ་རིགས་ཚོགས་ཞེས་པ་ནི་སྟོང་ཉིད་ཀྱི་རྣམ་གཞག་རིགས་པས་བསྒྲུབས་པ་གཙོ་ཆེ་བའི་གཞུང་ཞིག་ལ་བགྱིས་པ་ལས་སྟོང་ཉིད་ཀྱི་རྣམ་གཞག་རིགས་པས་བསྒྲུབས་པ་ཤ་སྟག་གི་གཞུང་ཞིག་ཨེ་དགོས་སྙམ། དེ་ལྟར་འདོད་ན་རྩོད་ཟློག་དང་སྟོང་ཉིད་བདུན་ཅུ་པ་གཉིས་ཀྱང་རིགས་ཚོགས་མ་ཡིན་དགོས་ཏེ། རང་བཞིན་མེད་པ་ལ་ཐ་སྙད་ཀྱི་རྣམ་གཞག་འཐད་པར་སྟོན་པའི་གཞུང་ཡིན་པའི་ཕྱིར། ཡང་འགའ་ཞིག་གིས་ཐ་སྙད་ཀྱི་རྣམ་གཞག་དེ་དག་ཐ་སྙད་གྲུབ་པའི་གཞུང་ནང་བསྟན་ཚར་བས་བསྐྱར་དུ་རྩོད་ཟློག་དང་སྟོང་ཉིད་བདུན་ཅུ་པའི་གཞུང་དེ་ཉིད་དུ་བསྟན་ན་བསྟན་བཅོས་དེ་དག་མཛད་པའི་དགོས་པ་མི་འདུག་དགོངས་སྲིད། བསྟན་བཅོས་དེ་གཉིས་ཀྱིས་གཙོ་བོ་སྟོང་ཉིད་ཀྱི་རྣམ་གཞག་བསྟན་ནས་ཞར་ལ་ཐ་སྙད་ཀྱི་རྣམ་གཞག་རྣམས་ཀྱང་བསྟན་པས་གཞུང་སྔ་ཕྱི་གཉིས་ཀྱི་དགོས་པ་མི་འདྲའོ། །གཉིས་ནས་རྐྱེན་བརྟག་པར་གཞན་ལས་སྐྱེ་བ་བཀག་པ་ལ་རང་ཚིག་དང་འགལ་བ་སྤོང་བ་ལ་རྩོད་ཟློག་འཕྲོས་པ་དང། འདུས་བྱས་བརྟག་པར་འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འཇིག་གསུམ་རང་བཞིན་གྱིས་གྲུབ་པ་བཀག་པ་ལ་རང་བཞིན་མེད་ཀྱང་རྨི་ལམ་སྒྱུ་མ་ལྟར་ཐ་སྙད་པའི་ཤེས་པ་འཁྲུལ་པའི་ངོ་ན་སྐྱེ་གནས་འཇིག་གསུམ་སྣང་བ་ཙམ་ལ་དགོངས་ནས་སྟོང་ཉིད་བདུན་ཅུ་པ་གསུངས་པ་ཡིན་ནོ། །གསུམ་ནས་རིགས་ཚོགས་ཞེས་པ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་བརྩམས་པའི་སྟོང་ཉིད་རིགས་པས་རྒྱས་པར་གཏན་ལ་འབེབས་པའི་གཞུང་ཡིན་ཕྱིན་ཆད་རིགས་ཚོགས་སུ་འདོད་ན་སྐྱོན་ཨེ་ཡོད་སྙམ། རིགས་ཚོགས་ལྔའམ་དྲུག་ལྟ་ཅི་བྱང་ཆུབ་སེམས་འགྲེལ་དང། འཇིག་རྟེན་ལས་འདས་པར་བསྟོད་པ་དང། འགྲེལ་བ་ག་ལ་འཇིགས་མེད་སོགས་ཀྱིས་ཀྱང་དོན་དམ་སྟོང་ཉིད་ཀྱི་རྣམ་གཞག་གཙོ་བོར་བསྟན་པས་རིགས་ཚོགས་སུ་འདོད་ན་སྐྱོན་ཅི་ཡོད་སྙམ། དེས་ན་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་རིགས་ཚོགས་ལྔའམ་དྲུག་ཞལ་གྱིས་བཞེས་པ་ལས་རིགས་ཚོགས་ལྔའམ་དྲུག་ཏུ་གྲངས་ངེས་པའི་དོན་ནི་མིན་སྙམ། དེ་ལྟར་མིན་ན་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་རིགས་ཚོགས་ལྔ་རུ་བཞེད་པ་དག་དང། རིགས་ཚོགས་དྲུག་ཏུ་བཞེད་པ་གཉིས་ཀྱི་རིགས་ཚོགས་ཡིན་མིན་གྱི་རྩོད་པའི་སྒྲུབ་བྱེད་དུ་བཀོད་པ་ནི་སྒྲུབ་བྱེད་ཡང་དག་ཏུ་སོང་མི་སོང་ལ་དཔྱད་རྒྱུ་ཆེན་པོ་འདུག་སྙམ་མོ། །

