ནང་དོན་གནད་བསྡུས། བོད་སྐད་ནི་ཚིག་ཕྲད་ཀྱི་སྦྱོར་བ་གལ་ཆེ་བའི་སྐད་ཆ་གཏན་ཚིགས་ཆེ་བ་ཞིག་ཡིན་ཞིང་། སྤྱིར་བཏང་དུ་ཚིག་ཕྲད་ཀྱི་སྦྱོར་བ་ལ་མི་བརྟེན་པའི་ཚིག་གི་སྦྱོར་བ་ཧ་ཅང་ཉུང་ཕྱིར། བོད་སྐད་ཀྱི་སྦྱོར་བ་ལ་འཇུག་པའི་སྒོ་མོ་ལྟ་བུར་གྲུབ་པའི་རྟགས་སུ་ཤེས་ཀྱང་། ད་ལྟའི་བར་དུ་ཚིག་ཕྲད་ཁོལ་དུ་ཕྱུང་ནས་དེའི་འཁྲིད་ཐབས་ལ་དཔྱད་པ་མ་མཐོང་སྟབས། དཔྱད་རྩོམ་འདིར་ཚིག་ཕྲད་ཀྱི་འཁྲིད་ཐབས་དམིགས་སུ་བཟུང་སྟེ། རྣམ་དབྱེའི་ཚིག་ཕྲད་དང་ཚིག་ཕྲད་ཕལ་བ་ཞེས་དབྱེ་སྒོ་ཆེན་པོ་གཉིས་ལེའུ་རེ་བྱས་ནས་ཚིག་ཕྲད་ཀྱི་སྒྲའི་ཐོབ་ཐང་དང་། འཇུག་བྱ་དོན་གང་ལ་སྦྱོར་བ་གཉིས་ཀྱི་ཆ་ནས་ཚིག་ཕྲད་སྤྱིའི་འཁྲིད་ཐབས་ལ་ངེས་འདྲེན་ཐུབ་པ་བྱས་ཡོད་ལ། རྣམ་དབྱེའི་ཚིག་ཕྲད་སོ་སོ་རྗེས་འཇུག་གང་ལ་འཇུག་པའི་ཐོབ་ཐང་ལས་གཞན་རྗེས་འཇུག་གི་ཁྱད་པར་ལ་བལྟ་མི་དགོས་ན། འཇུག་བྱ་དོན་གྱི་ཆ་ན་ཁྱད་པར་ཞིག་ཅིས་ཀྱང་ཡོད་པའི་གནད་དང་། ཚིག་གི་སྦྱོར་བའི་གོང་འོག་གི་དོན་ལ་བརྟག་པ་དང་། ཚིག་ཕྲད་ཀྱི་གཟུགས་གཅིག་ཀྱང་སྟོན་པའི་དོན་གྱི་ཁྱད་པར་དང་། མིང་གི་དབྱེ་བ་ཤེས་པ་ནི་རྣམ་དབྱེའི་ཚིག་ཕྲད་ཀྱི་སྦྱོར་ཚུལ་ལ་ངེས་པ་བསྐྱེད་པའི་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཚིག་ཕྲད་ཕལ་བ་ནི་སྒྲ་རང་ངོས་སུ་དོན་མེད་པ་འདྲ་ཡང་། དེ་དག་གིས་ཚིག་གི་སྦྱོར་བ་ལ་འཐོན་པའི་ནུས་པ་ནི་རྣམ་དབྱེའི་ཚིག་ཕྲད་ལས་གཞན་ཞིག་ཡིན་པའི་གནད་དང་། ཚིག་ཕྲད་ཁ་ཅིག་འཇུག་དོན་མཚུངས་པར་སྦྱོར་རུང་བ་དང་། ཚིག་ཕྲད་ཕལ་བ་རུ་བསྡུས་པའི་སྒྲ་དག་ལ། ཚིག་ཕྲད་དངོས་ཡིན་པ་དང་མ་ཡིན་པ། མིང་དག་གི་མཐའ་མར་སྦྱོར་བ་དང་མི་སྦྱོར་བ། སྒྲ་རང་ངོས་སུ་བརྗོད་དོན་ཡོད་པ་དང་མེད་པ། ཚིག་ཕྲད་གཞན་གྱི་སྦྱར་གཞི་བྱེད་པ་དང་མི་བྱེད་པ་ཅི་རིགས་ཡོད་པས། དེ་དག་གི་དོན་གྱི་སྦྱོར་ཚུལ་ཡང་རིགས་པ་གཅིག་ཏུ་བཟླུམ་ཐབས་མེད་པ་བཅས་ཀྱི་གནད་རྣམས་བཟུང་སྟེ་ཚིག་ཕྲད་ཀྱི་སློབ་ཁྲིད་ཇི་ལྟ་བུ་ཞིག་བྱེད་ན་ལེགས་པའི་སྐོར་བརྗོད་ཡོད་དོ། །
གནད་ཚིག རྣམ་དབྱེ། ཚིག་ཕྲད། འཁྲིད་ཐབས།
གླེང་གཞི།
རང་རེའི་ཡུལ་གྲུ་འདིར་སྤྱི་ལོ་དུས་རབས་བདུན་པ་ལ་བོད་ཡིག་འདི་ཉིད་གསར་དུ་དར་བ་ལྟར་བརྩིས་ན་ལོ་ངོ་ཆིག་སྟོང་བཞི་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། དེའི་ཡུན་ལ་སྐད་གསར་བཅད་ཐེངས་མ་གསུམ་གྱིས་མཚོན་པའི་སྐད་ཆའི་སྦྱོར་བ་དག་པར་སྤེལ་བའི་ལས་ཀ་རབ་དང་རིམ་པ་བགྱིས་པའི་འབྲས་བུ་ལ། བོད་ཡིག་འདི་ཉིད་འཐུས་སྒོ་ཇེ་ཚང་དང་བརྡ་སྤྲོད་ཀྱི་མ་ལག་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ཅིང་། ལུང་སྟོན་པ་སུམ་རྟགས་གཉིས་ཀྱི་ཚིག་འགྲེལ་དང་དོན་འགྲེལ། རྒྱས་འགྲེལ། བསྡུས་འགྲེལ་སོགས་འགྲེལ་པའི་སྐོར་རྒྱ་ཆེ་མཛད་པ་དང་ལྷན་དུ། དྲན་པ་ཡེ་ཤེས་ཀྱི《སྨྲ་སྒོ་མཚོན་ཆ》དང་། ས་སྐྱ་བསོད་ནམས་རྩེ་མོའི《ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ》སོགས་གཞུང་ལུགས་ཀྱི་ཁོ་ལག་རྫོགས་པའི་བསྟན་བཅོས་མང་དུ་བྱུང་ཞིང་། དུས་རབས་ཉི་ཤུའི་དུས་སྟོད་ལ་མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་པའི་རིག་ཚན་གསར་བ་ལ་སློབ་གཉེར་བྱེད་མཁན་དང་། རང་སྐད་ཀྱི་ལོ་ཙཱ་ཆེས་ཆེར་རྒྱས་པའི་རྐྱེན་ལས་བརྡ་སྤྲོད་རིག་པ་ལ་གོ་བ་གསར་དུ་བསྐྱེད་དེ། རྒྱལ་སྤྱིའི་བརྡ་རྟགས་དང་སྐད་ཆ་རིག་པ་སོགས་རིག་ཚན་གསར་བས་ཟུར་བརྒྱན་བགྱིས་པའི་རྩ་བ་སུམ་རྟགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་བརྡ་སྤྲོད་ཀྱི་དེབ་མང་དུ་མཛད་ཡོད་དེ། འཕྲིན་ལས་རྒྱ་མཚོའི《བདག་གཞན་གྱི་རྣམ་བཞག》དང་། དོར་ཞི་གདོང་དྲུག་སྙེམས་བློའི《བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》དང་། སློབ་དཔོན་ཆེན་མོ་དཔའ་རིས་སངས་རྒྱས་ཀྱི《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》དང་། 《བརྡ་སྤྲོད་སྦྱོར་བ་རྣམ་བཞི》སོགས་ཀྱིས་མཚོན་བོད་ཡིག་གི་བརྡ་སྤྲོད་མ་ལག་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད་མོད། ད་སྔ་བར་དུ་བརྡ་སྤྲོད་ཀྱི་འཁྲིད་ཐབས་སྐོར་ལ་ཆེད་དུ་མཛད་པའི་བསྟན་བཅོས་ཤིག་མཐོང་ཐོས་སུ་མ་བྱུང་།
