གཟུགས་སྐུ་ནས་མི་ཤིགས་རྡོ་རྗེའི་སྐུའི་བར་གྱི་སྐུ་ལྔའི་རྣམ་གཞག་བྱུང་འཕེལ་ལ་དཔྱད་པ་སྔོན་མེད་གཏམ་གྱི་རོལ་མོ།

1
735

གསལ་འདེབས། 

སྐུ་ཁམས་བཟང་ལགས།  གལ་ཏེ་ཁྱེད་རང་གཙོ་བོར་དད་པ་དག་སྣང་གིས་ཉམས་ལེན་ལ་གཞོལ་མཁན་དང་།  ནང་བསྟན་ལ་གོ་རྟོགས་ཟབ་མོ་དེ་ཙམ་མེད་ན་དཔྱད་རྩོམ་འདི་མི་ཀློག་པར་ཞུ།   གལ་ཏེ་ཁྱེད་རང་ནང་བསྟན་ལ་གོ་རྟོགས་ཟབ་མོ་ཡོད་པའམ།  སྤྲོས་པའི་མཐའ་བཅད་དེ་གཞུང་ལ་ཐོས་བསམ་མཁན་ཞིག་ཡིན་ཚེ་གཞུང་འདི་བཀླག་ན་འོས་ཏེ།  དང་ཐོག་རང་གི་སྔར་ཡོད་ཀྱི་རྣམ་གཞག་གཏོར་ནས་དད་སེམས་ལ་ཕོག་ཐུག་འབྱུང་སྲིད་ཀྱང་།  ཡུན་དུ་དཔྱད་པ་ན་མཆོག་གསུམ་ལ་དད་གུས་སྔར་ལྟར་སོར་ཆུད་པར་ནུས་པས་སོ།   །གཞན་ཡང་རྣམ་གཞག་འདིའི་རིགས་སྔ་ཕྱི་ཙམ་མ་གཏོགས་ང་ཚོས་དང་ལེན་དགོས་པས་གཞུང་ཆེན་པོ་ལ་ཐོས་བསམ་སྐབས་ནས་ཀྱང་འདིའི་རིགས་ལ་འབྲེལ་འདྲིས་ཐུབ་ན་སྒྲོ་འདོགས་དུས་ཐོག་ཏུ་གཅོད་ཐུབ་པས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་མི་འབྱུང་བའི་དགེ་མཚན་ཆེན་པོ་སྣང་ངོ་།  །

གླེང་གཞི། 

བཅོམ་ལྡན་འདས་སྐུ་ལྔའི་བདག་ཉིད་དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ།  །

དེ་ཡང་ནང་པའི་གསུང་རབ་རྣམས་སུ་གཟུགས་སྐུ་ནས་མི་ཤིགས་རྡོ་རྗེའི་སྐུའི་བར་གྱི་སྐུའི་རྣམ་གཞག་མང་པོ་ཞིག་མཇལ་དུ་ཡོད་ཀྱང་ཁོ་བོ་ལ་ཆ་མཚོན་ན་དེ་རྣམས་གྲུབ་མཐའ་དང་སློབ་དཔོན་གང་དག་གིས་ཇི་ལྟར་བཞེད་པ་དང་།  བཀའ་བསྟན་གང་ལས་ཇི་ལྟར་འབྱུང་བའི་ཚུལ་གསལ་བོར་མི་ཤེས་པས་སྐུ་ཡི་རྣམ་གཞག་ལ་ཐུག་སྐབས་མགོ་རྨོངས་པའི་དཀའ་ངལ་ཞིག་ཕྲད་ཀྱི་ཡོད།  ཉེ་བའི་ཆར་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་དེབ་སྔོན་གསར་མ་ལས་སྐུའི་རྣམ་གཞག་དེ་བཀླགས་པས་སྐུ་ཡི་བྱུང་འཕེལ་སྐོར་ནས་བློ་སྒོ་གསར་པ་ཞིག་ཕྱེས་སོང་མོད།  ཞིབ་ཀྱིས་བལྟས་པ་ན་དེ་ཡང་དེ་ཙམ་འཐུས་སྒོ་ཚང་བ་དང་གནད་ལ་ཁེལ་བའི་བཤད་པར་མ་མཐོང་བས་འདིར་སྐུ་ལྔའི་རྣམ་གཞག་བྱུང་འཕེལ་སྐོར་ནས་ཆ་ཡོངས་སུ་རྫོགས་པའི་རྣམ་གཞག་ཅིག་གཏན་ལ་འབེབས་འདོད་ཀྱི་བློ་སྐྱེས་སོ།  །

དེ་ཡང་ནང་ཆོས་དར་ནས་ལོ་དྲུག་བརྒྱ་ཙམ་གྱི་ཡུན་ལ་བཀའ་དང་བསྟན་བཅོས་རྣམས་སུ་གཟུགས་སྐུ་དང་ཆོས་སྐུ་ཙམ་ལས་ལོངས་སྤྲུལ་གྱི་སྐུའི་རྣམ་གཞག་མི་འབྱུང་ཞིང་།  སློབ་དཔོན་དཔའ་བོ་ཡན་དུ་ཆོས་སྐུ་ཞེས་པ་ནི་སངས་རྒྱས་ཀྱིས་གསུངས་པའི་ཆོས་རང་ལ་གོ་ཞིང་།  གཟུགས་སྐུ་ཞེས་པ་ནི་སངས་རྒྱས་ཀྱི་སྐུ་གཟུགས་རང་ལ་བཞེད་ཀྱང་།  འཕགས་པ་ཀླུ་སྒྲུབ་ཀྱིས་སྐུ་གཉིས་པོའི་གོ་དོན་ཇེ་ཟབ་ཏུ་བཏང་།  དེའི་རྗེས་ཙམ་ནས་སྟོན་པ་སངས་རྒྱས་ཉིད་སྤྲུལ་པ་རུ་འདོད་པའི་བཞེད་པ་བྱུང་སྟེ།  གཟུགས་སྐུ་ཡི་ཚབ་ཏུ་སྤྲུལ་སྐུ་བཞག་ནས་སྐུ་ལ་ཆོས་སྐུ་དང་སྤྲུལ་སྐུ་གཉིས་སུ་བསྟན་པར་མཛད།  དེ་ནས་སྤྲུལ་སྐུ་ཡི་སྤྲུལ་གཞི་ལོངས་སྐུ་དགོས་པར་དགོངས་ཏེ་སྐུ་གསུམ་གྱི་རྣམ་གཞག་བསྟན་པའི་འཁོར་ལོ་ཐ་མའི་མདོ་བྱུང་ཞིང་།  མདོ་དེའི་རྗེས་སུ་འབྲངས་ནས་མདོ་སྡེ་རྒྱན་ལས་ལོངས་སྤྲུལ་གྱི་རྣམ་གཞག་བྱས་པས་དེ་ནི་སྐུ་གསུམ་གྱི་ཚུལ་གསལ་བའི་བསྟན་བཅོས་ཐོག་མར་གྱུར།  དེ་ནས་སློབ་དཔོན་རྣམ་སྣང་མཛད་བཟང་པོའམ་ཞི་བ་འཚོ་ཡིས་སངས་རྒྱས་སའི་དབྱིངས་ལ་ངོ་བོ་ཉིད་སྐུ་དང་།  ཡེ་ཤེས་ལ་ཆོས་སྐུའི་རྣམ་གཞག་བྱས་པས་དེ་ནས་བཟུང་སྐུ་བཞིའི་རྣམ་གཞག་རྒྱ་ཁྱབ་ཏུ་དར་རུང་མཚན་ཉིད་ཐེག་པའི་བཀའ་རྣམས་སུ་སྐུ་བཞིའི་རྣམ་གཞག་གཏན་ནས་མི་འབྱུང་།  དེ་ནས་གསང་སྔགས་ཀྱི་བཀའ་རྣམས་སུ་སྐུ་བཞིའི་རྣམ་གཞག་བྱུང་བར་མ་ཟད།  གསང་སྔགས་ཀྱི་ལུགས་སུ་སངས་རྒྱས་ཀྱི་སར་མདོ་ཕྱོགས་ནས་བསྟན་པའི་དབྱིངས་དང་ཡེ་ཤེས་ཙམ་མ་ཡིན་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཤིག་ཡོད་པར་བཞེད་པའི་གནད་ཀྱིས་བདེ་བ་ཆེན་པོའི་སྐུའམ་མི་ཤིགས་རྡོ་རྗེའི་སྐུ་ཞེས་སྐུ་ལྔའི་རྣམ་གཞག་བྱུང་བ་ནི་སྐུའི་ལྟ་གྲུབ་ཀྱི་འཕེལ་རིམ་མཐར་ཐུག་པ་དེ་ཡིན་ལ།  དེ་ལྟའི་ལྟ་གྲུབ་བྱུང་འཕེལ་གྱི་རྣམ་གཞག་དེ་འདིར་གཟུ་བོའི་བློས་ཁུངས་དང་ལྡན་པར་སྨྲའོ།  །

