འདུལ་བ་མཚོ་ཊཱིཀ་གི་ལུང་ཁུངས་དང་ཕྱོགས་སྔའི་སྐོར་གྱི་དཔྱད་གཞི་ཐོར་བཏུས།

0
1069

[ནང་དོན་གནད་བསྡུས།] རྩོམ་འདིར་འདུལ་བ་མཚོ་ཊིཀ་གིས་ཁུངས་སུ་མཛད་པའི་གཞུང་གང་ཡོད་དང་། དེའི་ཕྱོགས་སྔའི་སྐོར་ལ་ཞིབ་འཇུག་གི་དཔྱད་གཞི་འགའ་བསྟན་བཅོས་འགའ་ཞིག་ལས་ཐོར་བུར་བཏུས་ཏེ་བཀོད་ལ། ཅུང་ཟད་ཞིབ་ཚགས་ཇེ་ཆེར་འགྲོ་ཆེད་དཀྱུས་སུ་མཆན་ཕྲན་བུ་རེ་ཡང་བཏབ་ཡོད།

[བརྡ་ཆད་གཙོ་བོ།] འདུལ་བ་མཚོ་ཊཱིཀ  ལུང་ཁུངས།  ཕྱོགས་སྔ།  དཔྱད་གཞི་ཐོར་བུ། 

གླེང་གཞི། 

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ། དེ་ལ་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད་པའི་འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བའི་བསྟན་བཅོས་འདི་ཉིད་ཁུངས་གང་ལ་བཅོལ་ནས་མཛད་པ་དང་། རྒྱ་གར་དང་བོད་སྔ་མའི་འདུལ་འཛིན་མཁས་པ་ཕལ་མོ་ཆེ་དེའི་ཕྱོགས་སྔར་བྱུང་བས་དེའི་སྐོར་གྱི་དཔྱད་གཞི་ཐོར་བུ་འགའ་དཀྱུས་གཅིག་ཏུ་བཀོད་པར་བྱའོ། །

དཀའ་གནས་དེ་གཉིས་ནི་སྤྱིར་མཚོ་ཊཱིཀ་ལ་མཇལ་སྐབས་དཀའ་ཁག་ཆེ་ཤོས་གཉིས་ཡོད་པར་མཐོང་ལ། སྤྱིར་བཏང་དུ་འགྲེལ་བ་ཁག་དང་། དཔེ་ཁྲིད་གནང་སྐབས་ཀྱང་དོ་སྣང་བྱེད་པ་ཞན་པས་དཔེ་ཆ་མང་པོ་བཀླགས་ནས་ཁ་གསབ་བྱེད་པ་ལས་ཐབས་གཞན་མེད་པ་ཡིན།

རྩོམ་འདི་ནི་དཔེ་ཆ་འགའ་བམ་ཀློག་བྱས་པའི་ཟིན་ཐོ་ལ་ཁུངས་ལུང་ཞིབ་གསལ་བཀོད་པ་ཙམ་ཞིག་ཡིན་ལ། དཀྱུས་སུ་མཆན་ཕྲན་བུ་ཡང་ཡིག་ཆ་གཞན་ལ་དཔེ་ཀློག་བྱས་ཏེ་གདབ་རྒྱུ་ཡིན་ནོ། །

གཅིག  མཚོ་ཊིཀ་གི་ལུང་ཁུངས་སྐོར་གྱི་དཔྱད་གཞི་ཐོར་བུ།

སངས་རྒྱས་ཀྱི་འཁྲུངས་འདས་ལོ་ཚིགས་ལ་འདོད་ཚུལ་མི་མཐུན་པ་མཐའ་ཡས་པ་ཡོད་ལ། བོད་རང་གི་མཁས་པ་བསྟན་རྩིས་པ་དག་གི་བཞེད་ཚུལ་སོ་སོ་ཡང་ཨ་ལགས་ཚེ་ཏན་ནས་བསྟན་རྩིས་ཀུན་བཏུས་སུ་གསུངས་ལ།  སིངྒ་ལའི་གནས་བརྟན་པ་དག་གི་བཞེད་པ་ནི། ཕྱི་ལོ་༡༩༥༦ ལོར་སྟོན་པ་མྱ་ངན་ལས་འདས་ནས་ལོ་༢༥༠༠ སོང་བར་བཤད་ལ། ཉི་ཧོང་གི་ཞིབ་འཇུག་པ་དག་གིས་ཕྱི་ལོའི་སྔོན་གྱི ༥༦༣ ལ་འཁྲུངས་ནས་༤༨༣ ལ་འདས་པར་བཤད།[1]

སངས་རྒྱས་ཀྱིས་ཡུལ་ཝཱ་རཱ་ན་སིར་འཁོར་ལོ་དང་པོ་གསུངས་སྐབས་ལྔ་སྡེ་ལ་བསླབ་པའི་གཞི་དང་པོ་ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ་[2]ཞེས་གསུངས་པ་ནས་མྱ་ངན་ལས་འདའ་ཁར་འདུལ་བ་མདོར་བསྡུས་གསུངས་བའི་བར་[3]འདུལ་བའི་ཆོས་ཚུལ་མང་པོ་བཀས་གནང་བར་མཛད་དོ། །

ས་པཎ་གྱིས། ཉན་ཐོས་རྩ་བའི་སྡེ་བཞི་ལ། །འདུལ་བ་མི་འདྲ་རྣམ་བཞི་ཡོད། །ཅེས་གསུངས་པ་ལྟར་གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་། གནས་བརྟན་པ་དང་། མང་བཀུར་བ་དང་། དགེ་འདུན་ཕལ་ཆེན་པ་རྣམས་རྩ་བའི་སྡེ་བཞིར་གྲགས་པའོ། །[4] དེ་ལས་མཚོ་ཊཱིཀ་གི་བཤད་བྱའི་འདུལ་བ་ནི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་སྟེ་རིམ་བཞིན་འཆད་དོ། །

༡  རྒྱལ་བའི་བཀའ་འགྱུར་ཏུ་བཞུགས་པའི་ཁུངས།

དེ་ཡང་འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་(ཡོངས་གྲགས་སུ་མཚོ་ཊིཀ་གམ་མཚོ་ཆེན་ཞེས་ཟེར)ཞེས་བྱ་བའི་བསྟན་བཅོས་འདི་ནི། དུས་རབས་བདུན་པའི་ནང་དུ་བྱོན་པའི་རྒྱ་གར་གྱི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་ཞེས་པའི་འགྲེལ་བ་རེད། ཤིང་པར་ལ་པོད་ཆེན་མོ་གཉིས་བཞུགས་སོ། ། ད་ལྟ་འཕྲུལ་པར་ལ་པར་གཞི་སྣ་ཚོགས་པ་ཞིག་ཡོད་ལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པོད་གསུམ་བྱས་ནས་པར་སྐྲུན་བྱས་འདུག་ལ། ཁོ་བོའི་འདིར་ལུང་དྲངས་པ་ནི་པར་གཞི་དེ་ལྟར་དུ་དྲངས་པ་ཡིན། དེ་ལ་མཚོ་ཊིཀ་གི་མཇུག་ཏུ་ཁུངས་བཅོལ་ས་དང་དཔྱད་གཞིར་མཛད་པའི་ཡིག་ཆ་དག་གི་མཚན་བྱང་འདི་ལྟར་འཁོད་ཡོད་དེ།  གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ལུང་ནི་དགེ་སློང་ཕ་མའི་སོ་སོ་ཐར་པའི་མདོ་བམ་པོ་གཉིས་པ་རྣམ་གཉིས་དང་ལུང་དུམ་བུ་བཞི་སྟེ། དེ་དག་ནི་ལུང་གཞི་དང་། ལུང་རྣམ་འབྱེད་དང་། ལུང་ཕྲན་ཚེགས་དང་། བཀའ་ལུང་གཞུང་དམ་པའོ། །[5]ཞེས་བྱུང་།

གོ་རིམ་ལ་གོང་དཀར་བས་འདི་ལྟར་གསུངས་ལ། བུ་སྟོན་རིན་པོ་ཆེས་དང་པོ་ཕའི་སོ་ཐར་དང་རྣམ་འབྱེད། དེ་ནས་མའི་སོ་ཐར་དང་རྣམ་འབྱེད་ཅེས་སི་ཏུ་ཆོས་འབྱུང་གིས་གསུངས།[6] གོང་དཀར་བ་ཟེར་བ་ནི་གོང་དཀར་བླ་མ་ཕྲིན་ལས་རྣམ་རྒྱལ་(༡༦༢༤-?)ལ་ཟེར་བ་དང་། དེའི་མཛད་པའི་གསན་ཡིག་ཏུ་བཀའ་བསྟན་གྱི་ལུང་གསན་ཚུལ་སོ་སོར་བྲིས་པ་ཡོད་འདུག་པས་དེར་གསལ་བ་ཡིན་ནམ་སྙམ་ཡང་གསན་ཡིག་ཀློག་རྒྱུ་མ་བྱུང་བས་ཁ་ཚན་གཅོད་ཐབས་བྲལ།

