ཆོས་ཚན་ལས་དངོས་ལུགས་དཔྱོད་སྟངས།

ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་། ནང་བའི་གཞུང་ལུགས་སུ་བྱུང་བའི་ནང་བའི་ཚན་རིག་དང་། ཚན་རིག་གི་གཞུང་ལུགས་སུ་བྱུང་བའི་དེང་རབས་ཚན་རིག་གཉིས་ཀྱི་དཔྱད་ཐབས་དང་། དེ་གཉིས་ཀྱི་ཕྱོགས་འགའ་ཞིག་མཚུངས་བསྡུར། དེ་གཉིས་ཀྱི་འགལ་འབྲེལ། དེ་གཉིས་ཟུང་འབྲེལ་གྱི་དགེ་ཕན་བཅས་ལ། དེང་རབས་ཞིབ་འཇུག་གི་ཐབས་ལམ་སྤྱད་དེ་དཔྱད་གླེང་བྱས་ཡོད།

 གནད་ཚིག། དཔྱད་ཐབས། དེང་རབས་ཚན་རིག ནང་བའི་ཚན་རིག

སྔོན་གླེང།

འཇིག་རྟེན་ཞི་བདེའི་དེད་དཔོན།  འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སློབ་དཔོན་ཆེན་པོ། ༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན། ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ཆེད། གང་ཉིད་ཀྱི་རླབས་ཆེན་གྱི་དགོངས་གཞི་ཆེས་མཆོག་དང་རབ་ཏུ་གྱུར་བ་དག་ལས་ཆོས་ཚན་ཟུང་འབྲེལ་གྱིས་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་སྒྲུབ་ཐབས་སུ་ནང་བའི་གཞུང་ལུགས་དང་ཚན་རིག་བར་གྱི་བགྲོ་གླེང་དང་། ཤེས་བྱ་གོང་མཐོར་གཏོང་བའི་ལས་རིམ་གྱི་ཆ་ཤས་སུ་མིའི་རིགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གྱི་འབྱུང་ཁུངས་སུ་གྱུར་བའི་ཤར་ནུབ་ཀྱི་རིག་པའི་གཞུང་ལུགས་ཆེན་པོ་གཉིས་ཀྱི་འགལ་འབྲེལ་དང་། དེ་གཉིས་མཉམ་འབྲེལ་གྱིས་འགྲོ་བ་མིའི་རིགས་ཀྱི་བདེ་དོན་ལ་གཞོལ་ཐབས་སོགས་ལ་གཏིང་ཟབ་ས་དང་། གལ་ཆེ་ས་ནས་གང་ཐུབ་གླེང་བར་བྱའོ།། འདི་ཡང་མགོན་པོ་གང་ཉིད་ཀྱི་བཀའ་གསུང་སྒྲུབ་ཐབས་ཀྱི་ཆ་ཤས་ཤིག་དང་། ཤེས་རབ་ཀྱི་སྣང་བ་རྒྱས་པའི་གོམ་སྟབས་ཤིག  རྣམ་དཀར་གྱི་དགེ་ཚོགས་སྒྲུབ་པའི་ཡན་ལག་ཞིག་ཏུའང་འགྱུར་བར་སྨོན་པ་ནི་ཐོག་མའི་སེམས་བསྐྱེད་དོ།།

ཆོས་ཚན་གཉིས་ཀྱི་ངོ་བོ།

སྤྱིར་ནང་ཆོས་དང་ཚན་རིག་ཅེས་པའི་ཐ་སྙད་འདི་ནུབ་ཕྱོགས་པའི་སྤྱི་ཚོགས་སམ་ཡང་ན་སྤྱི་སྤྱོད་ཀྱི་དབང་དུ་བྱས་ན་དེ་ཙམ་འཚམས་པོ་མིན། ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་ཆོས་ཟེར་སྐབས་ Religion ལ་གོ་ཤིང་། དེ་ཡང་དཔྱད་ཞིབ་དང་། རིག་རྩལ་གྱིས་བདའ་འདེེད་མི་ཆོག་པའི་དད་མོས་རང་བཞིན་གྱི་གཞུང་ལུགས་སམ་རིག་གཞུང་ཞིག་ལ་གོ་འགྲོ་བ་ཡིན། དེ་ལྟ་བུའི་རིག་གཞུང་ཞིག རྟོག་དཔྱོད་ཀྱིས་བཞེངས་སྐྲུན་བྱས་པའི་ཚན་རིག་དང་མཉམ་དུ་གཤིབས་རིན་ཅི་ཡོད་བསམ་པའི་སེམས་དོགས་ཤིག་ཐ་སྙད་འདིས་ཐོག་མ་ནས་བསྐྲུན་སྲིད། རྒྱུ་མཚན་དེའི་གནད་ཀྱིས་ནང་བའི་ལྟ་གྲུབ་དང་ཚན་རིག་བར་གྱི་བགྲོ་གླེང་ངམ།  ཡང་ན། ནང་བའི་སེམས་དོན་རིག་པ་དང་ཚན་རིག་བར་གྱི་བགྲོ་གླེང་ཟེར་ན་ཧ་ཅང་འོས་འཚམས་ཡིན།

འོན་ཀྱང་གོང་གི་བརྗོད་བྱའི་ཁ་བྱང་དང་མཐུན་པར་ནང་ཆོས་དང་ཚན་རིག་བར་གྱི་འགལ་འབྲེལ་ཞེས་གླེང་ནའང་སྐྱོན་ཆེར་མེད་པར་སྣང་། གཙོ་བོ་ནི་ནང་ཆོས་ཟེར་དུས་རྒྱུ་མཚན་མི་འཚོལ་བར་དད་པ་འབའ་ཞིག་གི་རྗེས་སུ་འབྲང་བའི་གཞུང་ལུགས་ཤིག་མ་ཡིན་པར། བརྟགས་ཤིང་དཔྱད་ནས་རིགས་པས་འཇུག་དགོས་པའི་གཞུང་ལུགས་ཤིག་ལ་གོ་བ་བླངས་ན་དེས་ཆོག་པ་ཡིན།  ཚན་རིག་ Science ཅེས་པའི་ཐ་སྙད་འདི་ནི་ལ་ཊིན་ Latin སྐད་ཀྱི་སན་ཤི་ཡ་ Scientia ཞེས་པ་ལས་བྱུང་བ་ཞིག་ཡིན། དེའི་གོ་དོན་ཡང་ཤེས་ཡོན་ནམ་གོ་རྟོགས་ཤིག་ལ་ངོས་འཛིན་བྱས་ཡོད། [1]སྙན་གྲགས་ཅན་གྱི་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་དངོས་ཁམས་ཚན་རིག་པ་རི་ཅར་ཌི་ཕ་ཡན་མན་གྱིས། “ཚན་རིག་གི་རྩ་དོན་དང་མཚན་ཉིད་ནི་ཕལ་ཆེར་གཤམ་གསལ་ལྟར་ཏེ། ཤེས་བྱ་ཀུན་ཚོད་ལྟ་བྱེད་མཁན་བརྟག་དཔྱད་ཡིན་པ་དང༌། བརྟག་དཔྱད་ནི་ཚན་རིག་གི་བདེན་པ་སྟོན་པའི་ཁྲིམས་དཔོན་གཅིག་པོ་དེ་རེད།” ཅེས་གསུངས་ཡོད། དེའི་དབང་དུ་བྱས་ན་ནང་ཆོས་དང་ཚན་རིག་གཉིས་ཀྱི་བར་ལ་ངོ་བོའི་ཆ་ནས་ཆེས་མཐུན་ཆ་ཆེ་བའི་གནས་ལུགས་ཤིག་ཡོད་པ་ནི། གཉིས་ཀ་ཤེས་ཡོན་ནམ་གོ་རྟོགས་ཤིག་ཡིན་པ་དང་། དེ་ཡང་བརྟག་དཔྱད་ཀྱི་ཐབས་ལམ་བརྒྱུད་ནས་གོ་རྟོགས་སད་པར་བྱེད་པ་དེ་རེད།

