བོད་ཀྱི་གསོ་རིག་ལག་ལེན་ཁྲོད་སྲོག་ཆགས་ལས་བྱུང་བའི་སྨན་སྣ་ཚོགས་ཚད་ཀྱི་སྦྱོར་ཐབས་དང་དེའི་ཚབ་སྨན་སྔོག་འདོན་གྱི་དགོས་གལ་རང་བཞིན་ལ་དཔྱད་པ།

[ནང་དོན་གནད་བསྡུས།] བོད་ཀྱི་གསོ་རིག་ལག་ལེན་ཁྲོད་སྲོག་ཆགས་སྣ་ཚོགས་ཀྱི་དོན་སྣོད་གཙོས་ཀླད་རུས་དང་ཤ་ཁྲག་སོགས་སྨན་སྦྱོར་དུ་གཏོང་སྲོལ་ཡོད་ལ། རྒྱུད་དང་ཉམས་ཡིག །དཔྱད་རྩོམ་ཁག་ལས་སྡོམ་རྩིས་བྱས་པར་གཞིགས་ན། སྲོག་ཆགས་ལས་བྱུང་བའི་སྨན་སྣ་ཚོགས་ཚད་རིགས་བཅུ་གསུམ་གྱི་སྦྱར་ཐབས་དང་ཐོན་ཁུངས་སུ་སྲོག་ཆགས་རིགས་མི་འདྲ་བ་ ༨༢ ཡོད། དེའི་རི་སྐྱེས་སྲོག་ཆགས་ཀྱིས་བརྒྱ་ཆ་ 77% ཟིན་ཡོད་པ་དང་། སྒོ་ཕྱུགས་ཀྱིས་བརྒྱ་ཆ་ 23% ཟིན་ཡོད། དེར་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོའི་སྲོག་ཆགས་རིགས་བཅུ་བདུན། སྲུང་སྐྱོབ་རིམ་པ་གཉིས་པའི་སྲོག་ཆགས་རིགས་ཉེར་གཉིས། སྲུང་སྐྱོབ་རིམ་པ་གསུམ་པའི་སྲོག་ཆགས་རིགས་གཉིས།  དེ་བཞིན་བསེ་རུ་ལྟ་བུའི་སྟོང་ཉེན་ཤིན་ཏུ་ཆེ་བའི་སྲོག་ཆགས་རིགས་གཅིག །གླ་བ་སོགས་སྟོང་ལ་ཉེ་བའི་སྲོག་ཆགས་རིགས་བདུན། འབྲོང་སོགས་སྟོང་སླ་བའི་སྲོག་ཆགས་རིགས་བརྒྱད།  དགོ་བ་སོགས་སྟོང་ཉེན་ཆེ་བའི་སྲོག་ཆགས་རིགས་བརྒྱད་དང་། རྒྱལ་ཁབ་ཀྱིས་དམིགས་བསལ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱིས་ཟིན་ཚད་མཐོ་བ་བཅས་གསལ་རྟོགས་བྱུང་ལ། བོད་ཀྱི་གསོ་རིག་གི་སྨན་སྦྱོར་དག་རྒྱུད་འཛིན་དང་དར་སྤེལ་བྱེད་པར་དཔྱད་རྩོམ་འདིས་སྲོག་ཆགས་སྨན་སྦྱོར་གྱི་ཚབ་སྨན་སྔོག་འདོན་གྱི་དགོས་གལ་རང་བཞིན་འབུར་བཏོན་བྱས་ཡོད།

[གནད་ཚིག།]  སྲོག་ཆགས་སྨན་སྣ་ཚོགས་ཚད།  སྦྱར་ཐབས།  སྟོང་ཉེན་ཤིན་ཏུ་ཆེ་བའི་སྲོག་ཆགས། ཚབ་སྨན་སྔོག་འདོན།

བོད་ཀྱི་གསོ་རིག་གི་དམིགས་བསལ་གྱི་སྦྱོར་ཚུལ་སྨན་སྣ་ཚོགས་ཚད་རིགས་ལ་སྤྱིར་མ་རུལ་བ་དང་མ་སུངས་པ། དུག་དང་ནད་ཀྱིས་ཤི་བ་མ་ཡིན་པའི་སྣ་ཚོགས་རུང་མོད། དམིགས་བསལ་དུ་ནད་བབས་བྱེ་བྲག་དང་བསྟུན་མེས་པོ་ཚོས་ལག་ལེན་གྱི་མྱོང་བྱང་རྣམས། ཉམས་ཡིག་ཁག་ཏུ་བཀོད་པའི་རྒྱུད་དང་མན་ངག་བར་མ་ཆད་པ་རྣམས་ལས་བློ་བཟོས་གང་འདོད་དུ་བསྡེབས་མི་རུང་བས། སྦྱོར་ཐབས་དག་ཁུངས་བཙུན་པའི་སྒོ་ནས་འཚོལ་ཞིབ་བྱས་ཡོད་པ་དང་།  དེ་རྒྱུད་དང་མན་ངག་ཇི་བཞིན་སྔོག་འདོན་དང་དར་སྤེལ། ལག་ལེན་དུ་གཏོང་དགོས་ན་སྨན་རྒྱུ་གང་དེ་འཚོལ་བསྡུ་བྱེད་དགོས་པ་དང་། དེའི་ཐོན་ཁུངས་དང་གནས་བབ་ལ་གཞིགས་ན་སྔར་སྲོལ་གྱི་ཚབ་སྨན་གཏོང་བའི་ཕྱག་ལེན་འདི་ལ་ཉམས་ཞིབ་བྱས་ཏེ། ཚབ་སྨན་སྔོག་འདོན་གྱི་ལས་ལ་འབད་རྒྱུའི་དགོས་གལ་རང་བཞིན་འབུར་བཏོན་བྱེད་པ་ལ། ཐོག་མར་སྲོག་ཆགས་སྨན་སྣ་ཚོགས་ཚད་རིགས་ཀྱི་སྦྱོར་ཐབས་དག་གསོ་བ་རིག་པའི་ཕྱི་མོ་དཔལ་ལྡན་རྒྱུད་བཞི་གཙོས་རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ། འབྲོང་སྨན་སྙིང་ཐིག །ཕྱག་རྡོར་གསོ་རིག་ཕྱོགས་བསྒྲིགས། དེའུ་དམར་གསོ་རིག་གཅེས་བཏུས། སྐྱེམ་པའི་རྒྱུད་བཞིའི་འབྲུ་འགྲེལ། གསོ་རིག་དགོས་པ་ཀུན་འབྱུང་། མན་ངག་བྱེ་བ་རིང་བསྲེལ་པོད་ཆུང་རབ་འབྱམས་གསལ་བའི་སྒྲོན་མེ།  རྫོང་འཕྲང་འཕྲུལ་གྱི་ལྡེ་མིག །སྟག་བླ་ནོར་བུའི་སྨན་ཡིག །ཕན་བདེ་ནོར་བུའི་བང་མཛོད། མན་ངག་པོ་ཏི་དམར་པོ་སོགས་ཚད་ལྡན་གྱི་གཞུང་དང་ཉམས་ཡིག་ཁག་ལ་གཞི་བཅོལ་ཏེ་འཚོལ་བསྡུ་བྱས་ཡོད་པ་དང་།  དིང་དུས་སྐྱེ་ཁམས་རིག་པའི་ནང་བོད་ལུགས་གསོ་རིག་ཁྲོད་ཀྱི་སྲོག་ཆགས་ལས་བྱུང་བའི་སྨན་སྣ་ཚོགས་ཚད་ཀྱི་ཐོན་ཁུངས་དང་འཕྲད་པའི་འགལ་བར་གཞིགས་ནས་སྲོག་ཆགས་ཀྱི་རིགས་དབྱེ་སོ་སོའི་ཟིན་ཚད་དང་། སྲུང་སྐྱོབ་ཀྱི་ཚད་གཞི། དགོས་ངེས་སྲུང་སྐྱོབ་དང་། སྟོང་ཉེའི་གནས་ཚུལ་ལ་གདེང་འཇོག་བྱས་ཡོད། དེ་བཞིན་དུ་སྨན་སྦྱོར་དང་སྨན་རྒྱུ་དག་སྔོག་འདོན་བྱེད་མ་ཐུབ་ཚེ་གསོ་བྱེད་ཀྱི་གཉེན་པོ་དང་གསོ་བྱའི་ཡུལ་བར་གནམ་སའི་བར་ཐག་གིས་ཆོད་ཡོད་པས། ཚབ་སྨན་གཏོང་བའི་ཕྱག་ལེན་འདི་ལ་ཉམས་ཞིབ་བྱ་རྒྱུའི་རིན་ཐང་དང་བཅས་ཏེ་དཔྱད་རྩོམ་གྱི་སྒྲོམ་གཞི་ལེགས་པར་གྲུབ་ཡོད།

ཞིབ་འཇུག་འདི་བགྱིས་པས་གཅིག་ནས་སྲོག་ཆགས་ལས་བྱུང་བའི་སྨན་སྣ་ཚོགས་ཚད་རིགས་ཁག་གཅིག་གི་སྦྱོར་ཐབས་སྔོག་འདོན་བྱས་ཡོད་ལ། གཉིས་ནས་དེའི་ཐོན་ཁུངས་དང་གནས་བབ་གསལ་རྟོགས་བྱས་ཡོད་པས། ངེས་པར་དུ་ཚབ་སྨན་སྔོག་འདོན་བྱེད་དགོས་པའི་དགོས་གལ་རང་བཞིན་རྟོགས་ཐུབ་པ་མ་ཟད། ང་ཚོས་སྲོལ་རྒྱུན་གསོ་རིག་དར་སྤེལ་དང་རྒྱུད་འཛིན་བྱེད་པའི་གོ་རིམ་ཁྲོད་སྨན་རྫས་ཀྱི་སྦྱོར་ཐབས་དང་ནུས་པར་དབྱེ་ཞིབ་བྱས་ཏེ། རང་ལུགས་ཀྱི་དགོངས་པ་རོ་ནུས་ཞུ་རྗེས་ཀྱི་རིགས་ལམ་དང་། ཚན་རིག་ལག་རྩལ་ཟུང་འབྲེལ་སྒོས་ལས་སྒོ་གསར་སྤེལ་གྱི་གལ་འགངས་རང་བཞིན་རྟོགས་ཐུབ་ན། དེ་ནི་ང་ཚོས་ཐུན་མོང་མ་ཡིན་པའི་སྨན་སྦྱོར་དག་སྔོག་འདོན་དང་རྒྱུད་འཛིན། དར་སྤེལ་བྱེད་པའི་གོ་རིམ་ཁྲོད་བརྗོད་དོན་འདི་ལས་འཕྲོས་ཏེ། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་ཀྱིས་རང་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་རྒྱུད་འཛིན་ཐུབ་པ་མ་ཟད། ནད་ཐོག་གི་བཅོས་བརྡུགས་བཅོས་དཀའི་ནད་བྱེ་བྲག་པ་གང་མང་ཞིག་ལ་ཕན་ཐོགས་ཐུབ་པ་དང་། བོད་ལུགས་ཀྱི་ནད་ཐོག་ཕན་སྐྱེད་ཚད་བརྒྱ་ཆའི་ཚེག་ངེས་ཅན་ཞིག་འཕར་སྣོན་འབྱུང་སྲིད་པ་བཅས་འདི་ལ་དགོས་པ་དང་དོན་སྙིང་ཆེན་པོ་ལྡན་ནོ།།

དང་པོ།  བོད་ལུགས་གསོ་རིག་ཁྲོད་སྲོག་ཆགས་སྨན་སྣ་ཚོགས་ཚད་ཀྱི་སྦྱར་ཐབས།
གཅིག  སྙིང་སྣ་ཚོགས་ཚད།