སྤྱིར་སྡེ་སྣོད་གསུམ་བཀའ་བསྡུ་གནང་ཚུལ་དང་འདུལ་བ་ཉེ་བར་འཁོར་གྱིས་བསྡུས་ཚུལ་ལུང་ཕྲན་ཚེགས་དང་ཆོས་འབྱུང་[7]ཁག་ཏུ་གསལ་ལ། ཐམས་ཅད་ཡོད་སྨྲའི་འདུལ་བའི་བཀའ་བསྡུའི་སྐོར་ཁང་དཀར་ཚང་གིས།  ཡུལ་གངས་ལྗོངས་ཀྱི་སྐད་དུ་བཞུགས་པ་ནི་དུས་རབས་བཞི་པ་ནས་ལྔ་པའི་བར་ལ་ཕྱོགས་བསྒྲིགས་གནང་བ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ནི་གཤམ་གསལ། ༡འདུལ་བ་གཞི། ༢ཕའི་སོ་ཐར་མདོ།  ༣ འདུལ་བ་རྣམ་འབྱེད།  ༤ དགེ་སློང་ཕའི་རྣམ་འབྱེད། ༥ མའི་རྣམ་འབྱེད། ༦ འདུལ་བ་ཕྲན་ཚེགས། ༧ འདུལ་བ་གཞུང་བླ་མ་བཅས་སོ། ། བོད་འགྱུར་གྱི་གཞི་བཅོལ་སའི་ལེགས་སྦྱར་ཕྱི་མོ་རྣམས་ཕྱོགས་སྒྲིག་གནང་བ་ནི་མངོན་པ་སྡེ་བདུན་རྩོམ་སྒྲིག་གནང་བའི་རྗེས་རོལ་དུ་ཡིན་ཀྱང་བཀོད་པའི་རྣམ་པ་ནི་མངོན་པ་སྡེ་བདུན་ལས་སྔ་རོལ་དུ་བརྩམས་པའི་རྣམ་པ་ཡོད་པས་ན་མངོན་པའི་ཤུགས་རྐྱེན་མ་ཐེབ་པར་བརྒྱུད་པ་ཁུངས་དག་ལྡན་པའི་སྒོ་ནས་ཕྱོགས་སྒྲིག་གནང་བར་བརྟེན་དཔྱད་གཞིར་འོས།[8]ཞེས་གསུངས།

བོད་འགྱུར་རྣམས་བསྟན་པ་སྔ་དར་ནས་གཙུག་ལག་ཁང་སོ་སོར་ཐོར་བུར་བཞུགས་པ་ཕྱིས་སུ་འོལ་རྒོད་ཀྱི་གཙུག་ལག་ཁང་དུ་ཕྱོགས་བསྒྲིགས་བྱུང་བ་སྣར་ཐང་དུ་གདན་དྲངས་ཏེ། ཕྱིས་ཀྱི་པར་ཤིང་ཀུན་གྱི་དཔེར་གྱུར་ཚུལ་སོགས་ཀྱང་སི་ཏུས་ཞིབ་ཏུ་གསུངས།[9]

སོ་ཐར་གྱི་མདོ་ལ་རྩ་བའི་མདོ་དང་། སྡེ་བཞི་ལ་བཤད་པའི་མདོ་ཞེས་པའི་ཐ་སྙད་མཁས་པ་མང་པོའི་གསུང་དུ་བྱུང་། དེ་ལུང་རྣམ་འབྱེད་ནི། སོ་ཐར་གྱི་མདོའི་ཚིག་འགྲེལ་ལྟ་བུ་ཡིན་ཞིང་། ལུང་ཕྲན་ཚེགས་ནི། སོར་མདོའི་སྤྱི་དོན་ལྟ་བུ། ལུང་གཞི་ནི་མ་ཚང་བ་ཁ་བསྐང་བའི་འགྲེལ་བ། གཞུང་དམ་པ་ནི། དཀའ་བའི་གནས་གཏན་ལ་འབེབས་པའི་འགྲེལ་བ་ཡིན།[10]

བམ་གྲངས་ཀྱི་སྐོར་ལ་ཡང་འདུལ་བ་མཚོ་ཊིཀ་ལས།  དགེ་སློང་ཕ་མའི་སོ་སོ་ཐར་པའི་མདོ་བམ་པོ་གཉིས་པ་རྣམ་གཉིས་དང་ལུང་དུམ་བུ་བཞི། ཞེས་གསུངས་པ་དང་།  དེ་ཡང་ལུང་གཞི་ལ་བམ་པོ་བརྒྱ་དང་དགུ་ཡོད་ཅིང་། ལུང་རྣམ་འབྱེད་ལ་བམ་པོ་བརྒྱ་དང་བཅུ་གཅིག་ཡོད་དེ། དེ་ཡང་དགེ་སློང་ཕའི་རྣམ་འབྱེད་ལ་བམ་པོ་བརྒྱད་ཅུ་རྩ་གསུམ་དང་། དགེ་སློང་མའི་རྣམ་འབྱེད་ལ་བམ་པོ་ཉི་ཤུ་རྩ་བརྒྱད་དོ། །ལུང་ཕྲན་ཚེགས་ལ་སྒོ་བརྒྱད་ཡོད་ཅིང་བམ་པོ་དྲུག་ཅུ་ཡོད་པ་ལ། དེ་ཡང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་བམ་པོ་བཞི་བཅུ་རྩ་བརྒྱད་ནི་ལོཙྪ་བ་དཔལ་འབྱོར་ལ་སོགས་པ་རྣམས་ཀྱིས་བསྒྱུར་བ་ཡིན་ལ། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་མ་ཡིན་པའི་བམ་པོ་བཅུ་གཉིས་ནི། ལོཙྪ་བ་གཞན་གྱིས་སྔ་ཕྱིར་བསྒྱུར་བའོ། ། ང་(མཚོ་སྣ་བས་གཟིགས་པའི་འདུལ་དཔེ་གང་ཡིན་ཤེས་ཐབས་བྲལ་ལ། ད་ལྟ་བཀའ་བསྟན་དུ་ཡོད་པའི་གཞུང་དང་བསྡུར་ཚེ་ཚིག་ལ་མི་མཐུན་པ་མང་བར་འདུག)

གཞུང་དམ་པ་ལ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་འགྱུར་ལ་གཞུང་བླ་མ་ཞེས་བྱ་སྟེ། ལུང་ཞུ་བ་ཉུང་ཤོས་ཞེས་གྲགས་སོ། །འདི་ནི་རིམ་པ་ལྷག་པ་བརྩིགས་པའི་མཚན་གྱུར་ཡན་ཆད་བོད་དུ་བསྒྱུར་ཟིན་ཅིང་། དེ་མན་ཆད་བསྒྱུར་འཕྲོ་ལུས་སོ། །སྔ་འགྱུར་ལ་གཞུང་དམ་པ་ཞེས་བྱ་སྟེ། ཡོངས་སུ་རྫོགས་པར་བོད་དུ་འགྱུར་ཞིང་བམ་པོ་ལྔ་བཅུ་རྩ་གསུམ་ཡོད་དོ། །དེ་ཡང་གཞུང་དམ་པ་ལ་ལེའུ་བཅུ་གཅིག་ཡོད་དེ་ལུང་ཞུ་བ་དང་། ལུང་འདུལ་བྱེད་དང་། ལུང་གཅིག་ལས་འཕྲོས་པ་དང། ལུང་ལྔ་ཚན་པ་དང་། ལུང་བཅུ་དྲུག་པ་དང་། ལུང་གླེང་གཞི་དང་། ལུང་སིལ་བུ་དང་། གཏམ་གྱི་གཞི་དང་། མ་ན་བི་ཀ་ཞེས་བྱ་སྟེ། དགེ་སློང་བྲམ་ཟེའི་བུ་མོ་ལྟ་བུས་ཞུས་པ་དང་། ལུང་མ་མོ་དང་། ཨུ་པ་ལིས་ཀུན་དྲིས་པ་དང་ལེའུ་ བཅུ་གཅིག་གོ །ཀུན་དྲིས་པ་ནི་འདུལ་བའི་ལུས་ལ་སོགས་པ་བདུན་པོ་ཀུན་དྲིས་པའོ། །[11]ཞེས་བྱུང་། འདི་དག་ལ་ད་ལྟ་ཤིང་པར་དུ་པོད་བཅུ་གསུམ་བཞུགས།

༢  བསྟན་འགྱུར་དུ་བཞུགས་པའི་འདུལ་བའི་གཞུང་། 

དེ་ཡང་མཚོ་ཊཱིཀ་ལས།  འདུལ་བའི་བསྟན་བཅོས་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་འདུལ་བ་བསྡུས་པ་དང་། རྣམ་པར་གཏན་ལ་དབབ་པ་བསྡུ་བའི་སོ་སོར་ཐར་བའི་སྡོམ་པ་གཏན་ལ་དབབ་པའི་སྐབས་དང་། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་བསྟན་ཆོས་འདུལ་བ་མདོ་དང་། ཀརྨ་ཤ་ཏཾ་དང་རང་གི་རྣམ་བཤད་དང་། ཐག་གར་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་རྒྱ་ཆེར་འགྲེལ་བ་ཆེ་ཆུང་གཉིས་( ལུང་འདྲེན་ཊི་ཀ་ལས་ཞེས་དྲངས་པ་དེ་འགྲེལ་བ་ཆེ་བ་འདིའོ།། རྒྱ་ཆེར་འགྲེལ་ཞེས་ཀྱང་ལན་རེར་བྱུང་། རྩོམ་འདིའི་གོང་འོག་གི་དཀྱུས་མཆན་དག་རྩོམ་མཁན་གྱིས་བཏབ། )དང་། སློབ་དཔོན་པྲཛྙཱ་ཀ་ར་ཞེས་བྱ་བས་མཛད་པའི་འགྲེལ་ཆུང་(ལུང་འདྲེན་སྐབས་འགྲེལ་བ་པྲ་ཛྙཱ་ཀ་ར་ལས་ཞེས་བྱུང་བ་ཡང་ཡོད) དང་། འགྲེལ་ཆུང་ཡོན་ཏན་འོད་པ་(འགྲེལ་ཆུང་ལས་ཞེས་དྲངས་པ་འདི་ནམ་སྙམ)ཞེས་གྲགས་པ་སྟེ། དེ་ལྟར་མདོ་རྩ་བའི་འགྲེལ་པ་བཞི་པོ་དེ་དག་དང་། གཞན་ཡང་ཚིག་ལེའུར་བྱས་པ་གསུམ་པོ་སློབ་དཔོན་བེ་ཤ་ཀས་མཛད་པའི་དགེ་སློང་གི་ཀ་རི་ཀའི་ཚིག་ལེའུར་བྱས་པ་ལྔ་བཅུ་པ་དང་། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་ཚིག་ལེའུར་བྱས་པ་སུམ་བརྒྱ་བ་( འོད་ལྡན་རྩ་བ་ལས་ཞེས་ལུང་དྲངས་པ་འདིའོ) དང་། དེའི་འགྲེལ་པ་འོད་ལྡན་དང་། གཞན་ཡང་ལུང་གཞིའི་སྟོད་འགྲེལ་སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་སྟེ་རྫས་ཀྱི་དགག་དབྱེ་ཡན་ཆད་བོད་དུ་འགྱུར་ཞིང་། ལུང་རྣམ་འབྱེད་ཀྱི་འགྲེལ་པ་སློབ་དཔོན་དུལ་བ་ལྷས་མཛད་པ་སྟེ་ཡོངས་སུ་རྫོགས་པར་བོད་དུ་འགྱུར་ལ། ལུང་ཕྲན་ཚེགས་ཀྱི་འགྲེལ་བ་སློབ་དཔོན་ཆོས་མཆོག་གི་སློབ་མ་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ་སྟེ་ཡོངས་སུ་རྫོགས་པར་བོད་དུ་བསྒྱུར་བ་དེ་དག་དང་། ལུང་ཞུ་བའི་འགྲེལ་པ་སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་འདིའི་ས་བོན་སྐྱེ་འཇིག་ཡན་ཆད་ཅི་སྙེད་པ་དང་། གཞན་ཡང་སོ་སོར་ཐར་པའི་འགྲེལ་པ་འདུལ་བ་བསྡུས་པ་སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་མཛད་པ་སྟེ་འགྱུར་སྔ་ཕྱི་གཉིས་དང་། བམ་པོ་ལྔ་བཅུ་པ་ཞེས་གྲགས་པ་སྟེ་འདུལ་བ་ཀུན་ལས་བཏུས་དང་། ( བམ་པོ་ལྔ་བཅུ་པ་ལས་བཤད་དོ་ཞེས་པ་དང་། བམ་ལྔ་ལས་ཞེས་ཡང་ཡང་བྱུང་བ་འདིའོ།།)

གཞུང་འགྲེལ་བམ་པོ་ཉི་ཤུ་རྩ་བདུན་པ་དང་ལུང་གི་རྣམ་བཤད་ཅེས་གྲགས་པ་སྟེ། སོ་སོར་ཐར་པའི་རྒྱ་ཆེར་འགྲེལ་པ་བམ་པོ་བརྒྱད་པ་དང་། སོ་སོར་ཐར་པའི་འགྲེལ་པ་ཚིག་གི་བརྗེད་བྱང་བམ་གསུམ་མ་དང་། དགེ་སློང་མའི་སོ་སོར་ཐར་པའི་འགྲེལ་པ་དང་། གཞན་ཡང་སློབ་དཔོན་ཀ་ལྱ་མི་ཏྲས་མཛད་པའི་བསྟན་བཅོས་གསུམ་པོ་འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་དང་། དྲི་བ་རྒྱ་ཆེར་འགྲེལ་པ་དང་། དགེ་ཚུལ་གྱིས་བསླབ་པའི་གཞི་མདོ་གསུམ་པོ་དེ་དག་དང་། ཀ་རི་ཀ་ལྔ་བཅུ་པའི་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པ་དང་། དགེ་སློང་གི་ལོ་དྲི་བ་དང་། དགེ་ཚུལ་གྱི་ལོ་དྲི་བ་ཡན་ཆད་འདུལ་བའི་བསྟན་བཅོས་དེ་དག་ཐམས་ཅད་དང་།[12]ཞེས་གསུངས། སྤྱིར་བསྟན་འགྱུར་དུ་འདི་ལས་མི་ཚད་མོད། མཚོ་ཊིཀ་ཏུ་མ་འཁོད་པ་དག་མ་བཀོད་དོ།།  ད་ལྟ་བསྟན་འགྱུར་དུ་འདུལ་པོད་བཅོ་བརྒྱད་བཞུགས་སོ། །

༣  བསྟན་འགྱུར་དུ་བཞུགས་པའི་མངོན་པའི་གཞུང་།

ཡང་མཚོ་ཊིཀ་ལས། འདུལ་བ་ལས་གཞན་པའི་དཔྱད་གཞིར་གནང་ཚུལ་ཡང་མཚོ་ཊིཀ་ལས།  གཞན་ཡང་འདུལ་བ་མཁས་པར་འགྱུར་བ་ལ་ཉེ་བར་མཁོ་བའི་བསྟན་བཅོས་ཉན་ཐོས་ཀྱི་ས་དང་། མངོན་པ་མཛོད་ཀྱི་འགྲེལ་པ་དང་། མཛོད་ཀྱི་འགྲེལ་བཤད་དོན་གསལ་ཞེས་བྱ་བ་སློབ་དཔོན་གྲགས་པའི་བཤེས་གཉེན་གྱིས་མཛད་པ་དང་། མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་ཞེས་བྱ་བ་སློབ་དཔོན་གང་བ་སྤེལ་གྱིས་མཛད་པ་དག་སྟེ། མདོར་ན་ལུང་དང་བསྟན་བཅོས་དེ་དག་ཐམས་ཅད་ལོ་གྲངས་མང་པོར་ལེགས་པར་བརྟགས་ནས་དེ་རྣམས་ཀྱི་ལེགས་བཤད་ཕྱོགས་གཅིག་ཏུ་བསྡུས་ཏེ་ཉེ་བར་སྦྱར་བ་ཡིན་ནོ། །[13]ཞེས་གསུངས་སོ།།

གཉིས།  མཚོ་ཊིཀ་གི་ཕྱོགས་སྔའི་སྐོར་གྱི་དཔྱད་གཞི་ཐོར་བུ།
༡  བོད་དུ་འདུལ་བའི་སྡོམ་རྒྱུན་དང་འཆད་ཉན་གྱི་བརྒྱུད་པ་བྱུང་ཚུལ།

པཎ་ཆེན་ངག་ཆོས་ཀྱིས་མཛད་པའི་བོད་ཀྱི་མཁས་པ་སྔ་ཕྱི་དག་གི་གྲུབ་མཐའི་ཤན་འབྱེད་མཐའ་དཔྱོད་དང་བཅས་པའི་འབེལ་བའི་གཏམ་སྐྱེས་དཔྱོད་ལྡན་མཁས་པའི་ལུས་རྒྱན་རིན་ཆེན་མཛེས་པའི་ཁྲ་ཚོམ་ལས། བོད་འདིར་རྩ་བའི་སྡེ་པ་བཞིའི་ནང་ཚན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་འབའ་ཞིག་བྱུང་བ་འདྲ་སྟེ། བསྟན་པ་སྔ་དར་གྱི་དུས་སུ་མཚན་བརྗོད་པར་དཀའ་བའི་མཁན་ཆེན་བོ་དྷི་ས་ཏྭ་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་དེས། ལོ་ཙཱ་བ་སད་མི་མི་བདུན་ལ་རབ་བྱུང་བསྙེན་རྫོགས་ཕོག་པ་ནས་བཟུང་། དེའི་རྒྱུན་བསྟན་པ་ཕྱི་དར་གྱི་དུས་སུའང་གཡོ་གཙང་དམར་གསུམ་གྱི་སློབ་མ་བླ་ཆེན་དགོངས་པ་རབ་གསལ་ལས་དབུས་གཙང་གི་མཁས་པ་མི་བཅུས་སྡོམ་པ་བླངས་བ་སོགས་དང་། ཕྱིས་སུ་མ་བྱོན་སངས་རྒྱས་གསུམ་པ་ཤཱཀྱ་ཤྲཱི་བོད་དུ་ཕེབས་ནས་སློབ་མའི་གཙོ་བོ་ས་སྐྱ་པཎ་ཆེན་ལ་རབ་བྱུང་བསྙེན་རྫོགས་གནང་བ་དང་། གཞན་ཡང་བྱང་དཔལ་དང་། རྡོར་དཔལ་སོགས་ལ་བསྙེན་རྫོགས་གནང་བའི་སྡོམ་རྒྱུན་དང་བཤད་རྒྱུན་མཐའ་དག་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་སྲོལ་འབའ་ཞིག་ཏུ་སྣང་།[14]  སྟོད་འདུལ་ནི། ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལའི་མཁན་བུ་པཱ་ལ་རྣམ་གསུམ་ལ་སོགས་ནས་བརྒྱུད་པ་སྟེ། དེང་སང་རྒྱུན་ཡོད་པ་མ་ཐོས་ལ། ཞེས་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་[15]གསུངས་ཤིང་། དེ་བས་ན་སྡོམ་རྒྱུན་ནི་རིམ་གྱིས་ནུབ་སོང་བར་སྣང་།

