ནང་དོན་གནད་བསྡུས། དེབ་དཀར་བརྩམས་པ་ནས། བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་འགྱུར་བ་ཐེབས་ནས་སྔོན་གྱི་ལྷ་སྒྲུང་སོགས་ཟུར་དུ་བཀར་ཐུབ་པ་བྱུང་ཡོད། འོན་ཏེ། བོད་ཀྱི་ལོ་རྒྱུས་རིག་གཞུང་གི་ཆ་ཤས་གལ་ཆེན། ཆོས་འབྱུང་ལོ་རྒྱུས་དང་རྣམ་ཐར་ལོ་རྒྱུས་ནི་དགག་གཞག་གི་སྤྲོས་པ་བྲལ་ཏེ། ད་དུང་ཡང་གནའ་བོའི་ཁང་རྙིང་དུ་ལུས་ཡོད། དེ་ཕྱིར་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་ལ་དཔྱད་ཞིབ་བགྱིས་པའི་ཚན་པ་གསུམ་བསྡུས་ཡོད།
གནད་ཚིག རྣམ་ཐར། ས་སྐྱ། འཁོན་དཀོན་མཆོག་རྒྱལ་པོ། བསོད་ནམས་རྩེ་མོ།
གཅིག འཁོན་དཀོན་མཆོག་རྒྱལ་པོ་སྔགས་གསར་མར་ཞུགས་ནས་དཔལ་ལྡན་ས་སྐྱ་པའི་ལོ་རྒྱུས་ཀྱི་འབབ་རྒྱུན་རིང་མོའི་ཆུ་སྣ་གསར་མར་དྲངས་པའི་དཔྱད་པ།
འཁོན་དཀོན་མཆོག་རྒྱལ་པོ་ཡན་ཆད་ལ་སྔགས་རྙིང་མར་ཞུགས་མཁན་ཡིན་པ་ལ། འཁོན་དཀོན་མཆོག་རྒྱལ་པོ་ནས་ཕ་ཆོས་དོར་ནས་སྔགས་གསར་མར་ཞུགས་པར་བཤད། དེའི་རྒྱུ་མཚན་ལ། ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ལས། འཁོན་དཀོན་མཆོག་རྒྱལ་པོ་ནི་འཁོན་ས་སྐྱ་པ་ཞེས་གྲགས་པའི་ཐོག་མ་རང་ཡིན་ཏེ། ཤིང་པོ་ཁྱི་ལ་སྐུ་འཁྲུངས། གཞོན་ནུ་ནས་ཡབ་དང་གཅེན་ལ་དབང་བཤད་མན་ངག་མང་དུ་གསན། ཡབ་མེས་ཀྱི་ཆོས་ལ་མཁས་པར་སྦྱངས། གསང་སྔགས་གསར་འགྱུར་ལ་ཡང་མོས་པ་ཡོད་པའི་སྐབས་སུ་འབྲོའི་ལུང་སྟོན་ཆེན[1]་ཅིག་བྱུང་སར་བྱོན་པས། ལྟད་མོ་སྣ་ཚོགས་འདུག་པའི་ནང་ནས་སྔགས་པ་མང་པོས་དབང་ཕྱུག་མ་ཉེར་བརྒྱད་ཀྱི་མགོ་བརྙན་གྱོན། ཕྱག་མཚན་སོ་སོར་ཁྱེར། མ་མོ་རལ་བ་ཅན་གྱི་རྔ་སྟབས་དང་བཅས་ནས་འཆམ་གྱིན་འདུག་པས། ལྟད་མོ་ཡང་དེ་ཁ་ཆེ། ཁྲོམ་ཐོག་ཀྱང་དེས་ཆོད་སོང་། དེའི་རྒྱུ་མཚན་རྣམས་གཅེན་ལ་ཞུས་པས། ད་གསང་སྔགས་འཆོལ་བར་སྤྱོད་པ་ཞེས་བྱ་བའི་དུས་བྱུང་བས། ད་ཕྱིན་ཆད་རྙིང་མ་ལ་གྲུབ་ཐོབ་མཚན་ཉིད་པ་དཀོན་པ་ཡིན་པས་རང་ལ་དབང་ཆེ་བ་རྣམས་རང་ཉིད་དབང་ཆེ་བ་ཡིན་པས་ང་རང་གི་དཔེ་ཆ་རྟེན་གསུམ་རྣམས་གཏེར་དུ་སྦེད་གསུངས་ནས་སྦས་པས། ཡང་ཕུར་གཉིས་ཆོས་སྐྱོང་གཉན་ནས་སྦེད་མ་ཐུབ་པས། ཕྱིས་ཀྱི་གདུང་རྒྱུད་རྣམས་ཀྱིས་འདི་གཉིས་ལ་ཐུགས་དམ་མཛད། ཆོས་སྐྱོང་དཀར་མོ་ཉི་ཟླ་ལྕམ་སྲིང་ལ་དུས་གཏོར་མ་ཆག་པ་འདི་བྱུང་བ་ཡིན་ནོ། ། དེ་ནས་གཅེན་གྱི་ཞལ་ནས། ང་ནི་རྒས་འདུག། ཁྱོད་གཞོན་པ་ཡིན་པས་གསང་སྔགས་གསར་འགྱུར་སློབ། [2]ཅེས་འཁོད་དོ། ། གདུང་རབས་རྣམས་ཕལ་ཆེར་ཞལ་མཐུན་པར་འདི་སྐད་དུ་ཟེར་ཞིང་། ལ་ལ་དེ་ལས་ཀྱང་ཐལ་ཏེ། ད་ཕྱིན་ཆད་རྙིང་མ་ལ་གྲུབ་ཐོབ་མཚན་ཉིད་པ་མི་འབྱུང་སོགས་ཀྱི་ཞལ་ཚོན་བཅད་ནས་གསུངས་པར་བཀོད་འདུག་མོད། འདི་ཉིད་ལེགས་པར་བཀག་པས་གཞན་དག་བྱེ་མའི་ཁང་བུ་བཞིན་རྡིབ་པར་འགྱུར་བས་རེ་རེ་བཞིན་འགོག་པའི་ངལ་བ་མི་དགོས་པར་འདུག་པས་བཞག་ཀྱང་། ནོར་བ་དང་བླུན་གཏམ་ནི་འདི་ལས་ཀྱང་ཚབས་ཆེ་བ་དག་མངོན་ནོ། །
དེ་ལ་ཕ་རོལ་པོའི་སྒྲུབ་བྱེད་བཀག་པ་དང་། རང་གི་སྒྲུབ་བྱེད་འགོད་པའོ། ། དང་པོ་གཞན་གྱི་འདོད་པ་རྣམ་པར་བསིལ་ན། དབང་ཕྱུག་མ་ཉེར་བརྒྱད་ཀྱི་མགོ་བརྙན་ཕྱག་མཚན་དང་བཅས་པས་ཁྲོམ་འཆམ་བྱས་པ་དང་། དེས་གསང་སྔགས་འཆོལ་བའི་དུས་བྱུང་བ་ཤེས་པ་དང་། དེ་བས། ཕྱིན་ཆད་རྙིང་མ་པ་ལ་གྲུབ་ཐོབ་མཚན་ཉིད་པ་མི་འབྱུང་བའམ་དཀོན་པ་ཡིན་པ་དང་། དེ་བས་གསང་སྔགས་གསར་བ་འཚོལ་དུ་རྒྱུག་དགོས་པ་འདི་རེད། རྙིང་མར་གྲུབ་ཐོབ་མི་འབྱུང་བའི་རྒྱུ་མཚན་གསང་སྔགས་འཆོལ་བར་སྤྱོད་པའི་དུས་བྱུང་བས་ཡིན་ན། གསར་མ་བཙལ་བས་ཀྱང་ཅི་བྱ་སྟེ། གསང་སྔགས་འཆོལ་བར་སྤྱོད་པའི་དུས་བྱུང་ཟིན་པས་གསང་སྔགས་གསར་མར་ཡང་གྲུབ་ཐོབ་ག་ལ་འབྱུང་། གསང་སྔགས་འཆོལ་བར་སྤྱོད་པའི་དུས་བྱུང་བ་དེ་གསང་སྔགས་རྙིང་མ་འཆོལ་བར་སྤྱོད་པའི་དུས་བྱུང་བ་ཡིན་ནོ་ཞེ་ན། དབང་ཕྱུག་མ་ཉེར་བརྒྱད་སོགས་སྐབས་དེའི་སྔགས་པ་དག་གིས་འཆོལ་བར་སྤྱོད་པའི་རྙིང་མའི་གསང་སྔགས་དེ་ཙམ་འཆོལ་བ་ཡིན་གྱི་ཐམས་ཅད་མ་ཡིན། ཡིན་ན་ནི་ཡང་ཕུར་གཉིས་ལ་ཕྱིས་ཀྱི་གདུང་རྒྱུད་རྣམས་ཀྱིས་ཀྱང་ཐུགས་དམ་བྱས་པ་ཡིན་ཞེས་ཁྱེད་ཅག་གིས་ཞལ་མཐུན་པར་གསུངས་པ་མིན་ནམ། འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱི་ལུང་བསྟན་དེ་ཡང་ཐོག་ཏུ་མ་ཁེལ་ཏེ། རྙིང་མ་པར་ཕྱིས་ཀྱི་གྲུབ་ཐོབ་ཀླུང་ཆེན་རབ་འབྱམས་སོགས་བྱུང་ལ། དེ་དག་ལས་ལྷག་པ་ཞིག་གསར་པ་ལ་ཡང་མ་བྱུང་བར་འདུག། གྲུབ་ཐོབ་དཀོན་ཞེས་འདིར་འཁོད་པ་མིན་ནམ་སྙམ་ན། གྲུབ་ཐོབ་དཀོན་པ་ནི་གསར་རྙིང་ཀུན་ལ་ཡིན་གྱི་གྲུབ་ཐོབ་ལུག་ཁྱུ་བཞིན་འབྱུང་བ་ཞིག་སུ་ལ་ཡང་མི་འདུག་པས། ཁོང་གི་ཐུགས་འཚེར་དེ་དོན་མེད་པ་ཞིག་གོ། མདོར་ན་སྒྲུང་གཏམ་འདི་ཉིད་ཤིན་ཏུ་དཔྱད་མི་བཟོད་ཅིང་། ལྷག་པར་ཚད་མའི་རིགས་པས། དབང་ཕྱུག་མ་ཉེར་བརྒྱད་ཀྱི་དབུ་བརྙན་གྱོན་ནས་འཆམ་པས་གསང་སྔགས་ཐ་དག་འཆོལ་ལམ། གང་འཆམ་པ་དེ་འཆོལ་ཞེས་དྲིས་ནས་བཀག་ན་མི་སྨྲ་བའི་བརྟུལ་ཞུགས་ཀྱིས་བཞུགས་དགོས་པར་འགྱུར་བས་གུས་པ་བསྐྱེད་པའི་ཆེད་བག་ལྷོད་པོས་བཀག་པ་ཡིན་ནོ། ། དེ་བས་ཆོས་བརྒྱུད་འདི་ལ་གྲུབ་ཐོབ་མི་འབྱུང་། ངེད་ཁོ་ནར་འཚང་རྒྱ་བའི་ལམ་ཡོད། སངས་རྒྱས་ཀྱི་དགོངས་པ་ལོན་པའི་གྲུབ་མཐའ་ངེད་ཁོ་ནར་ཡོད་ཅེས། རང་སྣང་གང་སྐྱིད་ཀྱིས། རིགས་མཐུན་སྐྱེ་བོའི་ཚོགས་ལ་འུར་མི་སློང་བར་ཞུ།
གཉིས་པ་ནི། འཁོན་དཀོན་མཆོག་རྒྱལ་པོ་འདི་ཉིད་ཀྱི་ཕ་ཆོས་རྙིང་མ་ཡིན་པ་ལ། ཅིའི་ཕྱིར་གསར་རྒྱུད་དུ་ཞུགས་སམ་སྙམ་པ་འདི་ནི་ངེས་པར་དཔྱད་དགོས་ཤིང་། དཔྱད་བཟོད་པའི་དོགས་གནས་གལ་པོ་ཆེ་ཞིག་ཡིན་ཏེ། ཕ་ཆོས་ལ་གཙིགས་ཅི་བས་ཆེ་བ་ནི་བོད་ཀྱི་ཆེ་བ་རྒྱལ་བློན་ནས་ཆུང་བ་ཁྱིམ་ཚང་ཕལ་བའི་བར་དུ་མཐོང་ནུས་པ་ཞིག་ཡིན[3]། ས་ཆེན་ཀུན་དགའ་སྙིང་པོའི་རྣམ་ཐར་གྱི་སྐབས་ལས་ཀྱང་ཕ་ཆོས་ལ་གཙིགས་བྱས་ཚུལ་མངོན་ཏེ། བགྲེས་པོ་རྣམས་བགྲོས་ཏེ། ད་ཕ་ཆོས་ཤིག་རྩར་གཅོད་པར་འཐད་པར་འདུག་པ་ལས། པུ་ཧྲང་བ་གསལ་སྙིང་མཁས་ཏེ་དེ་ནི་གཤེགས། དེའི་སློབ་མ་འཁོན་སྒྱི་ཆུ་བ་དགྲ་ལྷ་འབར་མཁས་ཀྱང་ཟེར། གདུང་རུས་ཀྱང་གཅིག་པས་ཁོང་ཅན་དུ་བྱོན་པ་དྲག་ཟེར[4]ཞེས་འཁོད་དོ། །ཡབ་མེས་ཀྱི་རིག་གཞུང་དང་སྲོལ་རྒྱུན་གྱི་མཐའ་སྐྱོང་ཞིང་། རྒྱུན་འཛིན་པ་ནི་མི་རེ་རེའི་གཡོལ་མེད་ཀྱི་འགན་འཁྲི་ཡིན་ཞིང་། ཡབ་མེས་ཀྱི་རིག་གཞུང་སོགས་འདོར་བ་ནི། ཡབ་མེས་དག་ལ་ཁྲེལ་མེད་བྱས་པ་ཡིན་པས། དེ་དག་ལ་མཚོན་ན་བུ་ཚ་ཕྱི་རབས་པ་བསྐྱེད་པའི་དོན་མེད་ཅིང་། རང་ངོས་ནས། ཡབ་མེས་ཤེས་རིག་གི་རྒྱུན་བཟང་མེད་ན་ནལ་བུ་འཁྱམ་པོ་བཞིན། ལག་སྟོང་མཆན་དུ་བཙུགས་པ་ཡིན་ནོ། ། སྔོན་གྱི་དམ་པ་རྣམས་རང་དགར་ཡབ་མེས་ཀྱི་ལུགས་མི་འདོར་བས། འཁོན་དཀོན་མཆོག་རྒྱལ་པོ་གསང་སྔགས་གསར་མར་ཞུགས་པ་དེ་སྔགས་པ་འགའ་ཞིག་གིས་ཀུན་སྤྱོད་ལ་སྐྱོན་ཤོར་བ་ཙམ་ཞིག་གཞར་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལོ་རྒྱུས་ཀྱི་འཁོར་ཕྱོགས་ངེས་ཅན་ཞིག་གི་དབང་གིས་གསར་མར་ཞུགས་པར་རྟོགས་ཏེ། ལྷ་བླ་མ་ཁུ་དབོན་དང་རིན་ཆེན་བཟང་པོ་སོགས་ཀྱིས་རིམ་པར་སྔགས་རྙིང་མར་སྐྱོན་ཞུགས་པར་ཞལ་གྱིས་བཞེས་ཤིང་། དེ་དག་མཁས་པའི་གྲགས་པ་དང་བཙན་པོའི་གདུང་རབས་འཁྲུལ་མེད་ཡིན་པའི་ཤུགས་རྐྱེན་ཆེ་བ་དང་། འབྲོག་མི་དང་མལ་པ་སོགས་གསར་རྒྱུད་པ་དག་ཤིན་ཏུ་མཁས་པས་གསར་རྒྱུད་ཀྱི་གྲུབ་མཐའ་སྒྲོས་གཙང་བར་བྱུང་བ་གཉིས་ཀྱིས་རྙིང་མར་སྤྲོ་བ་ལྷོད་དེ། གསར་མར་ཐུགས་སྤྲོ་ཆེ་བ་བྱུང་བ་ཡིན་ནོ། ། གནད་འགག་དེས། འདོར་དཀའ་བ་ཡབ་མེས་ཀྱི་གཞུང་དོར་ནས་སྔགས་གསར་མར་ཞུགས་པ་ནི། འཁོན