སློབ་དཔོན་དཔའ་བོ་ཡན་དུ་ཆོས་གཟུགས་ཀྱི་སྐུའི་འདོད་ཚུལ།

 དེ་ཡང་ནང་བསྟན་གྱི་ལོ་རྒྱུས་རིང་མོའི་ནང་དུ་སྙན་པའི་གྲགས་པ་བླ་ན་མཐོ་བའི་སློབ་དཔོན་དཔའ་བོས་མཛད་པའི་བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པ་ལས།གཟུགས་ཀྱི་སྐུ་དང་ཆོས་འདི་དག ། གཞན་དོན་ཁོ་ནར་མཛད་དོ་ཞེས། ། འཇིག་རྟེན་ཡིད་ཆེས་དཀའ་འདི་ལ། ། ཁྱོད་ཀྱིས་མྱ་ངན་འདས་པ་བསྟན། ། དེ་སླད་ཆོས་སྐུ་མ་ལུས་པ། ། སྲས་ཀྱི་མཆོག་ལ་གཏད་མཛད་དེ། ། གཟུགས་སྐུ་ཏིལ་འབྲུ་ལྟར་བཤིག་ནས། ། ཁྱོད་ནི་ཡོངས་སུ་མྱ་ངན་འདས། ། [ ཨདརྴ།  སྡེ་བསྟན། ༼ཀ༽ (༡) བསྟོད་ཚོགས།  སློབ་དཔོན་མཁས་པ་ཆེན་པོ་བྲམ་ཟེ་རྟ་དབྱངས་ཀྱིས་མཛད་པའི་བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པ། 115b] ཞེས་སྟོན་པ་སངས་རྒྱས་ཀྱིས་ཆོས་སྐུ་མ་ལུས་པ་སྲས་ཀྱི་མཆོག་ལ་གཏད་ཅིང་།  གཟུགས་སྐུ་ཏིལ་འབྲུ་ལྟར་བཤིགས་ནས་ཡོངས་སུ་མྱ་ངན་ལས་འདས་པར་གསུངས་ལ།   དེའི་ཆོས་སྐུ་ཞེས་པ་ནི་གོང་དུ་ཆོས་འདི་དག་ཅེས་པའི་སྟོན་པས་བསྟན་པའི་དམ་ཆོས་སོ།  ། ཆོས་སྐུ་ནི་སྟོན་པས་བསྟན་པའི་དམ་པའི་ཆོས་ལ་གོ་བའི་ཚུལ་འདི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ་ལས། ཀཽ་ཤི་ཀ་དེ་བཞིན་གཤེགས་པའི་བདག་གི་དངོས་པོའི་སྐུ་བརྙེས་པ་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་ལས་བྱུང་བ་ཡིན་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཡིན་ནོ། ། རྟེན་འདི་ལ་རྟེན་ནས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རབ་ཏུ་འབྱེད་པར་འགྱུར། སངས་རྒྱས་ཀྱི་སྐུ་རབ་ཏུ་འབྱེད་པར་ཡང་འགྱུར། ཆོས་ཀྱི་སྐུ་རབ་ཏུ་འབྱེད་པར་ཡང་འགྱུར། དགེ་འདུན་གྱི་སྐུ་རབ་ཏུ་འབྱེད་པར་འགྱུར་རོ། ། [ ཨདརྴ།  སྡེ་བཀའ།  ཤེར་ཕྱིན།  བརྒྱད་སྟོང་། ༼ཀ༽ (33) འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ། 32b]ཞེས་སངས་རྒྱས་ཆོས་དང་དགེ་འདུན་གསུམ་གྱི་ནང་གསེས་སུ་གྱུར་པའི་ཆོས་ལ་ཆོས་སྐུ་རུ་གསུངས་པ་དང་ཤིན་ཏུ་མཐུན་ལ།  འདི་ལས་ཐོག་མའི་དུས་སུ་ཆོས་སྐུ་ཞེས་པ་ནི་སངས་རྒྱས་ཆོས་དང་དགེ་འདུན་ཞེས་པའི་ཆོས་སུ་གྱུར་པའི་སྐུ་ཡིན་པས་ན་ཆོས་སྐུ་ཞེས་བརྡ་སྦྱར་བ་ལེགས་པར་རྟོགས་ནུས་སོ།  །

དེ་ཡང་ཐོག་མའི་སྐབས་སུ་ཆོས་སྐུ་ཞེས་པའི་ཆོས་དེ་སྤྱིར་སྟོན་པས་བསྟན་པའི་དམ་པའི་ཆོས་ལ་གོ་ཞིང་།  དེ་ལས་ཀྱང་ལུང་གི་ཆོས་ལ་གོ་ཆེ་བའི་ཚུལ་གོང་དུ་དྲངས་པའི་བསྟོད་པ་བརྒྱ་ལྔ་བཅུ་པའི་ནང་དུ་ཆོས་སྐུ་མ་ལུས་པ་སྲས་ཀྱི་མཆོག་ལ་གཏད་ཅེས་འབྱུང་བ་དང་།  གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་གལ་ཏེ་ཁྱོད་ལ་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་སྐུས་བྱུར་བུར་ཡོངས་སུ་བཀང་སྟེ་བྱིན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་བྲིས་ཏེ་གཏད་ནས་དེ་ལས་ཆ་གང་རུང་ཅིག་བསྟབས་ན་ཆ་བཞག་པ་དེ་གཉིས་ལས་ཀཽ་ཤི་ཀ་ཁྱོད་ཆ་གང་ལེན། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་སྐུས་བྱུར་བུར་བལྟམ་སྟེ་སྩལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་བྲིས་ཏེ་གཏད་ནས་དེ་ལས་ཆ་གང་རུང་ཅིག་བསྟབས་ན་ཆ་གཞག་པ་དེ་གཉིས་ལས་བཅོམ་ལྡན་འདས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ་དེ་བཞིན་གཤེགས་པའི་ཚུལ་ལ་རི་མོར་བགྱི་བའི་སླད་དུ་སྟེ། འདི་ནི་དེ་བཞིན་གཤེགས་པའི་ཡང་དག་པའི་དོན་གྱི་སྐུའོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུ་ཡིན་ཏེ། དགེ་སློང་དག་འདི་ལ་ནི་སྐུ་དམ་པར་མ་འཛིན་པར་དགེ་སློང་དག་ང་ནི་ཆོས་ཀྱི་སྐུས་ཡོངས་སུ་རྫོགས་པར་ལྟོས་ཤིག་ཅེས་བྱ་བ་འདི་གསུངས་པས། དེ་བཞིན་གཤེགས་པའི་སྐུ་འདི་ཡང་ཡང་དག་པའི་མཐས་རབ་ཏུ་ཕྱེ་བར་བལྟ་སྟེ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། བཅོམ་ལྡན་འདས་ཡང་བདག་དེ་བཞིན་གཤེགས་པའི་སྐུ་དེ་རྣམས་ལ་མི་གུས་པ་ཡང་མ་ལགས་ཏེ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་དེ་དག་ལ་བདག་གུས་པ་ཉིད་ལགས་སོ། ། བཅོམ་ལྡན་འདས་འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དེ་བཞིན་གཤེགས་པའི་སྐུ་དེ་དག་འཁྲུངས་ཏེ་མཆོད་པ་བརྙེས་སོ། ། བཅོམ་ལྡན་འདས་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཆོད་པས་དེ་བཞིན་གཤེགས་པའི་སྐུ་དེ་རྣམས་ལ་ཡང་མཆོད་པ་ཡོངས་སུ་རྫོགས་པར་བགྱིས་པར་འགྱུར་རོ། ། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་སྐུ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་སླད་དུའོ། ། [ ཨདརྴ། སྡེ་བཀའ།  ཤེར་ཕྱིན། བརྒྱད་སྟོང་། ༼ཀ༽ (33) འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ། 53a/53b]ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་བྲིས་ཏེ་ཞེས་པའི་འབྲི་རྒྱུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ཆོས་སྐུ་ཡིན་པར་གསུངས་པས་སོ།  ། བརྒྱད་སྟོང་པ་ཆོས་སྐུ་ལུང་གི་ཆོས་ངོས་བཟུང་བ་དེ་ཤིན་ཏུ་ཁ་གསལ་བས་ཚུལ་འདི་སྔོན་གྱི་སྔོན་དཔོན་དག་གིས་ཞལ་བཞེས་གནང་འདུག་སྟེ།  རྟོག་གེ་འབར་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་ཀྱང་། དེ་བཞིན་གཤེགས་པ་དེ་ལ་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུར་བལྟ་བར་འདོད་པས་ཞེས་གསུངས་ཏེ། དེར་ཆོས་ཀྱི་སྐུ་ཞེས་གསུངས་པ་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་དག་ཡིན་པར་འདོད་དོ། །[ ཨདརྴ། སྡེ་བསྟན།  དབུ་མ། ༼ཛ༽ (༩༨)དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ།130a]ཞེས་འབྱུང་བ་ལྟ་བུའོ།  །