ནང་ཆོས་ནི། སློབ་དཔོན་ཆེན་པོ་མཁས་མཆོག་དབྱིག་གཉེན་གྱིས། [2]“ཚུལ་གནས་ཐོས་དང་བསམ་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།།” ཞེས་དང་། སློབ་དཔོན་ཆེན་པོ་དཔལ་ཆོས་ཀྱི་གྲགས་པས། [3]“ལུང་དང་རིགས་པས་རྣམ་དཔྱོད་པ།།” ཞེས་སོགས་གསུང་པ་ལྟར། རང་བཞིན་གྱི་ཚུལ་ཁྲིམས་ལ་གནས་པའི་གང་ཟག་དེས་ཐོག་མར་ཐོས་པ་སྟེ་ཉན་པ་དང་། དེའི་དོན་བསམ་པ་སྟེ་ཡང་ཡང་བརྟག་པ། བརྟགས་ནས་ངེས་ཤེས་རྙེད་པའི་དོན་དེར་སྒོམ་པ་སྟེ་ཡང་ཡང་འདྲིས་པར་བྱེད་པའི་སྒོ་ནས། གནས་སྐབས་དང་། མཐར་ཐུག་གི་བདེ་བ་སྒྲུབ་པའི་གོ་རྟོགས་ཤིག་ཡིན།  ཡང་ན། སློབ་དཔོན་འཕགས་པ་ལྷས། [4]“མདོར་ན་ཆོས་ནི་མི་ཚེ་བར།། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུང་།། སྟོང་དང་མྱ་ངན་འདས་པ་སྟེ།། འདིར་ནི་དེ་གཉིས་འབའ་ཞིག་གོ །”  ཞེས་དང་། སངས་རྒྱས་ཉིད་ཀྱིས། [5]“སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།།” ཞེས་པ་ལྟར། རིགས་པའི་རྒྱལ་བོ་རྟེན་འབྱུང་གི་རིགས་པས་ལེགས་པར་གཏན་ལ་ཕབ་ཅིང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་ལེགས་པར་དཔྱད་པའི་གྲུབ་དོན་སྟོང་བ་ཉིད་དང་།  དེ་སྒོམ་པའི་འབྲས་བུ་མྱ་ངན་ལས་འདས་པ་སྟེ་སྡུག་བསྔལ་མཐའ་དག་ལས་གཏན་དུ་འདས་པའི་མྱང་འདས། དེ་ལྟ་བུའི་ལྟ་བ་རྟེན་འབྱུང་གི་རྒྱབ་རྟེན་ལས་བྱུང་བའི་གཞན་ལ་མི་འཚེ་ཞིང་གཞན་དོན་སྒྲུབ་པའི་ཀུན་སྤྱོད་ཀྱིས་སྡིག་པ་སྟེ་སེམས་ཅན་ཡོད་དོ་ཅོག་ལ་གནོད་པའི་ལས་མི་བྱེད་ཅིང་ཕན་བདེ་སྒྲུབ་པའི་ཐབས་ཤིག་ལའང་ནང་ཆོས་ཞེས་ཟེར་ཆོག

ནང་ཆོས་ཀྱིས་ཆེས་སྐྱོན་དུ་ལྟ་བའམ་འདོར་བྱར་འཛིན་པ་ནི་མ་རིག་པ་སྟེ། མ་ཤེས་པའམ་ལོག་པར་འཛིན་པའི་རྨོངས་པ་དེ་ཡིན་ལ།  དེའི་ལྡོག་ཕྱོགས་ཀྱི་ཤེས་པའམ་རིག་པ་སྟེ། རྣམ་འབྱེད་ཀྱི་ཤེས་རབ་ནི་དངོས་པོའི་གནས་ལུགས་ཚུལ་བཞིན་དུ་ཤེས་པ་ཞིག་ལ་བྱེད་པས།  ནང་ཆོས་ཀྱི་ངོ་བོ་ནི་ཡང་དག་པའི་ཤེས་རབ་ཀྱི་བསྡུས་གཟུགས་ཤིག་ཡིན་ཟེར་ཆོག  གནད་འདིས་ནང་བའི་གཞུང་དུ་ཤེས་རབ་ལ་ཧ་ཅང་རྩ་ཆེན་དུ་བརྩིས་ཡོད་དེ། [6]“སློབ་དཔོན་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། མཐོང་དང་མ་མཐོང་ཡོན་ཏན་འདི།། ཀུན་གྱི་རྩ་བ་ཤེས་རབ་ཡིན།། དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར།། ཤེས་རབ་ཡོངས་སུ་གཟུང་བར་བྱ།། ཞེས་དང་། ཆོས་ནོར་འདོད་དང་ཐར་བ་ཡི།། འབྱུང་གནས་ཆེན་པོ་རིགས་པ་ཡིན།།” ཞེས་ཤེས་རབ་དང་རིགས་པ་ཆེས་མཆོག་ཏུ་བཀུར་ཡོད།། འདི་དག་ནི་ནང་ཆོས་དང་ཚན་རིག་གཉིས་ངོ་བོའི་ཆ་ནས་ཤེས་ཡོན་ནམ་གོ་རྟོགས་ཤིག་ཏུ་མཐུན་པའི་སྐོར་ཡིན།

ཆོས་ཚན་གཉིས་ཀྱི་བརྟག་དཔྱད་ཐབས་ལམ།

གོང་དུ་བཤད་པ་བཞིན་ནང་ཆོས་དང་ཚན་རིག་གཉིས་ནི་བརྟག་དཔྱད་ཀྱི་ཐབས་ལམ་ལ་བརྟེན་ནས་གནས་ལུགས་གཏན་ལ་འབེབས་བྱེད་གྱི་ཤར་ནུབ་ཀྱི་རིག་གཞུང་ལུགས་ཆེན་པོ་གཉིས་ཡིན་ཞིང་། བརྟག་དཔྱད་ཀྱི་བརྒྱུད་རིམ་དང་། དེའི་ཐབས་ལམ། ལག་བསྟར་ཇི་ལྟར་བྱེད་ཚུལ་སོགས་ཕྱོགས་ཡོངས་ནས་གཅིག་མཚུངས་མིན་མོད། གཞི་རྩའི་ཆ་ནས་རིགས་པ་བཀོལ་སྤྱོད་བྱེད་སྟངས་དང་། འཇིག་རྟེན་བྱེད་པོ་སོགས་ལ་ཡིད་ཆེས་བྱས་ནས་འཇུག་པ་གཙོ་བོ་མ་ཡིན་པར། གཙོ་བོ་བརྟག་དཔྱད་ཀྱི་གྲུབ་དོན་དང་། དཔྱོད་པའི་ཤེས་རབ། ཡང་དག་པའི་རིགས་པ་བཅས་ལ་བརྟེན་ནས་གནས་ལུགས་འཚོལ་ཞིབ་བྱེད་སྟངས་སོགས་མཚུངས་པའི་ཆ་ཧ་ཅང་མང་པོ་ཞིག་ཡོད་པ་ང་ཚོས་མཐོང་ཐུབ། མངོན་གསལ་དོད་པའི་དཔེ་མཚོན་ཞིག་ནི།  ཆེས་ཐོག་མའི་དེང་རབས་ཅན་གྱི་དངོས་ཁམས་ཚན་རིག་པར་གྲགས་པ་ G’lileo གྷེ་ལེ་ལེ་འོ་ཡིས་ཚོད་གཞག་གི་གནད་དོན་རྣམས་བརྟག་དཔྱད་ཀྱི་ལམ་ནས་དངོས་གཤེར་ར་སྤྲོད་དགོས་པ་གལ་ཆེན་དུ་བཤད་ཅིང་། ཐབས་ལམ་དེས་ཚན་རིག་གི་ཁྱབ་ཁོངས་ལ་གོ་ས་ངེས་ཅན་ཞིག་བཟུང་སྟེ་ད་ལྟའང་མུ་མཐུད་དེ་ལག་བསྟར་བྱེད་བཞིན་ཡོད།

དེ་དང་མཚུངས་བར་སྟོན་པ་སངས་རྒྱས་ཉིད་ཀྱིས། [7]“ངས་ནི་ཁྱོད་ལ་ཐར་བའི་ལམ་སྟོན་གྱི། ། ཐར་བ་རང་ལ་རག་ལས་ཤེས་པར་གྱིས།”། ཞེས་མཐར་ཐུག་གི་གྲུབ་དོན་ནི་རང་རང་གི་དངོས་མྱོང་ལ་གཏུགས་ནས་ཉམས་སུ་ལེན་དགོས་པར་མ་ཟད།  བརྟག་དཔྱད་ཀྱི་གྲུབ་དོན་རེ་རེ་ཡང་མཐར་མངོན་སུམ་གྱི་མྱོང་བ་ལ་གཏུགས་དགོས་པར་གསུང་ཡོད། དེ་ཕྱིར་བརྟག་དཔྱད་ཀྱི་ཐབས་ལམ་སྣ་ཚོགས་ཀྱི་མཐར་རང་རང་གི་དངོས་མྱོང་མངོན་སུམ་ལ་གཏུགས་ནས་ཐག་གཅོད་བྱེད་པའི་ཚུལ་ལུགས་འདི་ནི་ཆོས་ཚན་གཉིས་ཀྱི་གཅིག་མཚུངས་ཀྱི་རྣམ་གཞག་ཅིག་ཡིན། དོན་གྱི་དབང་འདི་གཟིགས་ནས། ༸གོང་ས་བཅུ་བཞི་བ་ཆེན་པོ་མཆོག་གིས། [8]“དེའི་ཕྱིར་ནང་ཆོས་ནང་འདོད་ཚུལ་ཞིག་ཚད་མ་ཡིན་མིན་དཔྱད་སྐབས་མྱོང་བའི་དབང་ཚད་དང་པོ་དང་། རིགས་པའི་དབང་ཚད་གཉིས་པ། གསུང་རབ་ཀྱི་དབང་ཚད་མཐའ་མ་ཡིན། ཞེས་དང་། ལུགས་གཉིས་ཀས་དཔྱད་ཐབས་ཀྱི་གཞི་རྩར་མངོན་སུམ་གྱི་མྱོང་བ་འཛིན་པ་གཅིག་མཚུངས་ཡིན།” ཞེས་གསུང་གནང་ཡོད།

དེ་བས་ནང་ཆོས་དང་ཚན་རིག་གཉིས་ཀའི་རིག་པའི་གཞུང་ལུགས་ཀྱི་ལག་ལེན་ནང་དུ།  གནས་ལུགས་ཤིག་འཚོལ་ཞིབ་ཀྱི་བརྒྱུད་རིམ་ནི། དོགས་འདྲིའམ་ཐེ་ཚོམ་ཞིག་ནས་མགོ་བཙུགས་ཤིང་མཐར་མྱོང་བ་ལ་གཏུགས་པའི་རྒྱུད་རིམ་ཆེས་ཡིད་དུ་འོང་ལ། གོ་རིམ་ཡོད་པ། རྒྱུ་མཚན་ལྡན་པ་ཞིག་གིས་འཇིག་རྟེན་ལ་དབང་སྒྱུར་བའི་གོ་རིམ་ལ་འཇུག་བཞིན་ཡོད། དེ་ནི་སྤྱི་བཤད་ཀྱི་དབང་དུ་བྱས་པའི་རིག་གཞུང་གཉིས་ཀྱི་དཔྱད་ཐབས་ཀྱི་མཐུན་ཆ་ཡིན། ཚན་རིག་གི་དཔྱད་པའི་ཐོག་མ་དྲི་བའམ་ཐེ་ཚོམ་ནས་མགོ་འཛུགས་པ་བཞིན་དུ། ནང་ཆོས་ལས་ཀྱང་གཅིག་མཚུངས་སུ་བཞེད་དེ།  ནང་བའི་མཁས་པ་སློབ་དཔོན་ཆོས་མཆོག་གིས། [9]“གང་ཕྱིར་འཇིག་རྟེན་དོན་གཉེར་རྣམས།། ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ།།” ཞེས་ཐེ་ཚོམ་གྱིས་རྟོག་དཔྱོད་དྲངས་ཤིང་། ཤེས་རབ་ཀྱིས་དཔྱད་པའི་སྒོ་ནས་གནས་ལུགས་ཚོལ་ཞིབ་ལ་འཇུག་པའི་གང་ཟག་དེར་ནང་བའི་གཞུང་གི་གདུལ་བྱ་དབང་པོ་རྣོན་པོ་ཞེས་མཆོག་ཏུ་བརྩིས་གནང་ཡོད། དངོས་པོའི་གནས་ལུགས་འཚོལ་ཞིབ་ཀྱི་རྒྱུད་རིམ་ཁྲོད་དུ་བཀོལ་སྤྱོད་བྱེད་པའི་དཔྱོད་ཐབས་ཀྱི་གཏན་ཚིགས་རིགས་པ་ནང་བའི་གཞུང་ལས་འབྱུང་བ་ནི།

རྟགས་ཡང་དག་དང་།  ཐལ་འགྱུར་ཡང་དག  སྒྲུབ་ངག་ཡང་དག་བཅས་ཀྱི་དབྱེ་བ་ཕྱེ་ཞིང་།  དེ་དག་ནི་རང་གིས་དངོས་པོའི་གནས་ལུགས་འཚོལ་བྱེད་ཙམ་མ་ཟད་རང་གིས་རྟོགས་པའི་གནས་ལུགས་ཕྲ་མོ་རྣམས་གཞན་ལ་སྟོན་པ་དང་། གཞན་དེར་འཇུག་པར་བྱེད་པ་སོགས་ཀྱི་ཐབས་མཆོག་ཏུ་གྱུར་བ་ཞིག་ཏུ་འདོད་དེ། ཚད་མའི་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས། [10]“སྒྲུབ་པ་དང་ནི་སུན་དབྱིན་ངག ། ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར།།” ཞེས་སྒྲུབ་ངག་དང་། སུན་འབྱིན་ཏེ་ཐལ་འགྱུར་སོགས་གཞན་གྱིས་གནས་ལུགས་རྟོགས་པའི་ཐབས་སུ་གསུང་ཡོད།

ཚུལ་ཇི་ལྟ་བུས་འཚོལ་ཚུལ་ལའང་། རིགས་པ་བཞི་དང་། རྟོན་པ་བཞི་ལ་སོགས་པ་གཞི་སྣ་ཚོགས་ལ་བལྟོས་ནས་མཐའ་ཡས་པ་ཞིག་གསུངས་པས་ཡོད་ཚད་འདིར་བརྗོད་ག་ལ་ནུས།  མདོར་ཧྲིལ་གྱིས་དྲིལ་ན། རྒྱུ་མཚན་ཡང་དག་པ་ཡིན་པ། གཏན་ཚིགས་དེ་ཡིན་ན་སྒྲུབ་ཆོས་དེ་ཡིན་པས་ཁྱབ་བ། སྒྲུབ་ཚུལ་དེ་ལ་བརྟེན་ནས་སླུ་བ་མེད་པའི་ངེས་ཤེས་ཚད་མ་འདྲེན་ཐུབ་པ། རྒྱུ་མཚན་དེ་གང་ཟག་དེར་འགོད་པའི་སྐབས་དང་དུས་ལ་བབ་པ་སོགས་དགོས་ངེས་ཀྱི་ཆ་རྐྱེན་སྣ་ཚོགས་འཛོམས་སྐབས་གནས་ལུགས་དེ་ལ་ངེས་པ་རྙེད་པའི་བློ་སྐྱེ་བའམ་ཚིག་གཞན་ཞིག་གིས་བཤད་ན་དངོས་པོའི་གནས་ལུགས་ཀྱི་གསང་བ་བརྟོལ་ཐུབ་པར་བཤད།

རིགས་པ་བཞི་ནི་གདོད་ནས་ཡོད་པའི་དངོས་པོའི་ཆོས་ཉིད་གཞི་རྩར་བཞག་ནས་དེའི་བྱ་བྱེད་ཀྱི་ཚུལ་དང་།  ཕན་ཚུན་ལྟོས་པའི་ཚུལ། དེ་ཇི་ལྟར་འཐད་སྒྲུབ་བྱེད་ཚུལ་སོགས་ཡིན་ཞིང་། འཐད་སྒྲུབ་ནི་རིགས་པ་དང་རྒྱུ་མཚན་ཡང་དག་འབའ་ཞིག་ལ་བདེན་ཁ་སྟེར་བའི་བྱེད་ཐབས་ཤིག་ཡིན། དེའི་ཕྱིར་རྗེ་བདག་ཉིད་ཆེན་པོས་ཀྱང་། [11]“མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་དང་། དངོས་པོའི་དེ་ཁོ་ན་ཉིད་ཀྱང་འཐད་པའི་རིགས་པའི་སྒྲུབ་བྱེད་དང་ལྡན་པའི་ཕྱིར་རོ།།” ཞེས་གསུང་ཡོད།

རྟོན་པ་བཞི་ནི། དཔྱད་པ་བྱེད་སྐབས། གསུང་མཁན་གྱི་གང་ཟག་དང་། གསུང་གི་སྒྲས་ཟིན་ཙམ། རྟོགས་བྱེད་ཀྱི་བློའང་དབང་ཤེས་སོགས་ལ་གཙོ་བོར་ཡིད་ཆེས་མི་བྱེད་པར་བརྟག་དཔྱད་དང་། རིགས་པ་ཡང་དག་ཁོ་ན་ལ་གཞི་བཅོལ་ནས་གནས་ལུགས་ཐག་གཅོད་བྱེད་དགོས་པར་སྟོན་པར་བྱེད། དེའི་ཕྱིར་སངས་རྒྱས་རང་ཉིད་ཀྱིས། [12]“དེ་བཞིན་ང་ཡིས་གསུངས་པ་ཡང་།། དྲང་བའི་དོན་དང་ངེས་པའི་དོན།། སྒྲ་ནི་ཇི་བཞིན་ཇི་བཞིན་མིན།། དགོངས་པ་དང་ནི་དགོངས་པ་མིན།། བསྲེགས་བཅད་བདར་བའི་གསེར་བཞིན་དུ།། ཡོངས་སུ་བརྟགས་ནས་ང་ཡི་བཀའ།། བླང་བར་བྱ་ཡི་མོས་པའམ།། གཞན་གྱིས་མཁས་པ་འཇུག་མི་བྱ།།” ཞེས་སྟོན་པ་གཞན་གང་གིས་ཀྱང་མ་གསུང་བའི་ངོ་མཚར་བའི་གནས་ལུགས་ཀྱི་ལེགས་བཤད་སྩལ་ཡོད།