ཉེ་དུས་ནས་བཟུང་རང་རེའི་ཡུལ་གྲུ་འདིའི་སློབ་གསོའི་ལམ་ལུགས་ལ་འགྱུར་བ་མངོན་གསལ་བྱུང་ཡོད་དེ། བསླབ་པའི་རིམ་པ་ལ་སྤྱིར་བཏང་དུ་སློབ་ཆུང་གི་རིམ་པ་དང་སློབ་འབྲིང་གི་རིམ་པ། སློབ་ཆེན་གྱི་རིམ་པ་བཅས་སུ་བགོས་ཤིང་། རིམ་པ་སོ་སོའི་ལོ་རིམ་གྱི་མཐོ་དམན་དང་སློབ་ཁྲིད་ཀྱི་རྣམ་པ་ཡོངས་སུ་མཚུངས་པ་ཞིག་མ་ཡིན་ཞིང་། ལྷག་པར་སློབ་ཁྲིད་ཀྱི་ཆ་ནས་དུས་དང་བསྟུན་པའི་སྒོ་ནས་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད་དེ། སྔོན་མའི་སློབ་ཁྲིད་ཀྱི་སྒྲིག་ཆས་དང་དགེ་རྒན་གྱི་ཆུ་ཚད། བསླབ་ཚན་སོ་སོའི་ཁྱད་ཆོས་དང་བསྟུན་པའི་འཁྲིད་ཐབས་ཀྱི་རིགས་པ་ཤིན་ཏུ་མང་བ་དང་། རིགས་པ་དེ་དག་ཐོག་མར་ནུབ་ཕྱོགས་ནས་རྒྱལ་ནང་དང་དེ་ནས་རང་རེའི་ཡུལ་གྲུ་འདིར་དར་བས་དུས་ཚོད་ཀྱི་ཆ་ནས་ཀྱང་རིགས་པ་དེ་དག་དར་འཕྱི་ལ། མི་རིགས་སོ་སོའི་རིག་གནས་ཀྱི་གྲུབ་སྟངས་དང་ཁོར་ཡུག་གི་དབང་གིས་རིགས་པ་དེ་དག་ཐད་ཀར་ཇི་བཞིན་སྦྱོར་དུ་མི་བཏུབ་ལ། རིག་གནས་སྣ་མང་མཉམ་བསྲེས་ཀྱི་ཁྲོད་སློབ་ཁྲིད་ཀྱི་ཐབས་ལམ་ལའང་འགྱུར་བ་མངོན་གསལ་བྱུང་བས། སློབ་སྦྱོང་གི་མྱུར་ཚད་དང་སྤུས་ཚད་སོགས་ལ་བར་ཁྱད་ཤོར་བར་ངེས། དེ་བས་རང་རེའི་སྐད་ཡིག་འདི་ཉིད་ཀྱང་མུ་མཐུད་གནས་དགོས་ན་བོད་ཀྱི་སྐད་ཡིག་འདི་ཉིད་ཀྱི་གྲུབ་ཚུལ་དང་བརྡ་སྤྲོད་ཀྱི་ཆོས་ཉིད་བཅས་དང་མཐུན་པའི་བོད་ཡིག་སློབ་ཁྲིད་ལ་ཕན་པའི་འཁྲིད་ཐབས་རེ་ཟུང་ལ་ཞིབ་པར་དཔྱད་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བར་མཐོང་བས་འདིར་ཚིག་ཕྲད་ཀྱི་འཁྲིད་ཐབས་ལ་དཔྱད་པར་བྱའོ། །
དེས་ན་བོད་སྐད་ཀྱི་ཚིག་ཕྲད་ལ་རྣམ་དབྱེའི་ཚིག་ཕྲད་དང་རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་རིགས་གཉིས་སུ་དབྱེ་བ་ནི། ཚིག་ཕྲད་དག་སྐད་ཆའི་སྦྱོར་བ་ལ་སྦྱོར་སྐབས་ནུས་པ་མི་འདྲ་བའི་རྐྱེན་གྱིས་ཡིན་པས། འདིར་ཚིག་ཕྲད་ཀྱི་འཁྲིད་ཐབས་བཤད་པ་ལའང་དེ་ལྟར་ཚན་པ་གཉིས་སུ་བཀར་ནས་བཤད་དོ། །
དང་པོ། རྣམ་དབྱེའི་ཚིག་ཕྲད་ཀྱི་འཁྲིད་ཐབས།
རྣམ་དབྱེའི་དོན་ལ་འཇུག་པའི་ཚིག་ཕྲད་ལ། ལ་དོན་དང་། འབྲེལ་སྒྲ་དང་། བྱེད་སྒྲ་དང་། འབྱུང་ཁུངས་བཞི་ཡོད་པ་རེ་རེ་ལའང་སྦྱོར་བྱེད་ཚིག་ཕྲད་ཀྱི་སྒྲའི་སྦྱོར་ཚུལ་དང་། འཇུག་བྱ་དོན་གང་ལ་སྦྱོར་བ་གཉིས་གཉིས་ཡོད་པས། དེ་ལྟར་སྒྲའི་ཐོབ་ཐང་དང་། དོན་གྱི་སྦྱོར་ཚུལ་གཉིས་སུ་ཕྱེ་ནས་བཤད་དོ། །
གཅིག རྣམ་དབྱེའི་ཚིག་ཕྲད་ཀྱི་སྒྲའི་ཐོབ་ཐང་འཁྲིད་ཐབས།
རྣམ་དབྱེའི་ཚིག་ཕྲད་དག་བཤད་ལ་ཉེ་བའི་སྐབས་སུ། ཐོག་མར་ལ་དོན་དང་། འབྲེལ་སྒྲ་དང་། བྱེད་སྒྲ་དང་། འབྱུང་ཁུངས་ཀྱི་ཚིག་ཕྲད་ནི་གང་དག་ཡིན་པ་དང་། དེ་དག་གི་གྲུབ་ལུགས་ལ་ངེས་པ་འབྱུང་བའི་སླད་དུ།
ལ་དོན→ དབྱངས་ཡིག་ཨུ→སུ་རུ་དུ་ཏུ། ར་ན་ལ།
འབྲེལ་སྒྲ→དབྱངས་ཡིག་ཨི→གི་ཀྱི་གྱི་འི་ཡི།
བྱེད་སྒྲ→དབྱངས་ཡིག་ཨི→གིས་ཀྱིས་གྱིས་འིས་ཡིས།
འབྱུང་ཁུངས→རྗེས་འཇུག་ས→ནས་ལས།
ཞེས་པ་ལྟ་བུའི་སྒོ་ནས་ཚིག་ཕྲད་དག་གི་གྲུབ་ལུགས་མིག་ལ་འདྲིས་ཤིང་ངག་ལ་བྱང་དུ་བཅུག་པའི་རྗེས་སུ། སློབ་གྲོགས་རྣམས་ལ་ནམ་རྒྱུན་འཚོ་བ་དང་སློབ་སྦྱོང་སོགས་ཀྱི་སྐབས་རྗོད་པའི་སྐད་ཆ་དཔེར་ན། དགེ་རྒན་ལ་བཤད། དགེ་རྒན་གྱིས་བཤད། དགེ་རྒན་ལས་བླངས། དགེ་རྒན་གྱི་ཡིན། ལྟ་བུའི་དཔེར་བརྗོད་སླ་མོ་ལ་བརྟེན་ནས། བོད་སྐད་ལ་སྤྱིར་བཏང་དུ་ཚིག་ཕྲད་མ་སྦྱར་བར། མིང་དང་མིང་ཐོད་གཏུགས་ཏེ་སྦྱོར་བ་ཤིན་ཏུ་ཉུང་ཞིང་། ཚིག་ཕྲད་སྦྱོར་བ་ནི་བོད་སྐད་ཀྱི་ཁྱད་ཆོས་ཤིན་ཏུ་གལ་ཆེན་ཞིག་ཡིན་ལ། ནང་སྒོས་སུ་རྣམ་དབྱེའི་ཚིག་ཕྲད་དག་ནི་གང་ལ་སྦྱར་དགོས་ས་དེ་ལ་མ་སྦྱར་བར། དོན་གང་ཡང་མི་སྟོན་པའི་གནས་ལུགས་ངོ་སྤྲད་པའི་རྗེས་སུ། ཐོག་མར་རྗེས་འཇུག་གི་ཁྱད་པར་ལ་མ་བལྟས་པར། བརྗོད་དོན་གང་ལྟ་བུ་ལ་ལ་དོན