ཕྱི་དར་གྱི་དུས་བོད་ཀྱི་འདུལ་འཛིན་(སྐབས་མང་པོར་འདུལ་འཛིན་ཞེས་པ་འདུལ་བ་མཁས་པ་ལ་གོ་དགོས)ལ་གྲགས་ཆེ་བ་བྱ་འདུལ་བ་འཛིན་པ་མཐའ་བཞི་འབར་དུ་གྲགས་པ་བྱུང་། བསླབ་པ་ཕྲ་མོ་ཚུན་ལའང་གཅེས་སྤྲས་ཆེ་བའི་ཚད་དུ་ཐུབ།  དེས་འདུལ་བ་ལ་ཊཱིཀྐ་མཛད་དེ་སྡོམ་རྒྱུན་དང་བཤད་རྒྱུན་གཉིས་ཀ་སྤེལ།  ཁ་སྐད་ངག་རྒྱུན་ལ་འདུལ་བ་བྱ་ལ་ཐུག་ཟེར་བ་དེ་ཡིན། གཞན་ཡང་འདུལ་འཛིན་ཀླུ་མེས་དང་། པ་ཚབ་ཉི་མ་གྲགས་དང་། གཟུས་རྡོ་རྗེ་རྒྱལ་མཚན་དང་། འབྲིང་མཚམས་པ་བླ་མ་རིན་དཔལ་ལ་སོགས་པ་དུ་མ་བྱུང་། དེ་ལྟ་ནའང་དེ་དག་གི་བཤད་སྲོལ་ནི་རིམ་པས་བྱུང་མོད། སྡོམ་རྒྱུན་ནི་ཆེར་མ་བྱུང་བ་འདྲ་སྟེ།[16]ཞེས་བྱུང་།

ཀླུ་མེས་ཀྱི་སློབ་མ་གཟུས་རྡོ་རྗེ་རྒྱལ་མཚན་ནས་སྟོད་སྨད་ཀྱི་འདུལ་བའི་བཤད་རྒྱུན་གཅིག་ཏུ་འདྲེས་ཤིང་། ཀུན་མཁྱེན་མཚོ་སྣ་བ་ལ་ནི་གཉིས་ཀའི་བཤད་རྒྱུན་བཞུགས་པ་ཡིན་ཏེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས།  གངས་ཅན་གྱི་ལྗོངས་འདིར་འཕགས་ཡུལ་གྱི་སློབ་དཔོན་དཱ་ན་ཤཱི་ལ་དང་། ཛི་ན་མུ་ཏྲ་ལས་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་གསན། དེ་ལས་སྨར་གཡོ་གཙང་གསུམ་གྱིས་ཞུས། དེས་བླ་ཆེན་དགོངས་པ་རབ་གསལ། དེ་བཞི་ཀས་ཀླུ་མེས། དེས་གཟུས་རྡོ་རྗེ་རྒྱལ་མཚན་ལ་བཤད། ཡང་ཛི་ན་ད་ན་གཉིས་ལས་ཤཱཀྱ་སེ་ན། དྷརྨ་པ་ལ། ཀླུ་བ་ལོ་ཙ་དང། སྐྱོགས་འདུལ་འཛིན། དེ་གཉིས་ལ་གཟུས་ཀྱིས་ཐུག་སྟེ། དེ་ནས་སྟོད་སྨད་ཀྱི་བཤད་རྒྱུན་གཉིས་གཅིག་ཏུ་འདྲེས་པ་དེ་ཉིད་གཟུས་ཀྱི་བུ་བཞིར་གྲགས། འཛིམ་པ་ཤེས་རབ་འོད་དང་སྣེ་སོ་གྲགས་པ་རྒྱལ་མཚན་ཏེ་གཙང་གི་བུ་གཉིས། སྤོ་ཆུང་ཚུལ་ཁྲིམས་བླ་མ་དང་གླན་ཚུལ་བྱང་སྟེ་དབུས་ཀྱི་བུ་གཉིས་ལས་རྒྱ་ཆེར་མཆེད་ཅིང་འཕེལ་བའི་རྒྱུན་ལས་ཕྱིས་མཚོ་སྣ་པ་ཆེན་པོ་བྱོན་ཏེ་མནལ་ལམ་དུ་ཡོན་ཏན་འོད་ལས་མདོ་རྩ་གསན། མགོན་པོ་ཏྲཀྴད་ཀྱིས་བསྐུལ་ནས་འདུལ་བའི་རྣམ་བཤད་ཉི་མའི་འོད་ཟེར་སོགས་བརྩམས་ཏེ་འདུལ་བའི་བསྟན་པ་གཞི་བཞེངས་སུ་བཏང་།[17]ཞེས་གསུངས་སོ། །

སྡོམ་གསུམ་དཔག་སྙེ་ལས།  རྨ་གཡོ་གཙང་གསུམ། བླ་ཆེན། ཀླུ་མེས། གཟུས། སྣེ་པོ། སོག་འདུལ་འཛིན། རྒྱ་འདུལ། རྨ་ཚོ། བྱ་འདུལ། རྩིས་འདུལ། རོག་ཆོས་དབང་། ཆོས་བྱང་། ཆོས་བརྩོན། ཆོས་གྲགས་རིན་ཆེན། ཀ་བཞི་བ་གྲགས་གཞོན། བསོད་ནམས་གྲགས། ཀུན་མཁྱེན་བུ་[18]ཞེས་གསུངས་པའི་སྨད་འདུལ་གྱི་སྡོམ་རྒྱུན་འཛིན་པ་འདི་དག་ཕལ་མོ་ཆེ་ཞིག་འདིའི་ཕྱོགས་སྔར་བྱུང་ལ། ཞང་ཞུང་བ་ཞེས་ཁ་ཅིག་ཏུ་བྱུང་བ་ནི་སྟོད་འདུལ་གྱི་སྡོམ་རྒྱུན་འཛིན་པ་རྒྱལ་བའི་ཤེས་རབ་ཡིན་པར་འདུག  ཕྱོགས་སྔ་ཡང་འདི་ཙམ་གྱི་མི་ཚད་དེ།  མཚོ་སྣ་བ་ཉིད་ཀྱི་སྔོན་དུ་བྱོན་ཟིན་པའི་འདུལ་འཛིན་མཁས་པ་དག་ཕལ་ཆེ་བ་དགག་སྒྲུབ་ཀྱི་ཡུལ་དུ་མཛད་ཡོད།

འདི་དག་གི་རྣམ་ཐར་ནི་དེབ་ཐེར་སྔོན་མོ་དང་། ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་སྔ་འགྱུར་སྡོམ་རྒྱུན་གྱི་ལོ་རྒྱུས་སོགས་སུ་རགས་ཙམ་གསལ་ལ། དཀྱུས་སུ་མཆན་གྱི་ཚུལ་དུ་ཕྲན་ཙམ་རེ་བྲི་བར་ཡང་འགྱུར་རོ། །ཕྱོགས་སྔ་དེ་དག་གི་གཞུང་ཅི་ཡོད་སྐོར་ལ་ས་བཅད་འོག་མར་དཔྱད་གཞིའི་ཚུལ་དུ་འདུལ་འགྲེལ་ཕལ་མོ་ཆེའི་མཚན་བྱང་དགོད་པར་འགྱུར་བས་འདུལ་བ་མཚོ་ཊིཀ་ཏུ་བྱུང་བའི་ཁ་ཅིག་དང་བསྡུར་ནས་ཞིབ་ཏུ་བརྟག་པའི་གཞིར་ཕུལ་བའོ།།

༢  བོད་ཀྱི་འདུལ་བའི་གཞུང་འགྲེལ་ཅི་ཡོད་སྐོར།

རྗེ་ཤེས་རབ་རྒྱ་མཚོས་མཛད་པའི་དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ་ལས། དྲུག་པ་འདུལ་བའི་སྐོར་ལ། པཎ་ཆེན་བསོད་གྲགས་པའི་འདུལ་བའི་ཆོས་འབྱུང་དད་པའི་འབབ་སྟེགས། རྒྱ་འདུལ་འཛིན་དབང་ཕྱུག་ཚུལ་ཁྲིམས་ཀྱི་འདུལ་བ་རྒྱས་བསྡུས་ཁ་ཤས། བྱ་འདུལ་འཛིན་བརྩོན་འགྲུས་འབར་(འདི་བྲེ་ཤེས་རབ་འབར་ལས་རབ་དུ་བྱུང་། སོག་འདུལ་འཛིན་ལས་འདུལ་བ་བསླབས། )གྱི་འདུལ་ཊིག་དང་འདུལ་བའི་སྤྱི་དོན། སྦལ་ཏི་ཇོ་སྲས་ཀྱི་འདུལ་བ། སྦལ་ཏི་འདུལ་འཛིན་(འདིའི་མཚན་ལ་སྦལ་ཏི་དགྲ་བཅོམ་དབང་ཕྱུག་ཚུལ་ཁྲིམས་ཟེར། སྐྱོར་མོ་ལུང་ཕྱག་བཏབ་ནས་དེ་ར་འདུལ་མཛོད་ཀྱི་བཤད་པ་རྒྱ་ཆེར་གནང་།)གྱི་མདོ་རྩའི་ཊིཀྐ། སོ་ཐར་གྱི་མདོའི་ཊིཀྐ། སུམ་བརྒྱ་བའི་འགྲེལ་བ། རྒྱ་འདུལ་གྱི་སློབ་མ་སྐྱི་བོ་ཚུལ་འཕགས་ཀྱི་མདོ་རྩའི་ཊིཀྐ་པོ་ཏི་གསུམ། སྦལ་ཏི་འདུལ་འཛིན་གྱི་དབོན་པོ་བརྩོན་འགྲུས་འབྱུང་གནས་ཀྱི་མདོ་རྩའི་ཊིཀྐ། དབོན་པོ་དབང་ཕྱུག་ཤེས་རབ་ཀྱི་འདུལ་ཊིཀདབོན་པོ་ཆོས་རྒྱལ་དཔལ་བཟང་གི་འདུལ་བའི་སྤྱི་དོན། ཆོས་ཀྱི་དབང་ཕྱུག་གི་སོ་ཐར་འགྲེལ་བ། ཤངས་པ་ཇོ་སྟན་གྱི་མེ་ཏོག་ཕྲེང་རྒྱུད་ཀྱི་ཊི་ཀྐ། སེངྒེ་ཟིལ་གནོན་གྱི་མེ་ཏོག་ཕྲེང་རྒྱུད་ཀྱི་ཊིཀྐ། ཇོ་སྟན་བསོད་ནམས་བཟང་བོའི་འདུལ་བ་བདུད་རྩིའི་ཉིང་ཁུ། ཉང་པཎྜི་ཏ་ནམ་མཁའི་གཞོན་ནུའི་འདུལ་ཊིཀ རེད་མདའ་བའི་མདོ་རྩའི་ཊི་ཀ་དང་། ལས་ཆོག་ཀུན་མཁྱེན་ནམ་མཁའ་བསོད་ནམས་ཀྱི་འདུལ་བ་ངོ་མཚར་སྣང་བ།