་དཀོན་མཆོག་རྒྱལ་པོ་ཙམ་མིན་ཏེ། ཤང་པ་བཀའ་བརྒྱད་ཀྱི་ཆུ་མགོ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་(1038-1127)ཡང་། ཡབ་མེས་ཀྱི་ཆོས་བཞག་ནས་གསར་མར་ཞུགས་པ་ཡིན་ཏེ། ཁོང་གིས་དངོས་སློབ་བཞི་ལ་གསུངས་པའི་རྣམ་ཐར་རྣམས་ཡི་གེར་ཕབས་པའི། མཁས་གྲུབ་ཁྱུང་པོ་རྣམ་འབྱོར་གྱི་རྣམ་ཐར་ལས། དང་པོ་ཕ་མེས་ཐམས་ཅད་བོན་པོའི་དགེ་བཤེས་ཡིན་པས། དེའི་ཞེན་པ་དང་བག་ཆགས་ཀྱིས་ལོ་ངོ་བཅུ་གསུམ་ལ་སློབ་དཔོན་གཡུང་རྒྱལ་ལ་བོན་ཕྱི་ནང་ཐམས་ཅད་བསླབས་པས་མཁས་པར་ཤེས[5]། ཞེས་འབྱུང་ཞིང་། གཞན་ཡང་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པར་བསྔགས་པའི་བུ་སྟོན་རིན་ཆེན་གྲུབ(1290-1364)ཀྱང་ཡབ་མེས་ཀྱི་ཆོས་རྙིང་མ་ཡིན་པས། ཕྱིས་མཁས་པ་ཆེན་པོར་གྱུར་ནས། ཆོས་འབྱུང་ཆེན་མོ་བརྩམས་པ་དང་། སྔགས་ལོག་སུན་འབྱིན་མཛད་དུས་ཀྱང་། རྙིང་མ་བཏང་སྙོམས་སུ་བཞག་པ་ཡིན་མོད། དཔལ་ལྡན་ས་སྐྱ་པའི་མཁས་པ་དེ་དག་བཞིན། བསླད་ཞུགས་པའི་ཐུགས་འཕྲིག་ཟོས་ཤིང་། ཕྱིས་གསར་མར་ཞུགས་པ་ཡིན་ཏེ། ཁོང་གི་དངོས་སློབ་གདན་ས་བ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་རྣམ་ཐར་ལས། ཉིད་ཀྱི་མེས་པོ་བླ་ཆེན་ཚུལ་ཁྲིམས་དཔལ་བཟང་པོ་དེ་ཉིད་ལ། གསང་བ་སྙིང་པོ་དང་དགོངས་འདུས་ལ་སོགས་པའི་རྒྱུད། སྤར་ཁབ་ལ་སོགས་པའི་འགྲེལ་པ། མདོར་ན་གསང་སྔགས་རྙིང་མའི་རྒྱུད་འགྲེལ་བ་འགྲེལ་བཤད་གནུབས་པ་ནས་བརྒྱུད་པ་མ་ལུས་པ་གསན། རྫོགས་པ་ཆེན་པོ་ཀུན་བྱེད་སྔ་འགྱུར་ལྔ། ཕྱིས་འགྱུར་བཅུ་གསུམ། སེམས་སྡེ་མ་བུ་བཅོ་བརྒྱད། ཀློང་སྡེ་སྐོར་ལ་སོགས་པ་གསན[6]། ཞེས་འབྱུང་བ་ལྟར་རོ། ། གཞན་ཡང་ཆོས་བརྒྱུད་གང་སྟོབས་ཆེ་ན་དེ་ལ་ཞུགས་མཁན་མང་བ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཆོས་ཉིད་ཅིག་ཡིན་ཏེ། འཕགས་པའི་སྐབས་དགོན་པ་མང་པོ་ས་སྐྱ་པར་གྱུར་ལ། ལྔ་བའི་སྐབས་དགོན་པ་མང་པོ་དགེ་ལྡན་པར་གྱུར་པ་བཞིན་ནོ། །
འཁོན་དཀོན་མཆོག་རྒྱལ་པོ་གསར་མར་གྱུར་ཚུལ་ནི། དཔལ་སྐྱ་པ་ཆེན་པོའི་རྣམ་ཐར་ལས། དེའི་གཅུང་དགེ་བའི་བཤེས་གཉེན་དཀོན་མཆོག་རྒྱལ་པོ་ཞེས་བྱ་བ་ནི། ཡབ་མེས་ཀྱི་ཆོས་ལ་མན་ངག་དང་སྒྲུབ་པ་ཕྲ་མོ་ཙམ་གྱི་ཚིམ་པར་བྱས་ནས་གསང་སྔགས་ཕྱི་འགྱུར་ལ་ཐུགས་སྤྲོ་བར་གྱུར་ཏེ། གཅེན་པོས་ཀྱང་བསྐུལ་ནས། རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་འབྲོག་མི་ཤཱཀྱ་ཡེ་ཤེས་ཞེས་བྱ་བའི་སྤྱན་སྔར་བྱོན[7]། ཞེས་འབྱུང་ལ། གསང་སྔགས་ཕྱི་འགྱུར་ལ་ཞུགས་པའི་རྒྱུའི་གཙོ་བོ་རང་གི་ཐུགས་སྤྲོ་བ་དང་། གཅུང་གིས་བསྐུལ་བ་ནི་རྒྱུ་ཕལ་བར་བསྟན་པས། གཙོ་ཕལ་ལྡོག་སྟེ་སྨྲ་བ་དག་གི་ལབ་རྡོལ་མི་བདེན་པར་རྟོགས་དགོས་ཤིང་། ཡབ་མེས་ཀྱི་ཆོས་ལ་འཁས་པར་སྦྱང་ཞེས་པ་དག་ཀྱང་རྗེ་བཙུན་གྱི་ཕྲ་མོ་ཞེས་པས་སེལ་མོད། ཚངས་པ་ནི་ཆེན་པོའོ་ཞེས་ནམ་རྒྱུན་སྒྲོག་པ་དག་ལ་ས་མཚམས་མེད་པར། རྣམ་ཐར་ཐམས་ཅད་ཀུན་ལ་ཚང་བར་སྦྱོར་བ་ཡིན་པས་བསམ་ཡས་ཀློང་དུ་ངལ་གསོས་ནས་བཞུགས་སུ་ཆུག། གཞན་ཡང་སྐབས་དེར། འགོས་ཁུག་པ་ལྷས་བཙས་ཞེས་བྱ་བའི་སྒྱུར་བྱེད་དམ་པ་དེ་བྱུང་། གསང་སྔགས་རྙིང་མར་དགག་པའི་བསྟན་བཅོས་མཛད་ནས་གསང་སྔགས་གསར་མའི་བཤད་པ་མང་དུ་མཛད་པ་ནི་འཁོན་དཀོན་མཆོག་རྒྱལ་པོ་གསར་མར་གྱུར་ཏེ། རྒྱུན་གནས་པའི་རྐྱེན་གཙོ་བོ་ཡིན་པར་སེམས་ཏེ། འགོས་ལྷས་བཙས་འདིས་རྙིང་མར་དགག་པ་མཛད་པས། སོག་ཟློག་པ་སོགས་ཀྱིས་མི་གཞི་ཚུན་ཆད་ལ་ཡིད་རྟོན་མེད་པར་གསུངས་མོད། ས་སྐྱ་པ་དག་ནི་སྐྱེས་བུ་ཆེན་པོར་བཞེད་དེ། ། བསོད་ནམས་རྩེ་མོའི་ཆོས་འཇུག་ལས། ཆོས་སྐྱོང་བའི་རྒྱལ་པོའི་བཀས་བསྐུལ་བ་མ་ཡིན་པར། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་རྒྱ་གར་གྱི་མཁན་པོ་སྨྲི་ཏི་ཛྙ་ན་ལ་སོགས་པ་དང་། སྒྱུར་བྱེད་དམ་པ་ཏིང་ངེ་འཛིན་བཟང་པོ་དང་། ཤཱཀྱ་ཡེ་ཤེས་དང་། ལྷས་བཙས་ལ་སོགས་པ་དུ་མ་བྱུང་སྟེ། བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །[8]ཞེས་སོ། ། སྐབས་དེར་གསང་སྔགས་གསར་མ་དར་ཁྱབ་ཆེ་བ་ནི། དེབ་སྔོན་དུ། རྗེ་འབྲོག་མིའི་ཆོས་རྣམས་ལ་ཡོ་བྱད་ཤིན་ཏུ་ཆེ་བར་དགོས་པར་འདུག་པས།[9]ཞེས་པས་ཀྱང་ཤེས་ཏེ། མི་བྲིན་ན་ཡོ་བྱད་ཤིན་ཏུ་ཆེ་ནས་སུ་ཞིག་གིས་ཞུ།