་སྦྱར་དགོས་པ་ཡོད་ན་ལ་སྒྲ་དང་། འབྲེལ་སྒྲ་ལ་གི་སྒྲ་དང་། བྱེད་སྒྲ་ལ་གིས་སྒྲ་དང་། འབྱུང་ཁུངས་ལ་ལས་སྒྲ་སྦྱོར་བའི་སྒོ་ནས། ཚིག་ཕྲད་དེ་དག་སྦྱར་བ་དང་མ་སྦྱར་བའི་ཁྱད་པར་རགས་ཙམ་ཤེས་པའི་རྗེས་ཉིད་ལ། བོད་སྐད་དག་གི་གྲུབ་རྐྱེན་གཙོ་བོ་ཞིག་ནི་རྗེས་འཇུག་དང་། རྗེས་འཇུག་ལ་རྣམ་གྲངས་བཅུ་ཐམ་པ་ལས་མེད་པ་ནི། དེ་དག་གི་སྒྲ་གདངས་ལ་ཁྱད་པར་ཡོད་པའི་རྟགས་དང་། རྗེས་འཇུག་མི་འདྲ་བ་ལ་ཚིག་ཕྲད་ཀྱང་མི་འདྲ་བ་སྦྱོར་བ་ནི། རྗེས་འཇུག་གི་སྒྲ་གདངས་དང་མཐུན་པར་བྱེད་པའི་ཕྱིར་ཡིན་པས། ཚིག་ཕྲད་ཀྱི་སྒྲའི་ཐོབ་ཐང་ཇི་བཞིན་དུ་སྦྱར་དགོས་པར་བཀྲི་ཞིང་། རིམ་གྱིས་ལ་དོན་གྱི་ལ་ནི་ཚིག་ཕྲད་གཞན་ལ་བསྒྱུར་བ་དང་། འབྲེལ་སྒྲའི་གི་ནི་རྗེས་འཇུག་ག་ང་གཉིས་ལས་གཞན་ལ་མི་སྦྱོར་བ་དང་། བྱེད་སྒྲའི་ཐོབ་ཐང་ནི་འབྲེལ་སྒྲ་དང་མཚུངས་ཀྱང་། དེའི་ནུས་པ་གཙོ་བོ་རྗེས་འཇུག་གི་སྟེང་ན་ཡོད་ཀྱང་སྦྱོར་ཚུལ་འབྲེལ་སྒྲ་དང་འདྲ་བ་དང་། ལས་སྒྲ་ནི་ཕྱོགས་མཚམས་སྟོན་པའི་མིང་སོགས་ལ་མི་བལྟ་བར་སྦྱོར་ཡང་། ནས་སྒྲ་ནི་ས་མིང་བྱེ་བྲག་པ་དང་། མིང་སྤྱིར་བཏང་བའི་མཐའ་ན་སྟོད་སྨད། གཡས་གཡོན། མདུན་རྒྱབ། གོང་འོག ཕྱི་ནང་། ཤར་ལྷོ་སོགས་ཕྱོགས་མཚམས་སྟོན་པའི་མིང་དག་གི་རྗེས་སུ་སྦྱོར་བའི་ཞིབ་ཆ་འབྱེད་ཅིང་། ཚིག་ཕྲད་ཀྱི་སྒྲའི་སྦྱོར་ལུགས་ཀྱི་དག་ཆ་འདོན་པའོ། །
གཉིས། རྣམ་དབྱེའི་ཚིག་ཕྲད་ཀྱི་དོན་གྱི་སྦྱོར་ཚུལ་འཁྲིད་ཐབས།
རྣམ་དབྱེའི་ཚིག་ཕྲད་རྣམས་དོན་གང་དག་ལ་འཇུག་པ་བཤད་པའི་སྐབས་སུ། ལས་སུ་བྱ་བ་དང་། དགོས་ཆེད། རྟེན་གནས། དེ་དག་གི་ཞར་ལ་དེ་ཉིད་དང་ཚེ་སྐབས་ཙམ་ལས་ན་ལ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འཇུག་ཚུལ་རེ་ཞིག་ངོ་སྤྲོད་མི་ཞུ་བ་བཞིན་དུ། གི་སོགས་འབྲེལ་བ་དང་། གིས་སོགས་བྱེད་པ་པོ་དང་བྱེད་པ། ནས་ལས་གཉིས་ཀ་འབྱུང་ཁུངས་ལ་འཇུག་ཚུལ་གསལ་པོར་ངོ་སྤྲོད་ཅིང་། དེ་དག་གི་དོན་ལ་ངེས་པ་ཅུང་ཟད་གསལ་པོ་ཞིག་རྙེད་རྗེས། ཚིག་ཕྲད་དེ་དག་གི་འཇུག་ཚུལ་གཞན་པ་བཤད་པར་བྱ་ཞིང་། དེ་ཡང་རྣམ་དབྱེའི་ཚིག་ཕྲད་ཀྱི་དོན་གྱི་སྦྱོར་ཚུལ་བཤད་པའི་ཚེ་ནའང་། རིམ་པ་གཉིས་སུ་ཕྱེ་ནས་བཤད་པ་སྟེ།
ཀ མཚན་ཉིད་ལ་བརྟེན་ནས་རྣམ་དབྱེའི་དོན་ལ་ངེས་པ་སྐྱེད་པ། རྣམ་དབྱེ་སྤྱིའི་མཚན་ཉིད་ངོ་སྤྲད་པ་བརྒྱུད་ནས་ཅི་ཞིག་ལ་ལས་སུ་བྱ་བ་ཟེར་བ་དང་། དེ་ལ་བྱ་ཡུལ་དང་བྱ་བ། དེ་གཉིས་ཀྱི་བར་ལ་སྦྱོར་བྱེད་ཀྱི་ལ་དོན་གསུམ་ཚང་དགོས་པ་དང་། ཅི་ཞིག་ལ་འབྲེལ་སྒྲ་ཟེར་ཞིང་དེ་ལ་འབྲེལ་གཞི་དང་འབྲེལ་ཆོས། གིས་སོགས་ཀྱི་ཚིག་ཕྲད་གསུམ་དགོས་པ་དང་། ཅི་ཞིག་ལ་བྱེད་སྒྲ་ཟེར་བ་དང་། གིས་སོགས་སྦྱར་ཡུལ་གྱི་བྱེད་པ་པོའམ་བྱེད་པ་དང་། དེ་དག་གིས་བྱས་པའི་བྱ་བ་གསུམ་ངེས་པར་ཡོད་པ་དང་། དགོས་ཆེད་ཅེས་པ་ནི་དགོས་པ་ཞིག་གི་ཆེད་དུ་བྱ་བ་བཟང་ངན་ཅི་རིགས་ཤིག་བྱེད་པ་སྟོན་པས། དེ་ལ་ཕན་གདགས་ཡུལ་དང་། དེའི་ཆེད་དུ་བྱེད་པའི་བྱ་བ་དང་། དེ་དག་གི་དོན་སྟོན་བྱེད་ཀྱི་ལ་དོན་གྱི་ཚིག་ཕྲད་གསུམ་ཚང་དགོས་པ་དང་། གང་འདྲ་བ་ཞིག་ལ་འབྱུང་ཁུངས་ཟེར་བ་དང་། འབྱུང་གཞི་དང་བྱུང་ཆོས་སོ་སོར་སྟོན་བྱེད་ནི་ནས་ལས་གཉིས་ཀྱི་གང་ཡིན་པ་དང་། ཅི་ཞིག་ལ་རྟེན་གནས་ཟེར་བ་དང་། དེ་ལ་རྟེན་གཞི་དང་བརྟེན་ཆོས་དང་། ལ་དོན་གྱི་སྒྲ་སྦྱར་དགོས་པ་དཔེར་བརྗོད་ཀྱི་སྒོ་ནས་ངོ་སྤྲོད་ཞུའོ། །
ཁ། གཞི་གཅིག་གི་སྟེང་ནས་རྣམ་དབྱེ་མ་འདྲ་བ་ངོས་འཛིན་པ། དེ་ཡང་སི་ཏུ་པཎ་ཆེན་གྱིས་བདུད་རྩི་ཞེས་པ་དང་། ཚེ་ཏན་ཞབས་དྲུང་མཆོག་གིས་གནམ་གྲུ་ཞེས་པའི་མིང་གཅིག་གི་སྟེང་ནས་རྣམ་དབྱེ་བརྒྱད་པོ་ངོ་སྤྲད་པ་ནི། ལས་དང་པོ་བ་རྣམས་ཀྱིས་གལ་ཏེ་མིང་ཐ་དད་པའི་སྒོ་ནས་རྣམ་དབྱེ་མ་འདྲ་བ་ངོ་སྤྲོད་བྱས་ན། མིང་དོན་ལ་ཉམས་འཇོག་པ་ལས་ཚིག་ཕྲད་ཀྱི་ཁྱད་པར་ལ་དོ་ཁུར་ཆེན་པོ་མི་བྱེད་པའི་འཁྲུལ་སྣང་བཟློག་པའི་ཕྱིར་ཡིན་པ་བཞིན། སློབ་གྲོགས་ཐུན་མོང་སྡོད་ཡུལ་གྱི་ས་མིང་དང་། ཀུན་ལ་འདྲིས་ཆ་ཆེ་བའི་སློབ་གྲོགས་དང་དགེ་རྒན། ཕ་མ་དང་བཟའ་བཏུང་། སློབ་སྦྱོང་གི་མཁོ་ཆས་སོགས་ཀྱི་སྒོ་ནས་ངོ་སྤྲོད་པ། དེ་སྔའི་གྲྭ་སའི་དགེ་བཤེས་དག་གིས་མཛད་པའི་སུམ་རྟགས་ཀྱི་འགྲེལ་པ་རྣམས་སུ། ཀ་བ་དང་བུམ་པ། དུང་དཀར་དང་ལྷ་ཁང་ལྟ་བུའི་མིང་རྣམས་དཔེར་བརྗོད་དུ་བཀོད་པའང་རྒྱུ་མཚན་དེ་འདྲའི་དབང་གི་ཡིན་པས། སློབ་གྲོགས་རྣམས་ཀྱི་བློ་ཁ་དང་བསྟུན་ཐུབ་ཀྱི་སྒོ་ནས་མིང་གཅིག་གི་སྟེང་ནས་རྣམ་དབྱེ་ཐ་དད་པ་ངོ་སྤྲོད་པ་འདི་ལྟ་སྟེ།
