༡ སྔོན་གཏམ།
སྤྱིར་བོད་དུ་བསྟན་པ་སྔར་དར་གྱི་དུས་ནས་སྔགས་ལོག་སུན་འབྱིན་གྱི་བརྒྱུད་རིམ་བྱུང་མྱོང་ཡོད་འདུག་ཅིང་། ཁྱད་པར་བསྟན་པ་ཕྱི་དར་གྱི་སྐབས་སུ་སྔགས་ལོག་སུན་འབྱིན་གྱི་དགག་སྒྲུབ་ཧ་ཅང་གཞི་རྒྱ་ཆེན་པོ་བྱུང་ཡོད་པ་དང་། ཆེས་ཐོག་མར་སྔགས་ལོག་སུན་འབྱིན་གྱི་བསྟན་བཅོས་བཀྲམ་མཁན་དེ་ལྷ་བླ་མ་ཡེ་ཤེས་འོད་དང་། དེའི་རྗེས་སུ་ཁོང་གི་སྐུ་ཚ་ཕོ་བྲང་ཞི་བ་འོད་ཀྱིས་ཀྱང་སྔགས་ལོག་སུན་འབྱིན་གྱི་བསྟན་བཅོས་བརྩམས་གྲུབ་ཡོད་ཅིང་། སྐབས་དེ་དུས་སུ་ཨ་ཙ་ར་དམར་པོ་བྱ་བ་དང་སྔགས་པ་ཤམ་ཐབས་སྔོན་པོ་ཅན་ཟེར་བ་སོགས་ཀྱིས་སྦྱོར་སྒྲོལ་སོགས་གསང་སྔགས་ཀྱི་ནང་དོན་མང་པོ་ཞིག་དངོས་བསྟན་ཇི་བཞིན་དུ་ལག་སྟར་བྱས་ཏེ་འཕེལ་རྒྱས་ཆེན་པོ་བྱུང་དབང་གིས་བོད་ལ་སྔགས་ལོག་མང་པོ་དར་ཡོད་པར་གྲགས། གང་ལྟར་ཡང་གསང་སྔགས་རྣམ་དག་དང་སྔགས་ལོག་གཉིས་དབྱེ་བ་ཕྱེ་མི་ཤེས་པ་ལྟ་བུར་གྱུར་པ་ལ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལོ་ཆེན་རིན་བཟང་ཁ་ཆེར་སློབ་གཉེར་དུ་བརྫངས་ཤིང་། སྔགས་ཀྱི་ལྟ་སྤྱོད་ལ་ཞིབ་འཇུག་བྱེད་དགོས་པའི་བཀའ་བསྒོས། མདོར་ན་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྔགས་ལོག་སུན་འབྱིན་གྱི་བཀའ་ཤོག་དེ་བཀྲམ་པའི་དམིགས་ཡུལ་གཙོ་བོ་ནི་སྐབས་དེའི་སྔགས་ལུགས་ཀྱི་ལྟ་སྤྱོད་དེ་དག་མེད་པར་བཟོ་བ་དང་། ནང་པའི་བསྟན་པ་རྣམ་དག་ཅིག་བསྐྱར་དར་ཡོང་བའི་ཆེད་དུ་ཡིན་ནའང་། གནད་དོན་དེ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སྐབས་སུ་བཟོ་ཐུབ་པ་ཞིག་མ་ཡིན་པར། ལྷ་བླ་མ་བྱང་ཆུབ་འོད་དང་ཕོ་བྲང་ཞི་བ་འོད་གཅེན་གཅུང་གཉིས་ཀྱིས་བྱ་བཞག་རླབས་ཆེན་པོ་དེ་རྒྱུན་བསྐྱངས་ཏེ་ཞི་བ་འོད་ཀྱིས་སྔགས་ལོག་སུན་འབྱིན་གྱི་བསྟན་བཅོས་བཀྲམ་པ་མ་ཟད་ཇོ་བོ་རྗེ་བོད་དུ་གདན་དྲངས་ནས་མདོ་སྔགས་ཐམས་ཅད་བསྡུས་ནས་ཉམས་སུ་ལེན་པའི་བསྟན་བཅོས་བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་གཞུང་མང་པོ་མཛད་ནས་བསྟན་པ་དག་ཐེར་མཛད་ཡོད་པ་རེད། སྐབས་དེ་དུས་ཀྱི་རྒྱུད་གཞུང་མང་ཆེ་བ་ཞིག་རྙིང་མ་པའི་རྒྱུད་དང་ཐད་ཀར་འབྲེལ་བསྡད་ཡོད་པ་ཞིག་ལ། གནད་དོན་འདི་ཕྱིས་སུ་གསར་རྙིང་བར་གྱི་རྩོད་གཞི་ཞིག་ཏུའང་གྱུར་ཡོད་པ་མ་ཟད། སྐབས་དེ་དུས་ཀྱི་ལག་ལེན་གྱི་ནང་དོན་དག་རྒྱུད་གསང་བ་སྙིང་པོ་དང་ཐད་ཀར་འབྲེལ་ཡོད་པ་ཞིག་ཆགས་པའི་རྐྱེན་གྱིས། རྒྱུད་དེ་ཡང་ཁུངས་དག་ཡིན་མིན་གྱི་རྩོད་པ་ཡུན་རིང་དུ་བྱུང་ཞིང་ཕྱིས་བཅོམ་ལྡན་རིག་རལ་གྱིས་བསམ་ཡས་ནས་རྒྱ་དཔེ་རྙེད་པས་རེ་ཞིག་རྩོད་གཞི་དེ་ཞི་འཇགས་སུ་སོང་བ་ལྟ་བུར་གྱུར་ཡོད།
དེ་ཙམ་དུ་མ་ཟད་བཀའ་བསྟན་བསྡུ་སྒྲིག་གི་སྐབས་སུ་རྙིང་མའི་རྒྱུད་འབུམ་ཞེས་ལོགས་སུ་བཀར་དགོས་བྱུང་བ་སོགས་གནད་དོན་མང་པོ་བྱུང་ཡོད། དམིགས་བསལ་བསམ་བློ་གཏོང་དགོས་པ་ཞིག་ལ་ཕོ་བྲང་ཞི་བ་འོད་ཀྱི་བཀྲམ་པའི་སྔགས་ལོག་སུན་འབྱིན་གྱི་བཀའ་ཤོག་ཏུ་གསར་མའི་རྒྱུད་དང་རྒྱུད་འགྲེལ་གྱི་བསྟན་བཅོས་དུ་མ་ཞིག་འཁོད་ཡོད་པ་དེ་དག་ལ་དམིགས་བསལ་དཔྱད་དགོས་པ་ཆགས་ཡོད། དཔེར་ན་ཕྱག་ཆེན་ཐིག་ལེ་ཨ་ཙ་ར་དམར་པོས་བྱས་པ་ལྟར་གསུངས་པ་དང་མཻ་ཏྲི་པའི་རིན་པོ་ཆེའི་ཕྲེང་བ་ལ་མུ་སྟེགས་པའི་ཤན་ཞུགས་ཡོད་པ་གསུངས་པ་ལྟ་བུ་རྣམས་རེད། སོག་བཟློག་པ་བློ་གྲོས་རྒྱལ་མཚན་གྱིས་ངེས་དོན་འབྲུག་སྒྲ་ཞེས་པར་ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཤོག་ལ་དཔྱད་པ་མཛད་ཡོད་ཀྱང་གསར་རྒྱུད་སྐོར་མང་ཆེ་བ་ལ་འགྲེལ་བཤད་གང་ཡང་མཛད་མེད། ཕྱག་ཆེན་ཐིག་ལེ་དང་མཻ་ཏྲི་པའི་རིན་ཆེན་ཕྲེང་བ་སྔ་འགྱུར་མ་ཡིན་པར་ཕྱི་འགྱུར་ཡིན་པར་ཡང་བཀའ་ཤོག་ཏུ་གསལ་པོར་གསུངས་ཤིང་དེ་ལས་བསྟེན་མི་རུང་བའི་གྲས་སུ་བཞག་འདུག་པས་དཔྱད་དགོས་པའི་གནས་སུ་གྱུར་འདུག །དེ་བས་ཕྱག་ཆེན་ཐིག་ལེའི་སྐོར་གྱི་དཔྱད་པ་ཟུར་དུ་བྲིས་ཤིང་འདིར་མཻ་ཏྲི་པའི་རིན་ཆེན་ཕྲེང་བ་ཞེས་པའི་བསྟན་བཅོས་དེའི་སྐོར་ལ་ཅུང་ཟད་བཤད་འདོད་བྱུང་སོང་། སྤྱིར་སྔགས་ལོག་སུན་འབྱིན་གྱི་སྐོར་ལ་ང་ཚོས་དམིགས་བསལ་དོ་སྣང་གནང་རིགས་ཤིང་འོས། རྒྱ་གར་དུ་ཐེག་ཆེན་བཀའ་ཡིན་མིན་གྱི་དགག་བཞག་གཞི་རྒྱ་ཆེན་པོ་བྱུང་བ་དང་། བོད་དང་རྒྱ་ནག་ཏུ་སྔགས་ལོག་སུན་འབྱིན་སྐོར་གྱི་དགག་སྒྲུབ་བྱུང་བ་མ་ཟད་ལྷག་པར་བོད་དུ་གཞི་རྒྱ་ཆེན་པོ་བྱུང་བ་དང་། ཡང་བོད་དང་ཉི་ཧོང་དུ་བདེ་གཤེགས་སྙིང་པོའི་ལྟ་གྲུབ་འདི་བསྟན་པ་རྣམ་དག་ཡིན་མིན་གྱི་རྩོད་པ་གཞི་རྒྱ་ཆེན་པོ་བྱུང་ཡོད།
སྔགས་ལོག་སུན་འབྱིན་གྱི་སྐོར་ལ་དགག་སྒྲུབ་ཅི་རིགས་མཛད་པའི་ཚབ་མཚོན་གྱི་གཞུང་འགའ་ཤས་ཞུས་ན། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཛད་པའི་སྔགས་ལོག་སུན་འབྱིན། ཁོང་གི་སྐུ་ཚ་ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཤོག །ལོ་ཆེན་རིན་བཟང་གིས་མཛད་པའི་སྔགས་ལོག་སུན་འབྱིན་གྱི་ཡིག་ཆ། ས་པཎ་གྱིས་མཛད་པའི་སྡོམ་གསུམ་རབ་དབྱེ། འགོས་ཁུག་པ་ལྷས་བཙས་ཀྱི་འབྱམས་ཡིག །ཆག་ཆོས་རྗེ་དཔལ་གྱི་སྔགས་ལོག་སུན་འབྱིན་ཤེས་རབ་རལ་གྲི། བུ་སྟོན་རིན་པོ་ཆེས་མཛད་པའི་སྔགས་ལོག་སུན་འབྱིན། བླ་མ་བྱམས་པས་མཛད་པའི་འོལ་ཁ་རྗེ་དྲུང་གི་ལྟ་ལོག་སུན་འབྱིན། འབྲི་གུང་དཔལ་འཛིན་གྱི་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་རབ་ཏུ་བྱེད་པ། པཎ་ཆེན་ཤཱཀ་མཆོག་གི་ངེས་དོན་རབ་གསལ་གྱི་བསྡུ་ཚོམས། བཅོམ་ལྡན་རིག་རལ་གྱི་བསླབ་གསུམ་རྒྱན་གྱི་མེ་ཏོག །སོག་བཟློག་པ་བློ་གྲོས་རྒྱལ་མཚན་གྱི་ངེས་དོན་འབྲུག་སྒྲ། སྣར་ཐང་རྒྱང་རོ་བྱང་ཆུབ་འབུམ་གྱི་གསུང་། ཀུན་མཁྱེན་ཀློང་ཆེན་པའི་སྔ་འགྱུར་རྙིང་མ་ལ་རྒོལ་ལན་ལོག་རྟོག་བཟློག་པའི་བསྟན་བཅོས། གཞན་ཡང་ཙ་མི་སངས་རྒྱས་གྲགས། རོང་ཟོམ་པཎྜི་ཏ་དང་ཀརྨ་པ་རང་བྱུང་རྡོ་རྗེ། ཀརྨ་པ་མི་བསྐྱོད་རྡོ་རྗེ། འབྲུག་པ་པདྨ་དཀར་པོ། ཐར་ལོ་ཉི་མ་རྒྱལ་མཚན། དཔའ་བོ་གཙུག་ལག་འཕྲེང་བ། རྒྱལ་དབང་ལྔ་པ། འཁོན་དཀོན་མཆོག་རྒྱལ་པོ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། འཁོན་སྟོན་དཔལ་འབྱོར་ལྷུན་འགྲུབ་སོགས་ཀྱིས་ཀྱང་སྔགས་ལོག་སུན་འབྱིན་གྱི་སྐོར་ལ་དགག་སྒྲུབ་ཀྱི་བསྟན་བཅོས་ཅི་རིགས་པ་མཛད་ཡོད་དོ། །གཞུང་དེ་དག་ལ་ལས་སྔགས་ལོག་སུན་འབྱིན་མཛད་པ་དང་ཡང་ལ་ལས་དེ་དག་ལ་དགག་ལན་སྤྲད་པ་སོགས་རྣམ་པ་ཅི་རིགས་པའི་སྒོ་ནས་སྔགས་ལོག་སུན་འབྱིན་དང་འབྲེལ་བའི་དགག་སྒྲུབ་འདི་ཧ་ཅང་གཞི་རྒྱ་ཆེན་པོ་བྱུང་ཡོད། རྒྱུད་ཁུངས་དག་གང་ཡིན་དང་རྫུས་མ་གང་ཡིན་སོགས་ཀྱི་དགག་སྒྲུབ་ཀྱི་རྩོད་པ་དེང་གི་བར་དུ་ཡོད་པ་འདིའང་སྔགས་ལོག་སུན་འབྱིན་དང་འབྲེལ་བའི་དགག་སྒྲུབ་ཀྱི་རིགས་ཤིག་ཏན་ཏན་ཡིན། དེའི་ཕྱིར་ང་ཚོས་སྔགས་ལོག་སུན་འབྱིན་དང་འབྲེལ་བའི་དགག་སྒྲུབ་ཀྱི་སྐོར་ལ་དོ་སྣང་དམིགས་བསལ་གནང་རྒྱུར་ཡང་ཧ་ཅང་གལ་ཆེ། མ་ཟད་སྔགས་ལོག་སུན་འབྱིན་གྱི་ཡིག་ཆའི་ནང་ནས་ཀྱང་ལྷ་བླ་མ་ཡེ་ཤེས་འོད་དང་ཕོ་བྲང་ཞི་བ་འོད་་ཁུ་ཚ་གཉིས་ཀྱི་བཀའ་ཤོག་ལ་དོ་སྣང་གནང་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། དེ་ཡང་ལོ་རྒྱུས་དངོས་བྱུང་གིས་བདེན་དཔང་བྱས་ཡོད།
༢ ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཤོག་ལས་གསལ་བའི་རིན་ཆེན་ཕྲེང་བ་ཞེས་པའི་གཞུང་དེའི་ངོས་འཛིན་གྱི་སྐོར་ལ་དཔྱད་པ།
