སྤྱི་བཤད།
ད་ལྟའི་ཆར་མཁས་བླུན་མང་པོས་ཚ་ཚ་འུར་འུར་གྱི་གླེང་གཞིར་གྱུར་བའི་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་ནི། ལོ་རྒྱུས་ཀྱི་ཆུ་ཀླུང་རིང་མོའི་ཁྲོད་དུ་རིམ་བཞིན་གསལ་ལ་མི་གསལ་བར་གྱུར་བའི་སྣང་ཚུལ་ཤུགས་ཆེན་འབྱུང་བཞིན་ཡོད་པ་དང་། དེའི་རྐྱེན་རྩ་ནི་ལོ་རྒྱུས་ཀྱི་ཡིག་ཚང་དངོས་ལ་མ་ཞུགས་པར། སྣང་བ་རྣམ་རྟོག་གི་འདུ་འགོད་སྤེལ་ཏེ། དེ་ལ་ལོ་རྒྱུས་སུ་བཏགས་ནས་བྲིས་པའི་ཡིག་ཚོགས་ཀུན་ཡིན། དེའི་རྗེས་འབྲང་དང་བཅས་པས་ཚངས་དབྱངས་རྒྱ་མཚོ་མཆོག་གི་མཛད་པ་དང་ལོ་རྒྱུས་མཐའ་དག་ནི་ཤིན་ཏུ་ཆ་མི་ཚང་བར་བྱས་ཡོད་པས། བདག་གིས་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཡིག་ཚང་འགའ་ངོ་སྤྲོད་པའི་ལས་སུ་ཞུགས་པ་ཡིན།
གཅིག སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཚངས་དབྱངས་རྒྱ་མཚོ་མཆོག་གི་རྣམ་ཐར།
སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་གྱི་མཚན་བྱང་ཆ་ཚང་ལ 《 ཐམས་ཅད་མཁྱེན་པ་དྲུག་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་པར་ཐར་བ་དུ་ཀཱུ་ལའི་འཕྲོས་མཐུད་རབ་གསལ་གསེར་གྱི་སྙེ་མ་གླེགས་བམ་དང་པོ། 》 [ 1 ] ཞེས་ཟེར་ཞིང་། འདི་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁོང་རང་གིས་བརྩམས་གནང་བའི་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་གཤའ་མ་ཞིག་རེད། འདིའི་ནང་དུ་གཙོ་བོ་ནི་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་ཡོད་ཁོ་ན་ཡིན་ལ། ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་འཁྲུངས་བ་དང་། ངོས་འཛིན་མཛད་པ། ཐོས་བསམ་སློབ་གཉེར་བྱས་ཚུལ། གསེར་ཁྲིར་མངའ་གསོལ་བ། དབང་དང་ལུང་གསན་ལུགས་སོགས་ཚངས་དབྱངས་རྒྱ་མཚོ་མཆོག་གི་མི་ལོ་བཅོ་བརྒྱད་ནང་གི་མཛད་པ་དང་རྣམ་ཐར་གཙོ་བོ་བྱས་ཏེ་བརྩམས་པ་ཞིག་རེད།
དེ་ཡང་སྤྱི་ལོ ༡༦༨༢ ལོར་རྒྱལ་དབང་ལྔ་པ་སྐུ་གཤེགས་པ་དང་། སྐུ་གཤེགས་པའི་གནས་ཚུལ་སྡེ་སྲིད་མཆོག་གིས་གསང་རྒྱ ( རྒྱལ་དབང་ལྔ་པའི་དགོངས་པ་ལྟར་གསང་རྒྱ་བྱས། ) བྱས། གསང་རྒྱའི་འོག་ཕྱོགས་གཅིག་ནས་རྒྱལ་དབང་ལྔ་པའི་དགོངས་རྫོགས་བསྒྲུབ་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་དབང་ལྔ་པའི་ཡང་སྲིད་རྩད་གཅོད་ཀྱི་ཕྱག་ལས་གནང་།
སྤྱི་ལོ ༡༦༨༥ ལོ་ནས་དངོས་སུ་ཕྱི་ཚུལ་དུ་སྡིངས་པོ་ཆེ་ངག་དབང་སྙན་གྲགས་དང་ཤར་ཁང་ནོ་མོན་ཁང་གི་སྐུ་སྐྱེ་རྩད་གཅོད་ཡིན་ཁུལ་གྱིས་ཆོས་རྗེ་མཁའ་རེག་པ་ཟིལ་གནོན་རྡོ་རྗེ་དང་། རྡོ་བ་བསོད་ནམས་རྒྱལ་མཚན་གཉིས་ལ་བཀའ་ཤོག་དང་བཅས་རྒྱལ་དབང་ལྔ་པའི་ཡང་སྲིད་རྩད་གཅོད་དུ་ཡར་མར་མངགས། ལོ་དེ་རང་ལ་མཚོ་སྣ་རྫོང་སྡོད་ཤུན་རྒྱ་ཡག་པ་དང་། འཕྱོངས་རྒྱས་པུ་ཤོད་པ་གཉིས་ཀྱིས་མོན་ལ་འོག་ཡུལ་གསུམ་གྱི་ཨོ་རྒྱན་གླིང་དུ་”འཁྲུངས་དུས་ཉི་མ་བདུན་ཤར་བ་” སོགས་དགེ་ལྟས་མང་བ་རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་སྐྱེ་ཡིན་པར་གྲགས་པ་སོགས་ཀྱི་ཡི་གེ་འབྱོར། དེ་འཕྲལ་སྡེ་སྲིད་ཀྱིས་ཞ་ལུ་མཁན་ཆེན་བསོད་ནམས་མཆོག་གྲུབ་གྱི་སྐུ་སྐྱེ་དོགས་གཞི་ཡོད་བཟོའི་འཕྲིན་ལན་གནང་བ་དང་། ཕྱི་ལྷོད་ནང་གྲིམ་གྱིས་སྐུ་སྐྱེ་བདག་བྱེད་དགོས་པའི་བཀའ་མངགས་མཛད་དེ། ཟླ་བ་བཅུ་གཉིས་པར་ཨོ་རྒྱན་གླིང་ནས་མཚོ་སྣ་རྫོང་དུ་གདན་དྲངས་སུ་བཅུག
སྤྱི་ལོ ༡༦༨༦ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཆོས་རྗེ་མཁའ་རེག་པ་ཟིལ་གནོན་རྡོ་རྗེ་དང་རྡོ་བ་བསོད་ནམས་རྒྱལ་མཚན་གཉིས་ལ་རྒྱལ་དབང་ལྔ་པའི་སྐུའི་ཉེར་སྤྱད་དང་བྱིན་རྟེན་སོགས་བསྐུར་ཏེ་མཚོ་སྣ་རྫོང་དུ་ཡང་སྲིད་ཡིན་མིན་ལ་བརྟག་དཔྱད་བྱེད་དུ་མངགས། མཁའ་རེག་པ་དང་བསོད་རྒྱན་གཉིས་མཚོ་སྣར་སླེབས་རྗེས་སྐུ་ན་མ་སྨིན་པའི་ཚངས་དབྱངས་རྒྱ་མཚོའི་སྐུ་མདུན་དུ་ཕེབས་ནས་གདམ་ངག་བེ་བུམ་དང་དཔེ་ཆ་མཛེས་པ་གཞན་ཞིག་ཕུལ་བར། བེ་བུམ་ལ་གཟིཊ་ནས་ངའི་དཔེ་ཆ་འདི་ག་ཡིན། གདོད་དར་གྱི་རི་མོ་ཕྱག་མཛུབ་ཀྱིས་ཀོར་ཀོར་གནང་སྟེ་འདི་འདྲ་པོ་ཏ་ལར་མང་པོ་ཡོད་གསུངས་ཏེ་ཞལ་ཕྱེ་ནས་མགོ་མཇུག་བར་གསུམ་ལ་གཟིགས་པ་སོགས ( ངོས་འཛིན་མཛད་ལུགས་རབ་གསལ་གསེར་གྱི་སྙེ་མ་ལས་དྲངས། ) རྒྱལ་དབང་ལྔ་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་ཟིན།
དུས་དེ་ནས་བཟུང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཤིན་ཏུ་གཟབ་ནན་ངང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་ལ་གཟིགས་སྐྱོང་བྱས་ཤིང་། དུས་དང་དུས་སུ་ཆེད་མངགས་ཀྱི་མི་སྣ་མངགས་པ ( ཆོས་རྗེ་མཁའ་རེག་པ་ཟིལ་གནོན་རྡོ་རྗེ་དང་རྡོ་བ་བསོད་ནམས་རྒྱལ་མཚན་གཉིས་རྒྱུ་འགྲུལ་བྱེད་མཁན་གཙོ་བོ་ཡིན། ) དང་། སྐུ་མདུན་དུ་ཆེད་བསྐོས་མི་སྣ་བཞག་སྟེ་ཚངས་དབྱངས་རྒྱ་མཚོར་གཟིགས་སྐྱོང་བྱས། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་སྤྱི་ལོ ༡༦༨༦ ལོར་ངོས་འཛིན་མཛད་པ་ནས་སྤྱི་ལོ ༡༦༩༧ ལོར་དབུས་སུ་གདན་འདྲེན་མ་བྱས་བར་གྱི་མཚོ་སྣར་བཞུགས་རིང་སྡེ་སྲིད་ཀྱིས་ཟམ་མ་ཆད་པར་འབྲེལ་ཡོད་མི་སྣ་མངགས་ནས། རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་གནས་ཚུལ་མཐའ་དག་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་བྱས་པ་མ་ཟད། སྐུ་ཡོན་གསན་བསམ་སོགས་གང་དགོས་འགྲུབ་པར་བྱས་ཡོད།