དེས་ན་དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས། དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་འདི་སྙམ་དུ་བདག་གིས་མཁན་པོ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་ནི་མཐོང་ན། གཟུགས་ཀྱི་སྐུ་མ་མཐོང་བས་བདག་བཅོམ་ལྡན་འདས་གང་ན་བ་དེར་འགྲོའོ་སྙམ་དུ་བསམས་སོ། ། [ ཨདརྴ། སྡེ་བཀའ།  འདུལ་བ། ༼ཏ༽ (9) དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། 105a]ཞེས་གསུངས་པའི་ཆོས་གཟུགས་ཀྱི་སྐུ་ཡང་གོང་ལྟར་གོ་དགོས་ཤས་ཆེ་མོད།  འདིའི་སྐབས་ཡས་མས་ལ་ཆོས་སྐུ་ནི་མི་སློབ་པའི་ཡོན་ཏན་ལ་ངོས་འཛིན་པའི་རྣམ་གཞག་ཅིག་ཀྱང་བྱུང་འདུག་སྟེ།  དྲིན་ལན་བསབ་མདོ་ལས། གསོལ་པ། ཅི་ལ་སྐྱབས་སུ་མཆིས་ན་ནི་སངས་རྒྱས་ལ་སྐྱབས་སུ་སོང་བ་ཞེས་བགྱི། བཀའ་སྩལ་པ། སྐྱབས་སུ་འགྲོ་བ་ཞེས་བྱ་བ་ནི་ངག་གི་འཁོར་ལོ་སྟེ། ཐམས་ཅད་མཁྱེན་པ་སློབ་པ་མེད་པའི་ཡོན་ཏན་ལ་སྐྱབས་སུ་སོང་བའོ། །གསོལ་པ། གཟུགས་ཀྱི་སྐུ་ལ་སྐྱབས་སུ་མཆིའམ། ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། བཀའ་སྩལ་པ། ཆོས་ཀྱི་སྐུ་ལ་སྐྱབས་སུ་འགྲོའི་གཟུགས་ཀྱི་སྐུ་ལ་སྐྱབས་སུ་འགྲོ་བ་མ་ཡིན་ཏེ། གཟུགས་སངས་རྒྱས་མ་ཡིན་པའི་ཕྱིར་རོ། ། གསོལ་པ། གཟུགས་ཀྱི་སྐུ་སངས་རྒྱས་མ་ལགས་ན་ཅིའི་སླད་དུ་སངས་རྒྱས་ཀྱི་སྐུ་ལ་ཁྲག་ཕྱུང་བས་མཚམས་མ་མཆིས་པའི་ལས་བགྱིས་པར་འགྱུར། ། བཀའ་སྩལ་པ། གཟུགས་ཀྱི་སྐུ་ནི་ཆོས་ཀྱི་སྐུའི་སྣོད་ཡིན་ཏེ། ཆོས་ཀྱི་སྐུའི་གནས་སོ། །དེ་བས་ན་གཟུགས་ཀྱི་སྐུ་ལ་གནོད་པ་བྱས་པས་མཚམས་མེད་པའི་ལས་སུ་འགྱུར་གྱི། གཟུགས་ཀྱི་སྐུ་སངས་རྒྱས་ཡིན་པས་མཚམས་མེད་པའི་ལས་སུ་འགྱུར་བ་ནི་མ་ཡིན་ནོ། ། [ ཨདརྴ།  སྡེ་བཀའ།  མདོ་སྡེ། ༼ཨཿ༽ (76)ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ།  175a]ཞེས་འབྱུང་བ་ལྟ་བུའོ།  །

དེ་ཡང་སློབ་དཔོན་དཔའ་བོ་ནི་ཆོས་རྒྱལ་ཆེན་པོ་ཀནིཥྐའི་སྐུ་དུས་སུ་བྱུང་ཞིང་།  ཆོས་རྒྱལ་འདི་ནམ་བྱོན་ཐད་སྔོན་ཆད་འཆད་ཚུལ་མི་མཐུན་པ་སྣ་ཚོགས་ཡོད་ཀྱང་རྡོ་འཇོག་ནས་རྙེད་པའི་ཡིག་རྙིང་དང་། དངོས་ཤུལ་རྙིང་ཐོན་དང་། དོང་ཙེ་བརྟག་དཔྱད་རིག་པ་སོགས་ཀྱིས་ད་ཆ་དུས་རབས་དང་པོར་བྱོན་ནས་སྤྱི་ལོ་༧༩—༡༢༠བར་རྒྱལ་སྲིད་བསྐྱངས་ཡོད་པ་ལེགས་པར་གཏན་ལ་འབེབས་ཐུབ་ཡོད་པས་དེ་ལྟར་དེང་སང་ཡོངས་ཁྱབ་ཏུ་ཁས་ལེན་པའི་ཚུལ་རྒྱ་གར་རྒྱལ་རབས་སུ་བཤད་པ་ [ ཐུབ་བསྟན་མཆོག་གྲུབ་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ། ༢༠༠༣ལོར་ལྡི་ལི་བོད་ཀྱི་ཁང་པ་ནས་དཔར་བསྐྲུན་ཞུས་པའི་སྟོད་ཆའི་ཤོག་ངོས་231་པར་གསལ།] དེ་ཧ་ཅང་ཁུངས་ཆེ་བས་དོན་དུ་དེ་ལྟར་ཡིན་པའི་ཐག་གཅོད་ཆོག་ལ།  སློབ་དཔོན་དཔའ་བོ་རྒྱལ་པོ་འདིའི་སྐུ་དུས་བྱུང་བ་ནི་སློབ་དཔོན་མ་ཏི་ཙི་ཏྲས་རྒྱལ་པོ་ཆེན་པོ་ཀ་ནིས་ཀ་ལ་སྤྲིངས་པའི་སྤྲིང་ཡིག་ལས། ཀུ་ཤའི་རིགས་སུ་འཁྲུངས་ཁྱོད་ཀྱིས། ། ཡབ་མེས་འཕགས་རིགས་ཉི་མ་ཡི། ། གདུང་རྒྱུད་ཆོས་ལུགས་མ་ཉམས་མཛོད། ། [ཨདརྴ།  སྡེ་བསྟན། ༼ངེ༽ (༡༧༣)སྤྲེང་ཡིག  སློབ་དཔོན་མ་ཏི་ཙི་ཏྲས་རྒྱལ་པོ་ཆེན་པོ་ཀ་ནིས་ཀ་ལ་སྤྲིངས་པའི་སྤྲིང་ཡིག 55a]ཞེས་ཀུ་ཤའི་༼ཀུཥཱཎkusana༽རིགས་ལས་འཁྲུངས་པའི་རྒྱལ་པོ་ཀནིཥྐ་ལ་སློབ་དཔོན་དཔའ་བོའམ་མ་ཏི་ཙི་ཏྲས་སྤྲིངས་ཡིག་བསྐུར་ཡོད་པ་ཤིན་ཏུ་གསལ་བ་འདིས་ཐག་ཆོད་པས་རྒྱ་གར་ཆོས་འབྱུང་ལས་བཤད་སྲོལ་གཞན་ཞིག་བྱས་པ་དེ་མི་འཐད་དོ།  ། གཞན་ཡང་བརྒྱད་སྟོང་པ་སྤྱི་ལོ་༡༧༩ལོར་རྒྱ་ནག་གི་སྐད་དུ་འགྱུར་ [ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ་པོད་ལྔ་པ།  སྟོད་ཆ།  ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ།  སྤྱི་ལོ་༢༠༡༣ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་ཞུས་པའི་ཤོག་ངོས་༤༡༥པར་གསལ། ] བས་དེ་ཉིད་དུས་རབས་དང་པོ་ཡས་མས་ཀྱི་སྐབས་སུ་ནས་འཛམ་བུ་གླིང་དུ་བྱུང་ཚར་ཡོད།  དེས་ན་དུས་རབས་གཉིས་པ་ཡན་གྱི་ཐེག་པ་ཆེན་པོ་བ་དག་གི་ཆོས་གཟུགས་ཀྱི་སྐུའི་ངོས་འཛིན་ནི་སངས་རྒྱས་ཀྱི་གསུངས་པའི་ལུང་གི་ཆོས་ལ་ཆོས་སྐུ་དང་།  སངས་རྒྱས་ཀྱི་སྐུ་ལ་གཟུགས་སྐུའི་རྣམ་གཞག་བྱེད་པ་ཙམ་ལས་ལོངས་སྤྲུལ་སོགས་ཀྱི་སྐུའི་ཚུལ་མི་སྨྲ་བའོ།  །

འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་གཟུགས་ཀྱི་སྐུའི་གོ་བ་ཇེ་ཟབ་ཏུ་བཏང་བ།

དེ་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་འཇིག་རྟེན་དུ་བྱོན་ལ།  དེས་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་བཤེས་པའི་སྤྲེང་ཡིག་བསྐུར་བས་རྒྱལ་པོའི་དེའི་དུས་སུ་བྱུང་བ་ཤེས་ནུས་ཞིང་།  བདེ་སྤྱོད་བཟང་པོ་ནི་ཤཱ་ཏ་ཝཱ་ཧ་ན་སྟེ་བདེ་སྤྱོད་རྒྱལ་རབས་ཀྱི་རྒྱལ་པོ་ཆེན་པོ་ཤྲིཛྙ་སྟེ་དཔལ་ལྡན་ཞེས་པ་སྤྱི་ལོ་༡༧༠ནས་༡༩༩བར་སྲིད་སྐྱོང་བ་པོ་དེ་ཡིན་པར་སྣང་སྟེ།  རྒྱ་གར་ལྷོ་ཕྱོགས་ཀྱི་བདེ་སྤྱོད་རྒྱལ་རབས་ཀྱི་རྒྱལ་པོ་གང་ཞིག  །དེ་ཉིད་ལ་དགེ་སློང་ཀླུ་སྒྲུབ་ཀྱི་མཛའ་གྲོགས་ཞེས་མཚན་འབོད་སྲོལ་བྱུང་[ ཐུབ་བསྟན་མཆོག་གྲུབ་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ།  ༢༠༠༣ལོར་ལྡི་ལི་བོད་ཀྱི་ཁང་པ་ནས་དཔར་བསྐྲུས་ཞུས་པའི་སྟོད་ཆའི་ཤོག་ངོས་༣༡༦པར་གསལ།]བས་སོ།  །དེ་ལྟར་ན་དུས་རབས་གཉིས་པའི་སྐབས་སུ་བྱུང་བའི་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས། སངས་རྒྱས་རྒྱུ་ནི་དཔག་མེད་ལས། ། འབྲས་བུ་དཔག་ཡོད་བསམ་ཐག་ཆད། ། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། ། ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། ། རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། ། དེ་ལྟ་བས་ན་ཚོགས་འདི་གཉིས། ། སངས་རྒྱས་ཉིད་ནི་ཐོབ་པའི་རྒྱུ། །[ ཨདརྴ།  སྡེ་བསྟན།  ༼གེ༽ (༡༧༢) རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ།  115a]ཞེས་སྐུ་གཉིས་ཀ་སངས་རྒྱས་སུ་གསུངས་པས་གཟུགས་སྐུ་སངས་རྒྱས་མིན་པའི་འདོད་ཚུལ་དེ་དོར་བ་མ་ཟད།  ཆོས་སྐུ་ནི་ཆོས་རྣམས་ཀྱི་མཆོག་ཐེག་པ་ཆེན་པོའི་མྱང་འདས་ལ་གོ་དགོས་པར་བསྟན་ལ། དེས་ན་འཕགས་གྲོལ་གྱི་ཉི་སྣང་ལས། རྐྱེན་ཕྱིས་པས་ཆོས་ཉིད་ཀྱི་སྐུ་ཞེས་བྱ་སྟེ། གཞན་དུ་ཆོས་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུ་ཞེས་བྱ་བ་ཡིན་པའི་ཕྱིར་ངོ་བོ་ཉིད་བཀག་པར་འགྱུར་བ་དང་། སྤྱོད་པའི་དོན་ཡིན་པའི་ཕྱིར་འདུས་བྱས་སུ་འགྱུར་བའི་ཉེས་པ་ཡོད་དོ། །[ ཨདརྴ། སྡེ་བསྟན།  (༨༠)ཤེར་ཕྱིན། ༼ཀ༽ (༨༠)འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་ཚུལ་གྱི་མངོན་པར་རྒྱན་གྱི་འགྲེལ་པ་བཞུགས།  192a]ཞེས་འབྱུང་བ་ལྟར་ཀླུ་སྒྲུབ་ནས་བཟུང་སྟེ་ཆོས་ཉིད་ཀྱི་སྐུ་ཡིན་པས་ན་ཆོས་སྐུ་ཞེས་དེའི་གོ་བ་ལེན་ཚུལ་ཇེ་ཟབ་ཏུ་སོང་བར་མངོན་ནོ།  ། དེ་ལྟར་ན་ཡང་འཕགས་པ་ཡབ་སྲས་ཀྱི་སྐབས་སུ་ལོངས་སྤྲུལ་གྱི་སྐུའི་བཤད་སྲོལ་བྱུང་མེད་པར་མངོན་ཏེ།  འཁོར་ལོ་བར་པའི་མདོ་གང་དུ་ཡང་སྐུ་གསུམ་གྱི་རྣམ་གཞག་མི་འབྱུང་ཞིང་།  འཕགས་པ་ཡབ་སྲས་གཉིས་དང་སློབ་དཔོན་སངས་རྒྱས་བསྐྱངས་དང་བཅས་པའི་གཞུང་རྩོད་མེད་གང་དུ་ཡང་ལོངས་སྤྲུལ་གྱི་སྐུའི་ཚུལ་མི་འབྱུང་བས་སོ།  །