དེ་ལྟར་མིང་གཅིག་གི་སྟེང་ནས་རྣམ་དབྱེ་ཐ་དད་པའི་དོན་ལ་ངེས་པ་ཅུང་ཟད་རྙེད་པའི་རྨང་གཞིའི་སྟེང་དུ། རྣམ་དབྱེ་ཞེས་པ་ནི་མིང་གཅིག་ལ་རྣམ་དབྱེ་ཐ་དད་པའི་དོན་འབྱུང་ལ། མིང་ཐ་དད་པ་ལ་སྦྱོར་བྱེད་ཀྱི་ཚིག་ཕྲད་འདྲ་ན་ཡང་དོན་མཚུངས་པ་ལ་རིམ་གྱིས་བཀྲིའོ། །
ག ཚིག་སྦྱོར་གཅིག་ལ་རྣམ་དབྱེ་དུ་མ་སྦྱར་ཆོག་པ་ངོ་སྤྲོད་པ། ནམ་རྒྱུན་ངེད་ཅག་གིས་དཔེར་བརྗོད་ཚན་པ་གཅིག་གི་སྟེང་ནས་རྣམ་དབྱེ་དང་བཅས་པའི་ཚིག་ཕྲད་སོ་སོའི་སྦྱོར་ཚུལ་ངོ་སྤྲོད་བྱེད་པ་ནི། རྣམ་དབྱེ་སོགས་ཚིག་ཕྲད་སོ་སོའི་སྦྱོར་ཚུལ་དང་དོན་གྱི་ཁྱད་པར་ལ་ངེས་པ་སྐྱེད་པའི་ཕྱིར་ཡིན་གྱི། ནམ་རྒྱུན་གྱི་སྐད་ཆའི་སྦྱོར་བ་རུ་དེ་འདྲ་ཤིན་ཏུ་ཉུང་བ་ནི། ཚིག་གི་སྦྱོར་བ་གཅིག་གི་ནང་དུ་རྣམ་དབྱེ་དང་རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་དུ་མ་འབྱུང་བ་ལ་ཐུག་པ་སྟེ། དཔེར་ན། སློབ་ཁང་དུ་ཡོད་པའི་སློབ་གྲོགས་དག་གིས་གསར་དུ་ཉོས་པའི་སྨྱུ་གུས་འབྲི་དེབ་ཏུ་ཡི་གེ་བྲིས་པ་མཛེས་སོ། །ཞེས་པ་ལྟ་བུ་དང་། སློབ་གྲོགས་ཀྱིས་རུམ་ལས་བཏོན་པའི་སྨྱུ་གུ་མདུན་ཅོག་གི་སྟེང་ལ་བཞག་འདུག་པ་ནི་རྩེད་འཇོ་ལ་རོལ་བའི་སླད་དུ་ཡིན། ཞེས་པ་ལྟ་བུས་མཚོན་ཏེ། རྣམ་དབྱེའི་ཚིག་ཕྲད་མི་འདྲ་བ་ནུས་པ་ཐ་དད་པ་དང་། དེ་འདྲ་སྟོན་བྱེད་ལ་སྤྱིར་བཏང་དུ་མིང་གི་དབྱེ་བ་མི་འདྲ་བ་རེ་ཡོད་པའོ། །
ང་། གང་ལ་སྦྱར་ཡུལ་གྱི་མིང་འདྲ་བའི་སྒོ་ནས་ཁྱད་པར་སྟོན་པ། རང་རེ་རྣམས་ཀྱིས་སུམ་རྟགས་གཉིས་ཀྱི་ཚིག་དོན་ལ་འགྲེལ་པ་བྱེད་པ་བརྡ་སྤྲོད་སློབ་ཁྲིད་ཀྱི་ནང་དོན་གཙོ་བོ་རུ་བཟུང་བའི་དབང་གིས། སྐད་ཆའི་སྦྱོར་བ་དངོས་ན་ཡོད་པའི་མིང་གི་སྦྱོར་བ་ཐ་དད་པའི་ངོ་བོ་དང་བྱེད་ལས་དང་དབྱེ་བ་སོགས་ལ་དོ་ཁུར་མ་གནང་བ་ཙམ་ལས། ཕྱི་རོལ་གྱི་ཤེས་བྱའི་ཁྱད་གཞི་དང་ཁྱད་ཆོས། རྣམ་གྲངས་དང་བྱ་བ། དེ་དག་གི་ཚད་འཇལ་བ་དང་ཁྱད་པར་སྟོན་པའི་མིང་ནི་ཡོད་དགོས་ལ་ཡོད་ཀྱང་ཡོད་པ་ལྟར། བོད་སྐད་ལའང་འཛམ་གླིང་སྤྱི་ལུགས་དང་མཐུན་པར། ཁྱད་གཞི་བརྗོད་པའི་མིང་དང་། ཁྱད་ཆོས་བརྗོད་པའི་མིང་། བྱ་བ་བརྗོད་པའི་མིང་། གྲངས་ཀ་བརྗོད་པའི་མིང་། འཇལ་བྱེད་ཀྱི་མིང་། ཤུགས་འདོན་པའི་མིང་། ངེས་བཟུང་གི་མིང་སོགས་ཀྱི་དབྱེ་བ་ཡོད་པ། དཔེར་ན། ཁོ་བོ་ཅག་གིས་ཁང་པ་མཐོན་པོ་གཅིག་དུས་ཚོད་ཐུང་ངུའི་ནང་ལ་མྱུར་དུ་འགྲུབ་པ་མཐོང་སོང་། ཞེས་པ་ལྟ་བུས་མཚོན་པ་ལས། ལས་སུ་བྱ་བའི་སྐབས་ཀྱི་བྱ་ཡུལ་དང་། བྱེད་སྒྲའི་སྐབས་སུ་བྱེད་པ་པོ་དང་བྱེད་པ། འབྱུང་ཁུངས་ཀྱི་སྐབས་སུ་འབྱུང་གཞི། རྟེན་གནས་ཀྱི་སྐབས་སུ་རྟེན་གཞི་བཅས་ལ་ཁྱད་གཞི་བརྗོད་པའི་མིང་དང་ངེས་བཟུང་གི་མིང་མ་གཏོགས་པར་མིང་གི་བྱེ་བྲག་གཞན་རྣམས་མི་འཇུག་ཅིང་། དགོས་ཆེད་ལས་བྱ་བ་ལ་ཕན་འདོགས་པ་ལ་བྱ་བ་བརྗོད་པའི་མིང་དང་། འབྲེལ་སྒྲའི་སྐབས་སུ་བྱ་བ་དང་ཁྱད་ཆོས་བརྗོད་པའི་མིང་ལ་རྣམ་དབྱེའི་ཚིག་ཕྲད་སྦྱོར་ཡང་། འབྲེལ་སྒྲ་དང་དགོས་ཆེད་ཀྱི་འཇུག་ཡུལ་གཙོ་བོ་ནི། ཁྱད་གཞི་བརྗོད་པའི་མིང་དང་ངེས་བཟུང་གི་མིང་གིས་བྱེད་པ་དང་། ལས་སུ་བྱ་བ་དང་། དགོས་ཆེད། འབྱུང་ཁུངས། བྱེད་སྒྲ་བཅས་ཀྱི་མཐའ་ལ་བྱ་བ་བརྗོད་པའི་མིང་སྦྱོར་བ་དང་། འབྲེལ་སྒྲའི་རྗེས་སུ་ཁྱད་གཞི་བརྗོད་པའི་མིང་དང་། རྟེན་གནས་ལ་གནས་པ་གསལ་བྱེད་ཀྱི་མིང་དང་། ཁྱད་ཆོས་བརྗོད་པའི་མིང་སྦྱོར་བས། མིང་གི་དབྱེ་བ་ཤེས་པ་ནི་རྣམ་དབྱེའི་ཚིག་ཕྲད་ཀྱི་སྦྱོར་ཚུལ་ལ་ངེས་པ་བསྐྱེད་པའི་ཐབས་གལ་ཆེན་ཞིག་ཏུ་ཤེས་སོ། །