དེ་ལ་ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཤོག་ངོ་བཤུས་བྱས་པར། པཎྜི་ཏ་མཻ་ཏྲི་པའི་ཆོས་ལ། རིན་པོ་ཆེའི་ཕྲེང་བ། ན་ག་ཛུ་ནས་མཛད་ཟེར་བའི་ཕྱག་རྒྱ་བཞི་པ་དང་། ཕྱག་རྒྱ་ལྔ་པ་དང་། དབང་རྣམ་པར་ངེས་པ་རྩ་འགྲེལ་དང་བཅས་པ་དང་། ཕྱག་རྒྱ་བཞི་པའི་མན་ངག་དང་། སེམས་འཛིན་རྣམས་དང་། རྣལ་འབྱོར་མའི་བྱིན་རླབས་དང་། རྡོ་རྗེ་ཕག་མོའི་བྱིན་རླབས་དང་སྒྲུབ་ཐབས་མུ་སྟེགས་པ་དང་བསྲེས་ནས་སྣང་བས་བྱར་མི་རུང་ངོ། །ཞེས་འཁོད་ཡོད། གཞན་ཡང་དེར་ཕྱག་ཆེན་མན་ངག་གསེར་ཕྲེང་དང་ཀླུ་བྱང་གིས་མཛད་པར་གྲགས་པའི་རིམ་ལྔའི་འགྲེལ་བ་སོགས་ཀྱང་འཁོད་ཡོད་པས་དཔྱད་དགོས་སའི་གནས་ཧ་ཅང་མང་པོ་འདུག །སྐབས་བབ་ཀྱི་བརྗོད་དོན་པཎྜི་ཏ་མཻ་ཏྲི་པའི་ཆོས་རིན་པོ་ཆེའི་ཕྲེང་བ་ཞེས་པའི་བསྟན་བཅོས་དེ་གང་ལ་ངོས་འཛིན་དགོས་སམ། ད་ལྟ་ང་ཚོའི་མཇལ་ཡུལ་དུ་བཞུགས་ཡོད་དམ། བསྟན་བཅོས་དེའི་ནང་དུ་མུ་སྟེགས་པ་དང་བསྲེས་པའི་སྐོར་གང་དང་གང་ཡིན་ནམ། ཞེས་དཔྱད་འོས་པ་ཆགས་ཡོད། གཞུང་འདི་ལ་སྔ་འགྱུར་མེད་པ་འདྲ་སྟེ། དཀར་ཆག་ལྡན་དཀར་མ་དང་འཕང་ཐང་མ་གང་དུའང་མི་གསལ་ཞིང་། ད་བར་ཏུན་ཧོང་གི་ཡིག་ཚགས་གང་དུའང་ཡོད་པ་མཇལ་རྒྱུ་རྙེད་མེད།
ཞི་བ་འོད་ཀྱི་བཀའ་ཤོག་འདིར་གཞུང་མི་འདྲ་བ་བདུན་ཅུ་དོན་གཉིས་ཙམ་ཞིག་ཐོ་བཀོད་ཡོད་པ་ལས་རིན་ཆེན་ཕྲེང་བ་ནི་དྲུག་ཅུ་པ་དེ་ཡིན། སོག་བཟློག་པ་བློ་གྲོས་རྒྱལ་མཚན་གྱིས་ངེས་དོན་འབྲུག་སྒྲར་འདི་ལ་དཔྱད་བརྗོད་གསལ་ཁ་མ་བྱས་ཤིང་། དཔེ་ཆ་གཞན་གང་དུའང་འདིའི་སྐོར་ལ་གསལ་ཁ་ཅི་ཡང་མེད། ཉེ་རབས་ཀྱི་མཁས་པ་མཁར་རྨེའུ་བསམ་གཏན་རྒྱ་མཚོས་མཛད་པའི་མདའ་དང་འཕང་ཞེས་པའི་དཔེ་ཆར། བསྟན་འགྱུར་པོད་67.,ཨང་1913མིན་ནམ་སྙམ། ཞེས་བཀོད་ཡོད་པ་ཙམ་ལས་དཔྱད་བསྡུར་དམིགས་བསལ་གང་ཡང་གནང་མེད། མཁས་དབང་ཁོང་གིས་གསུངས་པ་ལྟར་ཅི་སྟེ་བསྟན་འགྱུར་དུ་བཞུགས་པའི་གཞུང་དེ་འདི་ཡིན་པའི་དབང་དུ་བྱས་ན། གཞུང་དེ་ནི་སྡེ་དགེའི་བསྟན་འགྱུར་རྒྱུད་སྐོར་གྱི་པོད་ཝི་པའི་ཤོག་གྲངས་༡༡༥-༡༢༠ བར་དུ་བཞུགས་ཡོད་པ་རེད། གཞུང་དེ་ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཤོག་ཏུ་འཁོད་པའི་མཻ་ཏྲི་པའི་རིན་ཆེན་ཕྲེང་བའི་གཞུང་ཡིན་པའི་དོགས་པ་སྐྱེ་དོན་ནི། ད་ལྟར་བསྟན་འགྱུར་ན་བཞུགས་པའི་དེ་ཁོ་ན་རིན་པོ་ཆེའི་ཕྲེང་བ་ཞེས་པའི་གཞུང་འདིའི་མཛད་བྱང་དུ། དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ། ། ཞེས་གསལ་ཡོད་པ་དང་། བཀའ་ཤོག་ཏུའང་པཎྜི་ཏ་མཻ་ཏྲི་པའི་ཆོས་ལ་རིན་པོ་ཆེའི་ཕྲེང་བ་ཞེས་འཁོད་ཡོད་པས་རེད། ཨ་ཝ་དྷུ་ཏཱི་པ་གཉིས་མེད་རྡོ་རྗེ་ཞེས་པ་ནི་མཻ་ཏྲི་པའི་མཚན་གྱི་རྣམ་གྲངས་ཤིག་ཆགས་ཡོད། མཻ་ཏྲི་པས་མཛད་ཅེས་མཛད་བྱང་དུ་འཁོད་པའི་དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་ཞེས་པའི་བསྟན་བཅོས་དེ་སྤྱིར་བོད་ཀྱི་གྲུབ་མཐའ་ཐུན་མོང་ལ་ཡོངས་སུ་གྲགས་མི་ཆེ་མོད། བཀའ་བརྒྱུད་པ་དང་དེའི་ནང་ནས་ཀྱང་ཀཾ་ཚང་པ་རྣམས་ལ་ཡོངས་སུ་གྲགས་ཆེ་བའི་བསྟན་བཅོས་ཤིག་ཡིན། དེའི་རྒྱུ་རྐྱེན་ཡང་ཀརྨ་པ་ཆོས་གྲགས་རྒྱ་མཚོས་ཕྱག་ཆེན་རྒྱ་གཞུང་ཕྱོགས་སྒྲིག་མཛད་པའི་སྐབས་སུ་དེའི་ཁྲོད་དུ་བསྟན་བཅོས་དེ་བཞུགས་སུ་གསོལ་ཡོད་པས་རེད་འདུག །དེར་བརྟེན་བདག་གིས་ཀྱང་གཞུང་འདི་ལན་གྲངས་དུ་མར་ཞིབ་མཇལ་བྱས་མྱོང་ཡོད།
གཞུང་འདིའི་ནང་དོན་ནི། ནང་པ་སངས་རྒྱས་པའི་ཐེག་པ་གསུམ་དང་གྲུབ་མཐའ་བཞིའི་རྣམ་བཞག་ཙམ་ལས་ནང་དོན་གཞན་ཅི་ཡང་མེད། འོན་ཀྱང་གཞུང་འདིའི་ནང་དུ་བཤད་སྟངས་དམིགས་བསལ་བ་འགའ་ཡོད་པ་ནི། མདོ་སྡེ་པ་དེ་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་གྲས་སུ་བཞག་པ་དང་། དབུ་མ་པ་ལ་སྒྱུ་མ་གཉིས་མེད་པ་དང་རབ་ཏུ་མི་གནས་པ་གཉིས་སུ་དབྱེ་བ་དང་། རྣལ་འབྱོར་སྤྱོད་པ་ལ་རྣམ་བཅས་དང་རྣམ་མེད་གཉིས་སུ་བཞག་ནས་རྣམ་བཅས་པའི་སྐྱོན་ལ་ལེགས་ལྡན་པའི་རིག་བྱེད་ཀྱི་རྗེས་སུ་འབྲངས་ནས་ཚངས་པའི་ལྟ་བ་ཡིན་པའི་སྐྱོན་དང་རྣམ་མེད་པ་ལ་ཉི་མའི་གཞུང་གི་རྗེས་དུ་འབྲངས་པའི་སྐྱོན་ཡོད་པར་གསུངས་པ་རྣམས་རེད། དེ་ཙམ་གྱིས་མུ་སྟེགས་པ་དང་བསྲེས་ཞེས་བཤད་ཐུབ་པར་མི་འདུག་པས། འོ་ན་གཞུང་འདི་ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཡིག་ལས་འབྱུང་བའི་རིན་ཆེན་ཕྲེང་བ་ཟེར་བ་དེ་ཡིན་ནམ་ཞེ་ན། ཡིན་པའི་ཕྱོགས་ལ་མཚན་འདྲ་བ་ཙམ་དང་མཛད་པ་པོ་འདྲ་བ་ཙམ་ལས་རྒྱུ་མཚན་གཞན་ཆེར་མི་འདུག་ཅིང་། མིན་པའི་ཕྱོགས་ལ་རྒྱུ་མཚན་བཙན་པོ་ཞིག་ཡོད་དེ། གང་ཞེ་ན། ད་བཞུགས་ཀྱི་དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་ཞེས་པའི་གཞུང་འདི་ནག་ཚོའི་འགྱུར་ཡིན་འདུག་པ་དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ནི་ལྷ་བླ་མ་བྱང་ཆུབ་འོད་དང་ཁོང་གི་གཅུང་པོ་ཕོ་བྲང་ཞི་བ་འོད་གཉིས་ཀྱི་བཀའ་ལུང་ལྟར་ཇོ་བོ་རྗེ་བོད་དུ་གདན་འདྲེན་མཁན་གྱི་ལོ་ཙཱ་བ་ཡིན་འདུག་པས་སོ། ། དེ་ཡང་གཞུང་རང་གི་མཇུག་བྱང་ལས། དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། སློབ་དཔོན་ཨ་ཝ་དྷཱུ་ཏཱི་པ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །། ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། ། ཞེས་གསལ། དེས་ན་ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཤོག་ལས་འབྱུང་བའི་མཻ་ཏྲི་པའི་རིན་ཆེན་ཕྲེང་བ་ཞེས་པ་དེ་བསྟན་བཅོས་གང་འདྲ་ཞིག་ཡིན་མིན་ལ་མུ་མཐུད་ནས་དཔྱད་དགོས་པ་ཆགས་འདུག་གོ། ། ཡང་ལ་ལས་བསམ་པར། ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཤོག་དེ་ཇོ་བོ་མ་ཕེབས་པའི་སྔོན་ནས་བཀྲམ་པ་ཞིག་ཡིན་པ་ལ་དེའི་སྐབས་སུ་བསྟན་བཅོས་འདི་མུ་སྟེགས་པའི་ཤན་ཞུགས་པའི་ངོས་འཛིན་བྱས་ཀྱང་། ཕྱིས་ཇོ་བོ་ཕེབས་པའི་རྗེས་སུ་གཞུང་འདིའི་རྒྱ་དཔེ་རྙེད་ནས་ནག་ཚོས་བསྒྱུར་བ་ཡིན་ནམ་སྙམ་མི་སྲིད་པའང་མིན་ལ། ཡང་ན། སྔར་མཻ་ཏྲི་པའི་རིན་ཆེན་ཕྲེང་བ་མུ་སྟེགས་པའི་ལུགས་བསྲེས་པ་ཞིག་དར་ཡོད་པ་ལ། ཕྱིས་ནག་ཚོས་མཻ་ཏྲི་པའི་རིན་ཆེན་ཕྲེང་བ་ཁུངས་དག་དེ་བསྒྱུར་མཛད་པ་ཡིན་ནམ་སྙམ་མི་སྲིད་པ་ཡང་མ་རེད། འོན་ཀྱང་གཞུང་འདི་ལ་སྔ་འགྱུར་ཡོད་སྐོར་མི་གསལ་ཞིང་། བསྲེ་སླད་ཅན་གྱི་གཞུང་དང་བསྲེ་སླད་མེད་པའི་གཞུང་བཅས་གཉིས་ཡོད་པའི་སྐོར་གྱི་གསལ་ཁ་ཡང་དེ་ཙམ་མེད་པས་དཔྱད་གཞི་ཙམ་དུ་ལུས་འདུག །
གཞན་ཡང་ཀརྨ་པ་ཆོས་གྲགས་རྒྱ་མཚོ་མ་ཕེབས་པའི་སྔ་རོལ་དུ་བཀའ་བརྒྱུད་པའི་ཁྲོད་དུ་གཞུང་འདི་ལ་དོ་སྣང་གནང་མཁན་ཆེན་པོ་བྱུང་མེད་པའི་རྒྱུ་མཚན་ཀྱང་ག་རེ་ཡིན་ནམ། བཀའ་གདམས་པའི་སློབ་དཔོན་བྱ་འཆད་ཁ་བ་ཡེ་ཤེས་རྡོ་རྗེས་མཛད་པའི་གྲུབ་མཐའ་ཆེན་མོ་དང་། བཅོམ་ལྡན་རིག་རལ་གྱིས་མཛད་པའི་གྲུབ་མཐའ་སོགས་གང་དུ་ཡང་གཞུང་འདིའི་སྐོར་མི་གསལ་བ་མ་ཟད་གཞུང་འདིས་ཤུགས་རྐྱེན་ཐེབས་པའི་ཆ་ཤས་ཕྱོགས་ཙམ་ཡང་མི་སྣང་། མ་ཟད་གཞུང་འདིའི་ནང་གི་གྲུབ་མཐའ་བཞིའི་བཤད་སྲོལ་དེ་མཻ་ཏྲི་པའི་སློབ་མ་ཇོ་བོ་རྗེས་མཛད་པའི་ཆོས་དབྱིངས་ལྟ་བའི་གླུ་སོགས་ལས་འབྱུང་བའི་གྲུབ་མཐའ་བཞིའི་བཤད་སྲོལ་དང་ཡང་མི་མཐུན་པ་དང་། མཻ་ཏྲི་པའི་མདོ་མཚན་ཉིད་སྐོར་གྱི་སློབ་དཔོན་ཤཱནྟི་པས་མཛད་པའི་ཐེག་གསུམ་གྱི་རྣམ་བཞག་ལས་འབྱུང་བའི་གྲུབ་མཐའ་བཞིའི་བཤད་ལུགས་དང་ཡང་གཏན་མི་མཐུན་པས་མཻ་ཏྲི་པས་མཛད་པ་མ་ཡིན་བསམ་མི་སྲིད་པ་མིན་མོད། འོན་ཀྱང་མཻ་ཏྲི་པ་ཁོང་གི་སློབ་མ་བཛྲ་པཱ་ཎིས་མཛད་པའི་བླ་མ་བརྒྱུད་པའི་རིམ་པའི་མན་ངག་ཅེས་པ་ལས་གྲུབ་མཐའ་བཞིའི་བཤད་སྲོལ་གཞུང་འདི་དང་མཐུན་པར་མཛད་ཡོད་པའི་ཆ་ནས་མཻ་ཏྲི་པས་མཛད་པའི་གཞུང་ཡིན་པ་གྲུབ་ཐུབ་པ་མ་ཟད། གཞུང་རང་ལས་ཀྱང་། འདིར་ཁོ་བོས་གསང་སྔགས་ཀྱི་གཞུང་ནི་མ་བཤད་དོ། ། ཤིན་ཏུ་ཟབ་པའི་ཕྱིར