དེའི་རྒྱུ་མཚན་གྱིས་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་གནས་ཚུལ་མཐའ་དག་གསལ་ལེར་མཁྱེན་མཁན་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁོ་ན་མ་གཏོགས་མེད་ལ། ལྷག་ཏུ་སྐུ་ན་མ་སྨིན་པའི་དུས་སྐབས་དེའི་ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་གནས་ཚུལ་ཡིག་ཐོག་ཏུ་བཀོད་པ་ནི་《རབ་གསལ་གསེར་གྱི་སྙེ་མ》 མ་གཏོགས་གཞན་མེད་ཚོད། སྤྱིར་མོན་ཡུལ་དུ་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་ངག་རྒྱུན་ནི་མང་པོ་ཡོད་ངེས་ཀྱང་། ལོ་རྒྱུས་ཀྱི་དཔྱད་གཞི་ཡིག་ཆར་རུང་མིན་ནི་གནས་ཚུལ་གཞན་ཞིག་གོ །དེ་བས་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་ཡིག་ཚང་དང་། ལྷག་ཏུ་གསེར་ཁྲིར་མངའ་མ་གསོལ་བའི་བར་གྱི་ཡིག་ཚང་ཚད་ལྡན་ཞིག་བལྟ་ཀློག་བྱེད་དགོས་ཚེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《རབ་གསལ་གསེར་གྱི་སྙེ་མ》ནི་མེད་ཐབས་མེད་པ་ཞིག་ཡིན་ལ། དེ་ལ་གོམས་ཤིང་འདྲིས་པར་བྱ་རྒྱུ་དང་། བརྟག་ཅིང་དཔྱད་པ་གནང་ནས་ཚངས་དབྱངས་རྒྱ་མཚོ་མཆོག་གི་ཆུང་དུས་ཀྱི་མཛད་འཕྲིན་ལ་ཉམ་ཞིབ་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་འདོད།
སྤྱིར་《 རབ་གསལ་གསེར་གྱི་སྙེ་མ 》 ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་སྤྱི་ལོ ༡༧༠༡ ལོའི་ཟླ་བ་བཅུ་པའི་བར་གྱི་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་གནས་ཚུལ་དག་བཀོད་པའི་རྣམ་ཐར་ཞིག་ཡིན་ལ། དེར་” རྣམ་པར་ཐར་བའི་སྟོད་ཀྱི་ཆ་རེ་ཞིག་དེ་ཙམ་མོ། །” ཞེས་བཀོད་འདུག འདི་ལ་བལྟས་ན། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་རྣམ་ཐར་ལ་སྟོད་སྨད་བར་གསུམ་མམ། གླེགས་བམ་དང་པོ་དང་། གཉིས་པ། གསུམ་པ་ལྟ་བུ་བྱས་ནས་མཛད་འཆར་ཡོད་ཀྱང་། མི་དབང་སྡེ་སྲིད་མཆོག་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་གཉིས་ཀ་རྐྱེན་དབང་དུ་སོང་ནས་མཛད་འཕྲིན་མཐའ་ཅན་དུ་གྱུར་བ་ནི་ཤིན་ཏུ་ཡིད་སྐྱོ་འོས་པའི་དོན་ནོ། །དེ་བས་《 རབ་གསལ་གསེར་གྱི་སྙེ་མ 》 ནི་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་འཁྲུངས་པ་ནས་སྤྱི་ལོ༡༧༠༡ བར་གྱི་མཛད་པ་འཕྲིན་ལས་ཡོད་དོ་ཅོག་སྡེ་སྲིད་ལགས་ཀྱིས་ཡི་གེར་བྲིས་པ་ཞིག་ཡིན་ཞིང་། དཔྱད་གཞིའི་ཡིག་ཆ་རིན་ཐང་དང་ལྡན་པ་སྟེ། ཚངས་དབྱངས་རྒྱ་མཚོ་མཆོག་གི་མི་ལོ་བཅོ་བརྒྱད་ཡུན་གྱི་མཛད་པ་འཕྲིན་ལས་མཐའ་དག་ནི་འདི་ཁོ་ན་གཙོ་བོར་བྱ་དགོས་པ་ལས་གཞན་ནི་མ་ཡིན་ནོ་ཞེས་བདག་གིས་སྨྲ་བར་འདོད།
རྣམ་ཐར་འདི་ལས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་གི་སྐུ་ཚེ་གནས་སྐབས་གསུམ་དུ་དབྱེ་རུང་བ་འདོད་དེ། དེ་ནི་སྐུ་འཁྲུངས་པ་ནས་ངོས་འཛིན་མ་མཛད་པའི་བར་གྱི་སྐུ་ཚེའི་གནས་སྐབས་གཅིག ( ༡༦༨༣ – ༡༦༨༦ བར་གྱི་ལོ་གསུམ་དང་། ) དང་། ངོས་འཛིན་མཛད་ནས་གསེར་ཁྲིར་མངའ་མ་གསོལ་བའི་བར་གྱི་སྐུ་ཚེའི་གནས་སྐབས་གཅིག ( ༡༦༨༦ – ༡༦༩༧ བར་གྱི་ལོ་བཅུ་གཅིག ) གསེར་ཁྲིར་མངའ་གསོལ་ནས་རྣམ་ཐར་སྟོད་ཆ་རྫོགས་པའི་བར་གྱི་སྐུ་ཚེའི་གནས་སྐབས་གཅིག ( ༡༦༩༧- ༡༧༠༡ བར་གྱི་ལོ་བཞི། ) བཅས་གསུམ་དུ་དབྱེ་རུང་བར་འདོད། གནས་སྐབས་དེ་དག་སོ་སོར་རྣམ་ཐར་རང་ན་གསལ་མོད། འདི་ལྟར་བགོས་ཏེ་ཞིབ་འཇུག་བྱས་ཚེ་ཅུང་ཙམ་ཡག་པོ་མིན་ནམ་སྙམ།
མཐའ་བསྡོམས་ན། རྣམ་ཐར་འདི་ཉིད་ནི་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་གི་སྐུ་ཚེའི་སྟོད་ཀྱི་རྣམ་ཐར་རྨད་དུ་བྱུང་བ་ཞིག་ཡིན་པ་མ་ཟད། ཚངས་དབྱངས་རྒྱ་མཚོ་མཆོག་ལ་འབྲེལ་འདྲིས་ཆེས་ཟབ་ཤིང་། ཁོང་ཉིད་ལ་གཟིགས་སྐྱོང་གནང་མཁན་གྱི་མི་དབང་སྡེ་སྲིད་མཆོག་གིས་བྲིས་པ་ཡིན་པས། འདི་ཉིད་ལས་ལྷག་པའི་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ཚད་ལྡན་ཞིག་ནི་སྲིད་ན་མེད་དོ་ཞེས་སྨྲ་བར་འདོད། གལ་ཏེ་ཚངས་དབྱངས་རྒྱ་མཚོ་མཆོག་གི་སྐུ་ཚེའི་སྟོད་ཀྱི་ཆ་དང་འབྲེལ་བའི་ལོ་རྒྱུས་ཡིག་ཚང་རྨད་དུ་བྱུང་བའམ། ཁྱད་དུ་འཕགས་པ། ཚད་མར་རུང་བ་ཞིག་འཇོག་དགོས་ཚེ། དེ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《 རབ་གསལ་གསེར་གྱི་སྙེ་མ་》 ཁོ་ན་འཇོག་འོས་སོ། །
གཉིས། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར་ལས་བྱུང་བའི་ཚངས་དབྱངས་རྒྱ་མཚོ་མཆོག་གི་རྣམ་ཐར་སྐོར།
པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་ནི་པཎ་ཆེན་སྐུ་ཕྲེང་ལྔ་པ་ཡིན་ལ། པཎ་ཆེན་སྐུ་ཕྲེང་རིན་བྱོན་ལས་མཛད་འཕྲིན་ཤིན་ཏུ་ཆེ་ཤོས་ཀྱི་པཎ་ཆེན་རིན་པོ་ཆེ་ཞིག་ཡིན། པཎ་ཆེན་སྐུ་ཕྲེང་ལྔ་པའི་སྐུ་ཐོག་གོང་མ་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་ཡིན། པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས་རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ངོས་འཛིན་དང་ཁྲི་འདོན་སོགས་ལ་ནུས་པ་ཆེན་པོ་ཐོན་ཡོད་པ་མ་ཟད། དགའ་ལྡན་ཕོ་བྲང་གི་སྲིད་དབང་གསར་འཛུགས་ཀྱི་ཕྱོགས་ལའང་ནུས་པ་མི་དམན་པ་ཐོན་ཡོད། དེའི་རྒྱུ་མཚན་གྱིས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་བླ་སློབ་ཀྱི་ཚུལ་དུ་བྱུང་ཡོད་པ་དང་། ལྷག་ཏུ་པཎ་ཆེན་སྐུ་ཕྲེང་ལྔ་པའི་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བསྩལ་མཁན་ནི་རྒྱལ་དབང་ལྔ་པ་ཡིན་པ་དང་། བློ་བཟང་ཡེ་ཤེས་ཞེས་པའི་མཚན་ཀྱང་རྒྱལ་དབང་ལྔ་པས་གསོལ་བ་ལྟ་བུའོ། །
དེའི་རྗེས་སུ་རྒྱལ་དབང་ལྔ་པ་སྐུ་གཤེགས་པ་དང་། སྐུ་གཤེགས་པའི་གནས་ཚུལ་གསང་རྒྱ་ཡུན་རིང་བྱས། པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་གིས་ཀྱང་རྒྱལ་དབང་ལྔ་པ་སྐུ་གཤེགས་ཟིན་པའི་གནས་ཚུལ་མ་མཁྱེན་པར་སྤྱི་ལོ ༡༦༨༥ ལོར་ཐེངས་དུ་མར་མི་སྣ་རྫོང་སྟ་བྱས་ཏེ་བསྙེན་རྫོགས་ཞུ་བར་བཅར་ཆོག་པའི་ཞུ་ཡིག་བཅས་ཕུལ་ཀྱང་། རེ་འབྲས་མ་སྨིན་པར་ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་གཉིས་ཉིན། དཀོན་མཆོག་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་མཁན་སློབ་ཟུང་འབྲེལ་དང་། མགོན་པོ་དཔལ་བཟང་གིས་གྲིབ་ཚོད་པ། བློ་བཟང་བྱམས་ལས་ལྷུང་བཟེད་བྲིམས་པ། བློ་བཟང་དཔལ་འབྱོར་སོགས་ཁ་སྐོང་དུ་འོས་པ་དག་གིས་ཁ་སྐོང་པ་མཛད་དེ་དགེ་སློང་གི་སྡོམ་པ་ལེགས་པར་མནོས་དགོས་བྱུང་། དེ་ལྟ་ནའང་། རྒྱལ་དབང་ལྔ་པ་ཆེན་པོར་ཞབས་བརྟན་སོགས་རྟག་པར་ཞུ་བཞིན་ཡོད་པ་མ་ཟད། གནས་ཚུལ་དེ་སྤྱི་ལོ ༡༦༩༧ ལོར་གསང་རྒྱ་མ་བཀྲོལ་བར་མུ་ནས་རྒྱུན་བསྐྱངས།
༡༦༩༧ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཐོག་མར་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཡབ་ཡུམ་ལ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ནི་རྒྱལ་དབང་ལྔ་པ་ཆེན་པོའི་ཡང་སྲིད་ཡིན་པའི་གསང་རྒྱ་བཀྲོལ་བ་དང་། རིམ་བཞིན་པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་ལའང་གནས་ཚུལ་དེ་བཞིན་ཞུས། ལྷག་ཏུ་པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་ཚངས་དབྱངས་རྒྱ་མཚོར་རབ་བྱུང་གི་སྡོམ་པ་བསྩལ་བར་ཕེབས་དགོས་པའི་ཞུ་ཡིག་རྟེན་བཅས་བསྐུར་བ་མ་ཟད། ལོ་དེའི་ཟླ་བ་དགུ་པའི་ནང་དུ་རྒྱལ་བ་ཡབ་སྲས་གཉིས་སྣ་དཀར་རྩེ་ནས་མཇལ་འཛོམས་དང་། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་ཚངས་དབྱངས་རྒྱ་མཚོར་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཕུལ་ནས་མཚན་ལ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ཞེས་གསོལ། ལྷག་ཏུ་སྣ་དཀར་རྩེ་ནས་མཇལ་མཛོམས་བྱས་རྗེས་ནས་གསེར་ཁྲིར་མངལ་གསོལ་བ་དང་། དེའི་རྗེས་ཀྱི་ཟླ་བ་རེ་འགའི་ནང་དུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་ལ་དབང་ལུང་སོགས་མང་པོ་བསྩལ་བ་དང་། པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་གི་བུ་སློབ་ལྟ་བུའི་རྣམ་ཐར་བསྐྱངས།
སྤྱིར་སྐབས་ཐོག་དེར་པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་ནི་དགེ་ལུགས་པའི་གྲུབ་མཐའ་སྤྱིའི་བསྟན་བདག་ལྟ་བུར་གྱུར་ཡོད་པ་དང་། རྒྱལ་དབང་ལྔ་པ་སྐུ་གཤེགས་ཤིང་། རྒྱལ་དབང་དྲུག་པ་སྐུ་ན་གཞོན་དུས་ཀྱི་གནས་སྟངས་དེ་འདྲར་པཎ་ཆེན་བློ་བཟང་ཡེ་ཤེས་ལྟ་བུ་ནི་གྲུབ་མཐའ་གང་གི་གཙུག་གི་རྒྱན་ལྟ་བུར་གྱུར་ཡོད། ལྷག་ཏུ་རྒྱལ་བ་ཡབ་སྲས་བླ་སློབ་ལྟ་བུའི་སྲོལ་ཀ་གང་དེས་པཎ་ཆེན་བློ་བཟང་ཡེ་ཤེས་ནི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སློབ་དཔོན་ནམ་དབང་ལུང་སོགས་སྩོལ་མཁན་གཙོ་བོ་ལྟ་བུར་གྱུར་ཡོད་པ་བཅས་ཀྱིས་པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་གི་སྐབས་དེའི་མཚན་སྙན་དང་གཟི་བརྗིད་ནི་བཤད་མ་དགོས་པ་ཞིག་རེད།
གནས་ཚུལ་དེ་ལྟ་བུའི་འོག པཎ་ཆེན་བློ་བཟང་ཡེ་ཤེས་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་གསུམ་ནི་སྐབས་ཐོག་དེའི་ཆེས་གནད་འགག་ཆེ་བའི་བོད་ཀྱི་མི་སྣ་གསུམ་དུ་གྱུར་ཡོད་པ་དང་། པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་གི་རྣམ་ཐར་དུ་བྱུང་བའི་ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་རྣམ་ཐར་དེ་དག་ཀྱང་ཆེས་ཡིད་རྟོན་དུ་རུང་བའི་རྣམ་ཐར་རམ་ལོ་རྒྱུས་སུ་གྱུར་ཡོད།
པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་གི་རྣམ་ཐར་ལ་སྟོད་སྨད་གཉིས་ཡོད་ཅིང་། སྟོད་ཆ་ནི་རང་རྣམ་ཁོ་ན་ཡིན་པ་དང་། སྨད་ཆ་ནི་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པ་ཞིག་རེད། སྟོད་ཆའི་མཚན་བྱང་ཆ་ཚང་ལ་ནི་《ཤཱཀྱའི་དགེ་སློང་བློ་བཟང་ཡེ་ཤེས་ཀྱི་སྤྱོད་ཚུལ་གསལ་བར་བྱེད་པ་འོད་དཀར་ཅན་གྱི་ཕྲེང་བ། 》 [ 2 ] ཞེས་ཟེར་ཞིང་། འདི་ཉིད་དུ་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་རྣམ་ཐར་ཤིན་ཏུ་མང་པོ་འབྱུང་། ལྷག་ཏུ་སྣ་དཀར་རྩེ་ནས་རྒྱལ་བ་ཡབ་སྲས་མཇལ་འཛོམས་བྱས་པ་ནས་གསེར་ཁྲིར་མངའ་གསོལ་བ་དང་། དབང་ལུང་གང་ཞིག་བསྩལ་བ་སོགས་ཤིན་ཏུ་ཞིབ་ཕྲ་བརྗོད་འདུག་པ་མ་ཟད། དེའི་རྗེས་ཀྱི་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་ཡོད་ཀྱི་གླེང་གཞི་སྣ་ཚོགས་དང་། སྤྱི་ལོ ༡༧༠༡ རྗེས་ཀྱི་ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་གནས་ཚུལ་ཆེས་གསལ་ཐག་ཆོད་པ་མང་པོ་ཞིག་ནི་རྣམ་ཐར་འདི་ལས་གཞན་གང་དུ་ཡང་མི་སྣང་ངོ་། །
གོང་དུ་ངོ་སྤྲོད་ཞུས་ཟིན་པ་ལྟར། སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་མཛད་པའི་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ནི་སྤྱི་ལོ ༡༧༠༡ གི་ཟླ་བ་བཅུ་པའི་བར་མ་གཏོགས་མེད་ལ། དེའི་རྗེས་སུ་བྱུང་བའི་ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་མི་དབང་སྡེ་སྲིད་མཆོག་གིས་ཡིག་ཐོག་ཏུ་བཀོད་ཐུབ་མེད། གལ་ཏེ་《 རབ་གསལ་གསེར་གྱི་སྙེ་མ》 ལས་གཞན་པའི་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་དང་འབྲེལ་བའི་ཡིག་ཆ་ཁུངས་ཐུབ་ཞིག་འཇོག་དགོས་ཚེ། དེ་ནི་པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་གི་རང་རྣམ་ལས་བྱུང་བའི་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་དེ་དག་ཡིན་ལ། རྣམ་ཐར་དེ་དག་ཆ་ཚང་ཞིང་མགོ་སྔ་ཡོད་པ་མ་ཟད། དུས་ཚོད་ཀྱི་ཆ་ནས་བཤད་ན། སྤྱི་ལོ ༡༦༩༧ ལོའི་རྒྱལ་བ་ཡབ་སྲས་ཞལ་མཇལ་བ་ནས་༡༧༠༧ ལོར་ཚངས་དབྱངས་རྒྱ་མཚོ་སྐུ་གཤེགས་པའི་བར་གྱི་གནས་ཚུལ་མང་པོ་ཞིག་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར་དུ་བྱུང་ཐུབ་ཡོད། ལྷག་ཏུ་སྐབས་ཐོག་དེར་བོད་སོག་དབང་འཛིན་པའི་བར་གྱི་འཐག་འཁྲུག་དང་། སྡེ་སྲིད་རིན་པོ་ཆེ་མཆོག་སྐུ་བགྲོངས་བ། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རྒྱང་ཕུད་དུ་བཏང་ནས་སྐུ་གཤེགས་པ་སོགས་ཀྱི་གནས་ཚུལ་ཡོད་ཚད་གསལ་ལེར་མཁྱེན་མཁན་གྱི་མི་སྣ་ཆེན་པོ་ཞིག་ཡོད་པ་ནི་པཎ་ཆེན་བློ་བཟང་ཡེ་ཤེས་རང་ཡིན།
དེའི་རྒྱུ་མཚན་གྱིས། པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་གི་རྣམ་ཐར་དུ་བྱུང་བའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ནི་ཤིན་ཏུ་ཚད་མར་རུང་བ་དང་། ཕོན་ཆེ་བ། ཆ་ཚང་བ་བཅས་ཀྱི་ཁྱད་ཆོས་ཡོད་པས། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་གི་མཛད་པ་རྣམ་ཐར་ལ་ཞིབ་འཇུག་བགྱི་དགོས་ཚེ། པཎ་ཆེན་བློ་བཟང་ཡེ་ཤེས་མཆོག་གི་རང་རྣམ་《ཤཱཀྱའི་དགེ་སློང་བློ་བཟང་ཡེ་ཤེས་ཀྱི་སྤྱོད་ཚུལ་གསལ་བར་བྱེད་པ་འོད་དཀར་ཅན་གྱི་ཕྲེང་བ། 》 ནི་མེད་ཐབས་མེད་པ་ཞིག་གོ་ཞེས་བདག་གིས་སྨྲའོ། །
གསུམ། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དུ་བྱུང་བའི་ཚངས་དབྱངས་རྒྱ་མཚོ་མཆོག་གི་རྣམ་ཐར་སྐོར།
ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་ལ་ནི 《རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་རྡོ་རྗེ་འཆང་བློ་བཟང་བསྐལ་བཟང་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་དཔག་བསམ་རིན་པོ་ཆེའི་སྙེ་མ། 》 [ 3 ] ཞེས་བྱ་ཞིང་། སྤྱིར་རྣམ་ཐར་འདི་རུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་ལོ་རྒྱུས་ནི་ཤིན་ཏུ་ཉུང་།
རྣམ་ཐར་འདི་རུ་བྱུང་བའི་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་རྣམ་ཐར་རྣམས་ནི་མགྲོན་གཉེར་བློ་བཟང་དཀོན་མཆོག་གི་ཟིན་བྲིས་ཞིག་ཡིན་པ་འདི་ལྟར་སྟེ། ” རྗེ་གོང་མ་ཚངས་དབྱངས་རྒྱ་མཚོ་གཞན་དོན་དུ་གཤེགས་སྐོར་རྣམས་མགྲོན་གཉེར་བློ་བཟང་དཀོན་མཆོག་གིས་ཕུལ་བའི་ཟིན་བྲིས་དང་། ” ཞེས་འབྱུང་ལ། རྒྱལ་བ་བསྐལ་བཟང་རྒྱ་མཚོ་མཆོག་ལྷ་སར་མ་ཕེབས་བར་གྱི་རྣམ་ཐར་དུ་སྐུ་གོང་མ་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་ལོ་རྒྱུས་ཅུང་ཙམ་རེ་འབྱུང་བ་ནི་ཤིན་ཏུ་དཔྱད་གཞིར་རུང་བའི་གཏམ་དུ་སྣང་།