དེ་ལྟར་འཁོན་དཀོན་མཆོག་རྒྱལ་པོ་གསར་མར་ཐུགས་སྤྲོ་འཕེལ་བ་ནི་ཁོང་གི་ལོ་རྒྱུས་ཁུངས་མ་ལས་གསང་སྔགས་ཕྱི་འགྱུར་ལ་ཐུགས་སྤྲོ་བར་གྱུར་ཏེ། ཞེས་འབྱུང་བ་དང་། སྐབས་དེའི་ལོ་རྒྱུས་ཀྱི་གནས་བབ་ལས་ཀྱང་ཆེས་ཤིན་ཏུ་གསལ་པོ་ཤེས་པ་དང་། རྙིང་མ་ལ་བསླད་འདྲེས་པར་དགོངས་པ་ནི། ས་ཆེན་གྱི་ཡུམ་གྱིས། ཉིད་ཀྱི་ཡབ་ཀྱང་ལོ་ཙཱ་བ་ཤིན་ཏུ་འབྲེལ་ཆེ་ཞིང་ཆོས་འདི་འབྲེལ་ཆུང་ཟེར་ནས་མཉེས་ཏེ། ཡབ་ཀྱི་སློབ་དཔོན་ཡང་ལོ་ཙཱ་བ་ཡིན་པས་ཉིད་ཀྱང་ལོ་ཙཱ་བ་ཞིག་ལ་ཆོས་སློབ་དགོས། [10]ཞེས་པས་ཤེས་ཏེ། ཆོས་འདི་རྫུན་ཆུང་ཞེས་པས་ཆོས་གཞན་ཞིག་རྫུན་ཆེ་བའི་ཐུགས་འཕྲིག་ཚུད་པར་ཤེས་པས་སོ། །འདིས་ཀྱང་སྐབས་དེར་རྒྱ་གར་ལ་གཏུགས་པའི་ཆོས་ཉིད་གཙིགས་ཆེ་བ་ཤེས་ཏེ། ལོ་ཙཱ་བ་ཞིག་ལ་སློབ་དགོས་པར་དགོངས་པས་སོ། །སྐབས་དེས་སྔགས་ལོག་སུན་འབྱིན་དུ་གྲགས་པ་དག་གི་ཆོས་ལོག་དང་མ་ལོག་གི་རྒྱུ་མཚན་གཙོ་བོ་ཡང་རྒྱ་གར་ན་ཡོད་མེད་ལ་གཏུག་པར་བྱེད་པ་ཡིན་ནོ། །
གཉིས། ན་བཟའ་སྦུ་གུ་ཅན་གྱི་རིགས་ལམ་པ་བསོད་ནམས་རྩེ་མོའི་མཁས་ཁྱད་ལ་དཔྱད་པ།
༡ གངྒ་ཚུན་དུ་མཁས་པར་གྲགས་མིན་ལ་དཔྱད་པ།
བོད་པ་རྣམས་ལ་རང་གི་བླ་མ་ཁོ་ན་མཆོག་ཏུ་མཐོང་བའི་མིག་གསུམ་པ་ཞིག་ཡོད། དེ་ཕྱིར་རང་གི་བླ་མའི་བྱིས་པའི་དུས་ཀྱི་ཡོན་ཏན་དག་གཞན་གྱི་བླ་མའི་སྐུ་ཚེ་གང་ལ་འབད་ཀྱང་ལོན་མེད་པར་འདོད། དེ་བཞིན་ས་སྐྱ་པ་དག་བསོད་ནམས་རྩེ་མོ་ནི་ཆུ་བོ་གངྒ་ཚུན་ན་ཐོས་རྒྱ་ཆེ་ཞེས་དང་། གངྒ་ཚུན་ན་སྔགས་པ་ལ་ཐོས་རྒྱ་ཆེ་ཞེས་དང་། ན་བཟའ་སྦུ་གུ་ཅན་གྱོན་པ་ལ་གངྒ་ཚུན་ལ་མཁས་ཞེས་གླེང་། དེ་དག་ནི་རྣམ་ཐར་ལ་སྒྲོ་བཏགས་པ་ཡིན་པས། སྙིང་པོ་མེད་པའི་གཏམ་དུ་ཤེས་པར་བྱ་སྟེ། ལོ་ཆེན་རིན་ཆེན་བཟང་པོ་དང་། མལ་པ་ལོ་ཙཱ། རྗེ་ཕག་མོ་གྲུ་བ། རོང་ཟོམ་ཆེན་པོ་སོགས་ལས་ཀྱང་ཐོས་རྒྱ་ཆེ་ཞེས་སྨྲས་ཀྱང་། སྨྲ་བ་པོ་རང་ཉིད་དགའ་བར་བྱེད་པ་ཙམ་ལས་སུ་ཞིག་གིས་རྣ་བ་གཡོར། ལྷག་པར་དུ་ཕག་མོ་གྲུ་བས། དབུས་གཙང་ཁམས་གསུམ་གྱི་བླ་མ་ཆོས་མཁས། གདམ་ངག་ཆེ་ཟེར་ཚད་ལ་གཏུགས་ནས་སྒྲ་ཚད་བཟོ་གསོ་སྡེ་སྣོད་རྒྱུད་སྡེ་སྨིན་གྲོལ་གྱི་མན་ངག་དང་བཅས་པ་བོད་ཡུལ་གངས་ཅན་གྱི་ཁྲོད་འདིར་གྲགས་ཤིང་གྲུབ་པ་ལ། འདི་མ་གསན་བྱ་བ་དང་། འདི་མི་མཁྱེན་བྱ་བ་མེད་པ་ལྟ་བུ་ཐོས་བསམ་སྒོམ་པ་སུམ་སྤུགས་སུ་མཛད[11]། ཅེས་གསལ་བས། བསོད་ནམས་རྩེ་མོས་ཀྱང་དེ་ལས་ཅི་ཞིག་མཁྱེན། ལར་མཁས་པ་རྣམས་ཀྱི་ཡོན་ཏན་ལ་ལོ་རྩི་བ་ལྟར་གྱི་རྩིས་རྒྱག་པ་ནི་བླུན་པོ་དགའ་བའི་གཏམ་ཙམ་དུ་ཟད། གཞན་དུ་དམ་པ་དེ་དག་གི་ཐུགས་རྒྱུད་ཀྱི་ཡོན་ཏན་ཐ་དག་སུ་ཞིག་གིས་བརྩི་བར་ནུས། འདི་ལ་འཁྲུལ་ངོ་སྤྲོད་པ་དང་། རྣལ་མའི་དོན་བཤད་པ་གཉིས་ལས། དང་པོ། སེང་གེ་རྒྱལ་མཚན་གྱིས་མཛད་པའི་སློབ་དཔོན་བསོད་ནམས་རྩེ་མོའི་རྣམ་ཐར་ལས། འདོད་ལྷས་ཞལ་བསྟན་རྒྱུད་སྡེ་རྒྱ་མཚོ་ཡི། །དྲང་ངེས་དོན་ལ་བློ་རྒྱས་བཅུ་བདུན་ཚེ། །གངྒ་ཚུན་ལ་ཡོངས་སུ་གྲགས་ལ་འདུད། ། [12]ཅེས་འབྱུང་ལ། དེའི་དོན་ནི་དགུང་ལོ་བཅུ་བདུན་སྟེང་། རྒྱུད་སྡེ་བཅུ་བཞི་ཐུགས་ལས་གསུངས་པས། འདི་ཉིད་མཁས་ཞེས་གངྒ་ཚུན་ཆད་དུ་གྲགས་པར་བསྟན་གྱི། གངྒ་ཚུན་ཆད་ན་ཐོས་རྒྱ་འདི་ཆེ་བར་བསྟན་པ་མ་ཡིན། བོད་ན་མཁས་པར་གྲགས་ཚད་བོད་ཀྱི་མཁས་པ་ཀུན་ལས་མཁས་མི་དགོས་པ་བཞིན་ནོ། །