ཡོངས་གྲགས་སུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་སངས་རྒྱས་ཀྱི་བཀའི་དགོངས་འགྲེལ་དངོས་བསྟན་སྟོང་ཉིད་ཀྱི་རྣམ་གཞག་རིགས་ཚོགས་སུ་བཀྲལ་ཚུལ་དེ་ལྟར་ཏེ། བུ་སྟོན་ཆོས་འབྱུང་དུ།[16] ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་རྟེན་འབྲེལ་སྤྲོས་པའི་མཐའ་དང་བྲལ་བར་སྟོན་པ་སྟོང་ཉིད་བདུན་ཅུ་པ། དེ་ལས་གཞན་སྐྱེ་བ་ལ་སོགས་པར་བདེན་པ་འགོག་པ་རྩ་བ་ཤེས་རབ་སྟེ། གཉིས་པོ་རྩའམ་གཙོ་བོའོ། །དེ་རིགས་པས་སྒྲུབ་པ་རིགས་པ་དྲུག་ཅུ་པ། དེ་ལ་གཞན་གྱིས་རྩོད་པའི་སྐྱོན་སྤོང་བ་རྩོད་པ་བཟློག་པ། གཞན་རྟོག་གེ་བ་དང་རྩོད་པའི་ཚུལ་སྟོན་པ་ཞིབ་མོ་རྣམ་འཐག དོན་དམ་པར་རང་བཞིན་མེད་ཅིང་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་འཐད་ཅིང་གྲུབ་པར་སྟོན་པ་ཐ་སྙད་གྲུབ་པ་དང་དྲུག་ཡིན་ནོ་ཞེས་གསུངས་སོ། །རྗེ་ཙོང་ཁ་པས།[17] འཁོར་བ་ལས་གྲོལ་བ་ལ་ཡོད་མེད་ཀྱི་མཐར་ལྟ་བ་སྤོང་བའི་ལམ་དགོས་པ་ནི་གཞུང་གཞན་གཉིས་ཀྱིས་སྟོན་ཏེ། ཞེས་གསུངས་པ་ལྟར་གཞུང་གཞན་གཉིས་ནི་རིགས་པ་དྲུག་ཅུ་པ་དང། རིན་ཆེན་ཕྲེང་བ་སྟེ། རིན་ཆེན་ཕྲེང་བར།[18] སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་དོན་སྐྱེས་བུ་གང། །ཞེས་གསུངས་པ་ལྟར་ཕུང་པོའི་བདེན་འཛིན་མ་སྤང་བར་དུ་འཁོར་བ་ལས་གྲོལ་ཐབས་བྲལ་བས་འཁོར་བའི་རྩ་བ་བདེན་འཛིན་སོགས་ལེགས་པར་ངོས་འཛིན་ནས་རིགས་པའི་སྒོ་དུ་མས་སུན་འབྱིན་ཚུལ་སོགས་གཞུང་དེ་ཉིད་དུ་བསྟན་པས་རིགས་ཚོགས་ཀྱི་ཁོངས་སུ་བགྲངས་འདུག་སྙམ་མོ། །

                                                                                            དགེ་ལེགས་འཕེལ།

དཔྱད་ཡིག་དང་ཞབས་མཆན། 

[1] ཁང་དཀར་ཚུལ་ཁྲིམས་སྐལ་བཟང། གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང། ༡༩༩༩ ཤོག ༤༤༥

[2] གྲགས་ཆེན་བཅོ་བརྒྱད། དབུ་མ། ག རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་འཐད་པའི་རྒྱན། ཤོག ༧ བ༢