ཅ། ན་ལ་དང་ནས་ལས་གཉིས་ཀྱི་སྦྱོར་ཚུལ་ལ་ཁྱད་པར་ཡོད་པ། འབྱུང་ཁུངས་ཀྱི་ནས་ལས་གཉིས་ཀ་རྗེས་འཇུག་གི་ཁྱད་པར་ལ་བལྟ་མི་དགོས་པ་ནི། ཚིག་ཕྲད་དེ་གཉིས་ནི་ན་ལ་གཉིས་ལས་བྱུང་བའི་དོན་དང་འབྲེལ་བ་ཤིན་ཏུ་དམ་པས། ན་ལ་གཉིས་ཀ་ལ་དོན་གྱི་ཕྲད་དག་གི་ཐུན་མོང་གི་འཇུག་ཡུལ་དག་ལ་འཇུག་ཚེ། ན་སྒྲས་ལས་སུ་བྱ་བའི་སྐབས་སུ་བྱ་བ་ཞིག་གི་རྒྱུན་སྐྱོང་གིན་ཡོད་པ་དང་། ལ་སྒྲས་བྱ་ཡུལ་ཉེ་རིང་གང་རུང་གི་ཕྱོགས་ལ་བྱ་བ་ཞིག་བྱ་འགྱུར་རམ་བྱེད་བཞིན་པའམ་བྱས་ཟིན་པ་ཙམ་སྟོན་པས་ཁྱད་པར་གསལ་བ་བཞིན་དུ། ན་སྒྲ་དགོས་ཆེད་ལ་སྦྱར་ན་བརྟག་པ་མཐའ་བཟུང་གི་དོན་དང་ལྡན་པ་ཡང་ལ་སྒྲ་དེ་ལྟའི་ཁྱད་པར་མེད་པ་དང་། གནས་གཞིའི་སྐབས་སུ་ན་སྒྲ་སྐྱེས་བུ་ངེས་བཟུང་གི་མིང་དག་ལ་མི་སྦྱོར་བ་དང་། ལ་སྒྲ་ཁྱད་གཞི་བརྗོད་པའི་མིང་དང་ངེས་བཟུང་གི་མིང་ལ་ཁྱད་མེད་དུ་སྦྱོར་བ་བཞིན་དུ། ནས་སྒྲ་ནི་ས་མིང་བྱེ་བྲག་པ། ཀྲུང་གོ་དང་། ཇོ་མོ་གླང་མ། རྨ་ཆུ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་ལྟ་བུ་དང་། མིང་དོན་སྤྱིར་བཏང་བ་རི་བོ་དང་། རྒྱ་མཚོ། ཁང་པ། ལག་པ། སྨྱུ་གུ་ལྟ་བུའི་མཐར་ཕྱོགས་མཚམས་སྟོན་པའི་མིང་སྦྱར་བ་ལ་འཇུག་གི། གལ་ཏེ་གོང་གི་མིང་དེ་རིགས་ཀྱི་མཐར་ཕྱོགས་མཚམས་སྟོན་པའི་མིང་མེད་ན་ལས་སྒྲ་སྦྱོར་བས། རྗེས་འཇུག་གི་ཁྱད་པར་ལ་བལྟ་མི་དགོས་ན། འཇུག་བྱ་དོན་གྱི་ཆ་ན་ཁྱད་པར་ཞིག་ཅིས་ཀྱང་ཡོད་པའི་གནད་བཤད་དེ། དེ་དག་གི་ཁྱད་པར་བཤད་པར་བྱའོ། །
གཉིས་པ། ཚིག་ཕྲད་ཕལ་བའི་འཁྲིད་ཐབས་བཤད་པ།
བོད་སྐད་དུ་འབྱུང་བའི་ཚིག་ཕྲད་ལ་རྣམ་དབྱེ་ལས་གཞན་ཡང་ཚིག་ཕྲད་ཀྱི་བྱེ་བྲག་མི་འདྲ་བ་མང་པོ་ཡོད་པ་ནི། སྒྲ་རང་ངོས་སུ་དོན་མེད་པ་འདྲ་ཡང་། དེ་དག་གིས་ཚིག་གི་སྦྱོར་བ་ལ་འཐོན་པའི་ནུས་པ་ནི་རྣམ་དབྱེའི་ཚིག་ཕྲད་ལས་གཞན་ཞིག་ཡིན་པའི་གནད་དང་དམ་པོར་འབྲེལ་བ་ཡིན་ན། དེ་དག་གི་འཁྲིད་ཐབས་ལའང་རྣམ་དབྱེའི་ཚིག་ཕྲད་དང་མཐུན་པ་དང་མི་མཐུན་པ་ཅི་རིགས་ཡོད་པའོ། །
གཅིག ཚིག་ཕྲད་ཕལ་བའི་སྒྲའི་ཐོབ་ཐང་འཁྲིད་ཐབས།
རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་ཕལ་བ་ལས། གོ་ངོ་དོ་ནོ་བོ་མོ་རོ་ལོ་སོ་བཅུ་དང་། གམ་ངམ་དམ་ནམ་བམ་མམ་འམ་རམ་སམ་བཅུ་པོ་ནི། རྗེས་འཇུག་རང་དང་འདྲ་བའི་རྗེས་སུ་སྦྱོར་བ་ཡིན་ཕྱིར། དེ་དག་ནི་རྗེས་འཇུག་གི་ཁྱད་པར་ལ་བརྟགས་ཏེ་སྦྱར་དགོས་པས་ཅུང་ཟད་སླ་ཡང་། ཏོ་དང་ཏམ་གཉིས་ད་དྲག་ཅན་གྱི་མཐར་སྦྱོར་ཡང་། ད་ལྟའི་སྐད་ལ་ཡང་འཇུག་ད་ཡིག་ཉམས་པའི་དབང་གིས། བྱ་བ་འདས་པ་ཡིན་ཚེ་རྗེས་འཇུག་ན་ར་ལའི་མཐའ་ཅན་ལ་དེར་བསྟུན་ལྟར་སྦྱོར་བ་མ་གཏོགས་པར། མིང་གཞན་རྣམས་ལ་ངེས་པ་མེད་པ་ངོ་སྤྲོད་པ་དང་། ནི་སྒྲ་དང་། དང་སྒྲ་ནི་གཙོ་བོ་གང་ཞིག་མཚོན་བྱའི་དོན་ལ་བརྟག་པ་ལས། སྦྱོར་ཚུལ་སྒྲ་ཡི་ངོས་ན་ཁྱད་རྟགས་འདི་ཞེས་པ་ཞིག་བཤད་དུ་མེད་ཀྱང་། ལྷག་བཅས་དང་རྒྱན་སྡུད་གཉིས་ནི་རྗེས་འཇུག་གི་ཁྱད་པར་མི་འདྲ་བ་ལ་ཚིག་ཕྲད་མི་འདྲ་བ་སྦྱར་ཡང་དོན་གྱི་འཇུག་པ་མཚུངས་པའི་ཚིག་ཕྲད་དག་ཡིན་པའི་ཁར། ཚིག་ཕྲད་དེ་དག་གི་སྦྱར་ཡུལ་མི་མཚུངས་པས་ཐོག་མ་ཉིད་ནས་རྗེས་འཇུག་གི་ཐོབ་ཐང་ལྟར་གོམས་པར་བྱེད་པ་གལ་ཆེ་བ་དང་། ཅིང་སོགས་བཅུ་བཞི་པོ་ནི་སྒྲའི་གྲུབ་ལུགས་འདྲ་བའི་ཚིག་ཕྲད་སྡེ་ཚན་རེ་ལ་འཇུག་དོན་མཚུངས་པ་རེ་ཡོད་པས། ཅིང་ཞིང་ཤིང་གསུམ་ལ་མཉམ་སྦྱོར་དང་། ཅིག་ཞིག་ཤིག་གསུམ་ལ་སྐུལ་སྨོན་དང་། ཅེས་ཞེས་གཉིས་ལ་འདྲེན་སྒྲ་དང་། ཅེ་ན་ཞེ་ན་ཤེ་ན་གསུམ་ལ་དོགས་སློང་དང་། ཅེའོ་ཞེའོ་ཤེའོ་གསུམ་ལ་འདྲེན་སྡུད་དུ་བཏགས་པ་ལྟར་སྡེ་ཚན་ལྔ་རུ་བཀར་བའི་འཕྲོས་སུ། ལེགས་བཤད་ལྗོན་པའི་དབང་པོ་ལྟ་བུ་རུ་བསྟན་པའི་ཐོབ་ཐང་རྩ་ཚིག་གཟུང་བདེ་ཞིང་རྒྱུགས་ཆེ་བ་ཞིག་གི་སྟེང་ནས་དེ་དག་གི་སྒྲའི་སྦྱོར་ཚུལ་གོམས་པར་བྱེད་པ་ལ་འབད་དོ། །
གཉིས། ཚིག་ཕྲད་ཕལ་བའི་དོན་གྱི་སྦྱོར་ཚུལ་འཁྲིད་ཐབས།