ཚན་རིག་གི་དཔྱད་ཐབས་ཀྱང་། གཞི་རྩའི་ཆ་ནས། དྲི་བ་དང་། རྟོག་ཞིབ། ཚོད་གཞག རྣམ་གཞག དངོས་གཤེར་བརྟག་དཔྱད་བཅས་ལ་བརྟེན་ནས་བྱེད་ཅིང་། མཐའ་མའི་གཏན་འབེབས་ནི་སྤྱི་ལས་ཁྱད་པར་དཔོག་པ་དང་།  ཁྱད་པར་ལས་སྤྱི་དཔོག་པ་སོགས་ཀྱི་རིགས་པ་ལ་བརྟེན་ནས་དངོས་པོའི་གནས་ལུགས་གཏན་ལ་འབེབས་པར་བྱེད། གོ་བ་རགས་ཙམ་དང་སྤྱིའི་ཆ་ནས་བཤད་ན་ཆོས་ཚན་གཉིས་ཀྱིས་དངོས་པོའི་གནས་ལུགས་འཚོལ་ཚུལ་གྱི་གཞི་རྩའི་སྒྲོམ་གཞི་ནི་ཕྱོགས་མང་པོ་ཞིག་ནས་ཧ་ཅང་མཚུངས་པ་ཡིན།  ཆོས་ཚན་གཉིས་ཀྱི་རིགས་པ་འགོད་སྟངས་དཔེར་མཚོན་ཙམ་དགོད་ན།

 

   ནང་བའི་གཞུང་ནས་བྱུང་བའི་རིགས་པ་འགོད་སྟངས།   ཚན་རིག་ནས་བྱུང་བའི་རིགས་པ་འགོད་སྟངས།
 

རྟག་སྦྱོར།

 

ཚེ་རིང་ཆོས་ཅན།  མི་རྟག་སྟེ།   བྱས་པ་ཡིན་པའི་ཕྱིར།

 

                 སྤྱི་ལས་ཁྱད་པར་དཔོག་པ་ནི།

 

མི་ཚང་མ་མི་རྟག་པ་ཡིན།  ཚེ་རིང་ཡང་མི་རེད།   དེས་ན་ཚེ་རིང་མི་རྟག་པ་རེད།

 

སྒྲུབ་ངག

 

གང་བྱས་ན་མི་རྟག་པས་ཁྱབ།   དཔེར་ན།  བུམ་པ་བཞིན།  སྒྲ་ནི་བྱས་སོ།།

 

 

ཁྱད་པར་ལས་སྤྱི་དཔོག་པ་ནི།

འཁྱགས་སྒམ་ནང་གི་སྒོ་ང་དང་པོ་ལྔ་བོ་རུལ་འདུག    སྒོ་ང་ཀུན་གྱི་སྟེང་དུ་སྤྱོད་རུང་གི་དུས་བཀག་ཐེལ་ཚེ་གཅིག་མཚུངས་སུ་བཀོད་འདུག    དེས་ན།   སྒོ་ང་དྲུག་པ་དེ་ཡང་རུལ་བ་ཡིན་ངེས།

ཐལ་འགྱུར། སྒྲ་ཆོས་ཅན།  མ་བྱས་པར་ཐལ།  རྟགས་པའི་ཕྱིར།

གོང་དུ་བཀོད་པའི་རིགས་པ་རྣམས་ནི་དཔེ་མཚོན་ཙམ་ཡིན།  འདི་དང་འབྲེལ་ནས་རྒྱས་པར་སྤྲོ་ན་ཧ་ཅང་རྒྱ་ཆེར་བཤད་དུ་ཡོད་མོད་གནས་སྐབས་དེ་ཙམ་བྱ།  འདིར་ཤེས་དགོས་པའི་གནད་དོན་ཞིག་ནི་ནང་བའི་གཞུང་ནས་བཀོད་པའི་གཏན་ཚིགས་དག་གིས་བསྐྱེད་པའི་འབྲས་བུ་ནི་ལོག་རྟོག་ལྡོག་པ་དང་།  ཐེ་ཚོམ་སྐྱེ་བ།  མཐར་དངོས་སུ་བསྒྲུབ་བྱ་དེ་རྟོགས་པའི་ཚད་མ་རང་རྒྱུད་ལ་སྐྱེས་ནས་སྒྲོ་འདོགས་ཆོད་པ་དེ་ཡིན་མོད།  ཚན་རིག་ནི་དེ་ལྟར་མ་ཡིན་པར་ཕྱོགས་མཐོང་ཙམ་ལ་ཆ་བཞག་ནས་གནད་དོན་གཏན་ཁེལ་བྱེད་ཀྱི་ཡོད།

དཔེར་ན། ཁྱད་པར་ལས་སྤྱི་དཔོག་པ་ལྟ་བུ་སྟེ་གང་བརྟག་དཔྱད་བྱ་སའི་ཡུལ་རྣམས་ལས་གྲུབ་དོན་གང་རྙེད་པ་དེར་བསྟུན་ནས་གཏན་ཁེལ་བྱེད་ཀྱི་ཡོད།  དེ་བས། ཚན་རིག་གི་གསར་རྙེད་དམ་གྲུབ་དོན་ཞིག་གཏན་འབེེབས་བྱེད་པ་ནི་ཡོངས་སུ་རྫོགས་པ་ཚད་མས་རྟོགས་ནས་གཏན་ཁེལ་བྱེད་པ་མ་ཡིན་པར་བརྟག་དཔྱད་ཀྱི་ཁྱབ་ཁོངས་ལ་གཞི་བཞག་སྟེ་དེས་གཞན་ལ་རྗེས་དཔགས་ཀྱི་ཚུལ་གྱིས་་གཏན་ཁེལ་བྱས་པ་ཞིག་ལ་གོ་བ་ལེན་དགོས་ཏེ། ལྟ་གྲུབ་རིག་པའི་སློབ་དཔོན་སཱ་མིར་ཨོ་ཤ་ Sammir Okasha ཡིས། [13]“དཔེར་ན་ང་ཚོས་གསར་ཤོག་ཀློག་སྐབས་དེར་རིགས་རྫས་ལ་ཆེད་དུ་བཅོས་འགྱུར་བཏང་བའི་ཨ་ཤོམ་འབྲས་བུས་མི་རྣམས་ཉེན་ཁར་མི་སྦྱོར་ཚུལ་ཚན་རིག་གི་བརྟག་དཔྱད་ལམ་ནས་དག་སྐྱེལ་ར་འཕྲོད་བྱུང་ཡོད་ཅེས་ཁྱོད་ཀྱིས་མཐོང་ཡོད་སྲིད།  དེ་ལྟ་ནའང་དེའི་ནང་དོན་དངོས་ནི།  ཚན་རིག་པས་ཨ་ཤོམ་འབྲས་བུ་དེ་སྐྱེ་བོ་ཕོན་ཆེ་ཞིག་གི་སྟེང་ཚོད་ལྟ་བྱས་པ་ན་སུ་ལའང་ཕོག་ཐུག་བྱུང་མེད་ཅེས་པ་དེ་ཉིད་ཡིན།  དེ་ནི་དམ་ཟབ་ཀྱི་སྒོ་ནས་བཤད་ན་ཇི་ལྟར་ཨང་རྩིས་རིག་པ་བ་རྣམས་ཀྱིས་ཨང་རྩིས་པ་པེ་ཐོ་གོ་རའི་རྣམ་གཞག་ལ་དག་སྐྱེལ་ར་སྤྲོད་བྱེད་པ་ཇི་བཞིན་དུ་ཨ་ཤོམ་འབྲས་བུ་དེ་ལས་མི་རྣམས་ལ་ཕོག་ཐུག་མི་འབྱུང་བར་དག་སྐྱེལ་ར་སྤྲོད་བྱས་པའི་དོན་མིན།  འོ་ན་གང་ཞེ་ན། ཚོད་ལྟ་བྱེད་སའི་མི་རྣམས་ལ་ཨ་ཤོམ་གྱིས་མི་གནོད་པ་རྒྱུ་མཚན་དུ་བྱས་ཏེ་དེས་མི་གཞན་སུ་ལའང་མི་གནོད་པར་རྗེས་སུ་དཔགས་པ་ཡིན།” ཞེས་བཤད་ཡོད།   འདི་ནི་ཁྱད་པར་ལས་སྤྱི་དཔོག་པའི་དཔེ་མཚོན་ཞིག་གསལ་བཤད་བྱས་པ་ཡིན་ལ་ཚན་རིག་གི་གྲུབ་དོན་ཕལ་མོ་ཆེ་ནི་འདི་ལྟ་བུའི་རིགས་པ་ལ་བརྟེན་ཡོད།