[3] གྲགས་ཆེན་བཅོ་བརྒྱད། དབུ་མ། ག རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་འཐད་པའི་རྒྱན། ཤོག ༩ ན༥

[4] རྗེ་ཙོང་ཁ་པ། གསུང་འབུམ། བ། པོད། ༡༥ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང། ༢༠༡༢ ཤོག ༥

[5] བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང། ལོ་པཎ་བཀའི་ཐང་ཡིག ཤོག ༣༩༠

[6] ཉ་དབོན་ཀུན་དགའ་དཔལ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ཤོག་ངོས། ༥-༡༩

[7] བུ་སྟོན་རིན་ཆེན་གྲུབ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ ཤོག ༣༥-༣༦

[8] ཇོ་ནང་ཏཱ་ར་ནཱ་ཐ། བོད་གཞུང་ཤེས་རིག་དཔར་ཁང། ༢༠༡༠ ཤོག ༧༩

[9] འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། འཇུ་མི་ཕམ་བཀའ་འབུམ། ཚ། པོད།༡༨ སི་ཁྲོན་མི་རིགས་དཔེ་རིགས་དཔེ་སྐྲུན་ཁང། ༢༠༠༢ ཤོག ༧༢༠

[10] ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང། ༡༩༩༤ ཤོག ༦༩

[11] ཀུན་མཁྱེན་གོ་བོ་རབ་འབྱམས་པ། ཝཱ་ཎ་དཔལ་ས་སྐྱའི་སློབ་གཉེར་ལྷན་ཚོགས། ༢༠༠༢ ཤོག ༡༢

[12] ཀུན་མཁྱེན་གོ་བོ་རབ་འབྱམས་པ། ཝཱ་ཎ་དཔལ་ས་སྐྱའི་སློབ་གཉེར་ལྷན་ཚོགས། ༢༠༠༢ ཤོག ༡༢

[13] Toh.3860 སྡེ། བསྟན། དབུ་མ། འ། ཚིག་གསལ། སློབ་དཔོན་ཟླ་གྲགས། ཤོག ༡༩༩

[14] རྗེ་དགེ་འདུན་གྲུབ། གསུང་འབུམ། པོད་དྲུག་པ། ཤོག ༧

[15] Toh.3860 སྡེ། བསྟན། མདོ་སྡེ། འ ཚིག་གསལ། སློབ་དཔོན་ཟླ་གྲགས། ཤོག ༡༩༩

[16] བུ་སྟོན་རིན་ཆེན་གྲུབ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ ཤོག ༣༥-༣༦

[17] རྗེ་ཙོང་ཁ་པ། གསུང་འབུམ། བ། པོད། ༡༥ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང། ༢༠༡༢ ཤོག ༧

[18] Toh.4158 སྡེ། བསྟན། དབུ་མ། གེ འཕགས་པ་ཀླུ་སྒྲུབ། རིན་ཆེན་ཕྲེང་བ། ཤོག ༡༠༩-༡༡༠

– – – – –

Loading

1 མཆན་བུ།

  1. འདི་ལ་ཞིབ་ཏུ་བལྟས་ཟིན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་ཐེག་མཆོག་མཛོད་དང་རིག་འཛིན་འཇིགས་མེད་གླིང་པའི་དྲི་ལན་ལུང་གི་གཏེར་མཛོད་སོགས་ལས་རིགས་ཚོགས་བགྲངས་སྟངས་དང་། མཁས་གྲུབ་རྗེའི་སྟོང་ཐུན་སྐལ་བཟང་མིག་འབྱེད་དང་གོ་རམས་པའི་གཞུང་སོགས་ཀྱི་བགྲངས་སྟངས་ཀྱང་མི་འདྲ་བས་གཞུང་སོ་སོའི་བཞེད་པ་མི་འདྲ་བ་ཆ་ཚང་ཕྱོགས་གཅིག་ཏུ་བཀོད་ཐུབ་ན་ལྟ་བདེ་བོ་འབྱུང་ས་རེད། ག་ལས་འཇིགས་མེད་ད་དུང་ཀླུ་སྒྲུབ་ཀྱི་གཞུང་ཡིན་པ་རྩོད་གཞི་འདུག་པས། འདི་འབྲི་མཁན་གྱིས་ཇི་ལྟར་སྒྲུབ་དགོས་པའི་སྐོར་གསལ་བཤད་གནང་ན་ཡག་པོ་རེད།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།