ཚིག་ཕྲད་ཕལ་བ་རུ་བསྡུས་པའི་སྒྲ་དག་ལ། ཚིག་ཕྲད་དངོས་ཡིན་པ་དང་མ་ཡིན་པ། མིང་དག་གི་མཐའ་མར་སྦྱོར་བ་དང་མི་སྦྱོར་བ། སྒྲ་རང་ངོས་སུ་བརྗོད་དོན་ཡོད་པ་དང་མེད་པ། ཚིག་ཕྲད་གཞན་གྱི་སྦྱར་གཞི་བྱེད་པ་དང་མི་བྱེད་པ་ཅི་རིགས་ཡོད་པས། དེ་དག་གི་དོན་གྱི་སྦྱོར་ཚུལ་ཡང་རིགས་པ་གཅིག་ཏུ་བཟླུམ་ཐབས་མེད་དོ། །
ཀ གོ་སོགས་ཀྱི་འཁྲིད་ཐབས།
གོ་སོགས་བཅུ་གཅིག་པོ་མིང་ངམ་མིང་གི་ཚོགས་པའམ་ཚིག་གང་ཡང་རུང་བའི་ཆེས་མཇུག་མཐར་སྦྱར་ན། སྐབས་སུ་བབ་པའི་དོན་དེ་རྫོགས་པར་སྟོན་བྱེད་ཀྱི་སྒྲ་རུ་འགྱུར་བ་ནི། ཡིན་དང་རེད་ཅེས་པ་དང་མཚུངས་པར་གང་ཞིག་བརྗོད་པའི་དོན་དེ་གསལ་བྱེད་ཀྱི་སྒྲ་བྱེད་ཀྱང་། རྗོད་མཁན་རང་དང་གཞན་གྱི་ཁྱད་པར་མི་གསལ་བས། གནས་ལུགས་སྤྱི་ཁྱབ་པའམ་མཚན་ཉིད་སོགས་ལ་སྦྱོར་བ་ཤོས་ཆེ་བ་དང་། གལ་ཏེ་ཚིག་སྦྱོར་སྔ་ཕྱིའི་བར་ན་གསལ་བྱ་དང་གསལ་བྱེད་ཀྱི་འབྲེལ་བ་ཡོད་པ། དེ་ནི་རི་བོ་དང་མཚུངས་སོ། །རི་བོ་བཞིན་དུ་བརྟན་ཞིང་བརླིང་བ་རེད། ལྟ་བུ་ཡིན་ན་ཟླ་སྡུད་དང་། བརྗོད་དོན་ཕྱི་མ་ནི་སྔ་མ་དང་འབྲེལ་མེད་ཀྱི་དོན་གཞན་ཞིག་ཡིན་ན། གོ་སོགས་ཀྱི་སྒྲ་དེ་ལའང་སླར་བསྡུ་ཞེས་བྱ་བས། སླར་བསྡུ་དང་། ཟླ་སྡུད་དང་། རྫོགས་ཚིག་བཅས་ནི་མཚོན་བྱ་དོན་གྱི་སྒོ་ནས་བྱས་པ་བཤད་པ་གནད་དུ་ཆེའོ། །
ཁ། གམ་སོགས་ཀྱི་འཁྲིད་ཐབས།
གམ་སོགས་འབྱེད་པ་དང་སྡུད་པ་ལ་འཇུག་པ་ནི། ཚིག་གི་སྦྱོར་ལུགས་ཀྱི་ཆ་ནས་བྱས་ཀྱི། ཚིག་ཕྲད་སྦྱོར་ལུགས་ཀྱི་ཆ་ནས་མ་ཡིན་པ། གནས་བརྒྱད་ཆེན་མོའམ། སྨྲ་སྒོ་མཚོན་ཆའམ། ཡི་གེའི་བཀླག་ཐབས་བྱིས་པ་བདེ་འཇུག་གམ། ཚོགས་གསུམ་གསལ་བ་བཅས་ནི་སུམ་རྟགས་གཉིས་མ་གཏོགས་པའི་བོད་སྐད་ཀྱི་སྦྱོར་བ་ལ་མཁོ་བའི་བརྡ་སྤྲོད་པའི་བསྟན་བཅོས་གལ་ཆེན་དག་རེད། ཅེས་པ། སུམ་རྟགས་གཉིས་མ་གཏོགས་པའི་བོད་སྐད་ཀྱི་སྦྱོར་བ་ལ་མཁོ་བའི་བརྡ་སྤྲོད་པའི་བསྟན་བཅོས་གལ་ཆེན་དག་ནི། གནས་བརྒྱད་ཆེན་མོའམ། སྨྲ་སྒོ་མཚོན་ཆའམ། ཡི་གེའི་བཀླག་ཐབས་བྱིས་པ་བདེ་འཇུག་གམ། ཚོགས་གསུམ་གསལ་བ་བཅས་རེད། ཅེས་སྦྱར་བ་འདྲ་བས་མཚོན་ཏེ། གམ་སོགས་ཀྱིས་བསྟན་བྱ་དོ་མཉམ་པའི་བརྗོད་དོན་གཉིས་ཡན་སོ་སོར་དབྱེ་བ་གལ་ཆེ་ལ། དེ་བཞིན་དུ། སྤྱིར་བཏང་དུ་ཚིག་མཐའ་ན་གམ་སོགས་ཀྱི་གང་རུང་ཡོད་ན་མ་ཤེས་པའི་དོན་དྲི་བ་དང་། མིང་དོན་འགལ་བའམ་སྒྲུབ་པ་དང་དགག་པའི་དོན་ཅན་གྱི་བར་དུ་སྦྱར་བ་ནི་ཐེ་ཚོམ་དང་། དགག་པའི་དོན་ཅན་གྱི་མཐའ་ལ་སྦྱར་བ་ནི་ཤེས་ཟིན་ནན་གྱིས་དྲི་བ་དང་། གདམ་བྱའི་ཆོས་གཉིས་ལ་སྦྱར་བ་ནི་བདམ་པར་དྲི་བ་དང་། ཅེ་ན་སོགས་ཀྱི་གང་རུང་དང་འགྲོགས་པ་ནི་དྲིས་ལན་རང་གིས་ལྡོན་པའི་དྲི་བ་ཡིན་པས། དེ་དག་གི་དོན་གྱི་ཁྱད་པར་ནི་ཚིག་ཕྲད་ཀྱི་སྦྱོར་ལུགས་མ་ཟད་པར། གཙོ་བོ་མིང་དོན་གྱི་ཆ་ན་ཡོད་པ་ནན་ཏན་དུ་ངོ་སྤྲོད་བྱ་དགོས་སོ། །
ག ལྷག་བཅས་ཀྱི་འཁྲིད་ཐབས།
ལྷག་བཅས་ཀྱི་དོན་ལ་འཇུག་པའི་ཚིག་ཕྲད་ལས་ནས་སྒྲའི་སྦྱོར་ལུགས་ཐོག་མར་བསྟན་པའི་རྨང་གཞིའི་སྟེང་དུ། རྗེས་འཇུག་གི་ཐོབ་ཐང་ལྟར་སྟེ་ཏེ་དེ་གསུམ་གྱི་སྦྱོར་ཚུལ་ལ་བཀྲི་ཞིང་། ལྷག་པར་མཚམས་སྦྱོར་བའི་ལྷག་བཅས་ཞེས་པ་ནི་བྱ་བ་སྔ་ཕྱི་མཚམས་སྦྱོར་བ་དང་། དེ་ཡང་བྱ་བ་སྔ་མ་འདས་པ་ལ་ལྷག་བཅས་ཀྱི་ཚིག་ཕྲད་སྦྱར་བ་ཡིན་པས། དེ་ལྟའི་གནད་འགག་ངོ་སྤྲོད་གསལ་པོ་ཞུ་ཞིང་། ཅིང་ཞིང་ཤིང་གསུམ་ཡང་བྱ་བ་སྔ་ཕྱི་མཚམས་སྦྱོར་བ་ལ་འཇུག་པ་ཡོད་ཀྱང་། དེ་དག་གི་བྱ་བ་མ་འོངས་པ་དང་། ད་ལྟ་བ་ལའང་སྦྱར་ཆོག་པས་གུ་ཡངས་པར་མ་ཟད། ཅིང་ཞིང་ཤིང་གསུམ་གྱིས་ཁྱད་ཆོས་བརྗོད་པའི་མིང་སྔ་ཕྱིའང་མཉམ་དུ་སྦྱོར་རོ། །དམ་བཅའ་བའི་ལྷག་བཅས་ལ། དྲན་པ་ཡེ་ཤེས་གྲགས་པས།“གང་ཞིག་གིས་ནི་སྔ་མ་ལ། །གསལ་བར་བྱེད་པ་དམ་བཅའ་བ། །”ཞེས་གསུངས་པ་ལྟར། ངེས་ཚིག་འདྲེན་པ་དང་། རྒྱུ་མཚན་འདྲེན་པ་གཉིས་ཀྱི་ཁྱད་པར་ནི། ཚིག་དོན་ཕྱི་མའི་ཆ་ན་རྒྱུ་མཚན་གསལ་བྱེད་ཀྱི་སྒྲ་ཡོད་མེད་ལ་བལྟོས་པ་སྟེ། མེ་སྟེ་ཚ་ཞིང་སྲེག་པའོ། །ལྟ་བུ་ནི་ངེས་ཚིག་འདྲེན་པ་དང་། མེ་སྟེ་ཚ་ཞིང་སྲེག་པའི་ཕྱིར། ཞེས་པ་ནི་རྒྱུ་མཚན་འདྲེན་པ་ཡིན་ཞིང་། དབྱེ་བའམ་རྣམ་གྲངས་འདྲེན་པ་ལ་བགྲང་བྱའི་རྣམ་གྲངས་ངེས་མ་ངེས་པ་གཉིས་ཡན་དྲང་རྒྱུ་ཡོད་དགོས་པ་དང་། རྒྱས་བཤད་འདྲེན་པ་ཞེས་པ་ནི་སྤྱིར་བཏང་དུ་ཚིག་དོན་སྔ་མའི་ཡིག་འབྲུ་དག་ཕྱི་མ་རུ་འཐོན་ཞིང་། གཙོ་བོ་ཚིག་དོན་ཕྱི་མ་ནི་སྔ་མའི་འགྲེལ་པ་རུ་འགྲོ་བ་གལ་ཆེའོ། །