དམར་སྟོན་རྒྱ་མཚོ་རིན་ཆེན་གྱི་མདོ་རྩའི་དཀའ་འགྲེལ་དམར་ཊིཀ་ཏུ་གྲགས་པ། དེའི་སློབ་མ་སངས་རྒྱས་འཕེལ་གྱི་འདུལ་བའི་སྤྱི་དོན་མདོར་བསྡུས། སྣར་ཐང་བ་ནམ་མཁའ་ཤེས་རབ་ཀྱི་འདུལ་བའི་བསྟན་བཅོས་ནོར་བུའི་ཕྲེང་བ་དགེ་སློང་གི་རྒྱན། ལྕང་སྐྱ་རོལ་བའི་རྡོ་རྗེས་འདུལ་གཞུང་ཆ་ཚང་ལ་འདུམ་བདེ་བ་ཞིག་གལ་ཆེ་ཞེས་འདི་ཉིད་ཀྱི་གླེགས་བམ་འབྲལ་སྤང་མཛད། འདུལ་བའི་སྤྱི་དོན་དཔལ་འབྱོར་རྒྱ་མཚོ་དབང་བོའི་སྡེས་མཛད་པ། འདུལ་བའི་སྤྱི་དོན་སངས་རྒྱས་ལྷུན་གྲུབ་ཀྱིས་མཛད་པ། ས་བཟང་མ་ཏི་པཎ་ཆེན་གྱི་འདུལ་བ་དང་། ལས་ཆོག བུ་སྟོན་གྱི་འདུལ་བ་སྤྱིའི་རྣམ་བཞག་རིན་པོ་ཆེའི་མཛེས་རྒྱན། འདུལ་བ་མདོའི་རྣམ་འབྱེད་འདུལ་བ་རྒྱ་མཚོའི་སྙིང་བོ་རབ་ཏུ་གསལ་བྱེད། ལས་བརྒྱ་རྩྭ་གཅིག་གི་རྣམ་བཤད་ཆོ་གའི་གསལ་བྱེད། ལས་ཆོག་དྲི་མེད་ཕྲེང་བ་ཞར་བྱུང་དང་བཅས་པ། མའི་རྣམ་འབྱེད་ཀྱི་ཊིཀྐ་སྙིང་བོ་དོན་གསལ། སངས་རྒྱས་ཀྱི་རྣམ་ཐར་དད་ཅིང་དགའ་བྱེད། ཕ་མའི་གླེང་འབུམ་གཉིས་ཏེ་འདུལ་བ་ལ་གཅེས་པའི་གཞུང་བརྒྱད་ཅེས་ཁོང་རང་གི་གླེང་འབུམ་ལས་འབྱུང་ངོ་།(ཤ་མི་ཞེས་ཡང་ཡང་ཕྱོགས་སྔར་བྱུང་བའི་འདུལ་བའི་གཞུང་ཡོད་པ་འདིར་མ་འཁོད་པ་འདྲ་ཡང་ཡོད་ངེས་པར་འདུག ཁོང་གི་མཚན་ལ་སྨོན་ལམ་འབར་ཟེར་ཞིང་རྒྱ་འདུལ་འཛིན་གྱི་སློབ་མ་ཡིན། ལོ་ཚིགས་རགས་རིམ་བྱས་ན་འདི་མན་ཆད་མཚོ་ཊིཀ་གི་ཕྱིས་སུ་བྱུང་བས་དེའི་ཕྱོགས་སྔར་ཡོང་དོགས་མེད་མོད། གལ་ཆེ་བས་འགོད་དོ།།)

རོང་སྟོན་གྱི་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་བཤད། གོ་རམས་པའི་སྡོམ་གསུམ་རབ་དབྱེའི་ཊིཀྐ་གསུང་རབ་དགོངས་གསལ། དེའི་སྤྱི་དོན། མདོ་རྩའི་ས་བཅད། བསླབ་བྱ་འདུལ་བ་རྒྱ་མཚོའི་སྙིང་བོ། ཟི་ལུང་ཤཱཀ་མཆོག་གི་སྡོམ་གསུམ་རབ་དབྱེའི་འགྲེལ་བ་ལེགས་བཤད་གསེར་ཐུར། དེལ་བྱ་པ་ཆོས་རྗེ་སྐལ་བཟང་གི་དོགས་གཅོད་སྤྲིངས་ཡིག་ལེགས་བཤད་སྒོ་དབྱེ། ཤཱཀ་མཆོག་པས་དེའི་ལན་ངེས་དོན་གསལ་བ། གོ་རམས་པའི་སློབ་མ་དྲུང་ནས་རྭ་དཔོན་པས་གསེར་ཐུར་དགག་པ་སྡོམ་གསུམ་རབ་དབྱེ་སྒྲུབ་པའི་བསྟན་བཅོས་ལེགས་བཤད་མེ་འོད། མུས་རམས་པ་བྱམས་པ་ཐུགས་རྗེའི་འདུལ་བའི་སྤྱི་དོན་མདོ་དོན་གསལ་པའི་ཉི་འོད། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་སྡོམ་གསུམ་རབ་དབྱེའི་དཀའ་འགྲེལ་གནད་ཀྱི་སྙིང་བོ་གསལ་བྱེད། འདུལ་བའི་དཀའ་གནས་ལ་དཔྱད་པ་ནོར་བུའི་ཐེམ་སྐས། བསྙེན་གནས་ཆོ་ག་སྙིང་བོ་རབ་གསལ། འདུལ་བའི་དཀའ་གནད་ལ་དོགས་པ་དཔྱད་པའི་ལེགས་བཤད་མཁས་པའི་གཏམ་བྱ་གསང་བ་སྒོ་འབྱེད། སྐྱེད་ཚལ་མཁན་པོ་འཇམ་དབྱངས་ཀུན་དགའ་ཆོས་བཟང་གི་འདུལ་བ་ལུང་རིགས་གཏེར་མཛོད། ཡངས་ཅན་མཁན་པོ་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད། སྡོམ་གསུམ་རབ་དབྱེའི་འགྲེལ་བ་ལེགས་བཤད་ཟླ་འོད་གཞོན་ནུ། སྤྱི་དོན་ཀུན་གསལ་ནོར་བུའི་ཕྲེང་བ། སྡོམ་གསུམ་ཁ་སྐོང་གི་འགྲེལ་བ། ཀརྨ་མི་བསྐྱོད་རྡོ་རྗེའི་འདུལ་བ་ཉི་མའི་འོད་ཟེར། སྟག་ལོའི་འདུལ་ཊིཀ་འདུལ་བའི་སྙིང་བོར་རབ་གསལ། སྡོམ་གསུམ་རབ་དབྱེའི་འགྲེལ་བ་ཐུབ་བསྟན་ཀུན་གསལ། སྤོས་ཁང་བ་རིན་ཆེན་རྒྱལ་མཚན་གྱི་སྡོམ་གསུམ་རབ་དབྱེའི་འགྲེལ་བ། སྐྱོར་མོ་ལུང་བ་དཀའ་བཅུ་བསམ་གཏན་འཕེལ་གྱི་འདུལ་བ། ཞྭ་ལུ་སྐྱོ་སྟོན་རིག་འཛིན་རྒྱལ་བོའི་འདུལ་བའི་སྤྱི་དོན། གཞུང་བརྒྱ་བ་དངོས་གྲུབ་དཔལ་འབར་གྱི་འདུལ་བའི་ལས་ཆོགཐར་རྩེ་ནམ་མཁའ་དཔལ་བཟང་གི་ལས་ཆོགའབྲུག་པ་པད་དཀར་གྱི་སྡོམ་གསུམ་རྒྱན་རྩ་འགྲེལ་དང་། འདུལ་བའི་ལས་ཆོག རྒྱ་མ་པ་ཡོན་ཏན་འོད་ཀྱི་བསྙེན་རྫོགས་ཀྱི་གསོལ་བཞིའི་ཆོ་གའི་དགེ་འདུན་མང་ཤོས་དང་ཉུང་ཤོས་གང་འཐད་ཀྱི་རྩོད་ལན་བུས་མཛད་པ། སྨན་ཐང་བ་དཀོན་མཆོག་ལྷུན་གྲུབ་ཀྱིས་ཞྭ་དམར་དྲུག་པ་དཀོན་མཆོག་ཡན་ལག་ལ་ཐག་རྒྱ་མ་རུང་མིན་དྲིས་པའི་ལན། རིགས་ལྡན་ངག་དབང་རྣམ་རྒྱལ་གྱིས་ཞྭ་ལུ་ལོ་ཙ་བར་མ་བྱིན་ལེན་གྱི་ཕམ་པའི་རིན་ཐང་གི་ཚད་དྲིས་པའི་ལན།