དེ་ལྟར་བཤད་དོན་ནི་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་སྐུ་གཤེགས་སྐབས་ཁོང་གི་ཞབས་ཕྱིར་ཡོད་པ་རྣམས་རིམ་བཞིན་རྒྱལ་བ་བསྐལ་བཟང་རྒྱ་མཚོ་མཆོག་གི་སྐུའི་ཞབས་ཕྱིར་བྱུང་ཡོད་པ་དང་། དེ་དག་གི་ནང་ནས་མི་སྣ་གཙོ་བོ་ཞིག་བཞག་ན། དཔེར་ན་གསོལ་དཔོན་བློ་གྲོས་དབང་ཕྱུག་ལྟ་བུ་རེད། གསོལ་དཔོན་བློ་གྲོས་དབང་ཕྱུག་ནི་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་སྐུ་གཤེགས་ཁར་སྐུ་མདུན་དུ་ཡོད་པ་མ་ཟད། རྗེས་སུ་ལྷ་བཟང་ཧན་གྱི་སྟངས་འཛིན་འོག་ལྷ་སར་བཞུགས་དགོས་བྱུང་ལ། རྒྱལ་བ་བསྐལ་བཟང་རྒྱ་མཚོ་ལྷ་སར་ཕེབས་སྐབས་གཞི་ནས་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་སྐུ་མདུན་དུ་བཅར་ཐུབ་པ་བྱུང་བ་ལྟ་བུའོ། །ལྷག་ཏུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་གཤེགས་ཁར་དགའ་ལྡན་ཕོ་བྲང་གི་ནང་རྟེན་གཙོ་བོ་སངས་རྒྱས་ཀྱི་རིང་བསྲེལ་མ་སྐྱེས་དགྲའི་རྟེན་སྐལ་དེ་ཉིད་མགྲོན་གཉེར་བིན་ཐ་དབོན་པོ་སོགས་ལ་འདི་ཉིད་དགྲ་ལག་ཏུ་མ་ཤོར་བར་ངེད་ཀྱི་ཡང་སྲིད་རྗེས་མར་སྤྲོད་རྒྱུ་ཡོད་པ་གྱིས་ཞེས་བཀའ་བསྩལ་བ་རྗེས་སུ་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཕྱག་ཏུ་འབྱོར་བ་སོགས་སྐུ་ཕྲེང་སྔ་ཕྱི་གཉིས་ཀའི་རྣམ་ཐར་ལུགས་མཐུན་དུ་བྱུང་ཐུབ་ཡོད་པ་སོགས་ནི་ཤིན་ཏུ་གལ་ཆེན་དུ་འདོད།
དེ་བས་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་འདིའི་ནང་དུ་བྱུང་བའི་མི་སྣ་དང་ལོ་རྒྱུས་སོགས་གཞི་བྱས་ཏེ་བརྟག་དཔྱད་མཐའ་ཆོད་པ་བྱས་ཚེ། ཚངས་དབྱངས་རྒྱ་མཚོ་མཆོག་གི་སྐུ་ཚེ་མཐའ་མའི་མཛད་པ་དང་། སྐབས་དེའི་གནས་ཚུལ་རོབ་ཙམ་ཤེས་ཐུབ། འདི་ཉིད་དུ་བྱུང་བའི་རྣམ་ཐར་ཉུང་རུང་། ཤིན་ཏུ་ཡིད་རྟོན་དུ་རུང་བ་དང་། དཔྱད་གཞིར་འོས་པའི་ཡིག་ཚང་དུ་འདོད་ནས་ངོ་སྤྲོད་ཙམ་བྱས་པ་ཡིན།
གོང་དུ་ངོ་སྤྲོད་བྱས་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་སྟེ། 《 རབ་གསལ་གསེར་གྱི་སྙེ་མ》 དང་། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རང་རྣམ་ 《 ཤཱཀྱའི་དགེ་སློང་བློ་བཟང་ཡེ་ཤེས་ཀྱི་སྤྱོད་ཚུལ་གསལ་བར་བྱེད་པ་འོད་དཀར་ཅན་གྱི་ཕྲེང་བ། 》 ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་《 དཔག་བསམ་རིན་པོ་ཆེའི་སྙེ་མ 》གསུམ་ནི་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་ཡིག་ཚང་ཆེས་རྨད་དུ་བྱུང་བ་དེ་ཡིན་པར་འདོད། འདི་གསུམ་གཞུང་རྟ་བྱས་ཏེ་ཚངས་དབྱངས་རྒྱ་མཚོ་མཆོག་གི་སྐུ་ཚེའི་རྣམ་ཐར་ལ་དཔྱད་པ་བཏང་ན་ཤིན་ཏུ་འོས་ཤིང་མཚམས་པ་མ་ཟད། ལོ་རྒྱུས་ཀྱི་དོན་དངོས་དང་ཡང་མཐུན་ཆེ་བ་མིན་ནམ་སྙམ། རྣམ་ཐར་དེ་གསུམ་གཞིར་བྱས་ནས་འོག་ཏུ་འབྱུང་བའི་རྣམ་ཐར་འདི་དག་གིས་ཟུར་བརྒྱན་ན་ད་གཟོད་རྒྱལ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ཆ་ཚང་ཞིག་འཆད་ཐུབ་བོ་ཞེས་བདག་གི་རྨོངས་བློར་འཆར།
བཞི། ཚངས་དབྱངས་རྒྱ་མཚོ་མཆོག་གི་རྣམ་ཐར་དང་འབྲེལ་བའི་སྐབས་ཐོག་དེའི་ཡིག་ཚང་འགའ།
དང་པོ། འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱི་རྣམ་ཐར།
ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་མཆོག་གི་རྣམ་ཐར་ནི་གང་གི་ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད་པ་ཞིག་ཡིན། མཚན་བྱང་ལ་《 རྗེ་བཙུན་དམ་པ་མཚན་བརྗོད་པར་དཀའ་བ་དཔལ་ལྡན་བླ་མ་དམ་པ་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་པར་ཐར་བ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་ཕྲེང་བ། 》 [ 4 ] ཞེས་བྱ་ཞིང་། འདི་ལ་ 《རྣམ་ཐར་བཙན་པོ་མ》ཞེས་ཀྱང་ཟེར། སྤྱིར་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ནི་མདོ་སྨད་དུ་སྐུ་འཁྲུངས་ཤིང་ཡུལ་དབུས་ནས་འབྲས་སྤུངས་སུ་ཞུགས་ཏེ་འཆད་ཉན་བྱས། རྗེས་སུ་རི་བོ་དགེ་འཕེལ་དུ་ཐུགས་དམ་ཉམས་བཞེས་བྱས་ཤིང་སྒོ་མང་གྲྭ་ཚང་གི་མཁན་པོ་ཡང་མཛད། མཐར་མདོ་སྨད་དུ་ཕེབས་ནས་བླ་བྲང་བཀྲ་ཤིས་འཁྱིལ་བཏབ་པ་སོགས་མཛད་རྗེས་ཤིན་ཏུ་ཆེ་བའི་སྐྱེས་བུ་ཞིག་ཡིན།
ཁོང་གི་རྣམ་ཐར་དུ་བྱུང་བའི་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་ལོ་རྒྱུས་ནི་ལྟོས་འཇོག་གིས་བཤད་ན་ཅུང་ཙམ་མང་ལ། དེའི་རྒྱུ་མཚན་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཁོང་ནི་སྐབས་ཐོག་དེའི་གནས་ཚུལ་མང་པོ་ཞིག་དངོས་སུ་བརྒྱུད་མྱོང་མཁན་གྱི་མི་སྣ་ཞིག་ཡིན་པས་ཡིན། དཔེར་ན། སྤྱི་ལོ ༡༧༠༢ ལོར་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་གཙང་དུ་པཎ་ཆེན་རིན་པོ་ཆེའི་སྐུ་མདུན་དུ་ཕེབས་སྐབས། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཁོང་ཡང་མཉམ་དུ་ཕེབས་ཡོད་ལ། སྐབས་དེའི་གནས་ཚུལ་མང་པོ་ཞིག་ཀྱང་རྣམ་ཐར་དུ་བཀོད་འདུག སྤྱིར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་སྤྱི་ལོ ༡༦༩༧ ལོར་གསེར་ཁྲིར་མངའ་གསོལ་བ་ནས་སྤྱི་ལོ ༡༧༠༧ ལོར་སྐུ་མ་གཤེགས་བར་གྱི་གནས་ཚུལ་ཆེན་པོ་ཕལ་ཆེར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་དུ་བྱུང་འདུག