སྙིང་ཞེས་པ་ནི་འཁོར་རྒྱུག་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་། ཚེ་སྲོག་སེམས་ཀྱི་དབང་པོའི་རྟེན་དུ་གྱུར་ལ་དེས་ཁྱབ་བྱེད་རླུང་གི་བྱེད་ལས་ལ་བརྟེན་ནས་རླུང་ཁྲག་རྣམས་རིམ་བཞིན་རྩ་ཆེན་རྣམས་བརྒྱུད་དེ་ལོ་མའི་རྩ་རིས་ལྟར་གྱེས་ཤིང་འབྲེལ་བའི་རྩ་ཕྲན་དག་ལས་དྭངས་མ་རང་རང་གནས་སུ་དྲངས་ཏེ། ལུས་ཀུན་ལ་ཁྱབ་པར་གཏོར་ཞིང་ལྕེས་རོ་གསལ་བའི་དོན་བྱེད་པ་སོགས་རླུང་ཁྲག་རྒྱུ་བའི་ལས་གཙོ་བོ་བྱེད་ལ། <<མན་ངག་པོ་ཏི་དམར་པོ།>> ལས། “སྙིང་ནི་སེམས་ཀྱི་རྟེན། རླུང་གི་ཁྱིམ། རྩ་ནག་ཐམས་ཅད་ཀྱི་རྩ་བ། འཕར་བའི་རྩའི་སྦུད་པ། མི་འཕར་རྩ་ཡི་མཁར་རྫོང་ཡིན་ནོ།། ”[1] ཞེས་དང་། <<དཔལ་ལྡན་རྒྱུད་བཞི།>> ལས། “ སྙིང་ནི་རྒྱལ་པོ་ཚེ་སྲོག་སེམས་ཀྱི་རྟེན། །”[2] ཞེས་གསུངས་པ་ལྟར་ཤིན་ཏུ་གཉན་ཞིང་མེད་དུ་མི་རུང་བའི་དོན་ལྔའི་ཡ་གྱལ་ཞིག་གོ།

དེ་ཡང་སྙིང་སྣ་ཚོགས་ཚད་ཞེས་པར། སྤྲེ་(Macaca mulatta)དོམ་(Aiuropoda melanoleuva)འཕྱི་བ།(Marmota himalayana ) [3] རི་དྭགས་གོང་མོ། (Tetraogallus tibetanus)[4] དར་མའི་གྲི་སྙིང་། (Homo sapiens)ནེ་ཙོ། (Psittaciformes)བྱ་རྒོད།(Gyps hinalayensis) [5] སྲེ་མོང་།(Mustela sibirica) [6] འབྲོང་། (Bos mutus)རི་བོང་། (Lepus tibetanus)སྟག །(Panthera tigris) གཟིག །(Panthera pardus)ལུག་(Ovis aries)སོགས་ཁྱི་ཕག་ཕུད་པའི་ [7] སྙིང་སྣ་དག་སྐབས་བསྟུན་སྒོས་སྦྱར་རུང་སྟེ། དེར་རི་སྐྱེས་སྲོག་ཆགས་ཀྱིས་བརྒྱ་ཆ་ 93% དང་། སྒོ་ཕྱུགས་སྲོག་ཆགས་ཀྱིས་བརྒྱ་ཆ་ 7% ཟིན་ཡོད་པ་དང་། རི་མོ་དང་པོ་ལས་ཤེས་གསལ་ལྟར་དོམ་དང་འབྲོང་། བྱ་རྒོད་སོགས་རྩ་ཆེའི་རི་དྭགས་དང་། དམིགས་བསལ་དུ་སྲུང་སྐྱོབ་བྱེད་དགོས་པའི་རིགས་ཀྱིས་ཟིན་ཚད་མཐོ་བ་མ་ཟད། སྙིང་ནི་སྲོག་ཆགས་ཀྱི་སྲོག་བཅད་དེ་ལེན་དགོས་པའི་ཁོངས་སུ་གཏོགས་པས་བེད་སྤྱོད་ཀྱི་གནས་བབ་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད།

རི་མོ་དང་པོ། སྲུང་སྐྱོབ་རིམ་པ་སོ་སོའི་ཟིན་ཚད།

 གཉིས།  གློ་སྣ་ཚོགས་ཚད།

གློ་བ་ཞེས་པ་ནི་འབྱིན་རྔུབ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། གནས་དང་བྱེད་ལས་གཉིས་ཀ་སྙིང་དང་ཉེ་བར་གནས་པའི་དོན་ཞིག་སྟེ། དེས་རླུང་ཁམས་ཀྱི་དྭངས་མའི་བཅུད་རྣམས་བསྡུ་བའི་རྟེན་བྱེད་པ་དང་། ཕྱི་ནང་དབུགས་ཀྱི་རྟེན་དུ་གྱུར་པའི་བྱ་བ་བྱེད་པ་ཁ་སྣའི་ལམ་ནས་ཕྱིའི་དྭངས་མའི་རླུང་རྣམས་ནང་དུ་རྔུབ་པ་དང་། ཁོང་པར་ཚུད་པའི་སྙིགས་མའི་རླུང་རྣམས་ཕྱིར་འབྱིན་ཞིང་། སྙིང་གི་ཁྲག་འཁོར་ཞིང་རྒྱུ་བའི་གྲོགས་བྱེད་པ། གྲེ་བ་དང་མཚལ་པའི་ལམ་ནས་གློ་བའི་སྦུབས་ཀྱི་བེ་སྣབས་ལྗན་ལྗིན་རྣམས་ཕྱིར་འབྱིན་ཅིང་། སྣའི་དྲི་ཚོར་བའི་ལས་བྱེད་པ་སོགས་དབུགས་ཁམས་ཀྱི་རྟེན་བྱེད་པ་ལ།   《  ཡང་ཏིག་ཟབ་གསང་ལྡེ་མིག་》  ལས།  “གློ་བ་ནི། རྩའི་དྲ་ཐུམ། དབུགས་ཀྱི་རྟེན། སྣབས་དང་ངར་སྣབས་ཀྱི་འབྱུང་གནས། དྲིའི་སྒོའོ། །”[8] ཞེས་གསུངས་པ་ལྟར་དང་། གློ་སྣ་ཚོགས་ཚད་ཞེས་པ་ལ་ཝའི་གློ་བ།(Vulpes) ཁུག་རྟའི་གློ་བ།(Swallow) རེའུ་ཡི་གློ་བ་(Capra hircus)རྟེའུ་ཡི་གློ་བ།(Equus caballus) [9] སོགས་སྦྱར་རུང་ལ་དེར་རི་སྐྱེས་སྲོག་ཆགས་ཀྱིས་50%དང་སྒོ་ཕྱུགས་ཀྱིས་བརྒྱ་ཆ་ 50% ཟིན་ཡོད་པ་དང་། ཝ་ལྟ་བུའི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་གཉིས་པའི་སྲོག་ཆགས་སོགས་ཡོད་པའོ།།

གསུམ།  མཆིན་སྣ་ཚོགས་ཚད།

མཆིན་པ་ནི་འཇུ་བྱེད་མ་ལག་གི་ཁོངས་སུ་གཏོགས་ལ། ཁ་ཟས་གང་ཟོས་རྣམས་ཕོ་བར་མྱག་བཞུ་དྭངས་སྙིགས་བྱས་རྗེས་མཆིན་པར་སླེབས་ཚེ། མདངས་སྒྱུར་མཁྲིས་པས་ཁྲག་ཏུ་བསྒྱུར་ནས་སྲོག་རྩ་ནག་པོར་བརྒྱུད་ལུས་ཀྱི་ཆ་ཤས་ཕྲ་མོ་དང་བཅས་པར་ཁྱབ་པའི་ལུས་ཁམས་ཀྱི་དྭངས་མ་ཁྲག་དང་དྲོད་ཀྱི་རྟེན་དང་། མིག་གིས་གཟུགས་མཐོང་བའི་དོན་བྱེད་པ་ལ།   《  ཡང་ཏིག་ཟབ་གསང་ལྡེ་མིག་》  ལས།  “མཆིན་པ་ནི། ཁྲག་གི་སྐྱེ་གནས། མཁྲིས་པའི་འབྱུང་ཁུངས། ལུས་ཕྱེད་ཀྱི་རྟེན། སྲོག་ཕྱེད་ཀྱི་གནད། མཐོང་བྱེད་རྒྱལ་མོའི་རྩ་བའོ། །”[10] ཞེས་གསུངས་པ་ལྟར་རོ། ། དེ་ཡང་མཆིན་པ་སྣ་ཚོགས་ཞེས་པ་ལ་  《  རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ་》  ལས།“ དུག་གིས་ཤི་བ་དང་རི་བོང་(Lepus tibetanus)གི་མ་གཏོགས་པ་མི་ལ་སོགས་པའི་མཆིན་པ་སྣ་ཚོགས་མ་རུལ་བ”[11] ཞེས་གསུངས་པ་ལྟར་སྦྱོར་ཁུངས་ཀྱི་ཁྱབ་རྒྱ་ཧ་ཅང་ཆེ་བའོ།།

བཞི།  མཁལ་སྣ་ཚོགས་ཚད།

མཁལ་མ་ནི་གཅིན་ཁུང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ལུས་ཀྱི་ཆུ་ཁམས་ཀྱི་དྭངས་མ་དང་བརླན་ཞིང་གཤེར་བའི་རྟེན། རོ་ཚ་ཞིང་མངལ་སྦྲུམ་པར་བྱེད་པ། རུས་པ་རྒྱས་པར་བྱེད་པ། རྣ་བས་སྒྲ་ཐོས་པར་བྱེད་པ་སོགས་ཡིན་ཏེ། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། “མཆིན་པའི་སྙིགས་མ་མཁལ་མར་འགྲོ། །བད་ཀན་མཁྲིས་པ་རླུང་གིས་ཕྱེ། །ལུས་ཟུངས་འཛིན་བྱེད་རླུང་གིས་དྲངས། །མཁལ་མའི་སྦུབས་སུ་འགྲོ་བ་སྟེ། །རླུང་མཁྲིས་བད་ཀན་གསུམ་གྱིས་བཞུ། །བཅུད་ཀྱིས་རྩ་སྦུབས་ཀུན་ཁྱབ་སྟེ། །བཅུད་ཀུན་རུས་མིག་འདྲེན་པར་བྱེད། །ལྷ་བ་རུས་པ་ཐམས་ཅད་རྒྱས། །བདེ་བ་རྒྱས་བྱེད་སྲོག་འཛིན་བྱེད། །སྙིགས་མ་ལྒང་ཕུག་དག་ཏུ་ལྷུང་། །”[12] ཞེས་དང་། མན་ངག་པོ་ཏི་དམར་པོ་》  ལས། “མཁལ་མ་ཆུ་ཡི་མཚོ་དང་མཁལ་མ་ས་བོན་ཁུ་ཆུའི་རྟེན།”[13] ཞེས་གསུངས་སོ། །དེ་ལྟ་བུའི་མཁལ་མ་སྣ་ཚོགས་ལ་ར་(Capra hircus)དང་། ལུག་ཐུག་པོ།(Ovis aries)རྟ།(Equuscaballus) གླང་སོགས་ [14] སྒོ་ཕྱུགས་ཁ་ཤས་ཀྱི་མཁལ་མ་རུང་མོད། དེའི་ཐོན་ཁུངས་ཕུན་སུམ་ཚོགས་པར་གཞིགས་ནས་ལུགས་མེད་དུ་བེད་སྤྱོད་བྱེད་པ་ནི་མི་རུང་ངོ་།།