དེས་ན་རིགས་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག ། [ ཨདརྴ། སྡེ་བསྟན།  དབུ་མ། ༼ཙ༽ (༩༦)རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ།  22b]ཅེས་གསུངས་པ་ལྟར་སྤྱི་ལོའི་དུས་རབས་བཞི་པ་ཡན་ཏེ།  ནང་ཆོས་དར་ནས་ལོ་དྲུག་བརྒྱ་ཙམ་གྱི་ཡུན་ལ་བཀའ་དང་བསྟན་བཅོས་རྣམས་སུ་གཟུགས་སྐུ་དང་ཆོས་སྐུ་ཙམ་ལས་ལོངས་སྤྲུལ་གྱི་སྐུའི་རྣམ་གཞག་མི་འབྱུང་བ་ཤེས་པར་བྱའོ།  །དེ་ལྟར་མ་ཡིན་ཏེ།  ལོངས་སྤྲུལ་གྱི་སྐུ་གཉིས་པོ་གཟུགས་སྐུའི་ནང་དུ་འདུས་པའི་ཕྱིར་སྙམ་ན།  གཟུགས་སྐུ་ལ་ལོངས་སྤྲུལ་གྱི་སྐུ་གཉིས་སུ་ཕྱེས་པའི་མདོ་ཕྱོགས་ཀྱི་བཀའ་གཅིག་ཀྱང་མེད་ལ།  དུས་རབས་བདུན་པ་ཡན་གྱི་བསྟན་བཅོས་གང་དུ་ཡང་དེ་ལྟར་ཕྱེས་པ་མ་བྱུང་བས།  སྐུ་ལ་ཆོས་གཟུགས་ཀྱི་སྐུ་གཉིས་སུ་བསྟན་པ་དང་།  ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་བསྟན་པའི་རྣམ་གཞག་གཉིས་འགལ་མེད་དུ་བསྒྲིག་པའི་དོན་དུ་དུས་ཕྱིས་གཟུགས་སྐུ་ལ་གཉིས་སུ་ཕྱེས་པར་སྣང་བས་ཁྱེད་ཀྱི་དགག་པ་དེ་གྱི་ནའོ།  །འོ་ན་འཕགས་པ་ཡབ་སྲས་ཀྱི་སྔགས་གཞུང་དུ་སྐུ་གསུམ་གྱི་རྣམ་གཞག་མི་འབྱུང་ངམ་ཞེ་ན།  འབྱུང་མོད་ཀྱང་དེས་མི་ཕན་ཏེ།  རྒྱ་གར་ཆོས་འབྱུང་ལས། འདིའི་དུས་༼སྤྱི་ལོ་༧༩༡—༨༥༥བར་སྲིད་སྐྱོང་བའི་རྒྱལ་པོ་དྷརྨ་པ་ལཱའི་དུས།༽གདོལ་བའི་བུ་ཞིག་ཨཱརྱ་དེ་ཝ་དང་མཇལ་བྱིན་གྱིས་བརླབས་པས་ཆོས་ཏོལ་ཤེས་སུ་བྱུང༌། བསྒོམས་པས་གྲུབ་པ་ཐོབ་སྟེ། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་སྔགས་གཞུང་མཐའ་དག་རྙེད། ཅི་རིགས་པར་བཤད་དེ་མ་ཏང་གི་པའོ། །ཡང་ཀོང་ཀ་ན་རུ་སློབ་དཔོན་སྲུང་བའི་ཞབས་ཞེས་བྱ་བ་དེས་ཟླ་གྲགས་ལ་དངོས་སུ་མཉན་ནས།  སྒྲོན་གསལ་གྱི་གླེགས་བམ་ཡང་བྱུང༌།[  ཨདརྴ། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ།  ༼མ༽ (༡༦)  དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས།  ༥༧༩]  ཞེས་དང་། གྲུབ་ཐོབ་མ་ཏང་གི་ཡང་ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མར་གྲགས་པ་ནི་དུས་འདི་སྐབས་བྱུང་བ་ནི་མིན། ཕྱིས་ཞལ་མཐོང་བའོ། །[ ཨདརྴ།  རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ།  ༼མ༽ (༡༦)  དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས།  ༤༩༤]ཞེས་འབྱུང་བ་ལྟར་འཕགས་ཡབ་སྲས་ཀྱི་སྔགས་གཞུང་ནི་གྲུབ་ཐོབ་མ་ཏང་གི་དུས་སུ་འཛམ་བུ་གླིང་དུ་བྱུང་ཞིང་།  གྲུབ་ཐོབ་མ་ཏང་གི་ནི་གྲུབ་ཆེན་ཏེ་ལོ་པའི་དངོས་ཀྱི་བླ་མ་ཡིན་པས་དུས་རབས་བཅུ་པའི་ནང་དུ་བྱོན་དགོས་ལ།  དེའི་སྐུ་དུས་སུ་འཛམ་བུ་གླིང་དུ་བྱུང་བའི་འཕགས་པ་ཡབ་སྲས་ཀྱི་སྔགས་གཞུང་ལས་རྣམ་གཞག་གང་ཞིག་བྱུང་རུང་། དེ་ལྟའི་རྣམ་གཞག་དེ་དུས་རབས་གཉིས་པའི་སྐབས་སུ་ཡོད་པའི་ཁྱབ་པ་སྒྲུབ་བྱེད་ཀྱི་རིགས་པ་མེད་ལ།  དེས་ན་ཕྱིས་སུ་སློབ་དཔོན་ཟླ་བ་གྲགས་པ་སོགས་ཀྱིས་སྐུ་གསུམ་གྱི་རྣམ་བཞག་བྱས་པ་ནི་མདོ་སྡེ་རྒྱན་ལ་སོགས་པའི་ཤུགས་རྐྱེན་ལས་ཡིན་པར་སྣང་ངོ་།  །

འཁོར་ལོ་ཐ་མའི་བཀའ་དང་བསྟན་བཅོས་ལས་སྐུ་གསུམ་གྱི་རྣམ་གཞག་བྱུང་ཚུལ། 

དེ་ཡང་འཁོར་ལོ་ཐ་མའི་མདོ་སྡེ་འཕགས་པ་སྐུ་གསུམ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་འདུག་པ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ལ་སྐུ་དུ་མངའ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སའི་སྙིང་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་སྐུ་ གསུམ་མངའ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུ་གསུམ་ནི་རང་བཞིན་རྣམ་པར་དག་པ་ནི་ཆོས་ཀྱི་སྐུའོ། ། ཏིང་ངེ་འཛིན་རྣམ་པར་དག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། ། སྤྱོད་པ་རྣམ་པར་དག་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུའོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་ནམ་མཁའ་ལྟར་རང་བཞིན་མེད་པའི་དོན་ནོ། ། ལོངས་སྤྱོད་རྫོགས་པའི་སྐུ་ནི་སྤྲིན་ལྟར་འབྱུང་བའི་དོན་ནོ། ། སྤྲུལ་པའི་སྐུ་ནི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཏེ། ཆར་བ་ལྟ་བུ་སྟེ་ཐམས་ཅད་བངས་པའི་དོན་ནོ། ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱི་སྐུ་གསུམ་གྱི་བཤད་པ་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུ་གསུམ་ནི་འདི་ལྟར་བལྟ་བར་བྱའོ། ། ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པའི་ངོ་གང་ལ་བལྟ་བར་བྱའོ། ། ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའི་ངོ་གང་ལ་བལྟ་བར་བྱའོ། ། སྤྲུལ་པའི་སྐུ་ནི་མོས་པས་སྤྱོད་པའི་སོ་སོ་སྐྱེ་བོའི་ངོ་གང་ལ་བལྟ་བར་བྱའོ། ། རིགས་ཀྱི་བུ་ཆོས་ཀྱི་སྐུ་ནི་སངས་རྒྱས་ཐམས་ཅད་དང་རང་བཞིན་འཐུན་པར་གནས་སོ། ། ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་ཏིང་ངེ་འཛིན་འཐུན་པར་གནས་སོ། ། སྤྲུལ་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་ཕྲིན་ལས་འཐུན་པར་གནས་སོ། ། རིགས་ཀྱི་བུ་ཀུན་གཞི་གནས་སུ་དག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཆོས་ཀྱི་སྐུའོ། ། ཉོན་མོངས་པའི་ཡིད་གནས་སུ་དག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། ། ཡིད་ཀྱི་རྣམ་པར་ཤེས་པ་གནས་སུ་དག་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའོ། ། སྒོ་ལྔའི་རྣམ་པར་ཤེས་པ་གནས་སུ་དག་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་སྤྲུལ་པའི་སྐུའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ལ་དམ་པའི་ཆོས་ཐོས་པ་ནི་རབ་ཏུ་ལེགས་སོ། ། བདེ་བར་གཤེགས་པ་རབ་ཏུ་ལེགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བཅོམ་ལྡན་འདས་ལ་ཆོས་ཀྱི་རྣམ་གྲངས་འདི་གང་གིས་རབ་ཏུ་འཛིན་པ་དེས་བསོད་ནམས་ཚད་མེད་བརྗོད་དུ་མེད་གྲངས་མེད་ཅིང་དཔག་ཏུ་མེད་པ་ཐོབ་བོ།  ། [  ཨདརྴ།  སྡེ་བཀའ།  མདོ་སྡེ། ༼ཡ༽ (68) འཕགས་པ་སྐུ་གསུམ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།56a/56b]ཞེས་འབྱུང་ཞིང་།  དེ་དང་མཐུན་པར་མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། ། རང་བཞིན་ལོངས་སྤྱོད་རྫོགས་པ་དང་། ། གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། ། དང་པོ་གཉིས་པོའི་རྟེན་ཡིན་ནོ། ། ལོངས་སྤྱོད་རྫོགས་པ་ཁམས་ཀུན་དུ། ། འཁོར་ཡོངས་སྡུད་དང་ཞིང་དང་མཚན། ། སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང་། ། མཛད་པ་དག་གིས་ཐ་དད་དོ། ། རང་བཞིན་སྐུ་ནི་མཉམ་པ་དང་། ། ཕྲ་ཞིང་དེ་དང་འབྲེལ་པ་དང་། ། དགྱེས་དགུར་ལོངས་སྤྱོད་བསྟན་པ་ལ། ། ལོངས་སྤྱོད་རྫོགས་འབྱོར་རྒྱུར་འདོད་དོ། ། སངས་རྒྱས་སྤྲུལ་པ་དཔག་མེད་པ། ། སྤྲུལ་པའི་སྐུར་ནི་འདོད་པ་སྟེ། ། དོན་གཉིས་ཕུན་སུམ་ཚོགས་པ་ནི། ། རྣམ་པ་ཐམས་ཅད་གཉིས་ལ་གནས། ། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། ། མྱ་ངན་འདས་པ་རྟག་སྟོན་པས། ། སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། ། རྣམ་པར་གྲོལ་བའི་ཐབས་ཆེན་ནོ། ། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། ། སྐུ་བསྡུས་པར་ནི་ཤེས་བྱ་སྟེ། ། སྐུ་གསུམ་དག་གིས་རང་བཞིན་གྱི། ། དོན་འདི་རྟེན་དང་བཅས་པར་བསྟན། ། [  ཨདརྴ།  སྡེ་བསྟན།  ༼ཕི༽ (123) ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ཞེས་བྱ་བའི་ཚིག་ལེའུར་བྱས་པ།11a/11b]ཞེས་འབྱུང་ངོ་།  །