་དང་། ཟབ་མོའི་ཐེག་པ་ལྷག་པར་མོས་པའི་སྐྱེས་བུའི་སྤྱོད་ཡུལ་ཡིན་པའི་ཕྱིར་དང་། ཕྱག་རྒྱ་བཞི་ལ་སོགས་པའི་སྒྲུབ་པ་རབ་ཏུ་བསྟན་པ་རྒྱས་པའི་ཕྱིར་རོ། ། དེ་ཡང་། དོན་གཅིག་ནའང་མ་རྨོངས་དང་། ། ཐབས་མང་དཀའ་བ་མེད་པ་དང་། ། དབང་པོ་རྣོན་པོས་དབང་བྱས་པས། ། སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། ། ཞེས་བསྟན་པས་སོ། ། དེའང་ཁོ་བོས་དབང་ངེས་པར་བསྟན་པ་ཞེས་བྱ་བ་ནས་བསྟན་ཏོ། ། ཞེས་དབང་ངེས་པར་བསྟན་པ་དང་མཛད་པ་པོ་གཅིག་ཡིན་པར་གསལ་བས་ཀྱང་མཻ་ཏྲི་པས་མཛད་པའི་གཞུང་ཡིན་པ་ལ་དོགས་པ་མེད་དོ། ། དཔལ་ཡེ་ཤེས་རྡོ་རྗེས་མཛད་པའི་དེ་ཉིད་མཐོང་བའི་ལམ་ཞེས་པའི་གྲུབ་མཐའ་བསྟན་བཅོས་ལས་གྲུབ་མཐའ་བཞིའི་བཤད་སྲོལ་མཻ་ཏྲི་པ་ཡབ་སྲས་ཀྱི་གཞུང་འདི་གཉིས་དང་མཐུན་པར་མཛད་ཡོད། གང་ལྟར་ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཤོག་ལས་གསལ་བའི་གཞུང་འདིའི་ངོས་འཛིན་སྐོར་ལ་དཔྱད་གཞིར་ལུས་པ་ཁོ་ན་ལས་འདི་ཡིན་འདི་མིན་བཤད་དཀའ་བའི་གནས་སུ་གྱུར་འདུག་ཅིང་། མཻ་ཏྲི་པས་མཛད་པའི་དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་ཞེས་པ་ད་ལྟ་དངོས་སུ་མཇལ་ཡུལ་དུ་ཡོད་པ་འདི་ནི་ཁུངས་ལྡན་དང་བསྟན་བཅོས་རྣམ་དག་ཅིག་ཡིན་པར་སེམས་ཤིང་། འོན་ཀྱང་རྒྱ་འགྲེལ་རྣམས་སུ་གཞུང་འདི་ཁུངས་སུ་དྲངས་པ་ཕལ་ཆེར་ཧ་ཅང་དཀོན་ཞིང་། གོ་རམས་པས་ངག་དབང་གྲགས་པས་མཛད་པ་ལྟར་ཡང་གསུངས་པས་ཅུང་ཟད་དཔྱད་དགོས། མ་ཟད་བདག་གིས་བསམ་པར། བཀའ་བརྒྱུད་པ་ཚོས་ཁུངས་ལྡན་དུ་བརྩི་བཞིན་པའི་དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་ནི་ནང་པའི་བསྟན་བཅོས་རྣམ་དག་ཡིན་འདུག་པ་དང་མུ་སྟེགས་པ་དང་འདྲེས་པའི་སྐོར་ཟུར་ཙམ་ཡང་མི་སྣང་བ་དང་། ཁྱད་པར་གཞུང་འདི་ནག་ཚོའི་འགྱུར་ཡིན་པས་ཕོ་བྲང་ཞི་བ་འོད་ཀྱིས་གསུངས་པའི་རིན་ཆེན་ཕྲེང་བ་དེ་མ་ཡིན་པར་སྣང་ལ། སྐབས་དེ་ཤེད་ཅིག་ཏུ་ལ་ལ་ཞིག་གིས་མཻ་ཏྲི་པའི་རིན་ཆེན་ཕྲེང་བ་ལ་བསླད་བཅུག་སྟེ་བཟོས་པས་ཞི་བ་འོད་ཀྱིས་དེ་ལ་དགག་པ་གནང་བ་ཡིན་ནམ་སྙམ་མོ། ། འོན་ཀྱང་འདི་ནི་ངོས་རང་གིས་འཚོལ་ཞིབ་ཀྱི་ཁྲོད་ནས་རྙེད་པའི་སོ་སོ་རང་གི་ལྟ་ཚུལ་ཙམ་ཡིན་པ་ལས་ཐག་ཆོད་ཚར་བའི་གཏམ་གང་ཡང་མ་ཡིན་པས་བློ་དང་ལྡན་པ་ཚོས་མུ་མཐུད་ནས་དཔྱད་དགོས་སོ། །
གཞན་ཡང་གོ་རམས་པས་མཛད་པའི་ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཁ་སྐོང་དང་བཅས་པ་ཞེས་པ་ལས། རྒྱལ་རིགས་ཉི་མའི་ཟེར་ལ་གཤེགས། །རིལ་བུ་ས་འོག་མིག་སྨན་སྤྱོད། །ངག་གི་དབང་ཕྱུག༴། བླ་མ༴ཞེས་བསྟོད་པའི་སློབ་དཔོན་ངག་དབང་གྲགས་པས། གསང་འདུས་དང་བརྟག་གཉིས་གཉིས་ཀ་ལ་བརྟེན་ནས། བཞི་པ་སྣང་བ། ཡན་ལག་བདུན་ལྡན། དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་སྟེ་གཞུང་གསུམ་བརྩམས། དེའི་དོན་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་གདམས་ངག་མཛད་དོ། ། ཞེས་གསུངས་པ་ཡང་ཡོད་དོ། །
༢ མཻ་ཏྲི་པས་མཛད་པའི་དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་ཞེས་པའི་གཞུང་དེས་བཀའ་བརྒྱུད་པའི་ཡིག་ཆར་ཤུགས་རྐྱེན་གང་འདྲ་ཐེབས་ཡོད་ཚུལ་ལ་དཔྱད་པ།
ད་ལྟར་སྡེ་དགེའི་བསྟན་འགྱུར་གྱི་རྒྱུད་སྐོར་པོད་ཝི་པའི་ནང་དུ་བཞུགས་པའི་དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་ཞེས་པའི་བསྟན་བཅོས་འདི་ནི་གྲུབ་མཐའི་བསྟན་བཅོས་ཤིག་ཡིན་འདུག་པ་དང་། འདིའི་ནང་དུ་ནང་པ་སངས་རྒྱས་པའི་གྲུབ་མཐའ་བཞིའི་རྣམ་བཞག་མདོར་བསྡུས་པ་ཙམ་ལས་ཕྱི་རོལ་པའི་གྲུབ་མཐའི་སྐོར་དང་སྔགས་ཀྱི་གྲུབ་མཐའི་སྐོར་ཅི་ཡང་བཤད་མི་འདུག་པ་མ་ཟད། སྔགས་ཀྱི་སྐོར་མ་བཤད་ཅེས་གཞུང་རང་ལས་འབྱུང་། འོན་ཀྱང་བཀའ་བསྟན་བསྡུ་སྒྲིག་པ་རྣམས་ཀྱིས་གཞུང་འདི་ཉིད་རྒྱུད་སྐོར་དུ་བཞུགས་སུ་གསོལ་དགོས་པའི་རྒྱུ་མཚན་གང་ཡིན་ལ་གསལ་ཁ་ཅི་ཡང་མེད་དོ། །