ང་། རྒྱན་སྡུད་ཀྱི་འཁྲིད་ཐབས།
འདིར་མཐུན་པ་དང་མི་མཐུན་པ་ཞེས་པ་ནི་བསྡུ་བྱའི་ཆོས་སྔ་ཕྱི་མཐུན་མི་མཐུན་པའི་ཆ་ནས་བཞག་ཅིང་། མཐུན་པའི་ཚིག་རྒྱན་ལ། མཛེས་ཀྱང་མཛེས། འགྲིག་ཀྱང་འགྲིག བསྒྲུབས་ཀྱང་བསྒྲུབས། ལྟ་བུ་སྒྲ་མཐུན་པའི་མིང་དག་གི་བར་དུ་ཀྱང་ཡང་འང་གསུམ་གྱི་གང་རུང་སྦྱར་བས། སྔ་མའི་དེ་བས་ཀྱང་ཞེས་པའི་ཉམས་ཤིག་འབྱིན་པས་མཐུན་པའི་ཚིག་རྒྱན་དུ་འགྲོ་བ་སྨོས་མ་དགོས་ཀྱང་། རྟ་མཆོག་འགྲོས་མྱུར་ལ་གཟུགས་ཀྱང་མཐོ། འཚོ་བཅུད་ཆེ་ཞིང་ཞིམ་ཡང་ཞིམ། ཞེས་པ་ལྟ་བུ་ཁྱད་གཞི་གཅིག་ལ་མཐུན་པའི་ཁྱད་ཆོས་གཉིས་སྦྱར་བའང་དེ་མཐུན་དུ་ཤེས་ཤིང་། མི་མཐུན་པའི་ཚིག་རྒྱན་ཞེས་པ་ནི། བཤད་སླ་ཡང་བསྒྲུབ་དཀའ། གཟུགས་རིང་ཡང་སྙིང་པོས་དབེན། ཁ་འཇམ་ཡང་ཁོག་པ་རྩུབ། ལྟ་བུ་ཁྱད་ཆོས་འགལ་བའི་བར་དུ་སྦྱོར་བས་ཅུང་སླ་ཞིང་། སྔ་མར་སྦྱར་བའ་ཆོས་ཕྱི་མར་སྡུད་པ་དང་། ཕྱི་མར་སྦྱར་བའི་ཆོས་སྔ་མར་སྡུད་པ་ནི། མེ་འཁོར་དང་རླངས་འཁོར་དང་འཕྲུལ་རྟ་བཅས་ཀྱང་མགྱོགས། མེ་འཁོར་མགྱོགས་ཤིང་རླངས་འཁོར་དང་འཕྲུལ་རྟ་ཡང་ངོ་། །ལྟ་བུ་གང་ཞིག་བསྡུ་བྱའི་ཆོས་དེ་ཚིག་སྦྱོར་སྔ་ཕྱིའི་ཆ་གང་ལ་སྦྱར་བ་ལ་བལྟ་བ་སོགས་ཚིག་ཕྲད་སྦྱོར་ཚུལ་འདྲ་བའི་ནང་གསེས་ཀྱི་ཁྱད་པར་ནི། གཙོ་བོ་དོན་གྱི་སྦྱོར་ལུགས་ཀྱི་ཆ་ན་ཡོད་པ་བཤད་པར་བྱའོ། །
ཅ། འཇུག་དོན་མཚུངས་པའི་ཚིག་ཕྲད་ཀྱི་འཁྲིད་ཐབས།
དེ་ལ་འབྱེད་སྡུད་དང་། སྡུད་པ། ཚེ་སྐབས། དྲི་བ། རྒྱུ་མཚན། སྐུལ་ཚིག་གམ་གདམས་ངག མཚམས་སྦྱོར། དགར་བ། བྱ་ཡུལ་སྟོན་པ་སོགས་མང་པོ་ཡོད་པ། སྦྱར་གཞི་གཅིག་གི་སྒོ་ནས་འཇུག་དོན་ཐ་དད་པའི་ཁྱད་པར་འབྱེད་པ་ཤིན་ཏུ་ལེགས་པར་སྙམ་སྟེ། དཔེར་ན། དང་སྒྲ་དང་གམ་སོགས་འབྱེད་པ་ལ་འཇུག་པ། ལུས་དང་ངག་དང་ཡིད་ནི་སྒོ་གསུམ་མོ། །ཞེས་པ་ནི། ལུས་སམ་ངག་གམ་ཡིད་ནི་སྒོ་གསུམ་མོ། །ཞེས་པ་སྦྱར་བ་འདྲ་ཡང་། དང་སྒྲའི་སྐབས་སུ། ལུས་དང་ངག་ཡིད་ནི་སྒོ་གསུམ་མོ། །ཞེས་སྦྱར་ཡང་རུང་མོད། གམ་སོགས་ལ་དེ་ལྟའི་སྦྱོར་ལུགས་མེད་པ་བཞིན། སྡུད་པ་ལའང་དེ་དང་མཚུངས་ཀྱང་། ནས་སྒྲས་ཡུལ་དང་། གྲངས་ཀ་དང་། གནས་ཀྱི་བར་མཚམས་སྡུད་པ་དང་། ལས་སྒྲ་གནའ་བོའི་སྐད་ལ། སོགས་དང་། སྩོགས་སྒྲ་དང་ལྷན་དུ་རྣམ་གྲངས་གཞན་སྡུད་པ་འཇུག་པ་དང་། ཀྱང་ཡང་འང་གསུམ་སྡུད་པ་ལ་འཇུག་པ་ནི། མེ་ཏོག་ཡིན་ལ་མདོག་ཀྱང་ལེགས། ལྟ་བུ་ཁྱད་གཞི་དང་ཁྱད་ཆོས་གཞི་མཐུན་པར་སྡུད་པ་དང་། ཁོང་གིས་ཀྱང་གསུངས། ལྟ་བུ་མི་ཟད་པའི་སྡུད་པ་དང་། གློག་འོད་གསལ་ཏེ། སྐར་མ་དང་སྒྲོན་མེའི་འོད་ཀྱང་ངོ་། །ལྟ་བུ་ནི་སྔ་མའི་ཆོས་ཕྱི་མར་སྦྱོར་བ་སྡུད་པ་ཡིན་པས་དེ་དག་ལ་ཁྱད་པར་ཆེ་ཞིང་། དམའ་འབྲིང་བོད་ཡིག་སློབ་དེབ་ཏུ་གམ་སོགས་ཀྱི་སྐབས་སུ་དཔེར་བརྗོད་དེ་འདྲ་བཞག་པ་ནི། གམ་སོགས་མེད་ཀྱང་རུང་མོད་གཙོ་བོ་ཀྱང་སོགས་ཀྱི་ནུས་པ་ཡིན་པ་ཤེས་དགོས་ཤིང་། དང་སྒྲས་ཚེ་སྐབས་རྒྱུ་མཚན་ཅན་སྟོན་པ་དང་། ལ་དོན་ཚེ་སྐབས་ལ་འཇུག་པ་ནི་དུས་སྟོན་པའི་མིང་ལ་སྦྱར་བ་ཙམ་ཡིན་པས་མི་འདྲ་བ་བཞིན་དུ། དང་སྒྲ་དང་། གིས་སོགས། ན་སྒྲ། ཐ་ན་ཕྱིར། རྐྱེན། གཤིས། སྟབས་སོགས་ཀྱིས་རྒྱུ་མཚན་སྟོན་ཚེ། ཚིག་མཐར་འབྱུང་རྒྱུའི་བྱ་བ་དང་ཁྱད་ཆོས་བརྗོད་པའི་མིང་། གསལ་བྱེད་ཀྱི་མིང་དག་གི་རྗེས་སུ་སྦྱོར་ཞིང་། ལས་སྒྲ་ཁོ་ན་ཁྱད་གཞི་བརྗོད་པའི་མིང་གི་རྗེས་སུ་སྦྱར་བ་ཡོད་པ། ཆུ་ལས་ཆུ་མིག་ཅིག་ཡོད་པ་དཔག ཅེས་པ་ལྟ་བུས་མཚོན་ཞིང་། ནས་ལས་གཉིས་ཀ་དགར་གཞི་གཅིག་ལས་དབྱེ་བྱའི་ཆོས་ཤིག་ལོགས་སུ་དགར་བ་ལ་འཇུག་པའི་ཚེ་ནི་སྒྲ་ལ་མ་བརྟེན་ཡང་རུང་མོད། ནི་སྒྲས་དེ་ལྟའི་དགར་བ་སྟོན་ན་ནས་ལས་གཉིས་ཀའི་གང་རུང་ལ་བརྟེན་དགོས་ཀྱང་། ནི་སྒྲ་རྐྱང་པས་དགར་བའང་ཡོད་པ་ནི། ཁྱད་ཆོས་ཙམ་གྱི་སྒོ་ནས་ཆོས་ཤིག་ལོགས་སུ་འབྱེད་པ། བརྩོན་པའི་ཕུལ་དུ་ཕྱིན་པ་ནི་མི་ལ་ཐོས་པ་དགའོ། །ལྟ་བུས་མཚོན་པ་དང་། གཞན་ཡང་། ལ་དོན་གྱིས་བྱ་ཡུལ་ཕྱོགས་གཅིག་པ་ལ་བྱ་བ་ཞིག་ཕར་བྱས་པ་སྟོན་པ་དང་། དང་སྒྲ་ནི་དེ་ལྟ་ཙམ་མ་ཡིན་པར་ཡུལ་ཁ་གཏད་པ་ལ་འཇུག་པ། དགེ་རྒན་དང་འཕྲད། ཕ་མ་དང་ཁ་བརྡ་བྱས། ལྟ་བུས་མཚོན་ཏེ། ཚིག་ཕྲད་ཐ་དད་པས་འཇུག་དོན་མཚུངས་པ་སྟོན་པ་ནི། བརྗོད་དོན་གྱི་ཁྱད་པར་དང་། ཚིག་དོན་གྱི་གཏན་ཚིགས་གསལ་བའི་སླད་ཡིན་པ་དཔེར་བརྗོད་ཀྱི་སྒོ་ནས་གསལ་བར་བྱེད་པའོ། །