ལྔ། མཁྲིས་པ་སྣ་ཚོགས།

མཁྲིས་པ་ནི་འཇུ་བྱེད་མ་ལག་གི་ཁོངས་སུ་གཏོགས་པ་དང་། ཁྲག་གི་སྙིགས་མ་མཁྲིས་ཁུ་གསོག་པའི་སྣོད། དྲོད་ཀྱི་རྟེན། ཕོ་བའི་ཟས་འཇུ་བའི་ནུས་པ་ཆེ་རུ་གཏོང་བ་སོགས་ཡིན་ཏེ། 《  ཡང་ཏིག་ཟབ་གསང་ལྡེ་མིག་》  ལས།  “མཁྲིས་པ་ནི། ལུས་དྲོད་ཀྱི་མངའ་བདག མཁྲིས་པ་འཇུ་བྱེད་ཀྱི་རྟེན། ཁ་ཟས་བཞུ་བར་བྱེད་པའི་མེ། དྲི་ཆེན་གྱི་སེར་རྩི། ཀུ་ཡའི་འབྱུང་ཁུངས། ཆུ་སེར་གྱི་རྩ་བ་ཡིན་ནོ། །”[15] ཞེས་དང་། 《   མན་ངག་པོ་ཏི་དམར་པོ་》  ལས།  “སྣོད་མཁྲིས་ཤིང་ཁམས་མཆིན་པར་འབྲེལ། །ཟས་འཇུ་དྭངས་སྙིགས་འབྱེད་པའི་སྣོད། །”[16] ཅེས་གསུངས་པ་ལྟར་རོ། །

དེ་ཡང་མཁྲིས་པ་སྣ་ཚོགས་ཞེས་པ་ལ་མི་(Homo sapiens)དོམ་(Ailuropoda melanoleuca)ཉའི་མཁྲིས་པ་ 17 གཙོ་བྱས་བྱང་གཡག །(Bos mutus)[17] དྲེད་མོང་།(Ursus arctos)ལུག(Ovis aries)མཛོ། ར།(Capra hircus)ཤྭ (Cervus canadensis)གནའ། (Pseudois nayaur)དགོ (Procapra picticaudata)རྐྱང་།(Equus kiang ) ཁྲ། (Circus cyaneus)ཕག།( Sus scrofa)འཕྱི་བ།( Marmota himalayana)བྱ་རྒོད། (Gyps hinalayensis)[18] སྲམ།(  Lutra lutra)རི་བོང་།(Lepus tibetanus) གླ་བ།(Moschus chrysogaster)[19] ཁྱི་ནག་པོ། (Canis lupus familiaris)སྤྲེ།(Macaca mulatta) ནེ་ཙོ།(Psittaciformes) རྨ་བྱ།(Pavo muticus)[20] བསེ་རུ་དཀར་པོ། [21](Ceratotherium simum)སྤྱང་ཀི།( Canis lupus)[22] རྩངས་པ། (Physignathus)[23] གླང་རོག་ལྟེ་དཀར། [24] ཝ།( Vulpes)བྱི་ལ། ( Felis catus)བ་སེར་སྐྱ། སེངྒེ། (Panthera leo)[25] ཉ་སྲམ་སོ་བྱ་(Phalacrocorax carbo)སོགས་ཆུར་གནས་མཁྲིས་པ་མཐའ་དག །[26] དམིགས་བསལ་དུ་བྱིས་པའི་ནད་ཀྱི་སྐབས་སུ། ལུག་དང་ཕུག་རོན་གྱི་མཁྲིས་པ་མ་གཏོགས་པའི་མཁྲིས་པ་སྦྱར་རུང་མོད། དེར་རི་སྐྱེས་སྲོག་ཆགས་ཀྱིས་བརྒྱ་ཆ་ 78% དང་། སྒོ་ཕྱུགས་སྲོག་ཆགས་ཀྱིས་བརྒྱ་ཆ་ 22% ཟིན་ཡོད་པ་དང་། དོམ་དང་གླ་བ་སོགས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོའི་སྲོག་ཆགས་ཀྱིས་བརྒྱ་ཆ་ 24% དང་གནའ་དང་དགོ་བ་སོགས་རིམ་པ་གཉིས་པའི་སྲོག་ཆགས་ཀྱིས་བརྒྱ་ཆ་ 48%། འཕྱི་བ་སོགས་རིམ་པ་གསུམ་པའི་སྲོག་ཆགས་ཀྱིས་བརྒྱ་ཆ་ 12% ནེ་ཙོ་སོགས་རྒྱབ་ཤ་དམར་པོའི་གྲས་སུ་ཚུད་པའི་སྲོག་ཆགས་ཀྱིས་བརྒྱ་ཆ་ 4% དང་། ཕག་སོགས་སྲུང་སྐྱོབ་རིམ་པ་མི་གསལ་བའི་སྲོག་ཆགས་ཀྱིས་བརྒྱ་ཆ་ 12% བཅས་ཟིན་ཡོད་པས། དེའི་ཐོན་ཁུངས་ཀྱི་གནས་བབ་དང་། མ་འོངས་པའི་འཕེལ་ཕྱོགས་ལ་ཅིས་ཀྱང་བསམ་གཞིག་བྱེད་དགོས་པར་དྲན།

དྲུག  ཤ་སྣ་ཚོགས་ཚད།

ཤ་ནི་འགུལ་སྐྱོད་མ་ལག་གི་ཁོངས་སུ་གཏོགས་པ་དང་། དེས་རུས་པའི་ཕྱི་ནས་གཡོགས་པའི་ལས་བྱེད་པ་ལ། 《    རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ།》  ལས། “ཤའི་ལས་ནི་ལུས་ཀྱི་ཕྱི་ནང་བར་གསུམ་ནས་འདག་ཞལ་ལྟ་བུར་གཡོགས་པར་བྱེད་པ་དང་།”[27] ཞེས་གསུངས་པ་ལྟར་རོ། །དེ་ཡང་། ཤ་སྣ་ཚོགས་ཚད་ཅེས་པ་ལ་བོང་བུ་(Equus asinus)དང་། འཕྱི་བ།(Marmota himalayana) རྐྱང་། (Equus kiang)[28] འུག་པ།(Strigiformes)བྱ་རྒོད། (Gyps hinalayensis)སྤྱང་ཀི །(Canis lupus)[29] ལྕོང་མོ། སྡིག་པ། (Brachyura)སྡོམ། (Araneida)རྟ་བླ།(Scolopendridae)བསེ་སྦུར། སྦྲུལ།(Serpentiformes )རྨིགས་པ།(Phrynocephalus)ཕག།(Sus scrofa) བྱ་མ་བྱི།(Rodentia)ཕ་ཝང་། (Chiroptera)སྲེ་མོང་། (Mustela sibirica)རྟེའུ་ལོ།(Mustela eversmannii)པུ་ཤུད། (Upupa epops)ཉ། བྱ་རོག།(Corvus corax) མི་(Homo sapiens)རྟ།(Equuscaballus) ཁྱི།(Canislupus familiaris)སོགས་[30] ཀྱི་ཤ་རྣམས་རུང་ལ། འདིར་རི་སྐྱེས་སྲོག་ཆགས་ཀྱིས་བརྒྱ་ཆ་ 88% དང་། སྒོ་ཕྱུགས་སྲོག་ཆགས་ཀྱིས་བརྒྱ་ཆ་ 12% ཟིན་ཡོད་པ་དང་། གཤམ་གྱི་རི་མོ་གཉིས་པ་ལས་ཤ་སྣ་ཚོགས་ཚད་ཀྱི་ཐོན་ཁུངས་ཀྱི་སྣ་མང་རང་བཞིན་གྱི་ཆ་འཕྲིན་རྟོགས་ཐུབ་པས་སྐྱེ་ཁམས་དོ་མཉམ་གྱི་གཞི་རྩའི་རྩ་དོན་དང་བསྟུན་ཕྱོགས་ཡོངས་ནས་བཀག་རྒྱ་ཐེབས་ཡོད་པ་རྟོགས་ཐུབ།

རི་མོ་གཉིས་པ།  སྲོག་ཆགས་ཀྱི་རིགས་དབྱེ་སོ་སོའི་ཟིན་ཚད།

བདུན། ཁྲག་སྣ་ཚོགས་ཚད།

ཁྲག་ནི་ལུས་ཀྱི་འཁོར་བསྐྱོད་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ལུས་ཀྱི་ཆ་ཐམས་ཅད་བརླན་ཞིང་སྲོག་འཚོ་བའི་ལས་བྱེད་པ་ལ།  《  རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ་》  ལས། “ཁྲག་གི་ལས་ནི་ལུས་ཀྱི་བརླན་པའི་ཆ་ཕལ་ཆེར་སྐྱེད་པར་བྱེད་ཅིང་ལྷག་པར་སྲོག་འཚོ་བ་སྟེ། སེམས་ཅན་རྣམས་ཀྱི་སྲོག་གི་རྟེན་གཙོ་བོར་བྱེད་པ་དང་།”[31] ཞེས་གསུངས་པ་ལྟར་རོ། ། དེར་《  དཔལ་ལྡན་རྒྱུད་བཞི་》  ལས། “མ་ཐུབ་སྦང་གར་མཚེ་ཁུ་བག་ཕྱེ་ཞོ། །བྱ་མཚལ་ཟེ་ཁྲག་ཕག་པའི་སྣ་ཁྲག་(Sus scrofa)དང་། །ར་རོག་གཉའ་ཁྲག་(Capra hircus)བོང་བུའི་གཞུག་ཁྲག་(Equus asinus)རྣམས། །བྱུགས་སྟེང་ཆིངས་ནན་ཕལ་ཆེར་སྐམ་སྦྱོར་བྱེད། །”[32] ཅེས་ཡན་ལག་རྨ་གསོ་བའི་གཉན་པ་གནད་དང་སྦྱར་ནས་བཅོས་པའི་སྐབས་སུ་གསུངས་པ་ལྟར་སྒོ་ཕྱུགས་སྲོག་ཆགས་ཀྱི་ཟིན་ཚད་མཐོ་བར་སྣང་།

བརྒྱད།  ཨོལ་མདུད་ཚོགས་ཚད།

ཨོལ་མདུད་ནི་འབྱིན་རྔུབ་མ་ལག་གི་ཁོངས་སུ་གཏོགས་ལ། དེར་ 《  གཡུ་ཐོག་དགོངས་རྒྱན་》  ལས། “དབྱིབས་ལ་བལྟོས་ནས་བཏགས་པའི་ཨོལ་ཀྲོང་གི་མགོའི་མིང་སྟེ། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཨོལ་མདུད་ནི། ཨོལ་ཀྲོང་གི་མགོ་སྟེ། དེའི་དབྱིབས་མདུད་པ་ལྟར་ཡོད་པས་ན་ཨོལ་མདུད་ཅེས་ཟེར།”[33] ཞེས་གསུངས་པ་ལྟར་དང་། ཟས་སྐོམ་སོགས་མིད་པའི་ལས་བྱེད་པ་དང་དབུགས་འབྱིན་རྔུབ། སྐད་འབྱིན་པའི་ནུས་པ་སོགས་ཡོད།  དེ་ཡང་ཨོལ་མདུད་ཚོགས་ཚད་ཅེས་པར་བྱང་འབྲོང་གི་ཨོལ་མདུད་(Bos mutus)[34] གཙོ་བྱས་པའི་བོང་བུའི་ཨོལ་མདུད།(Equus asinus) ལུག་གི་ཨོལ་མདུད། (Ovis aries)ཅོག་གའི་ཨོལ་མདུད།(Galerida cristata) བྱ་གག་གི་ཨོལ་མདུད།(Anatinae)[35] བ་གླང་གི་ཨོལ་མདུད།   བྱ་རྒོད་ཀྱི་ཨོལ་མདུད་(Gyps hinalayensis)[36] སོགས་ཕུག་རོན་ [37] དང་། རྟ་(Equuscaballus)རྐྱང་(Equus kiang )ར་(Capra hircus)[38] བཞིའི་ཨོལ་མདུད་ཕུད་པའི་ཨོལ་མདུད་སྣ་ཚོགས་རུང་སྟེ། དམིགས་གསལ་དུ་བྱུར་ལྦ་བཅོས་པའི་སྐབས་ར་དང་རྟའི་ཨོལ་མདུད་གཏོང་སྲོལ་ཡོད། འདིར་རི་སྐྱེས་སྲོག་ཆགས་དང་སྒོ་ཕྱུགས་སྲོག་ཆགས་ཀྱིས་བརྒྱ་ཆ་ 50% རེ་ཟིན་པ་དང་། བྱང་གཡག་སོགས་རྒྱལ་ཁབ་སྲུང་སྐྱོབ་རིམ་པ་དང་པོའི་སྲོག་ཆགས་བརྒྱ་ཆ་ 50% དང་། བྱ་རྒོད་སོགས་སྲུང་སྐྱོབ་རིམ་པ་གཉིས་པའི་སྲོག་ཆགས་ཀྱིས་བརྒྱ་ཆ་ 50% ཟིན་པར་གཞིགས་ན་ཐོན་ཁུངས་ཧ་ཅང་དཀོན་པ་མ་ཟད། བཀག་རྒྱ་ཡང་ཆེན་པོ་ཐེབས་པའི་གནས་སུ་གྱུར་འདུག