འདིས་ནི་གངྒ་ཚུན་ལ་མཁས་པར་གྲགས་པ་བསྟན་གྱི། མཁས་པ་གཞན་ལས་མཁས་པར་མ་བསྟན་པར་མ་ཟད། མཉམ་པ་ཡང་མ་བསྟན། གལ་ཏེ་བསྟན་ན་ཁོང་གིས། ང་དབུས་གཙང་དུ་ཕྱིན་ལ་ཕར་ཕྱིན་དང་ཚད་མ་ལ་སོགས་ཉན་ལ་འོང་གི། ཁྱོད་ས་སྐྱར་སྡོད་ལ་བཤད་པ་གྱིས། ཞེས་གསུངས་ཅི་དགོས་ཏེ། ཁོང་ཉིད་ཀུན་ལས་མཁས་པས་སོ། ། འགའ་ཞིག་གིས་ཞིབ་ཆ་བཏོད་ཁུལ་གྱིས་སྔགས་པ་ཞིག་ལ་ཁོང་མཁས་ཟེར་བ་ཡང་། ཨ་ཁུ་ཁྲོ་ཐུང་གི་དཔའ་འདོད་བཞིན་དུ་དོན་ཐོག་ཏུ་མ་ཁེལ་ལོ། ། རྣལ་མའི་དོན་ནི། ཁོང་ཉིད་སྔ་ཕྱིར་ལོ་བཅུ་བཅིག[13]་རིང་རིགས་པའི་སེང་ཆེན་ཕྱ་བའི་མདུན་དུ་བཅར་ནས་མཚན་ཉིད་དང་རིགས་ལམ་ཤིན་ཏུ་བྱང་བར་གྱུར་ཏེ། བོད་འདི་ན་ན་བཟའ་སྦུ་གུ་ཅན་གྱོན་པ་ལ་ཁོང་བཞིན་རིགས་ལམ་དང་མཚན་ཉིད་ལ་བྱང་བ་མ་བྱུང་བ་ནི་ཤིན་ཏུ་བདེན་ནོ། །དེ་ཡང་ངོ་མཚར་བང་མཛོད་ལས། ཁྱད་པར་དུ་ཚད་མ་རྣམ་ངེས་ཆོས་མཆོག་དང་བཅས་པ་ལ་ཤིན་ཏུ་མཁས་ཤིང་། དེའི་དུས་སུ་ན་བཟའ་སྦུ་གུ་ཅན་བཞེས་པ་ལ་ལུང་རིགས་འདི་བས་མཁས་ཤིང་རྩོད་པ་བཟང་བ་མེད་པར་གྲགས་སོ། ། ཞེས་གསུངས་པ་ནི་སྒྲོ་སྐུར་བྲལ་པའི་རྣམ་ཐར་དངོས་ཡིན་པས། མཁས་པ་རྣམས་དགའ་བའི་གཏམ་ཡིན་ལ། འདི་ལས། བོད་ཀྱི་ཆོས་གྲྭ་ཆེན་པོ་གསང་ཕུ་ནི་རབ་ཏུ་བྱུང་བ་དང་མ་བྱུང་བ་ཀུན་གྱི་རིགས་པའི་བསྟི་གནས་ཆེན་པོར་ཤེས་ལ། ཕྱ་བའི་སློབ་ཆེན་ཇོ་སྲས་བཞི་ཆར་ཡང་རབ་ཏུ་མ་བྱུང་བར་སྙམ། རང་རང་གི་ཆོས་གྲྭ་ལ་བོད་ཀྱི་ན་ལེན་དྲ་ཞེས་ཀུན་གྱིས་གསོལ་མོད། ཆོས་གྲྭ་འདིར་ནི་ཕྱོགས་ཡོངས་ནས་དེ་ལྟར་གདགས་སུ་རུང་བ་ཞིག་གོ།
ཆེ་བསྟོད་དྲགས་ཏེ་བླ་མ་ཟོག་པོར་གཏོང་བ་རྣམས་ཀྱིས་ནི། གོང་གི། རྒྱུད་སྡེ་བཅུ་བཞི་ཐུགས་ལས་གསུངས་པས་གངྒ་ཚུན་ལ་མཁས་པར་གྲགས་པ་དང་། ན་བཟའ་སྦུ་གུ་ཅན་ལ་རིགས་ལམ་འདི་ཉིད་ཁོ་ན་བྱང་བ་གཉིས་བསྲེས་ཏེ། གངྒ་ཚུན་ལ་འདི་ཉིད་མཁས་དང་། སྔགས་པ་ཞིག་ལ་གངྒ་ཚུན་ན་འདི་ཉིད་མཁས་སོགས་ཀྱི་ཅ་ཅོ་སྒྲོག་མོད། དེ་དག་གིས་གངྒའི་ཕ་རོལ་ནས་ཅི་ཞིག་མཐོང་བ་ཡིན་ཅི་ཆ།
༢ བདེ་བ་ཅན་དུ་སྐུ་ལུས་མ་སྤངས་པར་གཤེགས་མིན་གྱི་དཔྱད་པ།
བསོད་ནམས་རྩེ་མོའི་རྣམ་ཐར་གྱི་ཆེ་ཤོས་དེ་གཤེགས་ཚུལ་ཐད་ཡོད་པ་འདྲ་ཡང་། དོན་འདི་ལ་ས་སྐྱ་པ་རྣམས་ཕུ་ཐུག་ཆོད་པ་ཞིག་སྨྲ་མ་ནུས་འདུག་ཅིང་། འདི་ཉིད་རྩལ་དུ་འདོན་པའི་རྣམ་དཔྱོད་ཀྱང་མ་འཁྲུངས་པ་འདྲ། ཁོ་བོས་འདི་ཉིད་ཤིན་ཏུ་གལ་ཆེན་པོར་བསམ་སྟེ། འབྲེལ་ཡོད་ཡིག་ཆ་མང་དུ་བཀླགས་པ་ཡིན། གྲགས་པ་རྒྱལ་མཚན་གྱིས་མཛད[14]་པའི་བསོད་ནམས་རྩེ་མོ་ལ་བསྟོད་པ་རྗེས་མ་དེར། ཆུ་ཕོ་སྟག་གི་སྨལ་པོའི་བཅུ་གཅིག་ཚེ། །བདེ་བ་ཅན་དུ་གཤེགས་ལ་མགོས་ཕྱག་འཚལ། །ཞེས་འཁོད་ཅིང་། གསོལ་འདེབས་གདུང་དབྱངས་མར་གྲགས་པ་ལས་་་་་ཞེས་གསུངས་པ་ཙམ་ལས་གསལ་ཁ་ཅན་གྱི་གསུངས་མི་སྣང་། ཁོང་གི་སྐུ་དབོན་ས་སྐྱ་པཎ་ཆེན་གྱི་བྱིས་པ་བདེ་འཇུག་གི་འགྲེལ་བ་བྱིས་པ་ལ་ཕན་པ་ལས། .རྩེ་མོའི་རྣམ་ཐར་མདོར་བསྟན་པ་ན། རྣམ་ཐར་གྱི་ཁྱད་པར་ལྔས་བརྗོད་ཅིང་། ཐ་མ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་མངོན་སུམ་དུ་གཤེགས་པར་གྱུར་ཏོ་ཞེས་པ་འདི་ཉིད་ལགས། ཡང་། རྩེ་མོའི་རྒྱུད་སྡེ་སྤྱི་རྣམ་ཁོང་གིས་གོ་བདེ་བར་བྱས་པའི་གཏམ་དུ། རིག་པ་འཛིན་པའི་དངོས་གྲུབ་བརྙེས་ནས་བདེ་བ་ཅན་དུ་མངོན་སུམ་དུ་གཤེགས་པར་གྱུར་པ། [15]ཞེས་པ་ཙམ་ཞིག་འཁོད། གཞན་ཆོས་འབྱུང་རྣམས་ལས། མཁའ་སྤྱོད་དུ་གཤེགས་ཞེས་དང་། འཇའ་ལུས་སུ་གཤེགས། དག་པའི་སྣང་བར་མངོན་སུམ་དུ་གཤེགས། མ་དག་པའི་སྣང་བར་མྱ་ངན་ལས་འདས་ཞེས་སོགས་སྣ་ཚོགས་ཤིག་སྣང་སྟེ། སུས་ཀྱང་ཕུ་ཐོག་ཆོད་པ་ཞིག་སྨྲ་བར་མ་ནུས་པར་འདུག། གཤེགས་སའི་ཡུལ་ཡང་། འགའ་རེས་སྒོ་རུམ་དཔེ་ཁང་དང་། འགའ་རེས[16]ཆོས་གསུང་འཕྲོ་ལ་ཆོས་ཁྲིའི་སྟེང་ནས་གཤེགས་ཞེས་ཟེར། ལ་ལ་ཆུ་ཕོ་སྟག་གི་སྨལ་པོའི་ཚེས་བཅུ་གཅིག་ལ་ཆུ་མིག་རྫིང་ཁའི་བླ་བྲང་དུ་མྱ་ངན་ལས་འདས་སོགས་སྣ་ཚོགས་ཤིག་སྣང་ཡང་། སུས་ཀྱང་གནད་ཕིགས་པ་ཞིག་ནི་མ་འཚལ་བར་འདུག་གོ།