མཇུག་བསྡུ་བ།
སྤྱིར་བཏང་རང་རེའི་ཕལ་སྐད་ལ་བྱང་བ་ཞིག་ཡིན་ན་ཡི་གེའི་སྦྱོར་བ་ལའང་དཀའ་ཁག་མེད་དེ། རིག་གནས་ཀྱི་རྒྱུན་གཅིག་ལས་གྱེས་པའི་ངག་ཐོག་གི་སྐད་དང་ཡིག་ཐོག་གི་སྐད་དུ་གྲུབ་སྟེ། རྣ་བའི་མཉན་བྱ་དང་མིག་གི་གཟུང་བྱའི་ཁྱད་ཙམ་ལས་ཆེས་རིང་དུ་གྱེས་པ་ཞིག་མ་ཡིན། དེ་བས་ཡི་གེའི་སྦྱོར་བ་སྤེལ་སྐབས་ཀྱང་ཡི་གེའི་མ་མ་ལྟ་བུའི་ཕལ་སྐད་ཀྱི་གོམས་སྲོལ་དང་བསྟུན་རྒྱུ་ནི་ཆོས་ཉིད་དུ་གྲུབ་འདུག རང་རེའི་རིག་གནས་ཀྱིས་བསྐྱེད་པའི་སྐད་དང་ཡི་གེ་འདི་ཉིད་སྐད་རིགས་གཞན་པ་ལས་ཆེས་ཐུན་མོང་མ་ཡིན་པར་གྲུབ་ཅིང་། ཡི་གེའི་གྲུབ་ཆ་ལ་དབྱངས་གསལ་གཉིས་དང་། མགོ་འདོགས་གཉིས། སྔོན་མིང་རྗེས་གསུམ་སོགས་དང་། ཕ་མ་བུ་ཚ་དང་ཕོ་མོ་མ་ནིང་སོགས་ཀྱི་མིང་གིས་བཏགས་པའི་ནང་གསེས་ཤིན་ཏུ་ཞིབ། བརྡ་སྤྲོད་ཀྱི་ཆ་ནས་ཀྱང་རྣམ་དབྱེ་བརྒྱད་དང་ཚིག་ཕྲད་རྐྱང་འདུས། ཁྱད་གཞི་དང་ཁྱད་ཆོས་ཀྱི་མིང་སོགས། དངོས་པོ་བདག་གཞན། བྱ་བྱེད་ལས་གསུམ་སོགས་རིགས་ལམ་ཞིབ་པར་འཇུག་པའི་དོན་གཉེར་ཅན་ཚོར་རྟོགས་རྒྱུ་ཤིན་ཏུ་མང་ཞིང་། བསྡུས་ན་མིང་ཚིག་ཡི་གེའི་ཚོགས་སུ་འདུ་བའི་རང་རེའི་ཡི་གེ་རིན་པོ་ཆེ་འདིའི་ནང་། ལོ་ངོ་སྟོང་ཕྲག་དུ་མའི་རང་རེའི་ཆོས་སྲིད་རིག་གནས་ཀྱི་བཅུད་ཉར་ཡོད་པས་འབྲི་ཀློག་གཉིས་ཀར་ཐོགས་མི་དགོས་པ་ཞིག་དགོས་གལ་ཆེ་བར་སྙམ། དེས་ན་ཡི་གེ་སློབ་པའི་ལས་དང་པོ་བ་ཞིག་ལ་མཚོན་ན་ཐོག་མར་དོན་གྱི་ཁྱད་པར་སྟོན་པ་མིང་དང་། མིང་ཚིག་མཚམས་སྦྱོར་བྱེད་ཀྱི་ཚིག་ཕྲད་གཉིས་ཤིན་ཏུ་གལ་ཆེ་བར་མཐོང་ཞིང་། མིང་ནི་རང་ཉིད་སྐྱེས་པ་ནས་བཟུང་སྟེ་ཨ་མའི་ངག་ལས་བསླབས་ཤིང་གོམས་པར་གྱུར་ཏེ་སྐད་ཆ་སྨྲ་ཤེས་པར་གྱུར་ལ། ཚིག་ཕྲད་ནི་སྐྱེ་བོ་ཕལ་བའི་ངག་ཐོག་ཏུ་ཡི་གེ་ནང་བཞིན་གཏན་སྲོལ་ངེས་ཅན་མེད་པས་སྐད་ཆའི་ནང་ཚིག་ཕྲད་ནོར་སོང་ཟེར་སྲོལ་མེད་མོད། སྐད་ཆའི་གོམས་སྲོལ་ནང་མེད་པ་མིན་ཏེ། ཡི་གེའི་སྦྱོར་བའི་ནང་ཚིག་ཕྲད་ཉིད་ཧ་ཅང་གལ་ཆེ་བས་ཀྱང་རང་རེའི་སྐད་གཤིས་ལ་ཚིག་ཕྲད་ཀྱི་སྦྱོར་བ་ཉིད་སིམ་བསྡད་ཡོད་པ་རྟོགས་ནུས་སོ། །
བོད་ཡིག་ནི་ཚིག་ཕྲད་ཀྱི་སྦྱོར་བ་ཤིན་ཏུ་མང་བའི་ཡིག་རིགས་ཤིག་ཡིན་པས་ཚིག་སྣ་གཅིག་བརྗོད་པའི་གནས་སྐབས་ཀྱང་ཚིག་ཕྲད་མ་སྦྱར་བར་བརྗོད་པའི་སྐབས་ཤིན་ཏུ་ཉུང་ཞིང་། བོད་ཡིག་ནང“ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། །དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །”ཞིག་ཡོང་བ་ཚིག་ཕྲད་ཉིད་ལ་རག་ལས་ཤིང་། ཚིག་ཕྲད་ཀྱི་སྦྱོར་བ་ལ་བྱང་ན་དོན་གྱི་གནད་འབྱིན་ལུགས་དང་ཚིག་གི་ཉམས་འདོན་ལུགས་ལ་ལག་ཐོགས་མི་དགོས་པས་ཟབ་ཅིང་སྙན་པར་བརྗོད་པའི་ངག་ལ་དབང་སྦྱོར་བ་འབྱུང་ངོ། །དེང་དུས་རང་རེའི་སྐད་ཆའི་གོམས་སྲོལ་དང་མི་མཐུན་པའི་ཚིག་གི་སྦྱོར་བ་བྱུང་བའི་གནད་ཀྱང་གཅིག་བྱས་ན་དུས་དང་མཐུན་པའི་ཐ་སྙད་གསར་པ་མང་དུ་བྱུང་བ་དང་སྐད་རིགས་མཉམ་འདྲེས་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཚིག་གི་སྦྱོར་བ་ལ་ལྷད་ཞུགས་པ་ཡིན་ངེས་ལ། ཡང་གཅིག་བྱས་ན་ཚིག་ཕྲད་ཀྱི་སྦྱོར་བ་འདི་ལ་མ་བྱང་བས་ཚིག་སྦྱོར་སྤེལ་སྐབས་རྡོ་ཆག་བཙན་སྒྲིག་གི་རྣམ་པར་སོང་བས་ཡིན་ཀྱང་རུང་། གནད་དོན་དེ་དག་ལ་དམིགས་ཏེ། ད་རེས་ཚིག་ཕྲད་འཁྲིད་ཐབས་ཀྱི་སྐོར་ལ་དཔྱད་ཁུལ་བགྱིས་ཏེ་སློབ་ཁྲིད་ཀྱི་ཟུར་བལྟ་ཙམ་བྱེད་ཆོག་པའི་ཡིག་ཚོགས་འདི་སྤུངས་པ་ལགས་སོ། །
– – – – –