འདི་རུ་བཀོད་ཡོད་པའི་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་གནས་ཚུལ་ཡོད་དོ་ཅོག་ནི་སྐབས་དེའི་གནས་ཚུལ་དངོས་ཤིག་དང་། འཇམ་དབྱངས་བཞད་པ་ཁོ་རང་གི་བསམ་ཚུལ་ལམ་དྲན་སྟངས་རིགས་གཉིས་ཡོད་པ་འདྲ་ལ། ཡོད་ཚད་དོན་དངོས་ཁོ་ན་ཡིན་པའི་ངེས་པའང་མེད་དེ། དཔེར་ན་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མཆོག་གསེར་ཁྲིར་མངའ་གསོལ་དུས་འཇམ་དབྱངས་བཞད་པ་ལ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དབུ་མེད་མཁན་ཞིག་སྣང་བ་ལྟ་བུ་དག་གོ །འདི་དག་ལ་དྲང་ངེས་གཉིས་ཀྱི་ཐོག་ནས་གོ་བ་ལེན་དགོས་པ་ལས། ཐད་ཀར་དུ་གོ་བ་བླངས་ན་ནི་ཤིན་ཏུ་ཐལ་མི་ཆེའམ་སྙམ། དེ་ལྟ་ནའང་། རྣམ་ཐར་འདི་ཉིད་དུ་ཤིན་ཏུ་དཔྱད་གཞིར་འོས་པ་མང་པོ་ཡང་ཡོད་དེ། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་རྒྱ་ཕེབས་སྐབས་ཀྱི་གནས་ཚུལ་ལྟ་བུ་དང་། སྐབས་དེའི་ཆབ་སྲིད་ཀྱི་གནས་སྟངས་སོགས་ཤིན་ཏུ་མང་པོ་འབྱུང་། དེ་བས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ 《 རྣམ་ཐར་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་ཕྲེང་བ 》 འམ 《 རྣམ་ཐར་བཙན་པོ་མ 》 ནི་མ་བལྟས་ཐབས་མེད་ཀྱི་དེབ་ཞིག་གོ་ཞེས་ངོ་སྤྲོད་ཉུང་བསྡུས་ཤིག་བྱས་པ་ཡིན།
གཉིས་པ། འོལ་དགའ་བཞད་པའི་རྡོ་རྗེའི་རྣམ་ཐར།
འོལ་དགའ་བཞད་པའི་རྡོ་རྗེའམ་སླེ་ལུང་བཞད་པའི་རྡོ་རྗེ། མཚན་གཞན་ལ་རྗེ་དྲུང་བློ་བཟང་འཕྲིན་ལས་ཞེས་ཀྱང་བྱ། སྐབས་ཐོག་དེའི་སྤྲུལ་སྐུ་རྣམ་གསུམ་ཞེས་པའི་ཡ་གྱལ་ཡིན་ལ། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་ཡང་གནང་མྱོང་ཞེས་རྣམ་ཐར་གྱི་དཔེ་སྐྲུན་གསལ་བཤད་དུ་འདུག རྣམ་ཐར་གྱི་མཚན་བྱང་ནི《 རིག་པ་འཛིན་པ་བློ་བཟང་འཕྲིན་ལས་ཀྱི་རྟོགས་པ་བརྗོད་པ་སྐལ་བཟང་དགའ་སྟོན། 》 [ 5 ] ཞེས་ཟེར་ལ། འདི་ནི་ཁོང་རང་གིས་མཛད་པའི་རང་རྣམ་ལྟ་བུ་རེད།
རྣམ་ཐར་འདི་ནི་འོལ་དགའ་བཞད་པའི་རྡོ་རྗེ་མཆོག་གི་མི་ལོ་ཉེར་བརྒྱད་ཀྱི་རྣམ་པར་ཐར་བ་རེད་འདུག་ལ། སྐུ་འཁྲུངས་བ་ནས་དགུང་ལོ་ཉེར་བརྒྱད་སོན་པའི་བར་གྱི་རྣམ་ཐར་རེད་འདུག ཁོང་ནི་སྤྱི་ལོ ༡༦༩༧ ལོ་སྐུ་འཁྲུངས་ཤིང་། རྣམ་ཐར་ནི་སྤྱི་ལོ ༡༧༢༤ ལོར་མཛད་གྲུབ་པ་ཞིག་རེད།
རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་ལོ་རྒྱུས་ནི་ཅུང་ཙམ་ཉུང་མོད། དེ་རུ་བྱུང་བ་དག་ཕལ་ཆེར་དོན་དངོས་དང་གནས་སྟངས་ངོ་མ་ཞིག་མིན་ནམ་སྙམ་པའི་ཚོར་སྣང་འདུག ལྷག་ཏུ་རྣམ་ཐར་འདི་རུ་ཚངས་དབྱངས་རྒྱ་མཚོ་མཆོག་སྔ་ཕྱི་ཐེངས་གཉིས་ལ་ཞལ་མཇལ་སྐབས་ཀྱི་གནས་ཚུལ་ཞིབ་ཕྲ་བྲིས་འདུག་ལ། ཚངས་དབྱངས་རྒྱ་མཚོ་མཆོག་གི་སྐུའི་ཆས་གོས་སོགས་ཀྱི་རྣམ་པ་བརྗོད་ཡོད་པ་ནི་ཤིན་ཏུ་ཚད་མར་རུང་བར་འདོད། ཐོག་མར་ཚངས་དབྱངས་རྒྱ་མཚོ་མཆོག་མཇལ་དུས་ནི་སྤྱི་ལོ ༡༧༠༢ ལོ་ཡིན་འདུག་ལ། སྐུ་སྐྱ་ཆས་སུ་བསྒྱུར་ནས་དུས་ཡུན་ཆེན་པོར་མ་སོང་བའི་སྐབས་རེད་འདུག ཐེངས་རྗེས་མ་མཇལ་དུས་ནི་སྤྱི་ལོ ༡༧༠༤ ལོར་འོལ་དགར་ཕེབས་དུས་རེད་འདུག དུས་ཚོད་མི་འདྲ་བ་གཉིས་ཀྱི་ནང་དུ་ཞལ་མཇལ་བྱེད་སྐབས་ཀྱི་གནས་ཚུལ་ཡོད་ཚད་བྲིས་འདུག ད་དུང་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་དོན་རྐྱེན་དང་། སྐབས་ཐོག་དེར་མི་རྣམས་ཀྱིས་ཚངས་དབྱངས་རྒྱ་མཚོ་མཆོག་ལ་གླེང་བརྗོད་ཅི་འདྲ་བྱེད་ཀི་ཡོད་མེད། ལྷ་བཟང་ཧན་སོགས་ཀྱི་བྱེད་སྤྱོད་སོགས་ཤིན་ཏུ་ཡག་པོ་བྲིས་འདུག་པའི་སྣང་བ་བྱུང་།
རྣམ་ཐར་འདི་ཉིད་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་ཡོད་ཁོ་ན་ཙམ་མ་ཡིན་པར། སྐབས་དེའི་ཆབ་སྲིད་དང་། མཚོ་བོད་མཐོ་སྒང་གི་གནས་སྟངས་སྤྱིའི་སྐོར་གྱི་གནས་ཚུལ་ཡང་ཤིན་ཏུ་མང་པོ་བྱུང་འདུག་པས། འདི་ཉིད་ནི་ལོ་རྒྱུས་ཀྱི་དཔྱད་གཞི་ཡིག་ཆ་རྨད་དུ་བྱུང་བ་ཞིག་གོ་ཞེས་ཞོར་དུ་ངོ་སྤྲོད་ཀྱི་ཚུལ་དུ་བྲིས་པ་ཡིན།
གསུམ་པ། བཀའ་བློན་རྟོཊ་བརྗོད་སོཊ་སུ་བྱུང་བའི་རྣམ་ཐར།
མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱི་རང་རྣམ་མམ་ཁོ་རང་གི་རྟོགས་བརྗོད་དུ་གྲགས་པ་ནི་ཚིག་ཉུང་ལ་དོན་འདུས་པ་ཞིག་ཡིན། ཡོངས་གྲགས་སུ་《 བཀའ་བློན་རྟོགས་བརྗོད་》 [ 6 ] དུ་འབོད། འདི་ཉིད་དུ་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བ་ནི་ཐིག་ཕྲེང་གཅིག་ཙམ་མ་གཏོགས་བྱུང་མེད་ལ། འདིར་དྲངས་ན། ” རྒྱལ་བ་དྲུག་པ་ཆེན་པོ་ནི་རྒྱ་ལ་ཕེབས་རྩིས་ཐོག་ཀུན་དགའ་ནོར་དུ་ཞི་དབྱིངས་སུ་གཤེགས་པ་དང་། ” ཞེས་པ་ཙམ་ཡིན། འདི་ནི་སྐབས་ཐོག་དེའི་མི་སྣ་ཆེན་པོ་ཞིག་གི་ཚིག་ཡི་གེར་བྲིས་པ་ཡིན་པས། ཤིན་ཏུ་དཔྱད་གཞི་རུང་བར་འདོད།