དེ་ལ་རྣམ་གཞག་འཆོལ་བ་རྣམས་དགག་པ་དང་། ཡང་དག་རྣམ་བཞག་བསྟན་པ་གཉིས་ཡོད། སྒོ་རུམ་དཔེ་ཁང་དུ་གཤེགས་ཟེར་བ་ནི། གསོལ་འདེབས་གདུང་དབྱངས་མའི་མཆན་གྱིས་འཁྲུལ་གཞི་བྱས་པ་ཡིན་མོད། མཆན་དེ་ནི། ཨ་མེས་ཞབས་དང་། མང་ཐོས་ཀླུ་སྒྲུབ་སོགས་ཀྱིས་དྲངས་པ། ཚེས་བཅུའི་དགུང་རྗེ་བཙུན་སྐུ་མཆེད་སོགས་ཀྱིས་ཚེས་བཅུའི་མཆོད་པ་མཛད། ནངས་པར་རྫེ་བཙུན་བྱོན་པས་ན་བཟའ་སྦུ་གུ་ཐིབ་བེ་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་ལ་བཞུད། གདུང་དབྱངས་ཀྱིས་གསོལ་བ་དྲག་ཏུ་བཏབ་པས་ན་བཟའི་སྦུ་གུ་ནས་བུང་བའི་སྐད་ལྟ་བུའི་ལུང་བསྟན་ཁྱད་པར་ཅན་བྱུང་། ཞེས་པ་འདི་ཡིན་ཞིང་། ཨ་མེས་ཞབས་ཀྱིས་འགའ་ཞིག་གི་གསུང་རབ་ལས་དེ་ལྟར་བྱུང་བར་བཤད་དེ། རང་གིས་མ་གཟིགས་པའི་ཚུལ་གསུངས་ཏེ། ཡིད་ཆེས་བློ་འགེལ་མཐའ་གཅིག་ཏུ་མཛད་མེད། དོན་གྱིས་ཀྱང་། མཆན་འདི་གཅིག་ནས་གཅིག་ཏུ་བརྒྱུད་དེ་བསླད་ཅི་རིགས་པ་ཞིག་ཞུགས་པར་མངོན་ཏེ། ཡི་གེ་འབྲི་ཚུལ་མི་འདྲ་བ་ཅི་རིགས་སྣང་། ལྷག་པར་གདུང་དབྱངས་ཀྱིས་གསོལ་བ་བཏབ་སྟེ། བུང་བའི་སྐད་ལྟ་བུས་ལུང་བསྟན་ཁྱད་པར་གསུངས་པ་ནི་གཤེགས་དུས་དེར་མིན་པར། སློབ་དཔོན་རིན་པོ་ཆེ་གཤེགས་ནས་རིང་པོ་མ་ལོན་པའི་དགུན་གྱི་ཐོ་རེངས་ཤིག་ཡིན་པ་དང་། ལུང་བསྟན་འབྱུང་ས་དེ་གདུང་ཁང་གི་གསེབ་ཡིན་པ། ལུང་བསྟན་ཁྱད་པར་ཅན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཚུལ་གསུངས་པ་དེ་ཡིན་པ། གདུང་རབས་ངོ་མཚར་བང་མཛོད་དུ་ཤིན་ཏུ་གསལ་བས། དེ་ལ་གོང་འོག་མ་ཕྱེད་པའི་སྐྱོན་ཞིག་ཅིས་ཀྱང་ཡོད་འདུག། སྦལ་སྟོན་སེང་གེ་རྒྱལ་མཚན་གྱི་རྗེ་བཙུན་གྲགས་པའི་རྣམ་ཐར་ཞལ་གསུང་མ་དེ། ཁོང་གི་དག་སྣང་གི་རྣམ་ཐར་ཕྱོགས་བསྡུས་ལྟ་བུར་སྣང་ཡང་། དེར་རྩེ་མོ་གཤེགས་ཚེ་ལུང་བསྟན་བྱུང་ཚུལ་ཟུར་ཙམ་ཡང་མི་སྣང་ཞིང་། སྦྲང་བུའི་སྐད་ལྟ་བུའི་ལུང་བསྟན་བརྙེས་དུས་ནི་གཤེགས་ནས་མི་རིང་བའི་དུས་ཤིག་ཡིན་པ་གསལ། ཚེས་བཅུའི་མཆོད་པ་སྐུ་མཆེད་གཉིས་ཀས་མཛད་པས་དགོང་མོ་སློབ་དཔོན་ལྷ་ཁང་དུ་བཞུགས་པར་ཤེས་པ་དང་། ཕྱི་ཉིན་རྗེ་བཙུན་བྱོན་དུས་ན་བཟའ་ལས་ལུས་མེད་པའི་ཕྱིར་ན་གནས་དེ་ཉིད་དུ་གཤེགས་པར་བསམ་པ་ཡིན་ཡང་། ཤིན་ཏུ་མ་ངེས་ཏེ། མཚན་མོ་དང་ཐོ་རེངས་སོགས་སུ་གཞན་དུ་གཤེགས་ཆོག་པའི་ཕྱིར་དང་། ཤུལ་ཏུ་ལུས་པའི་ན་བཟའ་ཡང་གཟིམ་ཆས་ཡིན་སྲིད་པའི་ཕྱིར་རོ། །
ཡང་ལས་དག་པ་རྣམས་ཀྱི་ངོར་ལུས་མ་སྤངས་པར་གཤེགས་པ་དང་། གདུལ་བྱ་ཐུན་མོང་བ་རྣམས་ལ་མྱ་ངན་ལས་འདས་པའི་ཚུལ་བསྟན[17]་ཞེས་པར་ནི་སྙིང་པོ་ཅི་ཡང་མེད་དེ། ལས་དག་པ་དེ་རྗེ་བཙུན་གྲགས་པ་ཡིན་དགོས་ལ། ཁོང་གིས་ནི་སྐུ་གདུང་ཙམ་ཡང་མ་གཟིགས་པ་ཡིན་གྱི། མཁའ་སྤྱོད་དུ་གཤེགས་པ་གཟིགས་ཚུལ་གྱི་ཁུངས་མེད་ཅིང་། གདུང་དབྱངས་མའི་མཆན་ལས་ཕྱི་ཉིན་ན་བཟའ་སྟོང་པ་ཙམ་ལས་མ་གཟིགས་པས་གདུང་བ་ཆེ་ཚུལ་གསལ་ཞིང་། ཁུངས་གཞན་ཁྱེད་ལ་གཏན་མེད་པས་སོ། ། འདི་ནི་རྣམ་བཞག་ཤིན་ཏུ་དགོད་བྲོ་བ་ཡིན་ཏེ། ཕྱི་ཉིན་ཕལ་བ་རྣམས་ཀྱིས་གདུང་མཇལ་ཞིང་། སྐུ་གདུང་ཞུགས་གནས་སུ་དྲངས་པ་དང་། བཞུས་པ་སོགས་ཀྱི་བྱ་བ་ཇི་སྙེད་ཅིག་བྱེད་པའི་རིང་། རྗེ་བཙུན་སོགས་ལས་དག་པ་རྣམས་ལ་ཅི་ཡང་སྣང་མ་ནུས་པར་ཞལ་བཞེས་གནང་དགོས་པས་སོ། །དེ་བས་ལས་བཟང་ངན་གོ་ལྡོག་ཏུ་ཡང་ཁྱོད་ལ་ཐལ་ལོ། ། ཆོས་ཁྲིའི་སྟེང་ནས་གཤེགས་ཟེར་བ་སོགས་ཨར་དང་རོང་སྟོན་སོགས་ཀྱི་རྣམ་ཐར་གྱིས་བཀབ་པ་ཙམ་ལས། ཁུངས་སྐྲ་རྩེ་བརྒྱར་གཤགས་ཀྱི་ཆ་ཙམ་མེད་པས་དཔྱད་དུ་ཅི་ཞིག་ཡོད། གཞན་ཡང་སྐུ་ལུས་མ་སྤངས་པར་གཤེགས་ཞེས་དང་། གདུང་ཐལ་བྱུང་བ་སོགས་བཤད་པ་ནི་ཤིན་ཏུ་འགལ་ཡང་། དད་པ་ཅན་རྣམས་ལ་ཅི་བྱར་ཡོད།