གཞུང་འདི་རྒྱལ་བ་མཻ་ཏྲི་པས་མཛད་པའི་གྲུབ་མཐའི་བསྟན་བཅོས་ཤིག་ཡིན་པ་དང་འདིར་མདོ་སྡེ་པ་དང་སེམས་ཙམ་པའི་རྣམ་བཞག་བཅས་ལ་ཡོངས་གྲགས་ཀྱི་བཤད་སྟངས་རྣམས་དང་མི་འདྲ་བ་ཡོད། གཞུང་འདིས་ཕྱག་རྒྱ་པའི་ལུགས་ཀྱི་གྲུབ་མཐའ་བཞིའི་བཤད་སྲོལ་དང་བཀའ་གདམས་པའི་ལུགས་ཀྱི་གྲུབ་མཐའ་བཞིའི་བཤད་སྲོལ་ལ་ཤུགས་རྐྱེན་ཐེབས་དགོས་པ་ལྟ་བུར་གྱུར་ཡོད་ཀྱང་། དེ་ཡང་བྱ་འཆད་ཁ་བ་ཡེ་ཤེས་རྡོ་རྗེས་མཛད་པའི་གྲུབ་མཐའ་ཆེན་མོ་དང་བཅོམ་ལྡན་རིག་རལ་གྱིས་མཛད་པའི་གྲུབ་མཐའ་རྒྱན་གྱི་མེ་ཏོག་གིས་གཙོས་པའི་བཀའ་གདམས་པའི་མཁས་པ་རྣམས་ཀྱིས་མཛད་པའི་གྲུབ་མཐའ་བསྟན་བཅོས་རྣམས་ལ་གཞུང་འདིས་ཤུགས་རྐྱེན་ཐེབས་པ་ཕལ་ཆེར་མཐོང་རྒྱུ་མེད་ཅིང་། ཕལ་ཆེ་བར་བཙུན་པ་རབ་འབྱོར་དབྱངས་ཀྱིས་མཛད་པའི་ཐེག་པ་ཐམས་ཅད་སྣང་བར་བྱེད་པ་བྱེ་བྲག་ཏུ་བཤད་པ་དང་དགྲ་ལས་རྒྱལ་བའི་བདེ་གཤེགས་གཞུང་རྣམ་འབྱེད་དང་གནས་བརྟན་བྱང་བཟང་གི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་བཤད་པ་བཅས་ཀྱིས་ཤུགས་རྐྱེན་ཐེབས་པ་མང་། ཕྱག་རྒྱ་པའམ་བཀའ་བརྒྱུད་པའི་གྲུབ་མཐའ་བཞིའི་བཤད་སྲོལ་ལའང་གཞུང་འདིས་ཤུགས་རྐྱེན་ཐེབས་པ་ཧ་ཅང་ཉུང་སྟེ། ཀརྨ་པ་ཆོས་གྲགས་རྒྱ་མཚོའི་སྔ་རོལ་དུ་གཞུང་འདིའི་བཤད་སྲོལ་ལྟར་བྱས་པའི་བཀའ་བརྒྱུད་པའི་མཁས་པས་མཛད་པའི་གྲུབ་མཐའི་བསྟན་བཅོས་ཤིག་མཇལ་རྒྱུ་མེད་པ་མ་ཟད། མར་རྔོག་གི་བརྟག་གཉིས་ཀྱི་འགྲེལ་པ་ཁག་ལས་ལྟ་བ་རིམ་འཇུག་གི་བཤད་པ་མཛད་པའི་སྐབས་སུ་གྲུབ་མཐའ་བཞིའི་བཤད་པ་མདོར་བསྡུས་འབྱུང་བ་རྣམས་ལས་ཀྱང་ཡོངས་གྲགས་ཀྱི་བཤད་སྟངས་ནང་བཞིན་དུ་འབྱུང་བ་ལས་གཞུང་འདིས་ཤུགས་རྐྱེན་ཐེབས་པའི་རྣམ་པ་ཟུར་ཙམ་ཡང་མི་གསལ། གྲུབ་ཆེན་ཀརྨ་པཀྵིས་མཛད་པའི་གྲུབ་མཐའི་བསྟན་བཅོས་ལུང་རིགས་རྒྱ་མཚོ་མཐའ་ཡས་དང་མཉམ་མེད་དྭགས་པོའི་གསུང་དག་ལས་འབྱུང་བའི་གྲུབ་མཐའ་བཞིའི་སྐོར་ཅུང་ཙམ་གསལ་བ་རྣམས་ལའང་གཞུང་འདིས་ཤུགས་རྐྱེན་ཐེབས་པའི་སྐོར་ཕྱོགས་ཙམ་ཡང་མི་གསལ། ཀརྨ་པཀྵིའི་གཞུང་གཞན་དུ་་མདོ་སྡེ་པས་ཕྱི་དོན་མི་འདོད་པ་ལྟ་བུའི་རྣམ་བཞག་ཅུང་ཙམ་རེ་གསལ་ཡང་གཞུང་འདིས་ཤུགས་རྐྱེན་ཐེབས་པ་ལྟ་བུའི་རྣམ་པ་ནི་གཏན་ནས་མི་གསལ། རྗེ་རོལ་པའི་རྡོ་རྗེས་མཛད་པའི་གཅོད་ཀྱི་བཀའ་ཚོམས་ཆེན་མོའི་ཟིན་བྲིས་སུ་ཡང་གྲུབ་མཐའ་བཞིའི་རྣམ་བཞག་མདོར་བསྡུས་འབྱུང་ཡང་གཞུང་འདིས་ཤུགས་རྐྱེན་ཐེབས་པའི་རྣམ་པ་ནི་མི་གསལ། ཕྱིས་སུ་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོས་ཕྱག་ཆེན་རྒྱ་གཞུང་ཕྱོགས་སྒྲིག་མཛད་པའི་སྐབས་སུ་གཞུང་འདི་ཡང་དེའི་ཁྲོད་དུ་བསྒྲིགས་མཛད་ཡོད། གཞུང་འདི་དང་བཛྲ་པཱ་ཎིའི་བླ་མ་བརྒྱུད་པའི་རིམ་པའི་མན་ངག་དང་། ཤཱནྟི་པའི་ཐེག་གསུམ་རྣམ་བཞག་དང་། ཡེ་ཤེས་རྡོ་རྗེའི་དེ་ཉིད་མཐོང་བའི་ལམ་བཅས་ནི་གྲུབ་མཐའ་བསྟན་བཅོས་ཡིན་པ་ཙམ་ལས། གཞུང་འདི་དག་གི་དངོས་བསྟན་དུ་དམིགས་བསལ་ཕྱག་ཆེན་དང་འབྲེལ་བའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་འདི་འདྲ་བསྟན་འདུག་བསམ་པ་ཅི་ཡང་མེད་པ་ལ། ཕྱག་ཆེན་གྱི་གཞུང་གི་གྲས་སུ་བཞུགས་སུ་གསོལ་དགོས་དོན་གང་ཡིན་ནམ་ཞེས་དོགས་པ་ཞིག་མི་འབྱུང་ཀ་མེད་དུ་གྱུར་ཡོད། མ་ཟད་ཇོ་ནང་གི་མཁས་པ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ཞེས་པ་ལས། ཐེག་པ་ཐུན་མོང་གི་ལྟ་བ་སྟོན་པ་དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་བཛྲ་པཱ་ཎི་དང་། ནག་ཚོ་ཚུལ་རྒྱལ་གྱི་འགྱུར། ཞེས་གསལ་བ་སོགས་ཀྱང་ཡོད།