ལྕང་སྐྱ་སྐུ་ཕྲེང་གཉིས་པ་ནི་སྐབས་ཐོག་དེར་རྒྱ་ནག་གོང་མའི་དབུ་བླ་ཡིན། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་གསེར་ཁྲིར་མངལ་གསོལ་སྐབས་རྒྱ་ནག་གོང་མའི་ཚབ་བྱས་ནས་གསེར་ཡིག་འབུལ་བར་བོད་དུ་ཕེབས། འདི་རུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལ་རྒྱ་ནག་གོང་མའི་ཚབ་བྱས་ནས་མཇལ་རྟེན་ཕུལ་ལུགས་སོགས་ཉུང་ཙམ་བྱུང་མོད། ཤིན་ཏུ་དཔྱད་གཞི་རུང་བའི་གཏམ་ནི་མི་འདུག གཙོ་བོ་ཞིག་ནི་སྐབས་ཐོག་དེར་སྡེ་སྲིད་སངས་རྒྱས་རྒྱ་མཚོར་ཕྱག་ཕུལ་བ་དང་། གནད་དོན་དེས་རྐྱེན་བྱས་རྒྱ་ནག་གོང་མས་ཆད་པ་ཕོག་སྟེ་སྐབས་ཤིག་རིང་བླ་མ་ཆེ་བའི་གྲལ་རིམ་ནས་ཕབ་ཀྱང་རྗེས་སུ་ཡང་བདག་རྐྱེན་བཟང་བོ་བྱས་པ་སོགས་ཀྱི་གནས་ཚུལ་གསལ། རྣམ་ཐར་གྱི་མཚན་བྱང་ནི《 ལྕང་སྐྱ་སྐུ་ཕྲེང་གཉིས་པ་རྗེ་ངག་དབང་བློ་བཟང་ཆོས་ལྡན་གྱི་རྣམ་ཐར་མུ་ཏིག་ཕྲེང་བ། 》 [ 7 ] ཞེས་ཟེར་རོ། །
《 མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན》 [ 8 ] དུ། ” ཆུ་ཕག་ལ་ཚངས་དབྱངས་རྒྱ་མཚོ་བལྟམས། ཤིང་གླང་ལ་ཚངས་དབྱངས་རྒྱ་མཚོ་བླ་མ་རིན་པོ་ཆེའི་ཁྲིར་འཁོད། ” ཞེས་དང་། ” ཆུ་རྟ་ལོར་ཚངས་དབྱངས་རྒྱ་མཚོས་བསྟན་པའི་མངའ་བདག་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ལ་འདུལ་སྡོམ་ཕུལ་ནས་མི་དབང་གི་ཚུལ་བཟུང་། ” ཞེས་པ་དང་། ཡང་” མེ་ཁྱི་ལ་ཚངས་དབྱངས་རྒྱ་མཚོ་བླ་མ་རིན་པོ་ཆེའི་སྤྲུལ་སྐུ་མིན་པར་ཐག་བཅད་དེ། དེ་དང་སངས་རྒྱམ་གྱི་སྲས་དག་རྒྱ་རྒྱལ་གྱི་བཀས་སྨད་དུ་གདན་དྲངས་ཚེ། ཚངས་དབྱངས་རྒྱ་མཚོ་མཚོ་སྔོན་ཀུན་དགའ་ནོར་དུ་སྐུ་འདས་ངེས་ཡིན། ” ཞེས་ཙམ་ལས་མི་འབྱུང་མོད། འདི་དག་ཚིག་ཉུང་ཡང་དོན་གནད་ཆེ་བས། འདི་དང་འབྲེལ་བའི་ལོ་རྒྱུས་སྨྲ་བ་དག་ལ་ནི་དཔྱད་གཞི་རིན་ཐང་དང་བྲལ་བ་སྐྱེས་སུ་ཕུལ་བ་མིན་ནམ་སྙམ།
ལྔ། ཉེ་རབས་ལོ་རྒྱུས་སྨྲ་བ་དག་གིས་བྲིས་པའི་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་བརྩམས་ཆོས།
༡. 《 བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། 》 [ 9 ] ལས་བྱུང་བའི་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་ལོ་རྒྱུས་ནི་ཉུང་ལ་ཆ་ཚང་བ་ཞིག་ཡིན། དེ་ལ་ནི་ངོ་སྤྲོད་མདོར་བསྡུས་ལྟ་བུའི་མིང་བཏགས་ན་མི་ཆོག་པ་མེད་དམ་སྙམ། ཤོག་ངོས་བཅུ་ལྷག་གིས་གྲུབ་པའི་ཚངས་དབྱངས་རྒྱ་མཚོ་མཆོག་གི་མཛད་རྣམས་དེ་ཉིད་རྗེས་སུ་བྱུང་བའི་ལོ་རྒྱུས་མང་པོས་གཞུང་རྟ་བྱས་ཡོད་ལ། འདི་ཉིད་ཅུང་ཙམ་ཤུགས་རྐྱེན་ཆེ་ཤོས་དང་། ལོ་རྒྱུས་ཁུངས་ཐུབ་དུ་འཇོག འདི་ལས་བྱུང་བའི་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་སྐོར་ཕལ་ཆེར་རབ་གསལ་གསེར་གྱི་སྙེ་མ་དང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རང་རྣམ་གཉིས་ལས་དྲངས་འདུག་པས། བལྟ་རིན་ཡོད་པ་དང་ལོ་རྒྱུས་ཀྱི་གནས་སྟངས་དངོས་མཚོན་མོད། འདི་ལ་ཞིབ་ཕྲ་མ་བྱས་པའི་ཆ་ཡང་འདུག་སྙམ་པས་སྐབས་གཞན་ནས་གླེང་ན་འདོད།
༢ . རེབ་གོང་པ་འཇིགས་མེད་བསམ་འགྲུབ་ཀྱིས་བརྩམས་པའི་《 གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་མཛད་རྣམ། 》 [10 ] ལས་བྱུང་བའི་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་ལོ་རྒྱུས་ནི་བདག་གིས་མཐོང་ཐོས་སུ་གྱུར་བ་དག་ལས་ཆེས་ཁུངས་ཐུབ་དང་། ཆེས་རྒྱས་ཤོས་ལྟ་བུ་ཡིན་ལ། ལྷག་ཏུ་ཡིག་ཚང་སྔ་མ་དག་ལ་བསྟུན་ནས་བྲིས་པ་ཞིག་རེད་འདུག་པས། འདི་ཉིད་ནི་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་ལོ་རྒྱུས་རྨད་དུ་བྱུང་བ་ཞིག་རེད་འདོད་ཡོད།
༣ . བན་ཤུལ་དཔལ་མཁར་རྒྱལ་གྱིས་བསྒྲིགས་པའི་《 ཚངས་དབྱངས་རྒྱ་མཚོ་ཞིབ་འཇུག 》 [ 11] ཞེས་སུ་གྲགས་པ་རུ། ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་ལོ་རྒྱུས་དང་དཔྱད་བརྗོད། ལྷག་ཏུ་《 ཚངས་མགུར》 སྐོར་གྱི་འགྲེལ་བ་འདྲ་མིན་བཅས་མང་ཙམ་འདུག་ལ། འདི་རུ་རིན་ཐང་ཡོད་པ་དང་མེད་པ་མང་པོ་ཞིག་མཆིས་མོད། ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་དེབ་དུ་སོང་གཤིས་འདིར་ངོ་སྤྲོད་བྱས་པ་ཡིན།
༤ . མེ་འོད་དམ་ཨོ་རྒྱན་ནོར་བུར་འབོད་པ་ཞིག་གིས 《 ཚངས་དབྱངས་རྒྱ་མཚོ་བསྐྱར་དུ་འཚོལ་བ 》 [12 ] ཞེས་པའི་དེབ་ཆུང་ཞིག་འདུག་པ་དེ་ནི་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་ངག་རྒྱུན་དང་ཚངས་དབྱངས་རྒྱ་མཚོ་མཆོག་སྐུ་ན་ཆུང་དུས་ཀྱི་ལོ་རྒྱུས་ཀྱི་རྗེས་ཤུལ་མང་པོ་ཐོར་བཀོད་པ་ཞིག་རེད། འདི་རུ་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་ལོ་རྒྱུས་དམིགས་བསལ་བ་རེའང་འདུག་པས། ཞིབ་འཇུག་མཁན་དག་ལ་མཚམས་སྦྱོར་གྱི་ཚུལ་དུ་འདིར་ངོ་སྤྲོད་བྱས་པ་ཡིན།
མཇུག་གི་གཏམ།