ཆོས་ཚན་གཉིས་ཀྱི་མཚུངས་ཆོས་གཞན་འགའ།

གོང་དུ་གཙོ་བོ་ཆོས་ཚན་གཉིས་ཀྱི་ངོ་བོ་དང་དཔྱད་ཐབས་ཀྱི་ཆ་ནས་མཚུངས་བསྡུར་གྱིས་མཐུན་ཕྱོགས་རྣམས་གླེང་ཡོད།  དེར་མ་འདུས་པའི་ཆོས་ཚན་གྱི་མཐུན་ཕྱོགས་གཞན་འགའ་ཞིག་དགོད་ན།  དེང་རབས་དངོས་ཁམས་ཚན་རིག་གི་ཡབ་ཆེན་དུ་འབོད་པའི་ཚན་རིག་པ་གྲགས་ཅན་ཨ་ཡེན་སེ་ཊན  Einstein གྱི་ལྟོས་གྲུབ་ཀྱི་རྣམ་གཞག་དང་།  ནང་བའི་དབུ་མའི་གཞུང་དུ་འབྱུང་བའི་མགོན་པོ་ཀླུ་སྒྲུབ་ཀྱི་ལྟོས་གྲུབ་ཀྱི་རྣམ་གཞག དེ་བཞིན་དུ།  ནང་བའི་གསང་སྔགས་ཀྱི་གཞུང་དུས་འཁོར་གྱི་སྐབས་ནས་འབྱུང་བའི་མཁའ་རྡུལ་ཞེས་པ་ཕལ་ཆེར་ནུས་པ་ཙམ་དུ་ཟད་པ་ཞིག་གི་ཉེར་ལེན་ལས་འབྱུང་བ་ཕྲ་མོ་རྣམས་འདུས་ཏེ།  བེམ་གཟུགས་རྣམས་གྲུབ་པ་དང་།  བེམ་གཟུགས་རྣམས་སླར་ཡང་དེའི་ངང་དུ་ཐིམ་བའི་ཚུལ་དང་།  ཚན་རིག་པ་གྲགས་ཅན་ཨ་ཡེན་སེ་ཊན་གྱི་བེམ་པོ་དང་ནུས་པ་བརྗེ་འགྱུར་གྱི་ཁྲིམས་ E=mc2 ཀྱི་རྣམ་གཞག  དེང་རབས་དངོས་ཁམས་རིག་པའི་ཚད་རྡུལ་ཤུགས་རིག་དང་།  བཏགས་དོན་བཙལ་ན་རྙེད་དུ་མེད་པའི་རྣམ་གཞག་གི་ཐོག་ནས་གཏན་ལ་ཕབ་པའི་དབུ་མའི་སྟོང་ཉིད་ཀྱི་ལྟ་བ་སོགས་ཕན་ཚུན་ཞིབ་ཚགས་པོས་མཚུངས་བསྡུར་བྱེད་ཆོག་པའི་མཐུན་ཕྱོགས་ཧ་ཅང་མང་པོ་ཞིག་ཡོད་པ་ང་ཚོས་མཐོང་ཐུབ།

དེ་བཞིན་དབང་རྩ་ཚན་རིག་པ་དག་གིས་བཤད་བཞིན་པའི་ཀླད་པའི་འགྲེལ་བཤད་དང་།  ནང་བའི་སྨན་གཞུང་ནས་བྱུང་བའི་ཀླད་པའི་རྣམ་གཞག [14]དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ཡ་གྱལ་བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱན་ཞེས་བྱ་བའི་རྒྱུད། ལས་“སེམས་ཀྱི་བཅུད་ནི་ཀླད་པ”ཞེས་སོགས་དང་།  རྒྱུད་དེར་ཡོད་པའི“སེམས་ཀྱི་བཅུད་ཀླད་པའི་ལེའུ”སོགས་དང་བསྡུར་ནས་དཔྱད་ན་ངོ་མཚར་བའི་རྣམ་དཔྱོད་ཀྱི་སྒོ་མོ་གསར་བ་མང་པོ་ཞིག་རྙེད་པར་ངེས་སོ།།  དེ་ཡན་ཆད་ཀྱིས་ནི་གོང་གི་བརྗོད་གཞི་ལས་ཆོས་ཚན་གཉིས་ཀྱི་འབྲེལ་བའི་སྐོར་ཅུང་ཙམ་གླེང་བའི་ཁུལ་ཡིན་མོད།  ད་དུང་ཡང་ཚིམས་པ་མེད་པར་མུ་མཐུད་དེ་ཕྱོགས་དང་ངོས་མང་པོ་ཞིག་ནས་སློབ་སྦྱོང་དང་ཞིབ་འཇུག་དགོས་པ་ནི་ང་ཚོའི་ཕྲག་པར་བབ་པའི་འོས་འགན་ཞིག་ཅི་ལ་མིན།

ཆོས་ཚན་གཉིས་ཀྱི་འགལ་བའི་ཕྱོགས།

ནང་ཆོས་སམ་ནང་བའི་ལྟ་གྲུབ་དག་ཚན་རིག་ཡིན་ནམ་ཞེ་ན།  སྤྱིར་བཏང་ནས་རིག་གཞུང་གང་ཞིག་ལ་གོ་རིམ་ལྡན་པ། བསྡུ་ཆེ་བ།  གནད་ལ་ཁེལ་བ།  ཚོད་ལྟ་འོས་པ་བཅས་ཀྱི་ཁྱད་ཆོས་ཚང་ན།  དེ་ལ་ཚན་རིག་གི་མཚན་ཉིད་ཚང་བར་ངོས་འཛིན་བྱེད་ཀྱི་ཡོད་པས།  ནང་ཆོས་ཀྱང་ཚན་རིག་ཡིན་ཟེར་ཆོག་ཆོག་ཡིན་མོད།  འོན་ཀྱང་། ཚན་རིག་གི་རིག་པའི་གཞུང་ལུགས་ཀྱིས་ངོས་ནས་བལྟས་ན་དེ་ཙམ་གྱིས་ཚན་རིག་ཏུ་འཇོག་མི་ཐུབ་པར་ཚན་རིག་ཏུ་འཇོག་པ་ལ“འཁྲུལ་བ་བསྒྲུབ་རུང”ཞེས་པའི་ཁྱད་ཆོས་འདི་ངེས་པར་དུ་ཚང་དགོས་པ་ནི།  དུས་རབས་ཉི་ཤུའི་ནང་གི་ལྟ་གྲུབ་སྨྲ་བ་གྲགས་ཅན་ཁཱལ་པོ་པར  Karl Popper གྱིས་བཤད་ཡོད།  དེའི་དོན་ནི་ཚན་རིག་གི་དཔྱད་ཐབས་གང་ཞིག་གི་གྲུབ་དོན་དེ།  ཚན་རིག་པ་གཞན་ནམ་གང་ཟག་གཞན་གྱིས་ཕྲ་མཐོང་ཆེ་ཤེལ་དང་།  རྩིས་རིགས་སོགས་ཀྱི་སྒོ་ནས་དངོས་སུ་བརྟག་དཔྱད་བྱས་ཏེ།  བདེན་པ་མིན་ན་མིན་པར་ར་སྤྲོད་ཐུབ་པ་ཞིག་ཡིན་དགོས།  དེ་བས།  བྱམས་སྙིང་རྗེ་དང་།  རྣམ་ཤེས།  སེམས་ཀྱི་ངོ་བོ།  ཤིན་ཏུ་ལྐོག་གྱུར་གྱི་ཆོས།  སྒོམ་ཉམས་ལེན།  ས་ལམ་གྱི་རྣམ་གཞག་སོགས་ནང་བའི་གཞུང་ནས་འབྱུང་བའི་གནད་དོན་ཧ་ཅང་མང་པོ་ཞིག་བརྟག་དཔྱད་འདིའི་ཁྱབ་ཁོངས་སུ་འདུ་མི་ཐུབ་པས་ནང་ཆོས་ནི་ཚན་རིག་ཏུ་ངོས་འཛིན་བྱེད་མི་ཐུབ།  འཁྲུལ་བ་བསྒྲུབ་རུང་ཚན་རིག་གི་རྩ་བའི་ཁྱད་ཆོས་སུ་བཞག་པ་འདིས་ཚན་རིག་གི་བརྟག་དཔྱད་ཀྱི་ཁྱབ་ཁོངས་གཟུགས་ཅན་ཁོ་ནས་ཐོག་ཏུ་ཡོད་པ་བསྟན་ཡོད།  ནང་ཆོས་ནི་གཙོ་བོ་སེམས་ཁམས་རིག་པའི་གཞུང་ལུགས་ཤིག་ཡིན་པས་འདི་ཐོག་ནས་ཆོས་ཚན་གཉིས་ཁ་ཁར་གྱེས་ཡོད་པ་གསལ་བོ་རེད།