རྗེའི་སློབ་མ་སྨར་ཁམས་པ་གྲགས་པ་བཟང་བོའི་འདུལ་བ་ངོ་མཚར་སྣང་བ། གུང་རུ་རྒྱན་བཟང་བའི་འདུལ་བ། བཀྲས་ལྷུན་ཐོས་བསམ་གླིང་སློབ་དཔོན་བློ་བཟང་བཤེས་གཉེན་གྱི་འདུལ་བ་ཕན་བདེའི་ལམ་གསལ། ཐོས་གླིང་བྱང་སྟོན་བློ་གྲོས་རྒྱ་མཚོའི་འདུལ་བའི་སྤྱི་དོན་ཐར་འདོད་འཇུག་ངོགས། དཀྱིལ་ཁང་སངས་རྒྱས་རྒྱ་མཚོའི་འདུལ་བ་འདུལ་གཞུང་ལྟ་བའི་སྒྲོན་མེ། འདུལ་བ་ལུང་རིགས་ཉི་མའི་འོད་ཟེར། བློ་གྲོས་སྦས་པའི་ཀ་རི་ཀ་ལྔ་བཅུ་བའི་འགྲེལ་བ་ལེགས་བཤད་ཆུ་རྒྱུན། ཤར་རྩེ་ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱི་འདུལ་བའི་གཞི་སྟོད་མཁས་པའི་མགུལ་རྒྱན། གཞི་སྨད་གསལ་བའི་སྒྲོན་མེ། ཤར་རྩེ་བློ་གྲོས་ལེགས་བཟང་གི་འདུལ་བ་རིན་ཆེན་ཕྲེང་བའི་དགོངས་གསལ་ལ་སྤྱི་དོན། གཞུང་འགྲེལ། དུས་ཚིག་གསུམ། དྭགས་པོ་ཨོར་བ་བློ་གསལ་བཤེས་གཉེན་གྱི་འདུལ་བ་ལེགས་བཤད་ཉི་མའི་འོད་ཟེར། སེར་བྱེས་བདེ་ལེགས་ཉི་མའི་འདུལ་བ་ལེགས་བཤད་སྐལ་བཟང་ནོར་ཕྲེང་།

སེ་ར་རྗེ་བཙུན་པའི་འདུལ་བ་མཁས་པའི་མགུལ་རྒྱན། བསོད་གྲགས་པའི་འདུལ་བ་ལུང་རིགས་ཉི་མ། དུས་ཚིག་བརྒལ་ལན་རིང་མོ། སྡོམ་གསུམ་ནོར་བུའི་བྱི་དོར། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་འདུལ་བའི་གླེང་འབུམ་བླང་དོར་གསལ་བྱེད། གནས་བརྟན་འཇམ་དཀར་བས་དགེ་སློང་གི་བསླབ་བྱ་གསུང་བ་བཟང་སྐྱོང་བས་ཟིན་བྲིས་མཛད་པ། བློ་གྲོས་བརྟན་པའི་འདུལ་བའི་ལས་ཆོག་རིན་པོ་ཆེའི་ཕྲེང་བ། དྲུང་ཆེན་ལེགས་པ་བཟང་བོའི་འདུལ་བ། ཉི་མ་ཐང་བ་ཤེས་རབ་སྦྱིན་པའི་དུས་ཚིག། དམ་ཆོས་དཔལ་འབར་གྱི་འདུལ་བའི་མཐའ་དཔྱོད་ཨུཏྤལ་ཕྲེང་མཛེས། ཆོས་ཀྱི་བློ་གྲོས་ཀྱི་འདུལ་བ་ཉིན་བྱེད་དབང་བོ། པཎ་ཆེན་ན་བཟའ་བའི་འདུལ་བའི་བསླབ་བྱ་བླང་དོར་གསལ་བའི་མེ་ལོང་། རིན་ཆེན་རྒྱལ་མཚན་གྱི་སོ་ཐར་མདོའི་ལེགས་བཤད་འདུལ་བའི་སྡེ་སྣོད་མཛེས་རྒྱན། གུང་རུ། ཇོ་གདན་མཁན་པོ་དཔལ་ལྡན་གྲགས་པ། ཁྲིམས་དགེ་བཤེས་བསོད་ནམས་བཀྲ་ཤིས། སེར་བྱེས་བྱ་བྲལ་དགེ་བཤེས་སྐལ་བཟང་རྣམ་རྒྱལ་ཀྱི་འདུལ་བའི་སྡོམ་ཚིག།[19]བཅས་བྱུང་བར་གསུངས་སོ།།

འདིར་མ་འཁོད་པ་ཡང་ཡོད་དེ་ཀུན་མཁྱེན་མཚོ་སྣ་བའི་འདུལ་འགྲེལ་ཆེ་ཆུང་གཉིས་ཀ་དང་།  རྒྱལ་བ་དགེ་འདུན་གྲུབ་ཀྱི་འདུལ་འགྲེལ་རིན་ཆེན་ཕྲེང་བ་དང་། འདུལ་བའི་གླེང་འབུམ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་འདུལ་བའི་མཐའ་དཔྱོད།  གུང་ཐང་བསྟན་པའི་སྒྲོན་མེའི་འདུལ་བའི་སྡོམ། རྗེ་ཙོང་ཁ་པའི་འདུལ་བའི་གཞུང་འགའ་ཞིག་བཞུགས་པ་དག་དང་། མངའ་རིས་པཎ་ཆེན་གྱི་སྡོམ་གསུམ་རྣམ་ངེས་དང་། སྨིན་གླིང་ལོ་ཆེན་གྱི་དེའི་འགྲེལ་བ་སྡོམ་གསུམ་དཔག་སྙེ། ལས་ཆོག གཞི་གསུམ་གྱི་རྣམ་གཞག  འཇུ་མི་ཕམ་གྱི་སོར་མདོ་དང་། དགེ་ཚུལ་བསླབ་བྱ་ཀཱ་རི་ཀའི་འགྲེལ་བ། འགྲོ་མགོན་འཕགས་པའི་འདུལ་བའི་ལས་ཆོག་ཅིག་ཡོད་པ་སོགས་འཁོད་མེད་ལ། བོད་ཀྱི་འདུལ་བའི་ལས་ཆོག་ཅིག་ལ་འདི་ལས་དགའ་བ་མེད་[20]ཅེས་པཎ་ཆེན་ངག་ཆོས་ཀྱིས་གསུངས།

གསུམ།  མཚོ་ཊིཀ་གི་རྩོམ་ཚུལ་དང་དེའི་ཤུགས་རྐྱེན་སྐོར།
༡  མཚོ་ཊིཀ་མཛད་པ་པོའི་རྣམ་ཐར།

འདུལ་བ་འབུམ་སྡེའི་མངའ་བདག་ཏུ་བསྔགས་པ་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོའི་རྣམ་ཐར་ལ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་དུ་བསྡུས་པ་ཞིག་ཡོད་ལ། དུང་དཀར་ཚིག་མཛོད་དུ་ཡང་བསྡུས་པ་ཞིག་བཞུགས། ཁོང་གི་དངོས་སློབ་བྲག་གོར་མཁན་ཆེན་ཆོས་སྐྱབས་བཟང་པོས་མཛད་པའི་ཁོང་གི་གསོལ་འདེབས་ཤིག་ཡོད་པར་དུང་དཀར་ཚང་གིས་གསུངས་པས་དེ་ཡང་རྣམ་ཐར་འཆད་པར་གལ་ཆེན་ཞིག་ཏུ་གྱུར་ཡོད་དེ། ཡོངས་འཛིན་ནས་དགུང་གྲངས་བདུན་ཅུ་དོན་གཉིས་ལ་བཞུགས་པར་གསུངས་ཀྱང་གསོལ་འདེབས་དེར་རྗེ་ཙོང་ཁ་པ་དེའི་ཡང་སྤྲུལ་དུ་གསུང་པས། ཁོང་ནི་རབ་བྱུང་ལྔ་བའི་ལྕགས་ཁྱི་( ༡༣༡༠) ཡས་མས་ཤིག་ལ་འཁྲུངས་ཤིང་དགུང་གྲངས་བཞི་བཅུ་ལྷག་ལས་བཞུགས་མེད་པར་ཨ་ལགས་དུང་དཀར་གསུངས་སོ། །

བཤེས་གཉེན་བཟང་ཆེན་པ་དར་མ་བསོད་ནམས་ལས་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཤིང་། བཤེས་གཉེན་དེ་ཉིད་ལས་ལུང་སྡེ་བཞི་དང་། འདུལ་བ་མདོ་རྩ་བ་སོགས་ལ་གསན་ནས་ཚིག་དོན་མཐའ་དག་ཁུང་དུ་ཆུད་པར་མཛད་[21]དེ་འདུལ་འཛིན་མཁས་པ་ཆེན་པོར་གྱུར་ཏོ། །

གཞན་ཡང་སྒྲ་དང་ཚད་མ་སོགས་ལ་ཐུགས་གསན་གནང་ཚུལ་གོང་དུ་ཞུས་པའི་རྣམ་ཐར་དེ་དག་ཏུ་གསལ་ལ། འདུལ་འགྲེལ་འདི་ལ་མཇལ་ན་ཡང་ཤེས་ཐུབ་པར་འདུག་གོ །