དེ་བས་གཞུང་འདི་ཕྱག་ཆེན་རྒྱ་གཞུང་གི་གྲས་སུ་བཞུགས་སུ་གསོལ་བ་འདི་ལ་བསམ་བློ་གཏོང་ས་རིགས་གཉིས་འདུག་སྟེ། ༡ གཞུང་འདི་དག་ལས་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མའི་སྐོར་གསལ་བ་གང་ཞིག ། ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་ཞེས་པ་ཕྱག་རྒྱ་ཆེན་པོའི་དབུ་མ་ལ་ཞལ་བཞེས་མཛད་དགོས་པ་རྗེ་ཆོས་གྲགས་རྒྱ་མཚོ་དང་ཀརྨ་ཕྲིན་ལས་པ་ཡབ་སྲས་གཉིས་ཀྱིས་གསུངས་པ་གང་ཞིག ། དེའི་དབང་གིས་ཕྱག་ཆེན་རྒྱ་གཞུང་གི་གྲས་སུ་བཞུགས་སུ་གསོལ་བ་ཡིན་ཞེས་ཟེར་བའམ། ༢ ཡང་ན་རྣམ་འགྲེལ་གྱི་དགོངས་པ་མཐར་ཐུག་ཕྱག་ཆེན་དུ་གནས་པ་ནི་རྗེ་འཇིག་རྟེན་གསུམ་མགོན་དང་ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་ཀརྨ་ཕྲིན་ལས་པ་བཅས་ཀྱིས་གསུངས་ཤིང་། ཁྱད་པར་དུ་ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་ཀརྨ་ཕྲིན་ལས་པ་ཡབ་སྲས་གཉིས་ཀྱིས་རྣམ་འགྲེལ་ནས་བསྟན་པའི་གཞན་སེལ་གྱི་ལྟ་བ་དང་རང་རིག་གི་ལྟ་བ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་ལྟ་བ་དང་མཐུན་པའི་རྣམ་བཞག་བསྟན་གྱི་ཡོད་པར་ཞལ་བཞེས་མཛད་ཡོད་པས། གནད་དེ་འདྲའི་རེའི་དབང་གིས་མདོ་སྡེ་པའི་གྲུབ་མཐའ་འདི་ཐེག་ཆེན་གྱི་གྲས་སུ་བཞག་པ་ཡིན་ལ། དེ་ལྟར་བཞག་པའི་ཁུངས་ཀྱང་གོང་གསལ་གྱི་གཞུང་དེ་དག་ལས་གསལ་བས་གཞུང་དེ་དག་ཕྱག་ཆེན་རྒྱ་གཞུང་གི་གྲས་སུ་བཞུགས་སུ་གསོལ་བ་ཡིན་ཞེས་བཤད་དགོས་པ་འདྲ། ཡང་ན་གྲུབ་ཆེན་ཀརྨ་པཀྵིས་མཛད་པའི་གྲུབ་མཐའ་ལུང་རིགས་རྒྱ་མཚོ་མཐའ་ཡས་ལས་གསུངས་པ་ལྟར་ཡིན་ནམ་སྙམ་སྟེ། ཡང་གྲུབ་ཆེན་ཀརྨ་པཀྵིའི་གྲུབ་མཐའ་ལུང་རིགས་རྒྱ་མཚོ་མཐའ་ཡས་ལས། ནཱ་རོ་བརྒྱུད་པའི་བཞེད་དགོངས་ཀྱིས། སྣང་སྲིད་འཁོར་འདས་ཕྱག་རྒྱ་ཆེན་པོ་སྟེ། ཚད་གཞལ་མེད་པའི་ཚད་མ་ཡིན། འོན་ཀྱང་ཕྱི་ནང་གྲུབ་མཐའ་སྒྲ་ཚད་སྣ་ཚོགས་མ་གོ་ཚེ། ཆོས་རྣམས་ཀུན་གྱི་སྒྲ་དོན་རྣམས་རྟོགས་ཤིང་མཁྱེན་པ་ཤིན་ཏུ་དཀའ། དེའི་ཕྱིར་ན་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རུ་མཁའ་འགྲོ་ལྔ་ཡིས་བྱིན་གྱིས་བརླབས་ཤིང་། གསུང་མི་ཟད་པ་རྒྱན་གྱི་འཁོར་ལ་མངའ་བརྙེས་པ་ནི་རྟོགས་པ་རབ་འབྱམས་མཁྱེན་པའི་ཡེ་ཤེས་ནི། ནཱ་རོ་བརྒྱུད་པའི་རྟོགས་ཚུལ་ཡིན། ཞེས་གསུངས་པ་ལྟར། དཔལ་རྒྱལ་བ་བཀའ་བརྒྱུད་པའི་ལུགས་འདིར་དཔལ་བརྟག་པ་གཉིས་པའི་ལྟ་བ་རིམ་འཇུག་གི་དགོངས་པ་དང་དུས་ཀྱི་འཁོར་ལོར་གྲུབ་མཐའ་རྣམ་བཞི་བསྟན་པའི་དགོངས་པ་དང་མཐུན་པར། སྔོན་གྱི་དུས་སུ་གྲུབ་མཐའི་བསྟན་བཅོས་མང་དུ་མཛད་ཡོད་དེ། དཔེར་མཻ་ཏྲི་པའི་དེ་ཉིད་ཕྲེང་བ། བཛྲ་པཱ་ཎི་བླ་མ་བརྒྱུད་པའི་རིམ་པའི་མན་ངག ལྷན་སྐྱེས་རྡོ་རྗེའི་གནས་པ་བསྡུས་པ། ཤཱནྟི་པའི་ཐེག་གསུམ་རྣམ་བཞག ཇོ་བོ་རྗེའི་དབུ་མ་ཆོས་དབྱིངས་ལྟ་བའི་གླུ། དཔལ་ཡེ་ཤེས་རྡོ་རྗེའི་དེ་ཉིད་མཐོང་བའི་ལམ་སོགས་ཕྱག་ཆེན་རྒྱ་གཞུང་གི་གྲས་སུས་བཞུགས་སུ་གསོལ་བའི་གྲུབ་མཐའི་བསྟན་བཅོས་ཀྱང་དུ་མ་ཡོད་དོ། ། ཕྱིས་སུ་དྭགས་པོ་རིན་པོ་ཆེས་གྲུབ་མཐའི་ཆ་མཐུན་ཁྱད་འཕགས། ཀརྨ་པཀྵིས་མཛད་པའི་གྲུབ་མཐའ་ལུང་རིགས་རྒྱ་མཚོ་མཐའ་ཡས་སོགས་དུ་མ་བཞུགས་ཡོད། འོན་ཀྱང་དུལ་མོ་བཀྲ་ཤིས་འོད་ཟེར་གྱིས་མཛད་པའི་གྲུབ་མཐའ་དང་། ཀརྨའི་ཤིང་རྟ་དང་། ཤེས་བྱ་ཀུན་ཁྱབ་སོགས་ལ་གཞུང་འདིས་ཤུགས་རྐྱེན་ཐེབས་པ་མེད་ཚོད་འདུག་པས་དཔྱད་འོས། གཞན་ཡང་བཀའ་བརྒྱུད་ཀྱི་ཕྱོགས་སུ་འབའ་ར་བས་མཛད་པའི་གྲུབ་མཐའ་དང་། གཟུ་རུ་དཀོན་མཆོག་བསྟན་འཛིན་གྱིས་མཛད་པའི་གྲུབ་མཐའ་རྣམས་ལའང་གཞུང་འདིས་ཤུགས་རྐྱེན་ཐེབས་པ་ལྟ་བུར་མི་སྣང་། གང་ལྟར་དེང་གི་བཀའ་བརྒྱུད་པའི་རྗེས་མཇུག་ཏུ་རློམ་པ་ཚོས་རང་བསྟན་ལ་ལྷག་བསམ་ཡོད་མདོག་གིས་འུར་ཆེ་མང་པོ་འདོན་བཞིན་འདུག་ཀྱང་། སྙིགས་མའི་དུས་ཀྱི་མཐར་ཐུག་པའི་སྐབས་འདིར་སྲིད་པའི་རང་མཚང་ལ་འདོད་རྔམས་འདུར་རྒྱུགས་ཀྱི་བང་རྩལ་འགྲན་པ་ལས། ཞི་དུལ་བག་ཕེབས་ཀྱི་ངང་ནས་ཇི་སྐད་ཞུས་པའི་ཟབ་གནད་དག་ལ་ཐུགས་རྟོག་འཇུག་པ་ཉིན་སྐར་ལས་དཀོན་འདུག་གོ། །