ནང་བའི་གཞུང་ལུགས་ནི། གཟུགས་ཅན་གྱི་དངོས་པོ་དང་། གཟུགས་འདས་ཀྱི་རྣམ་ཤེས། ཐར་བ་དང་བྱང་ཆུབ་སོགས་རིགས་པ་ཡང་དག་གིས་གང་གཏན་ལ་ཕབ་པའི་ལྟ་གྲུབ་དེ་མཐར་རང་རྒྱུད་ཀྱི་མི་དགེ་བའི་སེམས་རྩ་མེད་དུ་གཏོང་བ་དང་། སེམས་བསྐྱེད་དང་། བྱམས་སྙིང་རྗེ་སོགས་ཀྱི་སྒོ་ནས་ཚེ་རབས་ནས་ཚེ་རབས་སུ་གཞན་ཕན་གྱི་ལས་ལ་འཇུག་པར་སྐུལ་འདེད་བྱེད་མཁན་གྱི་རིག་པའི་གཞུང་ལུགས་ཤིག་ཡིན་མོད།  ཚན་རིག་གི་གཞུང་ལུགས་ནི་དེ་དང་མི་འདྲ་བར་གཟུགས་ཅན་གྱི་ཆོས་ཙམ་ལ་འཚོལ་ཞིབ་བྱེད་ཅིང་།  ཕྱི་དངོས་པོའི་འཛུགས་སྐྲུན་ཙམ་ཞིག་གི་ཕྱོགས་ལ་གཞོལ་བ་ལས།  བཟང་སྤྱོད་ཀྱི་རྨང་གཞི་མེད་ཅིང་མཇུག་འབྲས་ལ་འགན་ལེན་གང་ཡང་མི་བྱེད་པའི་རིག་པའི་གཞུང་ལུགས་ཤིག་རེད།

ཚན་རིག་ནི། གཟུགས་ཅན་གྱི་ཆོས་ལ་རྟོག་ཞིབ་བྱེད་ཅིང་། གཙོ་བོ་ཕྲ་མཐོང་ཆེ་ཤེལ་དང་། རྒྱང་ཤེལ། རྩིས་རིག  བསྐྱར་ལྟ་བཅས་ཀྱིས་དངོས་པོའི་གནས་ལུགས་འཚོལ་ཞིབ་དང་གནད་དོན་ཐག་གཅོད་བྱེད་མཁན་ཞིག་དང་།  ནང་ཆོས་ནི། གཙོ་བོ་དཔྱད་སྒོམ་དང།  འཇོག་སྒོམ། གཏན་ཚིགས། ཡུན་རིང་གི་གོམས་འདྲིས་སོགས་ལ་བརྟེན་ནས་རང་རྒྱུད་ཀྱི་ཡུལ་རྟོགས་བྱེད་ཀྱི་བློ་ཡི་ངོ་བོ་གོང་འཕེལ་དུ་བཏང་བའི་སྒོ་ནས་གནས་ལུགས་འཚོལ་ཞིབ་དང་གནད་དོན་ཐག་གཅོད་བྱེད་མཁན་ཞིག་རེད།

ཚན་རིག་ནི། བདེན་པའི་གནས་ལུགས་འཚོལ་ཞིབ་བྱེད་རྒྱུ་ལས་དེའི་བཟང་ངན་གྱི་མཇུག་འབྲས་ལ་འགན་ལེན་དང་བསམ་བཞིག་གང་ཡང་མི་བྱེད་མཁན་ཞིག་རེད།  ནང་ཆོས་ནི། དེ་ལས་ལྡོག་སྟེ་འབད་པ་ཆེན་པོས་གཏན་ལ་ཕབ་པའི་ལྟ་གྲུབ་ཀྱི་རྣམ་གཞག་ཚང་མ་སྲོག་ལྡན་སྐྱེ་འགྲོ་ཡོངས་ཀྱི་བདེ་བ་སྒྲུབ་ཅིང་སྡུག་བསྔལ་གཞོམ་པའི་ཆེད་དུ་གཏན་ཁེལ་བྱས་པ་ཞིག་རེད།

ཚན་རིག་ནི། སྐྱེ་བ་སྔ་ཕྱི་དང་།  སངས་ཀྱི་གོ་འཕང་།  ཤིན་ཏུ་ལྐོག་གྱུར་གྱི་ཆོས། ཐར་བའི་རྣམ་གཞག་སོགས་གང་ཡང་ཁས་མི་ལེན་ཞིང་། དེ་དག་ཚན་རིག་གི་བརྟག་དཔྱད་ཀྱི་ཁྱབ་ཁོངས་ལས་འདས་པར་ཁས་ལེན་བྱེད་མཁན་ཞིག་དང་། ནང་ཆོས་ནི་དེ་ལས་ལྡོག་སྟེ། དེ་དག་ཡོད་པར་ཁས་ལེན་བྱེད་ཅིང་སྒྲུབ་བྱེད་སྣ་ཚོགས་འགོད་པར་བྱེད་མཁན་ཞིག་རེད། དེ་དང་དེ་ལ་སོགས་པ་ཆོས་ཚན་གཉིས་ཀྱི་འགལ་བའི་ཆ་ཡང་ཧ་ཅང་མང་།

ཆོས་ཚན་གཉིས་ཟུང་འབྲེལ་བྱེད་ཐབས།

དངོས་ཁམས་ཚན་རིག་པ་སློབ་དཔོན་ཆེན་མོ་ཝིག་ཊར་མན་སི་ཕིལ་ Vic Mansfeld  གྱིས། [15]“ཚན་རིག་ནི་རང་བྱུང་གི་གནས་བབ་ཡོངས་ལ་སློབ་སྦྱོང་བྱ་རྒྱུ་ཞིག་དང་།  ནང་ཆོས་ནི་སྡུག་བསྔལ་ལས་ཐར་ཐབས་གཙོ་འཛིན་བྱེད་རྒྱུ་དེ་ཡིན་པས་ཁྱད་པར་གྱི་ཆ་ཡོད་པར་ཧང་སང་དགོས་པ་ཞིག་མིན། འོན་ཀྱང་སྡུག་བསྔལ་གྱི་རྩ་བ་ནི་བདེན་པའི་གནས་ལུགས་ཇི་བཞིན་ཤེས་རྟོགས་མ་ཐུབ་པ་དེ་ཡིན་པ་དང་ཁྱབ་ཁོངས་སུ་ཚན་རིག་གི་དཔྱད་ཡུལ་ཡང་ཚུད་ཡོད་པས་ང་ཚོས་ཆོས་ཚན་བར་གཏིང་ཟབ་པའི་འབྲེལ་བ་ཡོད་པའི་ཚོད་དཔག་བྱེད་ཐུབ།” ཅེས་བཤད་པ་ལྟར་ཆོས་ཚན་གཉིས་ཀྱི་བར་ལ་འགལ་བའི་ཆ་ཡོད་པའི་རྒྱུ་མཚན་གྱིས་གཏན་ནས་ཟུང་འབྲེལ་བྱེད་ཐབས་མེད་པ་ཞིག་ཀྱང་མིན།