འདི་གཉིས་ནི་སྐུ་གསུམ་གྱི་རྣམ་གཞག་གསལ་བའི་ནང་པའི་བཀའ་དང་བསྟན་བཅོས་ཐོག་མ་ཡིན་ལ།  དེ་ཡང་མདོ་སྡེ་རྒྱན་ནི་བྱམས་ཐོགས་མེད་གང་རུང་གིས་བརྩམས་པར་དེང་དུས་ཉམས་ཞིབ་པས་གླེང་འདུག་ཡོད་[ ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་སེམས་ཙམ་སུམ་ཅུ་པའི་འགྲེལ་པ་ཞལ་གསུང་མ།  འོད་ཀྱི་ཚོམ་བུས་ཕབ་བསྒྲིགས་ཞུས་པ་ལས་ཤོག་ངོས་༡༠༠པར་གསལ།]པ་དེ་ལྟར་ན།  མ་མཐའ་ཡང་དུས་རབས་བཞི་པ་ནང་དུ་སྐུ་གསུམ་གྱི་རྣམ་གཞག་གསར་དུ་བྱུང་དགོས་ཏེ།  སློབ་དཔོན་ཐོགས་མེད་དུས་རབས་བཞི་པའི་མཁས་པ་ཡིན་པས་སོ།  །

སྐུ་གསུམ་གྱི་རྣམ་གཞག་གསར་དུ་བྱུང་བའི་གནད་ནི་མདོ་སྡེ་དགོངས་འགྲེལ་ལས།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བའི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས། འཇམ་དཔལ་སྤྲུལ་པའི་སྐུའི་མཚན་ཉིད་འཇིག་རྟེན་གྱི་ཁམས་འབྱུང་བ་དང་འདྲའོ། །  སྤྲུལ་པའི་སྐུའི་མཚན་ཉིད་འབྱུང་བའི་དེ་བཞིན་གཤེགས་པའི་ཡོན་ཏན་བཀོད་པའི་རྒྱན་གྱི་རྣམ་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་མཚན་ཉིད་དུ་བལྟ་བར་བྱའོ། ། ཆོས་ཀྱི་སྐུ་ལ་ནི་སྐྱེ་བ་འབྱུང་བ་མེད་དོ། ། བཅོམ་ལྡན་འདས་སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བདག་པོར་གྲགས་པའམ། སྦྱིན་གནས་སུ་གྲགས་པའི་ཁྱིམ་དུ་མངལ་དུ་འཇུག་པ་དང་། བཙས་པ་དང་། སྐྱེ་བ་དང་། འདོད་པ་ལ་ལོངས་སྤྱོད་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱད་པ་ཅིག་ཅར་ཀུན་ཏུ་སྟོན་པ་དང་། དེ་ གཏོང་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་ཀུན་ཏུ་སྟོན་པ་ཡིན་པར་བལྟ་བར་བྱའོ། ། [ ཨདརྴ།སྡེ་བཀའ།  མདོ་སྡེ། ༼ཅ༽ (49)  འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།49a/49b]ཞེས་འབྱུང་བ་ལྟར་ཞིང་འདིར་བདག་ཅག་གི་མགོན་དུ་བྱོན་པའི་སྟོན་པ་སངས་རྒྱས་དེ་གང་ཟག་རང་རྒྱུད་པ་མ་ཡིན་པར་སྤྲུལ་པའི་གང་ཟག་ཏུ་ངོས་འཛིན་པའི་དབང་གིས་དེ་ཉིད་སྤྲུལ་སྐུ་ཡིན་པའི་བཞེད་པ་བྱུང་བར་སྣང་ལ།  རྒྱུ་མཚན་དེས་ན་མདོ་སྡེ་དགོངས་འགྲེལ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ལགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ལགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་གང་ལགས་པ་དེ་དག་གི་མཚན་ཉིད་ནི། ཇི་ལྟ་བུར་རིག་པར་བགྱི་ལགས། འཇམ་དཔལ་གཉིས་སུ་མེད་པའི་མཚན་ཉིད་ཡིན་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་མ་ཡིན། མངོན་པར་རྫོགས་པར་བྱང་མ་ཆུབ་པ་ཡང་མ་ཡིན། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མ་ཡིན། ཆོས་ཀྱི་འཁོར་ལོ་མི་བསྐོར་བ་ཡང་མ་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་མ་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མེད་པ་ཡང་མ་ཡིན་ཏེ། ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་དང་། སྤྲུལ་པའི་སྐུ་ཀུན་ཏུ་སྟོན་པ་ཉིད་ཀྱི་ཕྱིར་རོ། ། བཅོམ་ལྡན་འདས་སྤྲུལ་པའི་སྐུ་ལ་བལྟ་བ་དང་། ཉན་པ་དང་། བསྙེན་བཀུར་བགྱིད་པ་དག་གིས་སེམས་ཅན་རྣམས་བསོད་ནམས་སྐྱེད་པ་དེ་ཅིའི་སླད་དུ་དེ་བཞིན་གཤེགས་པ་ལས་བྱུང་བར་རིག་པར་བགྱི་ལགས། འཇམ་དཔལ་དེ་བཞིན་གཤེགས་པ་ལ་ལྷག་པར་དམིགས་པའི་བྱ་བ་ཉིད་ཡིན་པའི་ཕྱིར་དང་། སྤྲུལ་པའི་སྐུ་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཉིད་ཡིན་པའི་ཕྱིར་རོ། ། བཅོམ་ལྡན་འདས་མངོན་པར་འདུ་བགྱི་བ་མ་མཆིས་པར་འདྲ་བ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཁོ་ན་ལས། སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་འདི་འབྱུང་ཞིང་། སྤྲུལ་པའི་གཟུགས་བརྙན་དཔག་ཏུ་མ་མཆིས་པ་དག་ཀྱང་འབྱུང་ལ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་ལུས་ལས་ནི་མི་འབྱུང་ལགས།[ ཨདརྴ། སྡེ་བཀའ།  མདོ་སྡེ། ༼ཅ༽ (49)  འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།54a/54b]ཞེས་འབྱུང་བ་ལྟར་དགོངས་འགྲེལ་ནི་སྐུ་ལ་ཆོས་སྐུ་དང་སྤྲུལ་སྐུ་གཉིས་སུ་ཁ་ཚོན་གཅོད་པའི་ལུགས་སུ་སྣང་སྟེ།  དེར་ཆོས་སྐུ་དང་སྤྲུལ་སྐུའི་ཚུལ་འབྱུང་བ་ལས་གཟུགས་སྐུ་དང་ལོངས་སྐུའི་རྣམ་གཞག་མི་འབྱུང་བས་སོ།  ། འདིའི་འཕེལ་རིམ་རང་ལ་བལྟས་ན་ཡང་དགོངས་འགྲེལ་ནི་ཀླུ་སྒྲུབ་ཀྱི་རྗེས་ཙམ་དང་མདོ་སྡེ་རྒྱན་གྱི་སྔོན་ཙམ་ནས་བྱུང་བར་སྣང་ལ།  དེ་ལྟར་སྣང་བ་ལྟར་དེང་དུས་ཞིབ་འཇུག་པས་ཀྱང་བཞེད་པར་འདུག་[ ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་སེམས་ཙམ་སུམ་ཅུ་པའི་འགྲེལ་པ་ཞལ་གསུང་མ།  འོད་ཀྱི་ཚོམ་བུས་ཕབ་བསྒྲིགས་ཞུས་པ་ལས་ཤོག་ངོས་༩༠པར་གསལ།]གོ།  ། སྤྲུལ་སྐུའི་རྣམ་གཞག་བྱུང་བ་ན་སྤྲུལ་སྐུ་ལ་སྤྲུལ་གཞི་དགོས་པའི་གནད་ཀྱི་ལོངས་སྐུའི་ལྟ་གྲུབ་བྱུང་ནས་གཟོད་སྐུ་གསུམ་དུ་འདོད་པའི་ཚུལ་ལུགས་དར་བའོ།  །