གཉིས་པ་ནི། འོ་ན་རྗེ་བཙུན་རྩེ་མོ་འདི་ཉིད་ཇི་ལྟར་མཁའ་སྤྱོད་དུ་གཤེགས་པ་ཡིན་ཞེ་ན། མངོན་སུམ་དུ་གཤེགས་པ་ས་སྐྱ་པཎ་ཆེན་གྱི་གསུང་དུམ་བུ་གཉིས་གོང་དུ་དྲངས་པས་ཤིན་ཏུ་གསལ་ལ། གཤེགས་ས་ཉིད་ལྷ་ཁང་མིན་པ་ནི། གདུང་དབྱངས་མའི་མཆན་ལས་རྗེ་བཙུན་གྱིས་མ་གཟིགས་པར་གསལ་པས་ཤེས། འོ་ན་མངོན་སུམ་དུ་གཤེགས་ཞེས་པའི་མངོན་སུམ་དེ་རྗེ་བཙུན་སོགས་ཀྱི་མངོན་སུམ་མིན་ན་སུའི་མངོན་སུམ་ཞེ་ན། གདུང་རབས་ངོ་མཚར་བང་མཛོད་ལས། ས་སྐྱའི་རྒན་མོ་ཞིག་གིས་མཐོང་བར་བཤད་པའི་བཤད་ཚུལ་གཞན་ཞིག་མཛད་པ་དེ་བདེན་ངེས་སུ་འདུག་པས། མང་ཚོགས་ཕལ་བའི་མངོན་སུམ་ཡིན་ནོ། །
འདིར་རྩེ་མོ་མངོན་སུམ་དུ་བདེ་ཅན་དུ་གཤེགས་པའི་རྒྱུ་མཚན་ནི། གཅིག། ས་པཎ་གྱི་བྱིས་འཇུག་གི་འགྲེལ་བ་སོགས་ལས་མངོན་སུམ་གཤེགས་པར་གསུངས་ཤིང་། གདུང་དབྱངས་མའི་མཆན་ལས་ཀྱང་ཤེས་པ་དང་། གཉིས། སྐབས་དེར་སློབ་དཔོན་ཉིད་ལ་བསྙུང་གཞི་ཅི་ཡང་མེད་དེ། དགོང་མོ་ཚེས་བཅུའི་མཆོད་པ་ལ་སྐུ་མཆེད་གཉིས་ཀ་ཞུགས་པ་དང་། གལ་ཏེ་བསྙུང་གཞི་ཡོད་ན་རྗེ་བཙུན་ནུབ་མོ་སྐུ་མདུན་དུ་བཞུགས་ངེས་པ་ལ་མ་བཞུགས་པ་དང་། སློབ་དཔོན་གཤེགས་དུས་རྗེ་བཙུན་གྱིས་གསོལ་བ་བཏབ་པ་ལས། བླ་མ་མཆོད་པ་སོགས་མཛད་ནས་གཟིམས་སར་དཀྱིལ་མོ་ཀྲུང་གིས་བཞུགས་ཏེ་མཉམ་བཞག་མཛད་ནས་ཐུགས་དམ་ལ་བཞུགས་པར་གསལ་བས་སོ། །
གསུམ། ས་སྐྱའི་རྒན་མོ་ཞིག་གིས་མཐོང་སྣང་ལ་སློབ་དཔོན་ཉིད་ཁྱི་མོ་ཞིག་དང་ལྷན་ཅིག་ཏུ་རྫིང་ཁའི་སྟོད་ཀྱི་བྲག་སྟེང་། དེ་ནས་འཕུར་ཏེ་ནམ་མཁའ་ལ་ཇེ་མཐོར་སོང་བ་མངོན་སུམ་དུ་མཐོང་བར་གྲགས་ཤིང་། བྲག་དེ་ལ་སློབ་དཔོན་རྩེ་མོ་ཉིད་ཀྱི་ཞབས་རྗེས་དང་ཁྱི་མོའི་རྐང་རྗེས་ཀྱང་གསལ་པོར་བྱུང་བ་འགྲོ་བ་རྣམས་ཀྱི་བསོད་ནམས་གསོག་པའི་ཞིང་དུ་བཞུགས་པ་ལ། དུས་ཕྱིས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱིས་རྒྱབ་ཡོལ་ཞབས་ཏོག་གནང་བ་འདི་ཡིན་ལ། [18]ཞེས་སྣང་ཞིང་། ཆུ་མིག་རྫིང་ཁའི་བྲག་སྟེང་ནས་གཤེགས་པར་འདོད་པ་ནི་དུས་ཕྱིས་བར་དུ་ཡོངས་སུ་གྲགས་པ་ཡིན་པ། དང་པོ་སློབ་དཔོན་གྱི་ཞབས་རྗེས་བྱུང་བ་དང་། བར་དུ་བྲག་དེ་ལ་རྒྱབ་ཡོལ་བྱས་པ་དང་། ཕྱིས་དུས་རབས་ཉི་ཤུ་པར་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་དབུས་གཙང་གནས་སྐོར་མཛད་དུས། ཡང་དགོན་བདེ་མཆོག་ཆོས་ཀྱི་ཕོ་བྲང་གླད་དེར། རྡོ་ལ་བསོད་རྩེའི་སྐུ་ཡོད་པ། དེ་ནས་བསོད་རྩེ་མཁའ་སྤྱོད་དུ་གཤེགས་པའི་གནས་ཡིན[19]ཞེས་བསོད་ནམས་རྩེ་མོ་མཁའ་སྤྱོད་དུ་གཤེགས་ས་ཡིན་པས་ཁོང་གི་སྐུ་བྲིས་པ་གཟིགས་པར་གསལ་བས། གཤེགས་ས་དེ་ཉིད་ཡིན་པ་ནི་མི་རབས་ནས་མི་རབས་སུ་ཁས་བླངས་པ་ཡིན་པས། རྒྱུ་མཚན་ཤིན་ཏུ་སྟོབས་ཆེའོ། །
བཞི་པ། སློབ་དཔོན་གཤེགས་དུས་གྲགས་པ་རྒྱལ་མཚན་གྱིས་གསོལ་འདེབས་མཛད་པ་དེར། གཟིམས་སྤྱིལ་དུ་གཤེགས་པ་ཡིན་ནམ་སྙམ་པ་རེ་འདུག་ཀྱང་། དེའི་ནང་དུ་ཚེས་བཅུའི་ཉིན་གྱི་ངོ་མཚར་སྣ་ཚོགས་བྱུང་བ་ལས་བཅུ་གཅིག་ཉིན་གྱི་གཤེགས་ཚུལ་གསལ་པོར་འཁོད་འོས་པ་ལ་གཏན་མི་སྣང་བ་དང་། གཤེགས་དུས་བཅུ་གཅིག་ཡིན་པ་ནི། ཆུ་ཕོ་སྟག་གི་སྨལ་པོའི་བཅུ་གཅིག་ཚེ། །བདེ་བ་ཅན་དུ་གཤེགས་ལ་མགོས་ཕྱག་འཚལ། །ཞེས་རྗེ་བཙུན་གྲགས་པས་ཤིན་ཏུ་གསལ་པོར་གསུངས་པས། བཅུ་གཅིག་གི་ཐོ་རེངས་ལ་གཤེགས་པར་འདུག། དེ་ཕྱིར་རྒན་མོ་ཞིག་ལས་མང་པོ་ཞིག་གིས་ནི་མ་མཇལ་བ་ཡིན་ངེས། གཤེགས་ས་བདེ་བ་ཅན་ཡིན་པ་ཚེས་བཅུའི་དགུང་མོ་རོལ་མོ་དང་འོད་དང་། དྲི་ཞིམ་གྱིས་གང་པའི་ཚེ་རྗེ་བཙུན་ལ་ཞལ་བཞེས་གནང་བ་ཡིན་ཞིང་། བདེ་བ་ཅན་ཞེས་པའང་གོ་ལ་འདི་ནས་གོ་ལ་མང་པོ་ཞིག་བརྒལ་བའི་ཕ་རོལ་དུ། ལས་དག་པ་མང་པོ་ལྷན་དུ་འདུས་སའི་དངོས་ཡོད་འཇིག་རྟེན་ཞིག་ཡིན་པས། ལུས་འདི་མ་སྤངས་ཀྱང་འགྲོ་ནུས་པ་ཡིན་ནོ། ། དངོས་ཡོད་དེ་ལྟར་ཡིན་ཡང་། མཐོང་མཁན་རྒན་མོ་ཡིན་པ་དང་། གཤེགས་ས་བྲག་སྟེང་ཡིན་པས་རྣམ་ཐར་གྱི་ཆེ་བར་མི་འགྱུར་བར་བསམ་ནས་རྣམ་ཐར་མཁན་པོ་རྣམས་ཀྱིས་གཟིགས་ཆུང་མཛད་དེ། ཆེར་མ་བཀོད་པར་འདུག་གོ །མཐོང་མཁན་རྒན་མོ་ཡིན་པ་ནི། ཁོང་ཉིད་ཐོ་རེངས་ཀྱི་དུས་སུ་གཤེགས་ཤིང་། ཞོགས་པ་སྔ་མོ་མལ་ལས་ལྡང་མཁན་ནི་བུད་མེད་དག་ཡིན་པས་སོ་སྙམ་དུ་ཡང་སེམས་སོ། །
ལྔ་པ། ཁོང་ཉིད་མཁའ་སྤྱོད་དུ་གཤེགས་པའི་རྐྱེན་ཡང་ཚང་བ་སྟེ། རྒྱུན་དུ་སྒྲུབ་པ་ལ་གཞོལ་ནས་བཞུགས་ཚུལ་འབྲེལ་ཡོད་ཡིག་ཆར་གསལ་བ་དང་། དུས་འཁྲུགས་སོགས་ཀྱི་ཐུགས་སྐྱོ་བ་ཡིན་ཏེ། སྐྱེས་བུ་དམ་པ་རྣམས་ཀྱིས་གཞན་གྱི་ལོག་སྤྱོད་སོགས་གཟིགས་ནས་སྐུ་ཚེ་འདུ་བྱེད་བཏང་ཚུལ་མང་དུ་སྣང་ཞིང་། ཞང་བཀྲ་ཤིས་རྡོ་རྗེ(1092-1167)མྱང་སྟོད་ནས་འུ་ཡུག་ཏུ་བསྐྱོད་པའི་ཚེ་ལམ་དུ་དམག་འཁྲུགས་ཡོད་ཚུལ་དེབ་སྔོན་དུ་གསལ་ཤིང་། དེ་དང་བསོད་ནམས་རྩེ་མོ(1142-1182)གཉིས་ཐོགས་གཅིག་པས་རྩེ་མོའི་སྐབས་སུ་དམག་འཁྲུགས་སོགས་སྐྱེས་བུ་དམ་པའི་ཐུགས་དབྱུང་བའི་རྒྱུ་ཚང་བས་སོ། །
ཞབས་མཆན།
[1]ཡར་ལུང་ཇོ་བོའི་ཆོས་འབྱུང་དུ་འབྲོའི་གསོན་གཤེན་བྱེད་པའི་གདན་འདྲེན་བྱུང་བས། ཞེས་འཁོད།
[2]དཔལ་ས་སྐྱ་པའི་རིན་པོ་ཆེ་ཇི་ལྟར་ཚུལ་གྱི་རྣམ་པར་ཐར་ངོ་མཚར་རིན་པོ་ཆེའི་བང་མཛོད། ལྡེབ་ངོས12།
[3]དབའ་བཞེད། རྒྱལ་པོ་དར་མས་གནད་འགག་གི་སྐབས་སུ་ཡབ་མེས་ཀྱི་རྡོ་རིང་བཀླགས་ཡོད།
[4] དཔལ་ས་སྐྱ་པའི་རིན་པོ་ཆེ་ཇི་ལྟར་ཚུལ་གྱི་རྣམ་པར་ཐར་ངོ་མཚར་རིན་པོ་ཆེའི་བང་མཛོད། ལྡེབ་ངོས22
[5]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤར་བའི་ཤངས་པ་བཀའ་བརྒྱུད་ཀྱི་བླ་རབས་རྣམ་ཐར་ལྡེབ། 3
[6]དབུ་མེད་ལག་བྲིས་མ།
[7]སྡེ་དགེ་པར་མའི་ས་སྐྱའི་བཀའ་འབུམ།
[8]སྡེ་དགེ་པར་མའི་ས་སྐྱ་བཀའ་འབུམ་གྱི་ལྡེབ་ངོས་སུམ་བརྒྱ་ང་གཉིས་ཀྱི་སྲིབ་ངོས་སུ་གསལ།
[9]དེབ་སྔོན་བླ་རུང་གིས་དཔར་མའི་ལྡེབ་484།
[10]དཔལ་ས་སྐྱ་པའི་རིན་པོ་ཆེ་ཇི་ལྟར་ཚུལ་གྱི་རྣམ་པར་ཐར་ངོ་མཚར་རིན་པོ་ཆེའི་བང་མཛོད། ལྡེབ་ངོས18།
[11]སྟག་ལུང་ངག་དབང་རྣམ་རྒྱལ་གྱི་ཆོས་འབྱུང་ངོ་མཚར་རྒྱ་མཚོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ལྡེབ་ངོས།160
[12]གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གླེགས་བམ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ལྡེབ་ངོས། 17
[13]ཐུའུ་བཀན་ཆོས་ཀྱི་ཉི་མའི་གྲུབ་མཐའ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
[14]རྫོང་སར་ཚང་གིས་བསྒྲིགས་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གླེགས་བམ་དུ་འདི་སེང་གེ་རྒྱལ་མཚན་གྱིས་མཛད་པར་བྱས་མོད། དེ་ཉིད་ཀྱིས་དག་བཅོས་བྱས་པ་ཙམ་ཡིན་པས་ཤིན་ཏུ་ནོར།
[15]སྡེ་དགེ་སྤར་མའི་ས་སྐྱ་བཀའ་འབུམ་ག་པའི་ལྡེབ་དོན་བརྒྱུད་པར།
[16]ཐུའུ་བཀན་ཆོས་ཀྱི་ཉི་མའི་གྲུབ་མཐའ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ལྡེབ་ངོས།199།
[17]དཔལ་ས་སྐྱ་པའི་རིན་པོ་ཆེ་ཇི་ལྟར་ཚུལ་གྱི་རྣམ་པར་ཐར་ངོ་མཚར་རིན་པོ་ཆེའི་བང་མཛོད།ལྡེབ་ངོས་51།
[18]དཔལ་ས་སྐྱ་པའི་རིན་པོ་ཆེ་ཇི་ལྟར་ཚུལ་གྱི་རྣམ་པར་ཐར་ངོ་མཚར་རིན་པོ་ཆེའི་བང་མཛོད། ལྡེབ་ངོས་50།
[19]གནས་གཙང་གནས་བསྐོར་ལམ་ཡིག་ནོར་བུ་ཟླ་ཤེལ་གྱ་སེ་མོ་དོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ལྡེབ་ངོས་325།
– – – – –