དགུ། རྭ་སྣ་ཚོགས་ཚད།

རྭ་ཅོ་ནི་འོ་འཐུང་སྲོག་ཆགས་ལས་རྨིག་པ་ཁ་དབྲག་ཁག་དང་རྨིག་པ་ཚལ་མེད་ཁག་གི་སྲོག་ཆགས་ཀྱི་མགོའམ་སྣའི་སྟེང་དུ་སྐྱེ་བའི་རུས་ཆ་འབུར་དུ་ཐོན་པ་དེར་ཟེར་ལ། རྒོལ་འདུལ་དང་འགོག་སྲུང་གི་ནུས་པ་ལྡན། དེ་ཡང་རྭ་སྣ་ཚོགས་ཚད་ཅེས་པ་ལ། 《  རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ།》  ལས། “བསེ་རུ་དཀར་(Ceratotherium simum)ནག །(Diceros bicornis) དང་། རྒྱ་རུ།(Capricorns) ཤ་བ།(Cervus canadensis)ཁ་ཤའི་རྭ།(Capreolus)འབུར་ཙམ་ཐོན་པ་སྟེ་གྭ་དོར་གཉིས་དང་། གནའ་བ།(Pseudois nayaur) དགོ་བ། (Procapra picticaudata) གཙོད། (Pantholops hodgsonii ) རྒོད་ཅེས་བྱང་འབྲོང་(Bos mutus) དང་། གཡུང་ནི་མིས་བདག་བྱེད་ཀྱི་གཡག་(Bovini) དང་། བ་མེན་གྱི་རྭ། གླང་རུ། ར་(Capra hircus)ལུག་ཐུག་པོའི་རྭ་ལ་སོགས་རྭ་རིགས་ཚོགས་ཚད།”[39] རྣམས་ཐལ་ཚན་གྱི་མེ་ལ་སེར་ཙམ་བསྲེགས་པ་བྱང་ཁོག་རྨ་གསོ་བའི་སྐབས་རྒས་པ་དང་རླུང་ཤས་ཆེ་བའི་མིའི་རིགས་ལ་རྭ་སྣའི་སྦྱོར་བ་དག་གིས་སྐེམ་པའི་ཐབས་སུ་གསུངས་པ་ལྟར་སྦྱར་རུང་སྟེ། རྭ་ཅོ་ནི་སེམས་ཅན་གྱི་སྲོག་གཅོད་མི་དགོས་པར་ལེན་ཐུབ་མོད།  འདིར་སྦྱར་རུང་བའི་རྭ་ཅོ་ལ་བསེ་རུ་ནག་པོ་དང་གཙོད་སོགས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོའི་སྲོག་ཆགས་ཀྱིས་བརྒྱ་ཆ་ 44% དང་། སྲུང་སྐྱོབ་རིམ་པ་གཉིས་པའི་སྲོག་ཆགས་ཀྱིས་བརྒྱ་ཆ་ 56% ཟིན་པར་གཞིགས་ན་དེ་ཡང་ཐོན་ཁུངས་ལ་བཀག་རྒྱ་ཆེན་པོ་ཐེབས་པའི་གནས་སུ་གྱུར་འདུག །

བཅུ།  གྲེ་སྣ་ཚོགས་ཚད།

གྲེ་བ་ནི་ཨོལ་མདུད་ཀྱི་མགོར་གནས་པའི་སྒྲའི་སྐྱེ་གནས་ལ་གོ་སྟེ་འབྱིན་རྔུབ་མ་ལག་གི་ཁོངས་སུ་གཏོགས་པ་དང་།  《  གཡུ་ཐོག་དགོངས་རྒྱན་》  དུ། “ལེགས་སྦྱར་སྐད་དུ་མགྲིན་པའི་སྐད་དོད་དུ་གྲཱི་བ་ཞེས་ཟེར་བས་དེ་ཟུར་ཆག་པ་ལ་གྲེ་བ་ཞེས་བཤད་ཅེས་སྐྱོགས་སྟོན་ལོ་ཙཱ་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི་བརྡ་གསར་རྙིང་གི་སྐོར་བཤད་པ་ལི་ཤིའི་གུར་ཁང་ལས་གསུངས་ཤིང་། ངོ་བོ་ནི་ཨོལ་མདུད་ཀྱི་མགོར་གནས་པའི་སྐད་ཀྱི་སྒྲ་འབྱུང་བའི་གནས་དེ་ལ་ཟེར།”[40] ཞེས་གསུངས་པ་ལྟར་རོ།།

དེ་ཡང་གྲེ་བ་ཚོགས་ཚད་ཅེས་པ་ལ་རྟ་(Equuscaballus) དང་། རྐྱང་(Equus kiang)སྤྱང་ཀི།(Canis lupus)སོ་བྱ་(Phalacrocorax carbo)[41] གཡག་རྒོད་(Bos mutus)གོ་བོ་( Gypaetus barbatus) འཇོལ་མོ་(Garrulax henrici)ཅོ་ག །(Galerida cristata)[42] གྲུམ་པ་(Arctonyx collaris)[43] སོགས་ཀྱི་གྲེ་བ་རུང་སྟེ་རི་སྐྱེས་སྲོག་ཆགས་ཀྱིས་བརྒྱ་ཆ་ 89% དང་། སྒོ་ཕྱུགས་ཀྱིས་བརྒྱ་ཆ་ 11% ཟིན་པ་དང་། འདིར་རྒྱལ་ཁབ་ཀྱིས་དམིགས་བསལ་དུ་སྲུང་སྐྱོབ་བྱེད་བཞིན་པའི་སྲོག་ཆགས་ཀྱི་ཟིན་ཚད་མཐོ་བ་རི་མོ་གསུམ་པར་གསལ་ལ་སྤྱིར་གྲེ་བའི་གནས་ས་ཡང་ཧ་ཅང་གཉན་པས་དཀོན་པའོ།།

རི་མོ་གསུམ་པ། སྲུང་སྐྱོབ་ཀྱི་ཚད་གཞི།

བཅུ་གཅིག ཉྭ་སྣ་ཚོགས་ཚད།

ཉྭ་ཞེས་པ་ནི་རྐང་ལག་གི་ཉྭ་ཤ་ལ་གོ་དགོས་པ་དང་། འགུལ་སྐྱོད་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། རུས་རིགས་ཀུན་ལ་སྲུང་སྐྱོབ་དང་འགུལ་སྐྱོད་ལ་གཞོགས་འདེགས་ཀྱི་ནུས་པ་ཐོན་བཞིན་ཡོད། དེ་ཡང་ཉྭ་གཞི་སྣ་ཚོགས་ལ། 《  རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ་》  ལས། “ཉྭ་སྣ་ཚོགས་ཚད་ཀྱི་ལུམས་ནི་ཉྭ་རྨད་མའི་ཤ་རྒོད་གཡུང་(Cervus canadensis)རྟ་(Equuscaballus)བོང་(Equus asinus)ར་(Capra hircus)ལུག་(Ovis aries)བ་གླང་མཛོ་དྲེལ་གཅན་གཟན་བྱ་ཁྱི་(Canis lupus familiaris)མིའི་(Homo sapiens)ཉྭ་ཤ་འབྲུ་མར་དྲི་ཆུར་བཙོས་པའི་ལུམས་ཀྱིས་འདུལ།”[44] ཞེས་གསུངས་པ་ལྟར་སྦྱར་རུང་ལ་སྒོ་ཕྱུགས་སྲོག་ཆགས་ཀྱི་ཟིན་ཚད་མཐོ་བར་སྣང་།

བཅུ་གཉིས།  རུས་སྣ་ཚོགས་ཚད།

རུས་པ་ནི་འགུལ་སྐྱོད་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།  ལུས་ཁམས་འདེགས་སྐྱོར་དང་གཟུགས་དབྱིབས་ངེས་ཅན་ཞིག་སྲུང་འཛིན་བྱེད་པར་མ་ཟད། ཁོག་སྒྲོམ་ཆགས་ནས་གལ་ཆེའི་དབང་རྟེན་རྣམས་སྲུང་བའི་ནུས་པ་འདོན་གྱི་ཡོད་པར། 《  དཔལ་ལྡན་རྒྱུད་བཞི་》  ལས། “ ཚིལ་གྱིས་སྣུམ་དང་རུས་པས་བརྟེན་པ་དང་། །”[45] ཞེས་གསུངས་པ་ལྟར་རོ།།

དེ་ཡང་རུས་སྣ་ཚོགས་ཚད་ཅེས་པ་ནི་སྲེ་ལོང་སོག་ཡུ་གཞུག་གུ་ཆུང་ཨར་བཅུག་སོགས་ལ་གོ་མོད། བྱེ་བྲག་ཏུ་མི་(Homo  sapiens)རྟ་(Equuscaballus)ཁྱི་(Canis lupus familiaris)དང་། རྐྱང་།(Equus kiang) བོང་བུ།(Equus asinus)སྟག །(Panthera tigris) ཕག་(Sus scrofa)[46] ལུག་ (Ovis aries)གཡག་འབྲོང་(Bos mutus)[47] ཉ། སྲམ་ (Lutra lutra)ཆུ་བྱ། [48] ངུར་བ།(Tadorna ferruginea) བྱ་རྒོད་( Gyps hinalayensis)གོ་བོ་(Gypaetus barbatus) གླག །(Aquila nipalensis)འཕྱི་བ་ (Marmota himalayana)གླ་བ་(Moschus chrysogaster) འབྲུག་རུས་ [49] སོགས་རུས་པ་ལྷ་བ་ཅན་སྣ་ཚོགས་ ༥༠ སྦྱར་རུང་སྟེ། དེར་རི་སྐྱེས་སྲོག་ཆགས་ཀྱིས་བརྒྱ་ཆ་ 79% དང་། སྒོ་ཕྱུགས་ཀྱིས་བརྒྱ་ཆ་ 21% ཟིན་པ་དང་། རི་མོ་བཞི་པ་ལས་ཤེས་གསལ་ལྟར་དམིགས་བསལ་དུ་སྲུང་སྐྱོབ་བྱེད་པའི་སྲོག་ཆགས་རིགས་ཀྱི་ཟིན་ཚད་མཐོ་བ་མ་ཟད། སྤྱིར་རུས་པ་ནི་སྲོག་ཆགས་རང་ཤི་བྱས་པ་ལས་གཞན་ཐད་ཀར་ཚེ་སྲོག་བཅད་དེ་ལེན་དགོས་པ་དང་།  དེ་ནི་སྨན་པའི་རྒྱུ་དྲུག་དང་འགལ་བའི་ལས་ཤིག་ཡིན་པས་བེད་སྤྱོད་ཐད་བཀག་རྒྱ་ཆེན་པོ་ཐེབས་ཡོད་པ་རེད།

རི་མོ་བཞི་པ། སྲུང་སྐྱོབ་ཀྱི་རིམ་པ་སོ་སོའི་ཟིན་ཚད།

བཅུ་གསུམ།  ཀླད་སྣ་ཚོགས་ཚད

ཀླད་པ་ནི་དབང་རྩའི་མ་ལག་གལ་ཆེན་ཞིག་ཡིན་ལ།  《  དུས་རབས་ ༢༡ པའི་བོད་ལུགས་གསོ་རིག་དངོས་ཚན་སློབ་གསོའི་སློབ་དེབ་གྲུབ་པ་ལུས་》  སུ། “སྟག་ཚང་ལོ་ཙཱ་བས། ཡུལ་ལྔ་ཚོགས་དྲུག་གསལ་བའི་རྟེན། །སྲོག་རྩ་དཀར་པོའི་རྩ་བ་ལྟར། །མི་ཡི་ལུས་སྟོད་ཀླད་ཀྱི་འཆར། །གནས་པས་ཀླད་པ་ཞེས་སུ་བཤད། །ཅེས་གསུངས་པ་ལྟར་གནས་ལ་བལྟོས་ནས་བཏགས་པའི་མིང་ཡིན་ལ། ཀླད་སྙིང་ཞེས་པར་རྫོང་འཕྲང་འཕྲུལ་ལྡེ་ལས། ཀླད་ཆེན་མགོ་བོའི་མདུན་ན་གནས། །ཀླད་སྙིང་རྒྱུངས་པའི་གོང་དུ་ཆགས། །ཤིན་ཏུ་གཉན་པ་ཀླད་སྙིང་ཟེར། ། ”[50] ཞེས་གསུངས་པ་སོགས་ལས་གཏོགས་ཐུབ་ལ། དེ་ཡང་ཀླད་པ་སྣ་ཚོགས་ཚད་ཅེས་པ་ལ།  《  སྐྱེམ་པའི་རྒྱུད་བཞིའི་འབྲུ་འགྲེལ་》  དུ། “ཁྱི་གུ་མིག་མ་བྱེ་བའི་ཀླད་པ།(Canis lupus familiaris) རེའུ་མས་མ་བལྡག་པའི་ཀླད་པ།(Capra hircus) ཅོ་ཀའི་ཀླད་པ།(Galerida cristata)སྲེ་མོང་གི་ཀླད་པ་(Mustela sibirica)རྣམས་ཆུ་ལ་སྦྱངས་པའི་དྭངས་མ་གྲིབ་སྐམ་བྱས་པ་དང་།”[51] ཞེས་མགོ་རྨ་ཕུག་ནས་མདེའུ་མེད་ན་ཀླད་ངན་ལུག་ཅེས་པའི་འཛག་གཅོད་སྨན་དུ་གསུངས་ཡོད། ཡང་ 《  ཕྱག་རྡོར་མགོན་པོའི་གཅེས་བསྡུས་རིན་ཆེན་ཕྲེང་བ་》  རུ་མགོ་རྨ་གསོ་བའི་བཅོས་ཐབས་ལ་སྨན་གྱི་སྦྱར་ཐབས་བཞི་ཡོད་པ་ལས་བཞི་པ་སྨུག་པོ་སྦྱར་བའི་སྐབས་ “ཁ་ཚར་དུ་སྟག་(Panthera tigris)སོགས་ཀླད་པ་བསྣན་པས་ཀླད་སོས་མཆོག་ཅེས་མཆན་དུ་རྨིགས་པ་(Phrynocephalus) རི་བོང་(Lepus tibetanus)སྦལ་པ་(Frog)རྣམས་ཀྱི་ཀླད་པ”[52] བཀོལ་ཡོད་པ་ལྟར་སྐབས་བསྟུན་སྒོས་སྦྱར་དགོས་མོད།  སྤྱིར་ཀླད་པ་ནི་ཚེ་སྲོག་སེམས་ཀྱི་རྟེན་དང་རྩ་ཡི་རྒྱ་མཚོ་ཆེན་པོ།  སྲོག་ཆགས་ཀུན་གྱི་བྱ་བྱེད་ལས་གསུམ་ལ་བཀོད་འདོམས་བྱེད་མཁན་དེ་ཡིན་པ་དང་ཧ་ཅང་གཉན་པས་དེའི་ཐོན་ཁུངས་ཡང་དེ་བཞིན་ནོ།།

སྲོག་ཆགས་ལས་བྱུང་བའི་སྨན་སྣ་ཚོགས་ཚད་རིགས་ཀྱི་སྦྱོར་ཐབས་འཚོལ་བསྡུ་བྱས་པ་བརྒྱུད་དེའི་ཐོན་ཁུངས་ཀྱི་སྣ་མང་རང་བཞིན་རྟོགས་ཐུབ་པ་དང་། དེར་གཞིགས་ཏེ་ང་ཚོས་ངེས་པར་དུ་སྐྱེ་ཁམས་རིག་པའི་ཁྲོད་སྲོག་ཆགས་ཀྱི་གནས་བབ་འམ་ཐོན་ཁུངས་ལ་གདེང་འཇོག་བྱས་ཏེ། གཞི་འཛིན་སའི་མ་ལག་གི་རྨང་གཞི་ལྟ་བུ་ཞིག་ཆགས་རྒྱུ་ནི་ཧ་ཅང་གལ་ཆེ་བར་འདོད།

གཉིས་པ།  དེང་དུས་སྐྱེ་ཁམས་རིག་པའི་ནང་བོད་ལུགས་གསོ་རིག་ཁྲོད་སྲོག་ཆགས་ལས་བྱུང་བའི་སྨན་སྣ་ཚོགས་ཚད་ཀྱི་ཐོན་ཁུངས་དང་འཕྲད་པའི་འགལ་བ།

སྲོག་ཆགས་ལས་བྱུང་བའི་སྨན་སྣ་ཚོགས་ཚད་རིགས་ཀྱི་ཐོན་ཁུངས་ནི། རི་སྐྱེས་སྲོག་ཆགས་ཞེས་ཁྲིམས་ལྟར་སྲུང་སྐྱོབ་ཐོབ་པའི་སྐམ་སའི་ཐོག་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་། སྒོ་ཕྱུགས་ཞེས་ཡུལ་པའི་སྒོ་རྩར་བསྟེན་པའམ་མིས་བདག་ཏུ་བྱེད་པའི་ཕྱུགས་རིགས་གཉིས་ཏེ། སྐབས་སུ་བབ་པའི་བརྗོད་དོན་འདིར་རི་སྐྱེས་སྲོག་ཆགས་ཀྱིས་བརྒྱ་ཆ་ 77% དང་། སྒོ་ཕྱུགས་ཀྱིས་བརྒྱ་ཆ་ 23% ཟིན་ཡོད།

རེའུ་མིག་དང་པོ། རི་སྐྱེས་སྲོག་ཆགས་དང་སྒོ་ཕྱུགས་ཀྱི་ཟིན་ཚད།

རིགས་དབྱེ། རྣམ་གྲངས། སྲོག་ཆགས།
རི་སྐྱེས་སྲོག་ཆགས། 63 སྤྲེ། དོམ། འཕྱི་བ། གོང་མོ། དར་མ། སྲེ་མོང་།ནེ་ཙོ། བྱ་རྒོད། བྱ་རྒོད། འབྲོང་། རི་བོང་། སྟག གཟིག ཝ། ཁུག་རྟ། ཉ། བྱང་གཡག དྲེད་མོང་། ཤ གནའ། དགོ་བ། རྐྱང་། ཁྲ སྲམ། གླ་བ། སྤྲེའུ། རྨ་བྱ། བསེ་རུ་དཀར་པོ། སྤྱང་ཀི །རྩངས་པ། གླང་རོག་ལྟེ་དཀར། སེངྒེ་། སོ་བྱ། འུག་པ། ལྕོང་མོ། སྡིག་པ། སྡོམ། རྟ་བླ། བསེ་སྦུར། སྦྲུལ། རྨིགས་པ།  བྱ་མ་བྱི། ཕ་ཝང་། རྟེའུ་ལོ། པུ་ཤུད། བྱ་རོག།།  བྱ།  བསེ་རུ་ནག་པོ། རྒྱ། ཁ་ཤ གནའ་བ།  གཙོད། བྱང་འབྲོང་། གོ་བོ། འཇོལ་མོ། ཅོག་ག།། གྲུམ་པ།

གཡག་རྒོད། ཆུ་བྱ། ངུར་པ། གླག འབྲུག་རུས།   སྦལ་པ།

སྒོ་ཕྱུགས། 19 ལུག །དྲེལ། གཡག །བ་མེན། རྟ། བ་གླང་། ཕག །ར། བྱ་གག །ཁྱི། བོང་བུ། བྱི་ལ། བ་སེར་སྐྱ། ཁྱི་ནག་པོ། མཛོ། ར། རྟ།  གླང་།
མི། 1

 

དེར་སྒལ་ཚིགས་སྲོག་ཆགས་ཁྲོད་ལུས་ཕུང་གི་གྲུབ་ཚུལ་ཞིབ་ཕྲ་ཆེ་ཤོས་དང་། རིམ་པ་མཐོ་ཤོས། གྲུབ་ཚུལ་དང་སྐྱེ་ལུགས་ཀྱི་བྱེད་ལས་རབ་དང་རིམ་པ་ཆགས་ཡོད་པ་མ་ཟད། ལྷག་པར་དུ་ཀླད་པ་རབ་ཏུ་དར་ཡོད་ཅིང་། སྐམ་ཐོག་ཏུ་འཚོ་བ་དང་། ཁུང་དུ་སྡོད་པ། འཕུར་བ། ཆུའི་ནང་དུ་འཚོ་བ་སོགས་ཁོར་ཡུག་སྣ་ཚོགས་ལ་རྒྱ་ཆེན་པོར་འཕྲོད་པ་བཅས་ལ་བརྟེན་རང་བྱུང་ཁམས་བཙན་བཟུང་བྱས་ཡོད་པའི་འོ་འཐུང་སྲོག་ཆགས་ Mammalia རིགས་དང་། ཆུ་སྐྱེས་སྲོག་ཆགས་ནས་བར་བརྒལ་བྱས་ཏེ། སྐམ་སྐྱེས་སྲོག་ཆགས་སུ་གྱུར་ལ་གཉིས་ཀའི་ཁྱད་ཆོས་འཛོམས་པའི་གཉིས་སྡོད་ Amphibia སྲོག་ཆགས། གློ་བས་དབུགས་ལེན་པ་དང་ཁྲག་འདྲེས་མར་འཁོར་རྒྱུག་བྱེད་པའི་དྲོད་འགྱུར་སྲོག་ཆགས་ཏེ། སྐམ་ཆུ་གཉིས་སྐྱེས་སྲོག་ཆགས་ཀྱི་རྨང་གཞིའི་སྟེང་དུ་རང་ཉིད་སྐམ་སའི་ཁོར་ཡུག་ལ་འཕྲོད་པའི་ནུས་པ་འཐུས་སྒོ་ཇེ་ཚང་དུ་སོང་བས། མཐའ་གཅིག་ཏུ་ཆུ་སྐྱེས་ཁོར་ཡུག་ལ་བརྟེན་མི་དགོས་པར་གྱུར་པ་དང་།  རྒྱུ་འགུལ་བྱེད་པའི་ཁྱབ་ཁོངས་དེ་བས་རྒྱ་ཆེ་རུ་ཕྱིན་པ་དང་། འགུལ་སྐྱོད་བྱེད་སྟངས་གཙོ་བོ་ནི་གོག་ནས་བགྲོད་པའི་གོག་འགྲོད་ Reptilia སྲོག་ཆགས། རྒྱབ་ངོས་སུ་སྒལ་ཚིགས་མེད་པའི་སྲོག་ཆགས་ཏེ། སྲོག་ཆགས་ཀྱི་ཆེས་གདོད་མའི་རྣམ་པ་དེ་ཡིན། སྒལ་ཚིགས་མེད་པའི་སྲོག་ཆགས་ཀྱིས་སྲོག་ཆགས་སྤྱིའི་བརྒྱ་ཆ་ 95% ཟིན་ཡོད།   དེ་དག་ལ་སྒལ་ཚིགས་མེད་པའི་ཁྱད་ཆོས་ལས་གཞན་ད་དུང་དབང་ཤེས་མ་ལག་ལྟོ་ངོས་སུ་ཡོད་པ་དང་། སྙིང་རྒྱབ་ན་ཡོད་པ་སོགས་སྒལ་ཚིགས་སྲོག་ཆགས་དང་མི་འདྲ་བའི་ཁྱད་རྟགས་དུ་མ་ལྡན་ལ་སྐྱེ་ལུགས་ཀྱི་བྱེད་ལས་ནི་རྣམ་པ་སྣ་ཚོགས་ཅན་གྱི་སྒལ་ཚིགས་མེད་པའི་ Invertebrate སྲོག་ཆགས། ད་དུང་བྱ་རིགས་དང་ཉ་རིགས་སོགས་ཡོད།