དེའི་དོན་ནི། ཆོས་ཚན་གཉིས་ཀྱི་འགལ་བའི་ཕྱོགས་རྣམས་གཅིག་ཏུ་བསྒྲིལ་ཏུ་ཡོད་པ་དང་།  རིག་གཞུང་ཆེན་པོ་གཉིས་གཅིག་གིས་གཅིག་དབང་དུ་བསྡུ་བ་དང་། ཚར་གཅོད་བྱེད་དགོས་པའི་དོན་མ་ཡིན་པར་རིག་གཞུང་གཉིས་ཀར་ཤེས་རྟོགས་གཏིང་ཟབ་དང་། ཕན་ཚུན་ཁ་སྐོང་། མཐུན་ཕྱོགས་ཟུང་འབྲེལ་གྱིས་འགྲོ་བ་མིའི་སྤྱི་ཚོགས་སུ་ཞབས་འདེགས་ཞུ་བར་སྔར་ལྷག་འབད་པ་བྱེད་རྒྱུ་དེ་ཡིན།  ཤེས་ཡོན་ནི་མཐར་གཏུགས་ན་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་བྱེད་ཅིག་དང་། འགྲོ་བ་མིའི་བདེ་དོན་སྒྲུབ་བྱེད་ཅིག་ཡིན་འོས་པས་ཆོས་ཚན་གཉིས་ཀྱང་འདི་ལས་མ་འདས། ཚན་རིག་གིས་འདས་པའི་ལོ་ངོ་སུམ་བརྒྱ་ལྷག་གི་རིང་ཕྱི་དངོས་པོའི་ཡར་རྒྱས་ཀྱི་ཕྱོགས་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་མོད།  ད་དུང་ཡང་མིའི་རིགས་ཀྱི་དཀའ་ཡོངས་རྫོགས་སེལ་ཐུབ་མེད།  མིའི་རིགས་ཀྱི་དཀའ་ངལ་མང་པོ་ཞིག་སེལ་བར་ཕྱི་དངོས་པོའི་མཐུན་རྐྱེན་དང་མཛེས་སྡུག་ཁོ་ནས་འདང་བ་ཞིག་མ་ཡིན་པར། ནང་གི་སེམས་ཁམས་དང་། བསམ་བཞིག་བྱེད་སྟངས། སེམས་ཀྱི་འཛིན་སྟངས་ཇི་ལྟར་བྱ་བ། བྱམས་སྙིང་རྗེ། གཞན་དོན་ཁུར་དུ་ལེན་ཚུལ་སོགས་ནང་བའི་སེམས་ཁམས་རིག་པའི་རྣམ་གཞག་ཏུ་ཆེས་ཤིན་ཏུ་གསལ་བའི་ནང་གི་ཀུན་སློང་དང་། དྲན་ཚུལ་ཇི་འདྲ་ཞིག་ཡོང་མིན་ལ་རག་ལུས་ཡོད།

དེ་བས། ད་ཡོད་དབང་རྩ་ཚན་རིག་གི་ཀླད་པ་དང་འབྲེལ་བའི་ཚོར་ཤེས་སོགས་ཀྱི་རྣམ་གཞག་དང་ནང་བའི་སེམས་དོན་རིག་པ་གཉིས་ཟུང་འབྲེལ་བྱེད་ཐུབ་པའི་རྨང་གཞི་ངེས་ཅན་ཞིག་ཡོད། དེ་བཞིན་དུ་ནང་ཆོས་ལས་འབྱུང་བའི་རྟེན་འབྱུང་ལྟོས་གྲུབ་ཀྱི་རྣམ་གཞག་དང་། ནང་ཤེས་པའི་སྐོར།  ཀུན་སྤྱོད་ཀྱི་རྣམ་གཞག  སེམས་ཁམས་རིག་པའི་སྐོར།  སྒོམ་སྒྲུབ་ཀྱི་ལམ་ནས་ལུས་སེམས་གཉིས་ལ་འགྱུར་བ་བཏང་དེ་སྡུག་བསྔལ་སེལས་ཐབས་སོགས་ཀྱིས་འགྲོ་བ་མིའི་བདེ་དོན་ཆེན་དུ་ཚན་རིག་ལ་ཁ་སྐོང་མང་པོ་ཞིག་བྱེད་ཐུབ།

ཚན་རིག་གིས་ཀྱང་རྩིས་རིག་པ་དང་། ཕྲ་མཐོང་ཆེ་ཤེལ་སོགས་བརྒྱུད་ནས་ལེགས་པར་གཏན་ལ་ཕབ་པའི་མངོན་གྱུར་གྱི་གཟུགས་ཅན་ལ་དཔྱད་པའི་གྲུབ་དོན་མང་པོ་ཞིག་གིས་ཀྱང་ནང་ཆོས་ལས་འབྱུང་བའི་སྒོ་ལྔའི་ཤེས་པའི་རྟེན་རགས་པའི་དབང་པོ་དག་དང་།  རྡུལ་ཕྲ་མོའི་སྐོར།  ཕྱི་སྣོད་ཀྱི་འཇིག་རྟེན་སྐོར་སོགས་ལ་ཁ་སྐོང་བྱེད་ཐུབ། འདི་དག་ནི་མཛུབ་མོ་རི་སྟོན་གྱི་ཚུལ་དུ་དཔེ་མཚོན་ཙམ་ཞིག་བཀོད་པ་ལས་ཞིབ་ཏུ་དཔྱད་ན་ནི་བགྲང་གིས་ག་ལ་ལོངས།

མཇུག་བསྡུ་བ།

དུས་ཚོད་དང་འབད་བརྩོན། རྣམ་དཔྱོད་དང་རྟོག་ཞིབ་ཀྱི་ནུས་པ་མང་པོ་ཞིག་གི་མཐར་རྩོམ་ཡིག་འདི་མཇུག་བསྡུ་བའི་མཚམས་སུ་སླེབས་སོང་། རྩོམ་ཡིག་འདི་ནི་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སློབ་དཔོན་ཆེན་པོ། ༸གོང་ས་སྐྱབས་མགོན་སྐུ་ཡི་ཕྲེང་བ་བཅུ་བཞི་བ་ཆེན་པོ་མཆོག་གིས[16]“ད་ལྟ་དུས་རབས་ཉེར་གཅིག་པའི་མགོ་སྟོད་འདིར་ཚན་རིག་དང་སེམས་དོན་རིག་པ་གཉིས་ཀྱི་འབྲེལ་ལམ་ནི་སྔར་ལས་ཀྱང་ཉེ་རུ་བཏང་ནས། ང་ཚོའི་མིག་སྔར་ཡོད་པའི་འགྲོ་བ་མི་ཡི་སྤྱིའི་དཀའ་ངལ་རྣམས་ལ་གདོང་ལེན་བྱེད་པར་ཤེས་ཡོན་གྱི་སྡེ་ཚན་འདི་གཉིས་ཀྱིས་མཉམ་འབྲེལ་གྱི་ལས་དོན་ནུས་སྟོབས་ཅན་ཞིག་འགོ་རྩོམ་ཆོག ང་ཚོ་ཚང་མ་ལས་དོན་དེའི་ནང་དུ་ཞུགས་དགོས་ཤིང་། ང་ཚོ་ཚང་མས་ཀུན་སྤྱོད་ཀྱི་འགན་ཞིག་ཁུར་ནས་མཉམ་འབྲེལ་གྱི་ལས་དོན་དེ་ལེགས་འགྲུབ་ཡོང་བར་འབད་བརྩོན་བྱེད་དགོས། འདི་ནི་བདག་གི་ཁ་ཞེ་གཉིས་མེད་ཀྱི་རེ་སྐུལ་ཞིག་ཡིན།” ཞེས་གསུང་བའི་དགོངས་དོན་བསྒྲུབ་ཆེད་དུ་རང་ངོས་ནས་ལྷག་བསམ་རྣམ་དག་གིས་མཉམ་ཞུགས་བྱས་པ་ཞིག་ཡིན།  རྩོམ་འདི་དེང་རབས་དཔྱད་རྩོམ་འབྲི་སྟངས་དང་མཐུན་པར་དཔྱད་གཞིའི་ཁུང་ལུང་སོགས་ཞིབ་གསལ་བཙལ་ཚོལ་དང་། དེ་དག་འོག་མཆན་དུ་རྒྱས་བཤད་ངང་གསལ་བོར་བཀོད་ཡོད་ལ། ཞིབ་འཇུག་གི་རྣམ་པའང་ཅུང་ཞིབ་ཚགས་ཀྱིས་བྱས་ཡོད་མོད། བརྗོད་བྱའི་ཆ་ནས་རྒྱ་མཚོ་ལས་ཆུ་ཐིགས་ཙམ་ཞིག་ལས་ཚུད་མེད་པའང་ཤེས་དགོས་པ་ཡིན།