༢  མཚོ་ཊིཀ་གི་རྩོམ་ཚུལ་དང་དེའི་ཤུགས་རྐྱེན་སྐོར།

དེ་ཡང་མཚོ་ཊིཀ་ལས། མདོར་ན་ལུང་དང་བསྟན་བཅོས་དེ་དག་ཐམས་ཅད་ལོ་གྲངས་མང་པོར་ལེགས་པར་བརྟག་ནས་དེ་རྣམས་ཀྱི་ལེགས་བཤད་ཕྱོགས་གཅིག་ཏུ་བསྡུས་ཏེ་ཉེ་བར་སྦྱར་བ་ཡིན་ནོ། །[22]ཞེས་བྱུང་ལ། པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས། དེང་སང་བོད་འདིར་འདུལ་བའི་ཕྱོགས་ལ་འདུལ་བ་མདོ་རྩ་དང་། དེའི་རྒྱ་ཆེར་འགྲེལ་ལ་ཚད་མར་བྱེད་པ་ཤ་སྟག་ཡིན་ལ།[23]ཞེས་གསུངས་པ་ལྟར་འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བའི་བསྟན་བཅོས་འདི་ནི་རྩ་བ་མདོ་རྩ་བ་ལ། འགྲེལ་བ་སློབ་དཔོན་ཆོས་བཤེས་ཀྱི་འདུལ་བ་མདོ་རྩ་བའི་རྒྱ་ཆེར་འགྲེལ་གཞིར་བཞག་ཅིང་། དེ་བཞིན་འདུལ་བ་སུམ་བརྒྱ་པ་དང་། དེའི་རང་འགྲེལ་འོད་ལྡན་སོགས་གོང་དུ་དྲངས་པའི་རྒྱ་གཞུང་དག་ལ་ཁུངས་བཅོལ་ཞིང་། བོད་ཀྱི་སྔ་རབས་ཀྱི་མཁས་པ་དག་གི་བཤད་ཚུལ་དག་ལ་དགག་གཞག་མཛད་དེ་བརྩམས་པར་གནང་[24]བ་ཞིག་ཡིན།

ཚད་མར་མཛད་པའི་གཞུང་གཙོ་བོ་ནི་ཊཱི་ཀ་སྟེ། སློབ་དཔོན་ཆོས་བཤེས་ཀྱིས་མཛད་པའི་མདོ་རྩ་བའི་རྒྱ་ཆེར་འགྲེལ་དེ་རེད་འདུག འོན་ཀྱང་དེ་ཡང་རིགས་པས་བརྟགས་ནས་གསུངས་པ་ཡིན་གྱི་དེའི་བཤད་ཚུལ་མཐའ་དག་རང་ལུགས་སུ་མཛད་པ་ནི་མིན་ཏེ།  དེའི་གསུངས་ཚུལ་ལ་ལན་རེར་དགག་པ་གནང་བའི་སྐབས་ཀྱང་ཡོད་པ་མཚོ་ཊིཀ་ན་ཤིན་ཏུ་གསལ་ལོ། ། དཔེར་ན། འདུལ་བ་མདོ་རྩ་བའི་ཞི་བ་སྤྱིར་བསྟན་གྱི་སྐབས་སུ་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་བསད་པ་ལ་ཡང་ངོ་། ། ཞེས་པའི་དོན་འགྲེལ་བ་ལ། རྒྱ་ཆེར་འགྲེལ་ལས་མི་སྤྲུལ་སྟག་ཏུ་བསྒྱུར་བ་གསོད་པ་ན་དེར་འདུ་ཤེས་པའམ་གཞན་མིར་འདུ་ཤེས་གང་ཡིན་ཕམ་པ་འབྱུང་བར་གསུངས་པ་ལ།  མིར་འདུ་ཤེས་ཏེ་བསད་ན་འབྱུང་གྱི་མི་མ་ཡིན་པར་སྟག་ཏུ་འདུ་ཤེས་ཏེ་བསད་ན་ཕམ་པ་སྦོམ་པོར་འགྱུར་བའི་ཚུལ་ཁུངས་དང་བཅས་ཏེ་དགག་པར་མཛད་[25]པ་ལྟ་བུའོ། །

འགྲེལ་ཆུང་སྟེ། འདི་ཡོན་ཏན་འོད་ཀྱིས་མཛད་པར་གྲགས་པ་དེ་ཡིན་པ་འདྲ་སྟེ།  དེ་འགོག་པའི་སྐབས་མང་ཡང་ལན་རེར་ཁུངས་སུ་གནང་བ་ཡང་ཡོད་པས་ཁོང་ཉིད་ཀྱིས་གསུངས་པ་བཞིན་ལེགས་པར་བརྟགས་ནས་སྦྱར་བ་ཞིག་ཡིན་འདུག་གོ །  དེ་བཞིན་དུ་རྒྱ་འགྲེལ་ལ་ཡང་དགག་བཞག་བྱས་པ་མང་པོ་ཡོད་ལ། བོད་ཀྱི་འབྲེལ་བ་ཡིན་ཡང་རིགས་པས་ལེགས་པར་གྲུབ་པ་དག་ལ་རང་ལུགས་སུ་བྱས་པ་ཡིན་ནོ། ། སྤྱིར་རྒྱ་གར་མཁས་པ་ཕྱོགས་སྔར་གནང་སྐབས་མཚན་དཀྱུས་སུ་བཀོད་པ་དང་། བོད་ཀྱི་མཁས་པའི་མཚན་མཆན་གྱི་ནང་དུ་བཀོད་པའི་ཁྱད་པར་ཡང་འདུག་གོ །

མཚོ་ཊིཀ་ཉི་མའི་འོད་ཟེར་གྱིས་དེའི་སྔོན་དུ་བྱུང་བའི་བོད་ཀྱི་འདུལ་འགྲེལ་གྱི་སྐར་མའི་ཚོགས་མོག་མོག་པོར་བྱས་པས་ན། རྗེ་རིན་པོ་ཆེ་ཙོང་ཁ་པས། འདུལ་བ་འབུམ་སྡེའི་མངའ་བདག་མཚོ་སྣ་བ། །ཞེས་ལམ་རིམ་བརྒྱུད་པའི་གསོལ་འདེབས་སུ་བསྔགས་བརྗོད་ཞུས་ཡོད།  འདི་ལ་གཟིགས་ནས་འདུལ་འགྲེལ་བརྩམས་པའི་མཛད་པ་ཡང་བསྐྱུང་བར་གྲགས་སོ། ། དེ་བཞིན་དེའི་ཕྱིས་སུ་བྱོན་པའི་འདུལ་བ་འཛིན་པ་དག་གིས་ཀྱང་དེ་ལས་གསུངས་པའི་སོར་སྡོམ་གྱི་མཚན་ཉིད་དང་། སྔོན་ཆོག་གི་གྲངས། སྡོམ་པའི་གཏོང་རྒྱུ། མ་བྱིན་ལེན་གྱི་རིན་ཐང་གི་ཚད་ལྟ་བུ་སོགས་ཁས་ལེན་ཕྲན་བུའི་ཐད་ནས་ཁོང་གི་བཞེད་པ་བཞིན་ཁས་མི་ལེན་པ་མཐོང་ཡང་།  ད་ལྟ་བར་དུ་ཆོས་བརྒྱུད་དང་མཁས་པ་སྤྱིའི་ཐུན་མོང་དུ་ཁས་ལེན་པའི་བོད་ཀྱི་འདུལ་འགྲེལ་ལ་འདི་ལས་ལྷག་པ་མེད་དོ། །

མཇུག་བསྡུ་བ།

སྤྱིར་ང་ཚོས་མཚོ་ཊིཀ་ལ་མཇལ་སྐབས་དེར་དྲངས་པའི་གཞུང་དག་སུ་དང་སུས་མཛད་པ་གསལ་བོར་མ་བྱུང་བ་མང་པོ་བྱུང་ལ། གཞན་ཡང་དེ་རུ་བྱུང་བའི་ཁ་ཅིག་དག་གཞུང་གང་ཡོད་མི་གསལ་བ་དང་མཚན་ཡང་ཞིབ་དུ་མ་བཀོད་པ་བཅས་ཀྱིས་དཀའ་ངལ་ལ་འཕྲད་འོང་། དཀའ་ངལ་འདི་ནི་ཁྲིད་རྒྱུན་ལས་རྙེད་དགོས་པ་ཞིག་དང་། ཡང་ན་དཔེ་ཆ་མང་བོ་བཀླགས་ཏེ་སེལ་དགོས་པ་ཞིག་ཏུ་གྱུར་ཡོད།

ཁོ་བོས་ད་ལྟ་འདུལ་བ་མཚོ་ཊིཀ་ལ་སློབ་གཉེར་གྱི་གཟུགས་བརྙན་འཛིན་བཞིན་ཡོད་ལ། དབྱར་གྱི་གུང་སེང་གི་དུས་སུ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཡོང་ནས་ཉིན་ཉི་ཤུ་ལྷག་ལ་བསྡད་རྒྱུ་བྱུང། དེའི་སྐབས་སུ་བླ་རུང་ལྔ་རིག་དཔེ་མཛོད་ཁང་དེར་ཨ་གསར་ལྟ་བུས་དཔེ་ཆ་ཀློག་པར་ཐེངས་མང་པོར་སོང་། བརྗོད་གཞི་འདི་དང་འབྲེལ་བའི་དཔེ་ཆ་ཡང་མང་པོ་འདུག་པས་ཕྱོགས་བཏུས་བྱ་རྒྱུའི་བརྩོན་པ་བྱས་པ་ཡིན་ལ། རིམ་གྱིས་དཔྱད་གཞི་འདི་ནི་ཤིན་ཏུ་རྒྱ་ཆེ་བ་ཚོར་བྱུང་།

འདི་ནི་རང་གིས་བརྗོད་གཞི་འདི་ལ་ཞིབ་ཏུ་བརྟག་པའི་གོ་སྐབས་བྱུང་ན་སྙམ་ཏེ་གསུང་རྩོམ་མི་འདྲ་བ་ལས་ལ་བཏུས་ལུང་བཏུས་བྱས་པ་ཡིན་ཡང་། གོང་འོག་གི་རིམ་པ་འདི་ལྟར་བསྒྲིགས་པས་བཀླག་ས་འགྲོ་བ་ཞིག་ཏུ་བྱུང་འདུག་ཅིང་། ཕྱོགས་སྔ་དག་གི་ལོ་རྒྱུས་དང་འདུལ་གཞུང་། འདོད་ཚུལ་སོགས་ལ་ཞིབ་ཏུ་གཏོང་དགོས་པ་མང་པོ་འདུག་པས། ཅི་བཞིན་པ་ཞིག་བྱུང་ན་དགོས་པ་ཡང་ཆེ་བར་སྣང་ངོ་། །