རེའུ་མིག་གཉིས་པ།  སྲོག་ཆགས་ཀྱི་རིགས་དབྱེ་སོ་སོའི་ཟིན་ཚད།

རིགས་དབྱེ། རྣམ་གྲངས། སྲོག་ཆགས།
འོ་འཐུང་སྲོག་ཆགས། 50 སྤྲེ། དོམ། འཕྱི་བ། དར་མ། སྲེ་མོང་། འབྲོང་། རིབོང་། སྟག །གཟིག །ཝ། བྱང་གཡག །དྲེད་མོང་། གནའ། དགོ་བ། རྐྱང་།  སྲམ། གླ་བ། སྤྲེའུ། བསེ་རུ་དཀར་པོ།  སྤྱང་ཀི  །གླང་རོག་ལྟེ་དཀར། སེངྒེ་། བྱ་མ་བྱི། ཕ་ཝང་། རྟེའུ་ལོ། བསེ་རུ་ནག་པོ། རྒྱ། ཁ་ཤ        གནའ་བ།  གཙོད། བྱང་འབྲོང་། གྲུམ་པ། གཡག་རྒོད། ལུག །མི།  དྲེལ།  གཡག  །བ་མེན། རྟ། བ་གླང་། ཕག །ར། ཁྱི།  བོང་བུ། བྱི་ལ། བ་སེར་སྐྱ།  ཁྱི་ནག་པོ།  མཛོ།  ར།  རྟ།  གླང་།

 

བྱ་རིགས། 18 གོང་མོ། ནེ་ཙོ།  བྱ་རྒོད།  ཁུག་རྟ། ཁྲ། རྨ་བྱ།  སོ་བྱ། འུག་པ། པུ་ཤུད།  བྱ་རོག  བྱ། གོ་བོ། འཇོལ་མོ། ཅོག་ག  ཆུ་བྱ།  ངུར་པ།  གླག  །བྱ་གག

 

གོག་བགྲོད་སྲོག་ཆགས། 3 ལྕོང་མོ། སྦལ་པ། རྩངས་པ།

 

གཉིས་སྡོད་སྲོག་ཆགས། 2 ལྕོང་མོ། སྦལ་པ།
ཉ་རིགས། 1 ཉ།
སྒལ་ཚིགས་མེད་པའི་སྲོག་ཆགས། 4 སྡིག་པ། སྡོམ། རྟ་བླ།  བསེ་སྦུར།
མི་གསལ། 1 འབྲུག །

 

རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ། རྩ་ཆེན་དང་སྟོང་ཉེན་ཆེ་བའི་སྲོག་ཆགས་རིགས་མྱུར་སྐྱོབ།  སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་དོ་མཉམ་སྲུང་འཛིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་ཆེད་དུ་རྒྱལ་ཁབ་ཀྱིས་རི་སྐྱེས་སྲོག་ཆགས་ཁག་སྲུང་སྐྱོབ་རིམ་པ་དང་པོ་དང་གཉིས་པ། གསུམ་པ་བཅས་དང་། སྟོང་ཉེན་ཧ་ཅང་ཆེ་བ་དང་སྟོང་ལ་ཉེ་བ། སྟོང་སླ་བ་སོགས་རིགས་དབྱེ་དགར་ཏེ་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་བཞིན་ཡོད།

རེའུ་མིག་གསུམ་པ། དགོས་ངེས་སྲུང་སྐྱོབ་ཀྱི་གདེང་འཇོག །优先保护评价

སྲུང་སྐྱོབ་རིམ་པ། རྣམ་གྲངས། སྲོག་ཆགས།
སྲུང་སྐྱོབ་རིམ་པ་དང་པོ། 17 བྱ་རྒོད། རྨ་བྱ། གོ་བོ། གླག  །དོམ། འབྲོང་། སྟག ། གཟིག །བྱང་གཡག རྐྱ།ང་། གླ་བ། སེངྒེ་། བསེ་རུ་ནག་པོ། རྒྱ། གཙོད། བྱང་འབྲོང་། གཡག་རྒོད།
སྲུང་སྐྱོབ་རིམ་པ་གཉིས་པ། 22 རྩངས་པ། གོང་མོ། བྱ་རྒོད། ཁྲ། སོ་བྱ། འུག་པ།  འཇོལ་མོ། ཅོག་ག །ངུར་པ། སྤྲེ། ཝ། དྲེད་མོང་། ཤ གནའ། དགོ་བ། སྲམ། སྤྲེའུ། བསེ་རུ་དཀར་པོ། སྤྱང་ཀི ཁ་ཤ །གནའ་བ།   གྲུམ་པ།
སྲུང་སྐྱོབ་རིམ་པ་གསུམ་པ། 3 འཕྱི་བ། སྲེ་མོང་།  གཡག།།
རྒྱབ་ཤ་དམར་པོ། 2 ནེ་ཙོ།  པུ་ཤུད།
གཞི་གྲངས་མི་གསལ། 16 ལྕོང་མོ། སྦལ་པ། སྦྲུལ། རྨིགས་པ། ཉ། ཁུག་རྟ།  བྱ། ཆུ་བྱ། རི་བོང་། བྱ་མ་བྱི། ཕ་ཝང་། དྲེལ།   སྡིག་པ། སྡོམ། རྟ་བླ། བསེ་སྦུར།

 

རེའུ་མིག་བཞི་པ། སྟོངས་ཉེའི་གནས་ཚུལ་གྱི་གདེང་འཇོག །濒危状况评价

སྟོངས་ཉེའི་རིམ་པ། རྣམ་གྲངས། སྲོག་ཆགས།
སྟོངས་ཉེན་ཧ་ཅང་ཆེ་བ། CR 1 བསེ་རུ་ནག་པོ།
སྟོངས་ལ་ཉེ་བ། EN 8 སྦྲུལ། རྨ་བྱ། གླག །སྟག །གླ་བ། སེངྒེ་། ཕ་ཝང་།

གཡག།།

སྟོངས་སླ་བ། VU 8 དོམ། འབྲོང་། གཟིག །བྱང་གཡག །རྒྱ། ཁ་ཤ བྱང་འབྲོང་། གཡག་རྒོད།
སྟོངས་ཉེན་ཆེ་བ། NT 7 བྱ་རྒོད། གོ་བོ། དགོ་བ། སྲམ། བསེ་རུ་དཀར་པོ། གཙོད། གྲུམ་པ།
སྟོངས་ཉེན་ཆུང་བ། LC 19 གོང་མོ། ཁྲ། སོ་བྱ། པུ་ཤུད། བྱ་རོག །འཇོལ་མོ། ཅོག་ག །ངུར་པ། འཕྱི་བ། སྲེ་མོང་། རི་བོང་། ཝ། དྲེད་མོང་། ཤ གནའ།  རྐྱང་། སྤྲེའུ། རྟེའུ་ལོ། གནའ་བ།
གཞི་གྲངས་མི་གསལ། 14 ཁུག་རྟ། ཉ། རྩངས་པ། སྤྱང་ཀི །འུག་པ། ལྕོང་མོ། སྡིག་པ། སྡོམ། རྟ་བླ། བསེ་སྦུར། རྨིགས་པ། བྱ་མ་བྱི། ཆུ་བྱ། སྦལ་པ།

དེང་དུས་སྐྱེ་ཁམས་རིག་པའི་ཁྲོད་སྲོག་ཆགས་ལས་བྱུང་བའི་སྨན་སྣ་ཚོགས་ཚད་ཀྱི་ཐོན་ཁུངས་སམ་གནས་བབ་ལ་གཞིགས་ན་སྤྱིར་རི་སྐྱེས་སྲོག་ཆགས་ཀྱིས་ཟིན་ཚད་མཐོ་བ་མ་ཟད། རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་དང་དམིགས་བསལ་གྱིས་སྲུང་སྐྱོབ་བྱེད་དགོས་པའི་ཟིན་ཚད་མཐོ་བ་དང་། མི་རྣམས་ཀྱིས་འདོད་རྔམ་ཆེན་པོས་རང་བྱུང་ཁམས་ལ་གཏོར་སྐྱོན་ཚད་མེད་བཏང་མཐར་ལྕག་ཕར་བྲབས་པའི་ལྕག་སྣེ་ཚུར་ཕོག་བཞིན་པའི་དུས་འདིར་ང་ཚོས་སྐྱེ་ཁམས་དོ་མཉམ་གྱི་གནད་དོན་ལ་བསམ་བློ་གཏོང་དགོས་ལ། དེ་དང་ཆབས་ཅིག་སྨན་སྦྱོར་སྔོག་འདོན་དར་སྤེལ་གྱི་ལས་ལའང་ཅིས་ཀྱང་འབད་དགོས་པའི་གནད་དོན་འདི་ནི་དུས་ཀྱིས་སྤྲད་ཅིང་གཡོལ་ཐབས་མེད་པའི་ལས་གཞི་ཆེན་པོ་ཞིག་གོ།