དེ་ཡང་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོས་ཕྱག་ཆེན་རྒྱ་གཞུང་གི་གྲས་སུ་གཞུང་འདི་བསྡུ་བསྒྲིགས་གནང་ཚར་རྗེས་ནས། གཞུང་འདིས་བཀའ་བརྒྱུད་པའི་གྲུབ་མཐའ་བཞིའི་བཤད་སྲོལ་ལ་ཤུགས་རྐྱེན་ཅུང་ཟད་རེ་ཐེབས་ཡོད་དེ། དཔེར་ན་ཞྭ་དམར་བཞི་པ་སྤྱན་སྔ་ཆོས་ཀྱི་གྲགས་པས་མཛད་པའི་མདོ་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པ་ཞེས་པའི་ནང་དུ་གྲུབ་མཐའ་བཞིའི་བཤད་སྲོལ་འཆད་པ་ན་གཞུང་འདི་ལ་ཁུངས་བཅོལ་ནས་གསུངས་མཛད་ཡོད་པ་དང་། ཀརྨ་པ་བརྒྱད་པ་ཀུན་མཁྱེན་བླ་མ་མི་བསྐྱོད་རྡོ་རྗེས་མཛད་པའི་སྐུ་གསུམ་ངོ་སྤྲོད་ལས། རྗེ་བཙུན་མཻ་ཏྲི་པས་ནི། མདོའི་ལམ་གྱི་ས་བཅུ་ལས་བཅུ་གཅིག་པ་གཏན་ཐོབ་མི་ནུས་ཞེས་པའང་མདོའི་ལམ་གྱིས་སྔགས་ཀྱི་ས་བཅུ་གཅིག་པ་གཏན་མི་ཐོབ་ཞེས་དགོངས་པ་ལ་ཡིན་མཆིས་ཏེ། དེ་ལྟ་མ་ཡིན་ན་མཻ་ཏྲི་པ་རང་ལའང་མི་རུང་བར་འགྱུར་བའི་ཕྱིར་ཏེ། ཉིད་ཀྱི་ལེགས་པར་བཤད་པའི་ཨ་མ་ན་སིའི་ཆོས་བསྐོར་དུ་གྲགས་པ་རྣམས་སུ་མདོའི་ལུགས་ཀྱི་སངས་རྒྱས་ཡོད་པ་རྒྱས་པར་བཤད་ཅིང་། ཁྱད་པར་བསྟན་བཅོས་དེ་དག་ལས། དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་དེར་ཐེག་པ་གསུམ་དང་། གནས་པ་བཞིའི་རྣམ་བཞག་མང་དུ་བྱས་པར་ཐེག་པ་ཆེན་པོ་ལ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། སྔགས་ཀྱི་ཐེག་པ་གཉིས་གཉིས་སུ་བྱས་ཤིང་། རྒྱུའི་ཐེག་པ་ལ་མདོ་སྡེ་པ་དང་། རྣལ་འབྱོར་༼༥༦༠༽སྤྱོད་པ་བ་དང་། དབུ་མ་པ་གཉིས་དང་། འབྲས་བུའི་ཐེག་པ་ལའང་རྣལ་འབྱོར་སྤྱོད་པ་བ་དང་། དབུ་མ་ལ་གནས་པ་གཉིས་ཡོད་པ་སོགས་རྒྱས་པར་གསུངས་པའི་མཇུག་སྡུད་དུ། མདོ་ལུགས་ཀྱི་སངས་རྒྱས་སྐུ་གསུམ་གྱི་རྣམ་གཞག་མངོན་པར་རྟོགས་པའི་རྒྱན་ལས་བྱུང་བའི། གང་གིས་སྲིད་པ་ཇི་སྲིད་བར། །ཞེས་སོགས་དྲངས་ནས། འདིར་ཁོ་བོས་གསང་སྔགས་ཀྱི་གཞུང་མ་བཤད་དོ་ཞེས་འབྱུང་ལ་ཡང་དེས་མཛད་པའི་ལྟ་བ་ངན་སེལ་ལས་མདོའི་ལམ་གྱིས་མདོ་ལུགས་ཀྱི་སངས་རྒྱས་ཡོད་པར་བཤད་དེ། ཞེས་གསུངས། ཕྱིས་ཀྱི་མཁས་པ་འབཻ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་གྲུབ་མཐའ་ལས་ཀྱང་གཞི་འདི་ལ་ཁུངས་བཅོལ་ནས་བཤད་པ་མཛད་གནང་ཡོད།
གཞུང་འདིའི་ཤུགས་རྐྱེན་འདི་ཀཾ་ཚང་པའི་ཁྲོད་དུ་མ་གཏོགས་བཀའ་བརྒྱུད་པ་གཞན་གྱི་ཁྲོད་དུ་ཆེར་བྱུང་མེད་པ་འདྲ། དེ་ནས་བཟུང་ཀཾ་ཚང་པའི་ཁྲོད་དུ་གྲུབ་མཐའི་བཤད་སྲོལ་ལ་ཕྱོགས་གཉིས་སུ་གྱེས་ཡོད་དེ། མདོ་སྡེ་པའི་ཐེག་ཆེན་གྱི་གྲུབ་མཐའི་ནང་དུ་བཞག་ནས་བཤད་སྲོལ་ཞིག་དང་། དེ་ཐེག་དམན་གྱི་གྲུབ་མཐའི་ནང་དུ་བཞག་ནས་བཤད་སྲོལ་གཅིག་སྟེ་གཉིས་སུ་གྱེས་སོ། །དེ་ནས་རིམ་པར་ཀཾ་ཚང་པའི་ཁྲོད་དུ་མདོ་སྡེ་པའི་གྲུབ་མཐའ་བཤད་སྲོལ་ལ་རྣམ་པ་མི་འདྲ་གསུམ་དུ་གྱེས་ཡོད་པ་སོགས་བཤད་བྱ་མང་ནའང་རེ་ཞིག་སྐབས་དོན་མིན་པས་བཞག །གང་ལྟར་ཡང་ཀརྨ་པ་བདུན་པས་གཞུང་འདི་ཕྱག་ཆེན་རྒྱ་གཞུང་གི་གྲས་སུ་བསྡུ་བསྒྲིགས་མཛད་ཚར་རྗེས་ནས་བཟུང་སྟེ་གཞུང་འདིས་ཀཾ་ཚང་པའི་གྲུབ་མཐའི་བསྟན་བཅོས་ཀྱི་ཁྲོད་དུ་གོ་ས་དམིགས་བསལ་ཞིག་བཟུང་ཡོད་པས། ང་ཚོས་འདིའི་སྐོར་ལ་རྒྱུས་ལོན་དང་འཚོལ་ཞིབ་གནད་སྨིན་གནང་རྒྱུ་གལ་ཆེ་བར་འདུག་ཀྱང་། ཕལ་མོ་ཆེ་ཞིག་ལེ་ལོའི་ཁྲོད་དུ་རྙིང་ཞེན་ཨུ་ཚུགས་རིང་ལུགས་པ་ཁོ་ནར་གྱུར་འདུག་པས། དཔྱད་གཏམ་འདི་ཡང་དེ་དག་ལ་བྲིན་དུ་རེ་བ་དང་མི་བྲིན་པའི་དོགས་པ་སོགས་གང་ཡང་མེད་ཅིང་། རང་དང་སྐལ་བ་མཉམ་པའི་བློ་གྲོ་གསར་བུ་བ་འགའ་ལ་ཕན་དུ་རེ་ནས་བྲིས་པ་དགེ་ལེགས་འཕེལ།
– – – – –