རྩོམ་ཐུང་འདི་བྲི་བའི་བགྱི་བ་དང་དུ་ལེན་སྐབས་སྤུན་མཆེད་དམ་པ་ཆོས་ཀྱི་ཉི་མ་དང་འབུམ་སྐྱབས་གཉིས་ནས་ལུང་ཁུངས་བསྐྱར་བཤུ་དང་། རྩོམ་གྱི་ཚིག་དོན་ལ་ཞུ་དག་དང་དཔྱད་པ་གནང་བ་སོགས་ཀྱི་རོགས་རམ་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུའོ། །

སྨྲས་པ།  འདུལ་གཞུང་པད་མ་དཀར་པོའི་སྐྱེད་ཚལ་དུ། །
འགྲེལ་ཊཱིཀ་ཉི་མའི་འོད་ཀྱི་ཟེགས་པ་བབས། །
གཞུང་བརྒྱའི་དཀའ་གནད་བཀྲོལ་པའི་ཟིལ་མངར་ལ། །
སྐལ་ལྡན་བུང་བ་རྣམ་འཕུར་རྩེ་དགའ་དགོད། །

གཞན་མིན་རང་ལ་དྲན་པ་གསོ་བའི་རྟེན། །
གང་ཤེས་གཏམ་གྱི་ཚུན་པོ་དེང་འདིར་སྤེལ། །
འདི་ལ་ནོར་བའི་ལྗན་ལྗིན་གང་ཡོད་ཀུན། །
གཟུར་གནས་བློ་ལྡན་རྣམས་ཀྱི་སྤྱན་སྔར་བཤགས། །

ཕྱི་ལོ  ༢༠༢༤ ལོའི་བོད་ཟླ  ༦ ཚེས ༡༥ ལ་ཡུལ་མདོ་སྨད་ཀྱི་གྲྭ་ས་ཆེན་མོ་མཐོ་ལས་སུ་མཇུག་གྲུབ།

དཔྱད་གཞིའི་ཡིག་ཆ། 

[1]ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་མཛད། ཆོས་མངོན་པའི་ལྟ་གྲུབ་འཕེལ་རིམ་འབྲེལ་ཡོད་དང་བཅས་པའི་དཔྱད་ཞིབ། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་གསུང་འབུམ་པོད་དགུ་པ། [M]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ༧ ཤོག་ངོས། ༦༡

[2]བུ་སྟོན་ཆོས་འབྱུང་།  བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ ༡༢  ཤོག་ངོས།  ༡༦༢

[3]  འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད།[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༠  ༡༡

[4]  བོད་ཀྱི་མཁས་པ་སྔ་ཕྱི་དག་གི་གྲུབ་མཐའི་ཤན་འབྱེད་མཐའ་དཔྱོད་དང་བཅས་པའི་འབེལ་བའི་གཏམ་སྐྱེས་དཔྱོད་ལྡན་མཁས་པའི་ལུས་རྒྱན་རིན་ཆེན་མཛེས་པའི་ཁྲ་ཚོམ། པཎ་ཆེན་ངག་ཆོས་ཀྱིས་མཛད།མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་པོད་ཆེན་དྲུག་གི་འགྲེལ་བ། པོད་ང་པ། [M]བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ༦ ཤོག་ངོས། ༤༨-༦༨

[5]  འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༠  ༡༡

[6] སྡེ་དགེ་བཀའ་འགྱུར་དཀར་ཆག སི་ཏུ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བས་མཛད། བཀའ་འགྱུར་དཔེ་སྡུར་མའི་པོད ༡༠༥ པ། [G] ༢༠༠༨ ཤོག་ངོས། ༢༤༧

[7] བུ་སྟོན་ཆོས་འབྱུང་། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ ༡༢  ཤོག་ངོས།༡༦༢

[8] ཆོས་མངོན་པའི་ལྟ་གྲུབ་འཕེལ་རིམ་འབྲེལ་ཡོད་དང་བཅས་པའི་དཔྱད་ཞིབ། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་མཛད། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་གསུང་འབུམ་པོད་དགུ་པ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ༧ ཤོག་ངོས། ༦༡

[9] སྡེ་དགེ་བཀའ་འགྱུར་དཀར་ཆག སི་ཏུ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བས་མཛད། བཀའ་འགྱུར་དཔེ་སྡུར་མའི་པོད ༡༠༥ པ། [G] ༢༠༠༨ ཤོག་ངོས།༢༣༦-༢༥༠

[10] བོད་ཀྱི་མཁས་པ་སྔ་ཕྱི་དག་གི་གྲུབ་མཐའི་ཤན་འབྱེད་མཐའ་དཔྱོད་དང་བཅས་པའི་འབེལ་བའི་གཏམ་སྐྱེས་དཔྱོད་ལྡན་མཁས་པའི་ལུས་རྒྱན་རིན་ཆེན་མཛེས་པའི་ཁྲ་ཚོམ། པཎ་ཆེན་ངག་ཆོས་ཀྱིས་མཛད།   མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་པོད་ཆེན་དྲུག་གི་འགྲེལ་བ། པོད་ང་པ། [M] བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ༦ ཤོག་ངོས། ༤༨-༦༨

[11]  འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༠  ༡༡

[12] དུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། འ [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༠  ༡༡

[13]  འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༠  ༡༡

[14]   བོད་ཀྱི་མཁས་པ་སྔ་ཕྱི་དག་གི་གྲུབ་མཐའི་ཤན་འབྱེད་མཐའ་དཔྱོད་དང་བཅས་པའི་འབེལ་བའི་གཏམ་སྐྱེས་དཔྱོད་ལྡན་མཁས་པའི་ལུས་རྒྱན་རིན་ཆེན་མཛེས་པའི་ཁྲ་ཚོམ། པཎ་ཆེན་ངག་ཆོས་ཀྱིས་མཛད།  མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་པོད་ཆེན་དྲུག་གི་འགྲེལ་བ། པོད་ང་པ། [M] བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ༦ ཤོག་ངོས། ༤༨-༦༨

[15] སྡོམ་གསུམ་རྣམ་པར་ངེས་པ་དང་དེའི་འགྲེལ་བ་དཔག་བསམ་སྙེ་མ། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་མཛད། [M] གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་།

[16]  བོད་ཀྱི་མཁས་པ་སྔ་ཕྱི་དག་གི་གྲུབ་མཐའི་ཤན་འབྱེད་མཐའ་དཔྱོད་དང་བཅས་པའི་འབེལ་བའི་གཏམ་སྐྱེས་དཔྱོད་ལྡན་མཁས་པའི་ལུས་རྒྱན་རིན་ཆེན་མཛེས་པའི་ཁྲ་ཚོམ། པཎ་ཆེན་ངག་ཆོས་ཀྱིས་མཛད།  མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་པོད་ཆེན་དྲུག་གི་འགྲེལ་བ། པོད་ང་པ། [M]བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ༦ ཤོག་ངོས། ༤༨-༦༨

[17] ཤེས་བྱ་ཀུན་ཁྱབ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ༨

[18]  སྡོམ་གསུམ་རྣམ་པར་ངེས་པ་དང་དའི་་འགྲེལ་བ་དཔག་བསམ་སྙེ་མ། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་མཛད། [M] གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་།

[19] དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ། རྗེ་ཤེས་རབ་རྒྱ་མཚོས་མཛད།  དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པའི་གཏེར་མཛོད་རྗེ་ཤེས་རབ་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ། པོད་བདུན་པ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༦  ༡༢ ཤོག་ངོས། ༣༥༢-༣༥༥

[20]  བོད་ཀྱི་མཁས་པ་སྔ་ཕྱི་དག་གི་གྲུབ་མཐའི་ཤན་འབྱེད་མཐའ་དཔྱོད་དང་བཅས་པའི་འབེལ་བའི་གཏམ་སྐྱེས་དཔྱོད་ལྡན་མཁས་པའི་ལུས་རྒྱན་རིན་ཆེན་མཛེས་པའི་ཁྲ་ཚོམ། པཎ་ཆེན་ངག་ཆོས་ཀྱིས་མཛད།  མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་པོད་ཆེན་དྲུག་གི་འགྲེལ་བ། པོད་ང་པ། [M]བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ༦ ཤོག་ངོས། ༤༨-༦༨

[21]ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད།  [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  ༢༠༡༡ ༡ ཤོག་ངོས།  ༤༤༧-༤༥༠

[22] འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༠  ༡༡

[23] བོད་ཀྱི་མཁས་པ་སྔ་ཕྱི་དག་གི་གྲུབ་མཐའི་ཤན་འབྱེད་མཐའ་དཔྱོད་དང་བཅས་པའི་འབེལ་བའི་གཏམ་སྐྱེས་དཔྱོད་ལྡན་མཁས་པའི་ལུས་རྒྱན་རིན་ཆེན་མཛེས་པའི་ཁྲ་ཚོམ། པཎ་ཆེན་ངག་ཆོས་ཀྱིས་མཛད།   མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་པོད་ཆེན་དྲུག་གི་འགྲེལ་བ། པོད་ང་པ། [M]བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ༦ ཤོག་ངོས། ༤༨-༦༨

[24]  འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ།  ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད།  [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༠  ༡༡

[25] འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༠  ༡༡

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།