 གསུམ་པ། ཚབ་སྨན་སྔོག་འདོན་གྱི་དགོས་གལ་རང་བཞིན་སྐོར།

བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ཁྲོད་རྒྱུད་དང་ཉམས་ཡིག་ཁག་ལས་སྨན་སྦྱོར་རྣམས་སྔོག་འདོན་དང་དར་སྤེལ་དུ་གཏོང་རྒྱུ་ནི་མེད་དུ་མི་རུང་བ་ཞིག་གམ། གསོ་བཅོས་ཐབས་ལམ་འཐུས་ཚང་དང་རྒྱ་ཆེར་གཏོང་བའི་ཐབས་ལམ་ཉག་ཅིག་ཡིན་ལ། སྨན་རྒྱུ་མང་དག་ཅིག་རྩ་མེད་དུ་སོང་དང་འགྲོ་བཞིན་ཡོད་པ་ཀུན་གྱིས་མིག་མཐོང་ལག་ཟིན་ཡིན་པ་དང་། ནུས་ལྡན་དཀོན་པ་གང་དེ་བཙལ་བས་མ་རྙེད་པར་འུ་ཐུག་ཅིང་ཐབས་ཟད་པ་ན། སྨན་ཚབ་གཏོང་བའི་སྔར་སྲོལ་གྱི་ཕྱག་ལེན་འདི་ཉམས་ཞིབ་གནང་བར་རིན་ཐང་ཆེན་པོ་ཡོད་པའི་སྐོར་རོབ་ཙམ་གླེང་ན། འགྲོ་བ་མིའི་རིགས་ཀྱི་བྱ་སྤྱོད་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་ཏེ་ཐོན་ཁུངས་ལ་ཚད་བཀག་བཟོས་པ་ནི། ཕྱི་ལོ་༢༠༠༠ ལོར་བོད་ལྗོངས་ལྷ་སར་སྐོང་ཚོགས་བྱས་པའི་རྩ་བརླག་ཏུ་འགྲོ་ཉེན་ཡོད་པའི་བོད་སྨན་སྨན་རྫས་སྲུང་སྐྱོབ་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ཏུ་གསལ་བསྒྲགས་བྱས་པ་ལྟར་ན། སྲོག་ཆགས་ལས་བྱུང་བའི་སྨན་རྫས་རིགས་བརྒྱད་བཅས་ཉེན་ཁའི་རིམ་པ་མི་འདྲ་བ་རིགས་གསུམ་དུ་དབྱེ་ནས་ཁྱོན་བསྡོམས་སྨན་རྫས་རིགས་ ༦༩ རྩ་བརླག་ཏུ་འགྲོ་ཉེན་ཆེ་བའི་རྣམ་གྲངས་སུ་མཛད་ལ། ཡང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་དཀར་པོའི་ཆུན་པོ་ཞེས་པར། སྔོན་ཆད་མདོ་དབུས་མཐོ་སྒང་དུ་སྒལ་ཚིགས་ཅན་གྱི་སྲོག་ཆགས་རིགས་ ༡༠༥༠ ལྷག་ཡོད་པའི་ནང་ད་ལྟ་རིགས་ ༧༠ ལྷག་མ་གཏོགས་ལུས་མེད།[53] ཅེས་གསུངས་པ་སོགས་ལས་ར་སྤྲོད་ཐུབ་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་དང་སྐྱེ་ཁམས་དཔལ་ཡོན་ལ་དོ་སྣང་མི་བྱེད་པའི་རུལ་སུངས་པ་གང་མང་ཅིག་གིས་རང་བྱུང་ཁོར་ཡུག་ལ་གང་འདོད་ལྟར་གཏོར་བརླག་དང་། རི་སྐྱེས་སྲོག་ཆགས་འདོད་མོས་ལྟར་ལྐོག་བསོད་བྱས་པ་སོགས་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་༡༩༧༨ ལོར་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་རི་སྐྱེས་སྨན་གྱི་མིང་ཐོ་ཞེས་པའི་ཁྲོད་དུ་བཀོད་པ་ལྟར་ན།[54] སྨན་དུ་སྤྱོད་པའི་སྲོག་ཆགས་དང་། སྐྱེ་དངོས་ཀྱི་སྨན་རིགས་ ༧༦ ལས་རིམ་པ་དང་པོའི་སྲུང་སྐྱོབ་ཀྱི་ཁོངས་སུ་ཚུད་པ་ལ་སྨན་རིགས་ ༤ དེ་དག་སྲོག་ཆགས་ཀྱི་རིགས་ཡིན་ལ། རིམ་པ་གཉིས་པའི་སྲུང་སྐྱོབ་ཀྱི་ཁོངས་སུ་ཚུད་པ་ལ་རིགས་ ༢༧ དང་། ཐོག་མའི་རིགས་ ༡༤ ཡང་སྲོག་ཆགས་ཡིན། རིམ་པ་གསུམ་པའི་སྲུང་སྐྱོབ་ཀྱི་ཁོངས་སུ་ཚུད་པ་ལ་རིགས་ ༤༥ དེ་དག་སྐྱེ་དངོས་ཀྱི་རིགས་ཡིན་པར་བསྒྲགས་པ་སོགས་ལས་སྨན་རྒྱུ་མི་ཉུང་བ་ཞིག་ལ་ཁྲིམས་ལུགས་ཀྱིས་ཚོད་འཛིན་ཐེབས་ཡོད་པ་དང་། རྒྱུན་སྤྱོད་ཀྱི་སྨན་སྦྱོར་འབྲོང་རྩེ་ཨར་བརྒྱད་དུ་འབྲོང་སྙིང་དང་རི་བོང་གི་སྙིང་། སེམས་བདེར་སྙིང་སྣ་གང་འཛོམས།  བྱེ་རིང་ལུག་ཀླད་རིལ་བུར་ལུག་ཀླད། གར་ནག་བཅུ་པར་དོམ་མཁྲིས། ཐང་ཆེན་ཉེར་ལྔར་ཕག་ཁྲག །རྒྱ་རུ་བཅུ་བཞིར་མ་ཧེའི་རྭ་གཏོང་དགོས་པ་སོགས་མི་འབྱུང་བཞིན་དུ་ཉེ་ལམ་པར་སྐྲུན་བྱས་པའི་སྨན་གཞུང་རེ་ཟུང་དུ་བཀོད་ཡོད་པ་ནི། སྨན་ཚབ་གང་འདོད་དུ་བཏང་སྟེ་རང་གཞན་གཉིས་ཀ་ཕུང་བའི་རྒྱུ་རུ་འགྱུར་ཉེན་ཆེ་བས། སྔར་སྲོལ་གྱི་ཕྱག་ལེན་ཇི་བཞིན་དུ་སྦྱར་ཐབས་དང་སྦྱོར་ཁུངས་དག་རྒྱུད་དང་མན་ངག་བར་མ་ཆད་པར་ལག་ལེན་དུ་གཏོང་རྒྱུ་དང་། སྙིང་སྣ་ཚོགས་ཚད་ནི་རླུང་གི་ནད་ལས་ཆུ་གཟའ་རླུང་གཟའ་དང་འགྲོགས་པའི་སྙིང་རླུང་དང་། སྲོག་རླུང་སོགས་རླུང་གཟེར་ཀུན་དང་། སྨྱོ་བྱེད་དང་བརྗེད་བྱེད། རྒྱལ་གདོན་སྨྱོ་འབོག་སོགས་གདོན་ནད་འགའ། མོ་ནད་སྙིང་ལ་བབས་པའི་སྙིང་ཚབས་སོགས་ལ་ནུས་པ་བླ་ལྷག་ལྡན་པ་སོགས་ 《  དཔལ་ལྡན་རྒྱུད་བཞི་》  ལས། “ གློ་སྙིང་མཆིན་མཆེར་མཁལ་ཤས་རང་ནད་སེལ། །”[55] ཞེས་གསུངས་པ་ལྟར་སྲོག་ཆགས་ཀྱི་དོན་སྣོད་ཀུན་རང་རང་གཞི་མཐུན་གྱི་ནད་ཀུན་ལ་གཙོར་ཕན་པ་དང་། 《  གསོ་རིག་དགོས་པ་ཀུན་འབྱུང་》  ལས། “ཝ་བཅོས་མན་ངག་ཟབ་མོ་ལ། །བྱུར་ཝ་མེ་ཐུར་གཉིས་ཀ་སྦྲགས། །ཐུར་ཤུལ་མེ་ཡིས་མནན་པར་བྱ། །ར་ལུག་རྟ་བོང་བ་གླང་དང་། །བྱ་རྒོད་རྒོད་གཡག་ཨོལ་གོང་དང་། །བསྐོལ་བའི་ཁུ་བས་སྨན་རྣམས་དབུལ། །རྗེས་བཅད་རྨེན་རྫོགས་རྣ་རྩ་གཏར། །ཝ་མགོ་མཐོ་ལ་ཐུར་ལ་བརྡེག །མེ་ཤུལ་རྗེས་ལ་སྤྲ་བས་བསྲུང་། །”[56] ཞེས་གསུངས་པ་ལས་སྲོག་ཆགས་ཀྱི་དོན་སྣོད་གཙོས་ཤ་རུས་ཀླད་ཁྲག་དང་ཨོལ་མདུད་སོགས་ཀྱི་ཕན་ནུས་དང་། ཐོན་ཁུངས་དཀོན་པ་གཏོགས་ཐུབ་ལ། རྗེ་རང་བྱུང་ཞབས་ཀྱིས། འབུ་སྡིག་ཅན་བྱང་པ་བསད་པ་ལས། །བྱིའུ་ཁུག་རྟའི་བྲུན་ཉིད་བཏང་བ་ལེགས། །ཞེས་གསུངས་པ་དང་། ཇི་སྐད་དུ།  རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གསུངས་པ་སོགས་ལས་སྲོག་ཆགས་སྨན་རྫས་ཀྱི་ཐོན་ཁུངས་ལ་ཚད་བཀག་ཐེབས་ཡོད་པ་དང་། སྨན་རྒྱུ་དཀོན་པ་གང་དེར་ཁུངས་བཙན་པའི་སྒོ་ནས་ཚབ་སྨན་འཚོལ་དགོས་པ། སྲོག་ཆགས་སྨན་རྫས་ཀྱི་ནུས་པ་ཁྱད་པར་འཕགས་པ་སོགས་ལ་བལྟོས་ནས་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་གྱི་འདུ་ཤེས་མངོན་པར་མཚོན་ཏེ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དང་། བོད་ཀྱི་གསོ་རིག་དར་སྤེལ་དང་རྒྱུད་འཛིན་བྱ་རྒྱུའི་དགོས་གལ་རང་བཞིན་གསལ་པོར་གཏོགས་ཐུབ་པའོ།།

མཇུག་བསྡུ་བ།

དཔྱད་རྩོམ་འདིར་སྲོག་ཆགས་ལས་བྱུང་བའི་སྨན་སྣ་ཚོགས་ཚད་རིགས་ཀྱི་སྦྱོར་ཐབས་འཚོལ་བསྡུ་བྱས་པ་བརྒྱུད། དེའི་ཐོན་ཁུངས་ཀྱི་སྣ་མང་རང་བཞིན་གྱི་ཆ་འཕྲིན་ཁོང་དུ་ཆུད་པ་དང་། རི་སྐྱེས་སྲོག་ཆགས་ཆེ་གྲས་ལས་སྟོང་ཉེར་ཡོད་པའི་རིམ་པ་དང་། སྔོན་ལ་སྲུང་སྐྱོབ་གདེང་འཇོག་བྱེད་པའི་མ་ལག་ཅིག་བཟོས་ཏེ། སྲོག་ཆགས་སྨན་སྣ་ཚོགས་ཚད་རིགས་ཀྱི་ཐོན་ཁུངས་ཆེ་གྲས་ཀྱི་ད་ཡོད་སྣོད་བཅུད་གནད་དོན་ལ་དངོས་ཡོད་ཚན་རིག་གིས་གདེང་འཇོག་བྱས་ཡོད་པ་དང་། ཕྱིས་སུ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་། ལུགས་མཐུན་ངང་བེད་སྤྱོད་བྱ་རྒྱུར་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་སྨན་སྦྱོར་གྱི་ཐོན་ཁུངས་དཀོན་པར་གཞིགས་ནས་སྔོག་འདོན་མི་བྱེད་པར་བག་འཁུམ་པ་ནི་འཕེལ་རྒྱས་དང་དར་སྤེལ་གྱི་འགག་རྡོ་ཡིན་པས། ཅིས་ཀྱང་རྒྱུད་དང་ཉམས་ཡིག་ཁག་ལ་གཞི་བཅོལ་ཏེ་ཚབ་སྨན་སྔོག་འདོན་བྱ་རྒྱུ་ནི་འགངས་ཆེ་བར་མ་ཟད། མ་འོངས་པར་རིམ་གྱིས་བྲི་འཆར་ཡིན་ལ་ད་ཐེངས་འདི་ཙམ་གྱིས་འཐུས་པར་བྱའོ། །