སློབ་དཔོན་ཞི་བ་འཚོའི་སྐབས་སུ་སྐུ་བཞིའི་རྣམ་གཞག་བྱུང་བའི་རྒྱུ་མཚན། 

དེ་ཡང་སློབ་དཔོན་སེང་གེ་བཟང་པོའི་འགྲེལ་ཆུང་དོན་གསལ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས། [ ཨདརྴ། སྡེ་བསྟན།  ༼ཇ༽ (86)  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ།  131b] ཞེས་འབྱུང་བ་ནི་ད་ལྟ་ང་ཚོས་མཇལ་དུ་ཡོད་པའི་གསུང་རབ་རྣམས་ཀྱི་ནང་ནས་སྐུ་བཞིའི་ཚུལ་འབྱུང་བའི་བསྟན་བཅོས་ཐོག་མ་དེ་ཡིན་ལ།  སློབ་དཔོན་སེང་བཟང་གིས་དེ་ལྟར་བཞེད་པ་ནི་ཉིད་ཀྱི་བླ་མ་སློབ་དཔོན་ཞི་བ་འཚོའི་ལྟ་གྲུབ་ཀྱི་བརྒྱུད་པ་བཟུང་བས་ཡིན་པ་ནི་འགྲེལ་ཆུང་དོན་གསལ་ལས། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་གནས་གྱུར་པས་གྱུར་པ་ཐམས་ཅད་ཀྱང་ཆོས་ཀྱི་སྐུར་མངོན་པར་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་ཁ་ཅིག་[ འདིའི་སྐབས་འགྲེལ་ཆེན་རྗེ་བཙུན་དགྱེས་པའི་ངལ་གསོ་ལས། ངོ་བོ་ཉིད་སྐུ་ལས་ཆོས་སྐུ་ལོགས་སུ་མཛད་པ་འདི་མཁན་པོ་རྣམ་སྣང་མཛད་སོགས་ཁ་ཅིག་གིས་བཞེད་དོ། ། ཞེས་འབྱུང་ཞིང་།  རྣམ་སྣང་མཛད་ནི་སློབ་ཞི་བ་འཚོའི་མཚན་གྱི་རྣམ་གྲངས་སོ།  །] གིའོ། །[ ཨདརྴ། སྡེ་བསྟན།  ༼ཇ༽ (86)  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ།  133a]ཞེས་སངས་རྒྱས་སའི་ཡེ་ཤེས་ལ་ཆོས་སྐུར་འདོད་པའི་སློབ་དཔོན་ཞི་བ་འཚོའི་བཞེད་པ་འཐད་ཕྱོགས་སུ་དྲངས་ཡོད་པས་གོ་ནུས་པའོ།  ། དེ་ཡང་སློབ་དཔོན་ཞི་བ་འཚོས་སྐུ་བཞི་བཞེད་པའི་གནད་ནི། འགྲེལ་ཆུང་དོན་གསལ་ལས། གཞན་དག་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ། ཟག་པ་མེད་པའི་ཆོས་གང་དག ། ཐོབ་གྱུར་རྣམ་ཀུན་རྣམ་དག་པ། ། དེ་དག་རང་བཞིན་མཚན་ཉིད་ཅན། ། ཞེས་བྱ་བའི་སྒྲ་ཇི་བཞིན་ཉིད་དུ་འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ཆོས་རྣམས་ཁོ་ན་ཁས་བླངས་ནས་ངོ་བོ་ཉིད་ཀྱི་སྐུ་ནི་དེ་དག་གི་རང་བཞིན་སྐྱེ་བ་མེད་པ་ཉིད་གང་ཡིན་པ་དེའི་མཚན་ཉིད་ཅན་ཡིན་ཏེ། དེ་ཉིད་ཀྱང་ཆོས་ཉིད་ཀྱི་སྐུ་ཡིན་པ་ལས་ཆོས་ཀྱི་སྐུའོ་ཞེས་ངོ་བོའི་རྐྱེན་མི་མངོན་པར་བྱས་ནས་བསྟན་ཏོ་ཞེས་རྣམ་པར་བཤད་ནས། ཆོས་ཀྱི་སྐུ་གང་དག་གི་རང་བཞིན་གྱི་མཚན་ཉིད་ཅན་ཡིན་པའི་ཟག་པ་མེད་པའི་ཆོས་དེ་དག་ཀྱང་གང་དག་ཅིག་ཡིན་ཞེ་ན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། ། ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་ལ་འཇུག་པར་བྱེད་དོ། །གཞན་དག་ན་རེ་དེ་དག་གི་ལྟར་ན་རྣལ་འབྱོར་པའི་ཀུན་རྫོབ་ཏུ་དོན་ཁྱད་པར་ཅན་སྣང་བ་སྐྱེད་པའི་སྒོ་ནས། གནས་ཡོངས་སུ་གྱུར་པས་གྱུར་པ། ཆོས་སྟོན་པ་ལ་སོགས་པའི་དོན་གྱི་བྱ་བ་མཛད་པ་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་གདོན་མི་ཟ་བར་ཁས་བླང་དགོས་པ་རྣམས་ཇི་ལྟར་བསྡུ་ཞེས་ཟེར་རོ། ། ཁ་ཅིག་ན་རེ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། ། དེ་བཞིན་གཞན་པ་སྤྲུལ་པ་ནི། ། ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། ། ཅེས་བྱ་བའི་ཚིག་ལེ་འུར་བྱས་པ་ལས། ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་མི་འབྱུང་བས་སྐུ་ནི་གསུམ་ཁོ་ནའོ་ཞེས་ཟེར་རོ། ། གཞན་དག་ན་རེ་དགོས་པ་ཉེ་བར་བསྟན་པའི་ཤུགས་ཀྱིས་ཚིག་ལེའུར་བྱས་པ་སྦྱར་བའི་ངོར། ཡེ་ཤེས་ཁོ་ན་དང་མཛད་པ་སྦྱར་བའི་ཕྱིར་དེ་སྐད་དུ་གསུངས་པ་ཡིན་ཏེ། དེའི་ཕྱིར་ཕྱོགས་གཞན་ནས་སྐུ་བཞིར་གསུངས་པ་ཐམས་ཅད་མི་འགལ་བར་འགྱུར་རོ་ཞེས་ཟེར་རོ། །[  ཨདརྴ། སྡེ་བསྟན།  ༼ཇ༽ (86)  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ།  133a]ཞེས་སྐུ་གསུམ་དུ་འདོད་པའི་འཕགས་གྲོལ་གྱི་བཞེད་པ་དེ་སློབ་དཔོན་ཞི་བ་འཚོས་ཇི་ལྟར་འགོག་ཚུལ་གསུངས་པ་ལས་གསལ་བ་ལྟར།  གལ་ཏེ་སྐུ་གསུམ་ལས་མ་བཞག་ན་སངས་རྒྱས་སའི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་དེ་སྐུ་གསུམ་གང་དུ་ཡང་མི་འདུས་པའི་སྐྱོན་འདུག་དགོངས་ནས་མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། ། དེ་བཞིན་གཞན་པ་སྤྲུལ་པ་ནི། ། ཆོས་སྐུ་མཛད་པར་བཅས་པ་སྟེ། ། རྣམ་པ་བཞིར་ནི་ཡང་དག་བརྗོད། ། ཅེས་གསུངས་པ་ཙམ་ལ་ཁུངས་སུ་བྱས་ཏེ་སྐུ་བཞིའི་རྣམ་བཞག་བྱས་པར་མངོན་ལ།  འདིར་སྐུ་བཞི་འདོད་པ་དག་གིས་དེའི་ཁུངས་སུ་མདོ་ལུང་གང་ཡང་དྲངས་མེད་པ་དེས་ཁོང་རྣམ་པས་སྐུ་བཞི་འདོད་པ་ལ་རྒྱབ་རྟེན་གྱི་མདོ་ལུང་གང་ཡང་རྙེད་མེད་པར་མཚོན་ལ།  ད་སྐབས་བཞུགས་པའི་མདོ་ཕྱོགས་ཀྱི་འཁོར་ལོ་བར་ཐའི་བཀའ་གང་དུ་ཡང་སྐུ་བཞིའི་རྣམ་བཞག་མི་འབྱུང་ངོ་།  །