དཔྱད་གཞིའི་ཡིག་ཆ་ཁག་གི་ཐོ་གཞུང་།

[1] དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་བོ་ཞེས་བྱ་བ། གསུང་པ་པོ། སངས་རྒྱས་བཅོམ་ལྡན་འདས། སྡེ་དགེ། བཀའ་འགྱུར།
[2] ཆོས་ཀྱི་ཚིགས་སུ་བཅད་པ། སྟོན་པ་ཤཱཀྱ་ཐུབ་པའི་གསུང་། པར་ལོ། 2001།  པར་སྐྲུན་མཁན། ཐཱའི་ཝན་ནང་པའི་ཤེས་ཡོན་བདེ་རྩ་ལྷན་ཚོགས།  དགེ་སློང་དཀོན་མཆོག་ཕན་བདེས་དབྱིན་ཡིག་ལས་བོད་ཡིག་ཏུ་བསྒྱུར།
[3] རྡུལ་རྙེད་འཇིག་རྟེན། ༸གོང་ས་ཏཱ་ལའི་བླ་མས་མཛད། པར་ལོ། 2012 གཙོ་འགན་རྩོམ་སྒྱུར་བ། དགེ་བཤེས་ལྷག་རྡོར། པར་སྐྲུན་མཁན། བོད་ཀྱི་དཔེ་མཛོད་ཁང་།
[4] ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ། རྩོམ་པ་པོ། སློབ་དཔོན་དབྱིག་གཉེན། པར་ལོ། 2013 པར་སྐྲུན་མཁན། སེར་སྨད་དཔེ་མཛོད་ཁང་།
[5] ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ། དཔལ་ཆོས་ཀྱི་གྲགས་པས་མཛད། པར་ལོ། 2015 པར་སྐྲུན་མཁན། བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་།
[6] ཤེས་རབ་བརྒྱ་བ། རྩོམ་པ་པོ། མགོན་པོ་ཀླུ་སྒྲུབ། པར་ལོ། 1993 པར་སྐྲུན་མཁན། མི་རིགས་དཔེ་སྐྲུན་ཁང་།
[7] བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིགས་པ། སློབ་དཔོན་ཆེན་མོ་ཝིག་ཊར་མན་སི་ཕིལ་ Vic Mansfeld  གྱིས་བརྩམས། པར་ལོ། 2013། སྒྱུར་བ་པོ། ཀརྨ་ཐུབ་བསྟན། པར་སྐྲུན་མཁན། བོད་ཀྱི་དཔེ་མཛོད་ཁང་།
[8] སྦས་དོན་གྱི་ཕྱོགས་ཆ།  དངོས་ཁམས་རིག་པ་དང་རྣམ་ཤེས་གཅིག་ཏུ་སྒྲིལ་བ། དགེ་རྒན་ཆེན་མོ་སྦི་ཨེ་ལེན་ཝེ་ལེ་སེ B. Alan Wallaceཡིས་བརྩམས། ཉི་མ་རྒྱལ་མཚན་གྱིས་བསྒྱུར། པར་ལོ། 2011 པར་སྐྲུན་མཁན། བོད་ཀྱི་དཔེ་མཛོད་ཁང་།
[9] སཱ་མིར་ཨོ་ཀ་ཤ།ཚན་རིག་གི་ལྟ་གྲུབ་ངོ་སྤྲོད་སྙིང་བསྡུས་ཤིག ཡོག་གཙུག་ལག་སློབ་གཉེར་ཁང་གི་ལྟ་གྲུབ་རིག་པའི་སློབ་དཔོན་ཆེན་མོ་སཱ་མིར་ཨོ་ཀ་ཤས་  Samir Okash བརྩམས།  བརྩོན་འགྲུས་བསམ་འཕེལ་གྱིས་བོད་ཡིག་ཏུ་བསྒྱུར། པར་ལོ། 2015 པར་སྐྲུན་མཁན། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ།
[10] དབུ་མ་བཞི་བརྒྱ་བ། རྩོམ་པ་པོ། སློབ་དཔོན་འཕགས་པ་ལྷ། པར་ལོ། 2015 པར་སྐྲུན་མཁན། སྒོ་མང་དཔེ་མཛོད།
[11] བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་ཚན་རིག་གི་དུས་དེབ་ཁག བོད་ཀྱི་དཔེ་མཛོད་ཁང་གིས་འགྲེམ་སྤེལ་ཞུས།
[12] ཚན་རིག་གི་ཤེས་བྱ་ཀུན་འདུས།
[13] ཚན་རྩལ་རིག་པའི་སྤྱི་བཤད། པར་ལོ། 2006 སྒོ་དམར་སངས་རྒྱས་བཀྲ་ཤིས་ཀྱིས་བརྩམས། པར་སྐྲུན་མཁན།  སྒྱུར་བ་པོ།
[14] བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིག་པ། སློབ་དཔོན་ཆེན་མོ་ཝིག་ཊར་མན་སི་ཕིལ་ Vic Mansfeld  གྱིས་བརྩམས། པར་ལོ། 2013། སྒྱུར་བ་པོ། ཀརྨ་ཐུབ་བསྟན། པར་སྐྲུན་མཁན། བོད་ཀྱི་དཔེ་མཛོད་ཁང་།
[15] ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། པོད་ཆ་ཚང་། པར་སྐྲུན་མཁན།

དཔྱད་ཡིག་དང་ཞབས་མཆན། 

[1] << བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིག་པ།>> ཞེས་པའི་དཔེ་དེབ་ཀྱི་ཤོག་ངོས་ 13 བར་གསལ། དངོས་ཁམས་ཚན་རིག་པ་སློབ་དཔོན་ཆེན་མོ་ཝིག་ཊར་མན་སི་ཕིལ་ Vic Mansfeld  གྱིས་བརྩམས།

[2]སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་བའི་གནས་དྲུག་པ་ཤོག་ངོས 48 བར་གསལ།

[3] དཔལ་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་ལེའུ་གཉིས་པའི་ཤོག་ངོས་ 18 བར་གསལ།

[4]དབུ་མ་བཞི་བརྒྱ་བའི་རབ་བྱེད་བཅུ་གཉིས་པ། ཤོག་ངོས་ 32 ལ་གསལ།

[5] སངས་རྒྱས་ཀྱི་གསུང་།  ཆོས་ཀྱི་ཚིགས་སུ་བཅད་པ།  སངས་རྒྱས་ཀྱི་ལེའུ། ཤོག་ངོས་ 41 བར་གསལ།

[6] མགོན་པོ་ཀླུ་སྒྲུབ་ཀྱི་གསུང་ཤེས་རབ་བརྒྱ་བ།  མི་རིག་དཔེ་སྐྲུན་ཁང་གི་པར་མ། ལེགས་རྩོམ་སྙིང་བསྡུས་ཀྱི་ཤོག་ངོས། 72 བར་གསལ།

[7]སངས་རྒྱས་ཀྱི་གསུང་ཆོས་ཀྱི་ཚིགས་སུ་བཅད་པ། བདག་གི་ལེའུ། ཤོག་ངོས་ 37 བར་གསལ། འདི་ལ་ཚིག་སྦྱོར་མི་འདྲ་བ་ཁ་ཤས་འདུག་མོད་དོན་གཅིག་ཏུ་མཐོང་།

[8] ༸གོང་ས་ཆེན་པོའི་བཀའ་རྩོམ་གྲགས་ཅན། <<རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།>>  ཤོག་ངོས 31 བར་གསལ།

[9] འུ་ཡུག་པ་རིག་པའི་སེངྒས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བ་རིག་པའི་མཛོད། ཤོག་ངོས  4 བར་ལུང་འདྲེན་བྱས་པ་ལས་གསལ།

[10]ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ།  ཡོངས་གྲགས་སུ་ཚད་མ་རིག་སྒོ།  ཤོག་ངོས།  1 པོར་གསལ།

[11] དྲང་ངེས་ལེགས་བཤད་སྙིང་པོ།  ཤོག་ངོས 3 བར་གསལ།

[12] དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་བོ་ཞེས་བྱ་བ།  སྡེ་དགེ་བཀའ་འགྱུར།  རྒྱུད་འབུམ། ག  ཤོག་ངོས། 216 བར་གསལ།

[13] སཱ་མིར་ཨོ་ཀ་ཤ་ཚན་རིག་གི་ལྟ་གྲུབ་ངོ་སྤྲོད་སྙིང་བསྡུས་ཤིག་ཅེས་པའི་དཔེ་དེབ་ཀྱི་ཤོག་ངོས། 22 བར་གསལ། ཁོང་ནི་ཡོག་གཙུག་ལག་སློབ་གཉེར་ཁང་གི་ལྟ་གྲུབ་རིག་པའི་སློབ་དཔོན་ཆེན་མོ་ཞིག་ཡིན། དེབ་འདི་བརྩོན་འགྲུས་བསམ་འཕེལ་ལགས་ཀྱིས་དབྱིན་ཡིག་ལས་བསྒྱུར།

[14] བོད་ནས་པར་དུ་བསྐྲུན་པའི<<ཀླད་ཆེན་དང་སེམས་ཀྱི་འབྲེལ་བ།>>ཞེས་པའི་དཔེ་དེབ་ཀྱི་ཤོག་ངོས་ 79 བར་ལུང་འདྲེན་བྱས་པ་ལས་གསལ།  རྩོམ་པ་པོ་གསེར་རྟ་བླ་རུང་བསྟན་འཛིན་རྒྱ་མཚོ།

[15]  << བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིག་པ།>> ཞེས་པའི་དཔེ་དེབ་ཀྱི་ཤོག་ངོས་ 17 བར་གསལ། དངོས་ཁམས་ཚན་རིག་པ་སློབ་དཔོན་ཆེན་མོ་ཝིག་ཊར་མན་སི་ཕིལ་ Vic Mansfeld  གྱིས་བརྩམས།

[16]༸གོང་ས་ཆེན་པོའི་བཀའ་རྩོམ་གྲགས་ཅན། <<རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།>>  ཤོག་ངོས་ 285  བར་གསལ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།