དཔྱད་གཞིའི་ཡིག་ཆ། 

[1] དོན་སྣོད་ཀྱི་རྣམ་བཤད་དཔྱོད་ལྡན་སྙིང་ནོར། གོ་འཇོ་དབང་འདུས།  ཨ་རུ་ར། 2018-07-03 22:44

[2] དཔལ་ལྡན་རྒྱུད་བཞི། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015  ཤོག་གྲངས་ 428 ན་གསལ།

[3]  དཔལ་ལྡན་རྒྱུད་བཞི། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།  ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015 ལོ། ཤོག་གྲངས་ 377 ན་གསལ།

[4] ཕྱག་རྡོར་གསོ་རིག་ཕྱོགས་བསྒྲིགས། ཕྱག་རྡོར་མགོན་པོ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006 ཤོག་གྲངས་ 153 ན་གསལ།

[5] ཕན་བདེ་ནོར་བུའི་བང་མཛོད། ཀརྨ་ངེས་ལེགས་བསྟན་འཛིན། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004 ཤོག་གྲངས་2 ན་གསལ།

[6] ཕན་བདེ་ནོར་བུའི་བང་མཛོད། ཀརྨ་ངེས་ལེགས་བསྟན་འཛིན། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004 ཤོག་གྲངས་ 591 ན་གསལ།

[7] དེའུ་དམར་གསོ་རིག་གཅེས་བཏུས། དེའུ་དམར་བསྟན་འཛིན་ཕུན་ཚོགས། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2007  ཤོག་གྲངས་ 668 ན་གསལ།

[8] དོན་སྣོད་ཀྱི་རྣམ་བཤད་དཔྱོད་ལྡན་སྙིང་ནོར། གོ་འཇོ་དབང་འདུས།  ཨ་རུ་ར། 2018-07-03 22:44

[9] འབྲོང་སྨན་སྙིང་ཐིག སྟོང་ནག་བསྟན་འཛིན་རབ་རྒྱས། པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་།  2008  ཤོག་གྲངས་ 33 ན་གསལ།

[10] མཁས་དབང་གོ་འཇོ་དབང་འདུས་ཀྱིས་མཛད་པའི་དོན་སྣོད་ཀྱི་རྣམ་བཤད་དཔྱོད་ལྡན་སྙིང་ནོར་གྱི་གློག་རྡུལ་སྤར་མ་ལས་དྲངས།

[11] རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ།  སྡེ་སྲིད་སངས་རྒྱས་རྒྱ་མཚོ། པེ་ཅིང་། མི་དམངས་དཔེ་སྐྲུན་ཁང་། 2015  ཤོག་གྲངས་1645 ན་གསལ།

[12] ཁོང་ནད་གསོ་བ།  སྟོབས་རྒྱས། མི་རིགས་དཔེ་སྐྲུན་ཁང་།  པེ་ཅིན། 2015   ཤོག་གྲངས་ 228 ན་གསལ།

[13] དོན་སྣོད་ཀྱི་རྣམ་བཤད་དཔྱོད་ལྡན་སྙིང་ནོར། གོ་འཇོ་དབང་འདུས། ཨ་རུ་ར། 2018-07-03 22:44

[14] དཔལ་ལྡན་རྒྱུད་བཞི། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015 ཤོག་གྲངས་377 ན་གསལ།

[15] དོན་སྣོད་ཀྱི་རྣམ་བཤད་དཔྱོད་ལྡན་སྙིང་ནོར། གོ་འཇོ་དབང་འདུས། ཨ་རུ་ར། 2018-07-03 22:44

[16] དོན་སྣོད་ཀྱི་རྣམ་བཤད་དཔྱོད་ལྡན་སྙིང་ནོར། གོ་འཇོ་དབང་འདུས། ཨ་རུ་ར། 2018-07-03 22:44

[17]ཕན་བདེའི་བསིལ་ཟེར་སྤྲོ་བའི་ཟླ་གསར། ཀརྨ་ངེས་ལེགས་བསྟན་འཛིན་འཕྲིན་ལས་རབ་རྒྱས། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  1997 ལོ། ཤོག་གྲངས་༤༥ ན་གསལ།

[18]  འབྲོང་སྨན་སྙིང་ཐིག  སྟོང་ནག་བསྟན་འཛིན་རབ་རྒྱས། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2008 ཤོག་གྲངས་137 ན་གསལ།

[19] གསོ་རིག་དགོས་པ་ཀུན་འབྱུང་།  གོང་སྨན་དཀོན་མཆོག་བདེ་ལེགས། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005 ཤོག་གྲངས་628 ན་གསལ།

[20]  རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ།  སྡེ་སྲིད་སངས་རྒྱས་རྒྱ་མཚོ། པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 2015 ལོ། ཤོག་གྲངས་ 1491 ན་གསལ།

[21] རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 2015  ཤོག་གྲངས་ 1649 ན་གསལ།

[22] ཕྱག་རྡོར་གསོ་རིག་ཕྱོགས་བསྒྲིགས། ཕྱག་རྡོར་མགོན་པོ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006 ཤོག་གྲངས་ 131ན་གསལ།

[23] ཕྱག་རྡོར་གསོ་རིག་ཕྱོགས་བསྒྲིགས། ཕྱག་རྡོར་མགོན་པོ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006 ཤོག་གྲངས་21 ན་གསལ།

[24] གསོ་རིག་དགོས་པ་ཀུན་འབྱུང་། གོང་སྨན་དཀོན་མཆོག་བདེ་ལེགས། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005  ཤོག་གྲངས་1312 ན་གསལ།

[25]  སྐྱེམ་པའི་རྒྱུད་བཞིའི་འབྲུ་འགྲེལ། སྐྱེམ་པ་ཚེ་དབང་། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006  ཤོག་གྲངས་ 1065 ན་གསལ།

[26]ཕྱག་རྡོར་གསོ་རིག་ཕྱོགས་བསྒྲིགས། ཕྱག་རྡོར་མགོན་པོ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006 ཤོག་གྲངས་ 210 ན་གསལ།

[27] རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 2015  ཤོག་ངོས། 155

[28] དཔལ་ལྡན་རྒྱུད་བཞི། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015  ཤོག་གྲངས་302 ན་གསལ།

[29] རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ།པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 2015  ཤོག་གྲངས་1380 ན་གསལ།

[30]    རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ།  སྡེ་སྲིད་སངས་རྒྱས་རྒྱ་མཚོ།  པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 2015  ཤོག་གྲངས་869 ན་གསལ།

[31]  རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ།  སྡེ་སྲིད་སངས་རྒྱས་རྒྱ་མཚོ། པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 2015 ཤོག་གྲངས་155 ན་གསལ།

[32] དཔལ་ལྡན་རྒྱུད་བཞི། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015  ཤོག་གྲངས་ 485 ན་གསལ།

[33] གཡུ་ཐོག་དགོངས་རྒྱན། གོ་འཇོ་དབང་འདུས།  པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 1982  ཤོག་གྲངས་ 702 ན་གསལ།

[34] རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 2015 ཤོག་གྲངས་ 917 ན་གསལ།

[35] ཕན་བདེ་ནོར་བུའི་བང་མཛོད། ཀརྨ་ངེས་ལེགས་བསྟན་འཛིན། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004  ཤོག་གྲངས་ 350 ན་གསལ།

[36] གསོ་རིག་དགོས་པ་ཀུན་འབྱུང་། གོང་སྨན་དཀོན་མཆོག་བདེ་ལེགས། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005  ཤོག་གྲངས་ 676 ན་གསལ།

[37] ཕན་བདེ་ནོར་བུའི་བང་མཛོད། ཀརྨ་ངེས་ལེགས་བསྟན་འཛིན། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004 ཤོག་གྲངས་ 350 ན་གསལ།

[38] གསོ་རིག་དགོས་པ་ཀུན་འབྱུང་། གོང་སྨན་དཀོན་མཆོག་བདེ་ལེགས། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005 ཤོག་གྲངས་ 678 ན་གསལ།

[39]  རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 2015ལོ། ཤོག་གྲངས་1284 ན་གསལ།

[40] གཡུ་ཐོག་དགོངས་རྒྱན།  གོ་འཇོ་དབང་འདུས།  པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 1982 ཤོག་གྲངས་ 91 ན་གསལ།

[41] རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 2015 ཤོག་གྲངས་ 917 ན་གསལ།

[42] མན་ངག་བྱེ་བ་རིང་བསྲེལ་པོད་ཆུང་རབ་འབྱམས་གསལ་བའི་སྒྲོན་མེ།  ཟུར་མཁར་མཉམ་ཉིད་རྡོ་རྗེ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005 ཤོག་གྲངས་298 ན་གསལ།

[43] ཀོང་སྤྲུལ་ཟིན་ཏིག། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 2015 ཤོག་གྲངས་ 166 ན་གསལ།

[44] རྒྱུད་བཞིའི་གསལ་བྱེད་བེེ་ཌྰུརྱ་སྔོན་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། པེ་ཅིན། མི་དམངས་དཔེ་སྐྲུན་ཁང་། 2015  ཤོག་གྲངས་1344 ན་གསལ།

[45] དཔལ་ལྡན་རྒྱུད་བཞི། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015  ཤོག་གྲངས་27ན་གསལ།

[46] ཕྱག་རྡོར་གསོ་རིག་ཕྱོགས་བསྒྲིགས། ཕྱག་རྡོར་མགོན་པོ། པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2006 ཤོག་གྲངས་68 ན་གསལ།

[47] དྲང་སྲོང་ཞལ་ལུང་།  ཁྲོ་རུ་ཚེ་རྣམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  སི་ཁྲོན། 2015  ཤོག་གྲངས་ 395 ན་གསལ།

[48] དཔལ་ལྡན་རྒྱུད་བཞི། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015  ཤོག་གྲངས་168 ན་གསལ།

[49]  ཕྱག་རྡོར་གསོ་རིག་ཕྱོགས་བསྒྲིགས།  ཕྱག་རྡོར་མགོན་པོ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006  ཤོག་གྲངས་ 47 ན་གསལ།

[50]  གྲུབ་པ་ལུས།  ཁྲོ་རུ་ཚེ་རྣམ།  མི་རིགས་དཔེ་སྐྲུན་ཁང་།  པེ་ཅིན། 2010  ཤོག་གྲངས་ 116 ན་གསལ།

[51] སྐྱེམ་པའི་རྒྱུད་བཞིའི་འབྲུ་འགྲེལ། སྐྱེམ་པ་ཚེ་དབང་།  པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006  ཤོག་གྲངས་ 1131 ན་གསལ།

[52] ཕྱག་རྡོར་མགོན་པོ། ཕྱག་རྡོར་གསོ་རིག་ཕྱོགས་བསྒྲིགས། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006  ཤོག་གྲངས་ 262 ན་གསལ།

[53] མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་དཀར་པོའི་ཆུན་པོ།  ཤོག་གྲངས་ ༤༧ ན་གསལ།

[54] རྩ་སྟོང་ཉེན་ཆེའི་ཀྲུང་སྨན་གྱི་ཚབ་སྨན་ཞིབ་འཇུག  ཤོག་གྲངས་ ༦༩ ན་གསལ།

[55]   དཔལ་ལྡན་རྒྱུད་བཞི། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།  ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015 ཤོག་གྲངས་ 74 ན་གསལ།

[56] གསོ་རིག་དགོས་པ་ཀུན་འབྱུང་། གོང་སྨན་དཀོན་མཆོག་བདེ་ལེགས། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005 ཤོག་གྲངས་ 676 ན་གསལ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།