སྔགས་ལས་སྐུ་བཞིའི་ཐོག་ཏུ་མི་ཤིགས་རྡོ་རྗེའི་སྐུའི་རྣམ་གཞག་བྱུང་བ།

དེ་ཡང་སློབ་དཔོན་སེང་གེ་བཟང་པོའི་རྗེས་ཙམ་ནས་དེ་ཉིད་ཀྱི་སློབ་མ་ཡེ་ཤེས་ཞབས་སོགས་ཀྱིས་གསང་སྔགས་བླ་མེད་ཀྱི་ཆོས་སྐོར་དར་རྒྱས་སུ་མཛད་ལ།   གསང་སྔགས་བླ་མེད་ཀྱི་བཀའ་དང་བསྟན་བཅོས་ལས་སྐུ་བཞིའི་རྣམ་གཞག་གསལ་བ་མ་ཟད་མི་ཤིགས་རྡོ་རྗེའི་སྐུ་ཡང་བཞག་སྟེ་སྐུ་ལྔའི་རྣམ་གཞག་བྱུང་ཡོད་པ་ནི། ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས། འབྲས་བུ་རྣམ་པ་ལྔ་ཐོབ་སྟེ། །ཀུན་ལ་ཁྱབ་པ་ཆོས་སྒྲ་དང་། །ཐེག་ཆེན་སྤྱོད་པ་ལོངས་སྐུ་དང་། ། གང་ལ་གང་འདུལ་སྤྲུལ་སྐུ་དང་། ། ཅིས་ཀྱང་མི་ཤིགས་རྡོ་རྗེའི་སྐུ། ། ངོ་བོ་ཉིད་ཀྱི་སྐུ་མཆོག་དང་། ། སྐྱེ་བ་གཅིག་གིས་ཐོབ་པར་འགྱུར། ། [ ཨདརྴ། སྡེ་བཀའ། རྒྱུད་འབུམ། ༼ག༽ (79)  མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།  67b] ཞེས་འབྱུང་བ་ལྟ་བུའོ།  །དེ་ཡང་སྔགས་བླ་མེད་ལས་སྐུ་ལྔའི་རྣམ་བཞག་འབྱུང་བ་ནི་སྐུའི་ལྟ་གྲུབ་ཀྱི་འཕེལ་རིམ་མཐར་ཐུག་པར་སོང་བར་སྣང་ངོ་།  །

དགེ་བ་འདི་ཡིས་སྐྱེ་བོ་ཀུན། །
བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །
བསོད་ནམས་ཡེ་ཤེས་ལས་བྱུང་བའི། །
དམ་པ་སྐུ་ལྔ་ཐོབ་པར་ཤོག །

ཅེས་དེབ་སྔོན་གསར་མ་ལས་འབྱུང་བའི་རྣམ་གཞག་འགའ་ཞིག་མ་གཏོགས་ཕལ་མོ་ཆེ་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་འོངས་པའི་ལེགས་བཤད་གསར་མ་རང་ཡིན་པས་རྗེས་སོར་སུ་ཞིག་གིས་འདི་ལྟའི་དོན་ལེགས་པར་བཤད་ཤེས་པ་བྱུང་ན་དེ་ཉིད་ཁོ་བོའི་བློ་གྲོས་ཀྱི་མཐུ་ལས་བྱུང་བ་གོ་བར་གྱིས་ཤིག་ཅེས་ཤཱཀྱའི་དགེ་ཚུལ་ཀརྨ་མཁྱེན་རབ་གསལ་བྱེད་དམ་བན་འགྲོ་ཕན་གྱིས་གསེར་ཐང་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་སྤྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༩ པའི་ཟླ་མཇུག་ཏུ་བྲིས་སོ།།  །།

དཔྱད་གཞིའི་ཡིག་ཆ། 

ཨདརྴ། སྡེ་དགེ་བཀའ་འགྱུར།
ཨདརྴ། སྡེ་དགེ་བསྟན་འགྱུར།
ཏཱ་ར་ནཱ་ཐ།  རྒྱ་གར་ཆོས་འབྱུང་།
ཐུབ་བསྟན་མཆོག་གྲུབ།  རྒྱ་གར་རྒྱལ་རབས།
ཁང་དཀར་ཚུལ་ཁྲིམས་སྐལ་བཟང་།  དེབ་སྔོན་གསར་མ།
ཀརྨ་པ་ཕྲིན་ལས་རྡོ་རྗེ།  སེམས་ཙམ་སུམ་ཅུ་པའི་འགྲེལ་པ་ཞལ་གསུང་མ།

བཀའ་དྲིན་ཞུ་ཚིག 

དེ་ཡང་འདི་ཉིད་ནི་ང་རང་གི་དཔེ་ཀློག་དང་བསམ་གཞིག་སྔོན་དུ་སོང་བའི་སྒོ་ནས་ཨདརྴའི་སྙི་ཆས་ཀྱི་རམ་འདེགས་འོག་ནས་བྲིས་ལ།  མདོ་ཕྱོགས་ཀྱི་འཁོར་ལོ་བར་མཐའ་ལས་སྐུ་བཞིའི་རྣམ་གཞག་འབྱུང་མིན་ལྟ་བུ་མཐའ་བཅད་དེ་འདི་ལྟར་འབྲི་དགོས་ན་སྤྱིར་ལོ་ངོ་གཉིས་གསུམ་ཙམ་ལ་འབད་པ་ཆེན་པོ་མ་བྱས་ན་འགྲུབ་ཐབས་མེད་ཀྱང་།  ད་ཆ་མྱུར་བར་གྲུབ་པ་ནི་སྙི་ཆས་དེ་ཉིད་ཀྱི་དྲིན་ལས་བྱུང་བས།  དེའི་བྱེད་པོ་རྒྱལ་མཆོག་བཅུ་བདུན་པ་ལ་བཀའ་དྲིན་ཆེ་ཞུ།  སྙི་ཆས་དེའི་རམ་འདེགས་འོག་ནས་འདི་ལྟར་འབྲི་བ་ལས་སླ་པོ་ཡིན་སྙམ་ན་ཤིན་ཏུ་ལེགས་འདུག་སྟེ།  ནང་བསྟན་གྱི་རྣམ་གཞག་ཤིན་ཏུ་མང་པོ་ལ་འདི་ལྟ་བུའི་བྱུང་འཕེལ་གྱི་ཚུལ་འཆད་དུ་ཡོད་པས་འབྲི་བར་ཞུ་ལགས།

– – – – –

Loading

1 མཆན་བུ།

  1. ཆོས་སྐུ་ཆོས་ལ་གོ་བར་འགལ་བ་གང་ཡང་མ་མཐོང་། སྐྱབས་ལ་རྒྱུ་སྐྱབས་དང་འབྲས་སྐྱབས་གཉིས་ཡོད་པ་བཞིན་ཆོས་སྐུ་ལའང་རྒྱུ་འབྲས་གཉིས་བཞག་ཆོག

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།