གོང་དུ་ས་བཅད་མི་འདྲ་བ་ལྔ་ཙམ་གྱིས་ཚངས་དབྱངས་རྒྱ་མཚོ་མཆོག་དང་འབྲེལ་བའི་ཡིག་ཚང་གཙོ་བོ་དག་ངོ་སྤྲོད་བྱས་པ་ཡིན་ལ། འདི་ནི་ང་རང་ཉིད་ཀྱིས་དངོས་སུ་མཐོང་ཐོས་བྱུང་བ་དང་། ཡང་དང་བསྐྱར་དུ་ཞིབ་ཀློག་བྱས་པའི་ཡིག་ཚང་རྣམས་ལ་དབྱེ་ཞིབ་དང་གོ་རིམ་བསྒྲིགས་ནས་ངོ་སྤྲོད་བྱས་པ་ཡིན། བདག་གིས་འདི་རུ་ངོ་སྤྲོད་བྱེད་མ་ཐུབ་པའམ། མཇལ་མ་ཐུབ་པའི་རྣམ་ཐར་ཞིག་ཡོད་པ་ནི། 《 ཆེ་མཆོག་འདུས་པ་རྩལ་གྱི་རྣམ་ཐར་ལས་འཕྲོས་པའི་བྱུང་བ་བརྗོད་པ་གདུང་བའི་མུན་སེལ། 》 ཞེས་པ་འདི་ཡིན་ལ། འདི་ནི་ད་བར་བདག་གི་ལག་ཏུ་མ་སོན། ད་དུང་ལྷ་བཙུན་ནོ་མོན་ཧན་གྱིས་བརྩམས་པའི་《 ཚངས་དབྱངས་རྒྱ་མཚོའི་གསང་རྣམ།》 ཞེས་སུ་གྲགས་པའི་ལོ་རྒྱུས་དང་དོན་དངོས་གང་ལའང་མི་མཐུན་པའི་དེབ་ཞིག་ཡོད་པ་དེ་འདིར་ངོ་སྤྲོད་བྱས་མེད། ཞིབ་ཕྲའི་རྒྱུ་མཚན་རྗེས་ནས་གླེང་།
སྤྱིར་ངོ་སྤྲོད་དང་མཉམ་དུ་རྣམ་ཐར་ལས་ལུང་ཉུང་ཙམ་རེ་དྲངས་ན་ལུགས་དང་མཐུན་ཞིང་ཅུང་ཙམ་ཡག་པོ་མིན་ནམ་སྙམ་ཡང་། ཡིག་ཚང་ཅུང་ཙམ་མང་བ་དང་། འདི་ནི་ངོ་སྤྲོད་ཁོ་ན་ཙམ་གྱི་ལས་སུ་མཐོང་བས་ཡིག་ཚོགས་བསྐྱུངས་ཕྱིར་དེ་ལྟར་བྱས་མེད། ངོ་སྤྲོད་འདིས་རྐྱེན་བྱས་ཀློག་པ་པོ་དག་ལ་མ་ཡིག་གང་ཉིད་ཀློག་འདོད་ཀྱི་འདུན་པ་བྱུང་ཚེ་ཡིག་ཚང་གང་དེར་འཇུག་རོགས་ཞེས་ཞུ་བ་ཡིན།
ཡིག་ཚང་ངོ་སྤྲོད་འདི་ནི་གཙོ་བོའི་རྣམ་ཐར་གསུམ་དང་། དེ་གསུམ་ལ་ལྟོས་ན་ཅུང་ཙམ་ཕལ་བའི་རྣམ་ཐར་གཉིས། དཔྱད་གཞིར་རུང་བའི་རྣམ་ཐར་འགའ། ཉེ་རབས་ལོ་རྒྱུས་སྨྲ་བ་དག་གིས་བྲིས་པའི་བརྩམས་ཆོས་དམིགས་བསལ་བ་བཞི་བཅས་ཀྱི་གྲུབ་ཡོད། འདི་ནི་ང་རང་གི་མཐོང་རྒྱ་ཁབ་མིག་ལྟ་བུ་ལས་བྱུང་བའི་ཡིག་ཚང་ངོ་སྤྲོད་ཙམ་ཡིན་ལ། འདི་ལ་ནོར་བ་དང་མ་འདང་བའི་ཆ་མཆིས་ཚེ་དཔྱོད་ལྡན་དག་གིས་གུ་ཡངས་གནང་བའི་རེ་བ་དང་བཅས་རྫོགས་པར་བྲིས་པ་དགེ་ལེགས་འཕེལ། ཞེས་པ་འདི་ནི་དྲྭ་མིང་ལ་བརྩེ་དུང་རྡོ་རྗེ་དང་དངོས་མིང་ལ་མི་ཉག་པ་བཀྲ་ཤིས་ཆོས་འཕེལ་དུ་འབོད་པས་སྤྱི་ལོ ༢༠༢༣ ལོའི་ཟླ་བ་བ་བཅུ་གཉིས་པར་བྲིས་པ་རྫོགས་སོ། །
ཡིག་ཆའི་ཁུངས་བསྟན་པ།
[ 1 ] 《 རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་རབ་གསལ་གསེར་གྱི་སྙེ་མ། 》 སྡེ་སྲིད་སངས་རྒྱ་མཚོས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༥ ལོའི་པར་གཞི་དང་པོ་དང་། ༢༠༢༣ ལོར་དཔར་ཐེངས་གཉིས་པ།
[ 2 ] 《 པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར། 》 སྟོད་ཆ། བློ་བཟང་ཡེ་ཤེས་ཀྱིས་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༤ ལོའི་པར་གཞི་དང་པོ། ༢༠༡༤ ལོའི་དཔར་ཐེངས་དང་པོ།
[ 3 ] 《 ལྕང་སྐྱ་རོལ་བའི་རྡོ་རྗེའི་གསུང་འབུམ། 》 ཀ་པའི་སྟོད་ཆ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༥ ལོའི་པར་གཞི་དང་པོ། ༢༠༡༥ ལོའི་དཔར་ཐེངས་དང་པོ།
[ 4 ] 《 བསེ་ངག་དབང་བཀྲ་ཤིས་ཀྱི་གསུང་འབུམ། 》 པོད་ཀ་པ། བསེ་ཚང་བློ་བཟང་དཔལ་ལྡན་གྱིས་ལེགས་སྒྲིག་མཛད། མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ ལོའི་པར་གཞི་དང་པོ། ༢༠༡༨ ལོའི་དཔར་ཐེངས་དང་པོ།
[ 5 ] 《 འོལ་དགའ་བཞད་པའི་རྡོ་རྗེའི་རང་རྣམ། 》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོའི་པར་གཞི་དང་པོ། ༢༠༡༣ ལོའི་དཔར་ཐེངས་གཉིས་པ།
[ 7 ] 《 ལྕང་སྐྱ་སྐུ་ཕྲེང་གཉིས་པ་རྗེ་ངག་དབང་བློ་བཟང་ཆོས་ལྡན་གྱི་རྣམ་ཐར་མུ་ཏིག་ཕྲེང་བ། 》 དཀའ་བཅུ་ངག་དབང་ཆོས་ལྡན། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༩ ལོའི་པར་གཞི་དང་པོ། ༢༠༡༩ ལོའི་དཔར་ཐེངས་དང་པོ།
[ 8 ] 《བཀའ་བློན་རྟོགས་བརྗོད། 》 མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ལོའི་དཔར་གཞི་དང་པོ། ༡༩༨༡ ལོའི་དཔར་ཐེངས་དང་པོ།
[ 9 ] 《 བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། 》 བར་ཆ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་སྒྲིག་རྩོམ་བྱས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༦ ལོའི་པར་གཞི་གཉིས་པ། ༢༠༡༦ ལོའི་དཔར་ཐེངས་དང་པོ།
[ 10 ] 《 གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་མཛད་རྣམ། 》 རེབ་གོང་པ་འཇིགས་མེད་བསམ་འགྲུབ་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༣ ལོའི་པར་གཞི་དང་པོ། ༢༠༡༣ ལོའི་དཔར་ཐེངས་དང་པོ།
[ 11 ] 《 ཚངས་དབྱངས་རྒྱ་མཚོ་ཞིབ་འཇུག 》 བན་ཤུལ་དཔལ་མཁར་རྒྱལ་གྱིས་བསྒྲིགས། ཅང་ཧོ་གློག་རྡུལ་དཔེ་སྐྲུན་ཁང་། ༢༠༡༡ ལོའི་པར་གཞི་དང་པོ། ༢༠༡༡ ལོའི་དཔར་ཐེངས་དང་པོ།
[ 12 ] 《 ཚངས་དབྱངས་རྒྱ་མཚོ་བསྐྱར་དུ་འཚོལ་བ 》 མེ་འོད། རིག་གནས་ལོ་རྒྱུས་དཔེ་སྐྲུན་ཁང་། དཔེ་སྐྲུན་གནས་ཚུལ་མི་གསལ།
– – – – –

ང་ལ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྐུ་ཚེ་སྨད་ཀྱི་རྣམ་ཐར་གསོལ་དཔོན་བློ་གྲོས་དབང་ཕྱུག་གིས་མཛད་པ་ཞིག་ཡོད།
སྒེར་འབྲེལ་གནང་རོགས། འཕྲིན་ཕྲན། zuidongduoji
ང་ལ་སྒེར་འབྲེར་གནང་རོགས། namgeykhandu73@gmail.com
Please send to me
namgeykhandu73@gmail.com
ལགསོ།