ནུབ་ཕྱོགས་ཆོས་ལུགས་ཀྱི་ལྷ་ཡུལ་དང་དམྱལ་ཁམས།

0
914

ནང་དོན་གནད་བསྡུས།

གནའ་བོའི་རྗེའུ་ཆོས་ལུགས་ཀྱི་རྩ་བའི་ཆོས་གཞུང་ལྷ་ཆེམས་རྙིང་མའི་དགོངས་པ་དང་། གནའ་བོའི་གྷི་རི་སིའི་ལྷ་སྒྲུང་གི་ཟེར་སྒྲོས། གྷི་རིགས་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་སོགས་གཞི་གཅིག་ཏུ་འབྲེལ་བ་ལས་ཡེ་ཤུའི་ཆོས་ལུགས་ཀྱི་ལྷ་ཡུལ་དང་དམྱལ་ཁམས་ཀྱི་རྣམ་བཞག་དེ་བྱུང་བས། དེ་ལས་ཞིབ་ཆ་ཆེ་བ་དང་སྐད་གྲགས་ཆེ་བ་ཞིག་ནུབ་ཕྱོགས་པའི་ཆོས་ལུགས་གཞན་པ་གང་གི་ནང་དུ་ཡང་མེད་པར་མངོན། གཞན་པས་བཤད་པ་ཐམས་ཅད་དེའི་ནང་དུ་འདུས་ནས་ཡོད་པ་འདྲ་བས་ཧ་ཅང་གལ་གནད་ཆེ། དེ་བས་རྩོམ་ཐུང་འདིའི་ནང་དུ་ཡེ་ཤུ་པའི་ལུགས་ཀྱི་ལྷ་ཡུལ་དང་དམྱལ་ཁམས་ཀྱི་རྣམ་བཞག་གལ་ཆེ་བ་རྣམས་སྙིང་བསྡུས་བྱས་ཏེ་བྲིས་ཡོད་དོ། །

གནད་ཚིག ལྷ་ཡུལ། དམྱལ་ཁམས། སྒྲུབ་སྦྱོང་བྱེད་གནས། དགེ་སྡིག 

མཚམས་སྦྱོར།

སྔ་ཕྱིར་དར་བའི་ནུབ་ཕྱོགས་ཀྱི་ཆོས་ལུགས་ཆེ་ཁག་དང་། མཚན་ཉིད་རིག་པའི་གྲུབ་མཐའ་རྣམས་རིག་གནས་ཀྱི་ཁོར་ཡུག་གཅིག་གི་ནང་ནས་དར་འཕེལ་བྱུང་བས། གྷི་རིགས་ཀྱི་མཚན་ཉིད་མཁན་པོ་ཁ་ཤས་ཀྱི་ལྟ་གྲུབ་ལ་སྔར་ནས་དར་བའི་རྗེའུ་ཆོས་ལུགས་ཀྱི་ཤན་མི་ཉུང་བ་ཡོད་ཅིང་། ཕྱིས་སུ་དར་བའི་ཡེ་ཤུའི་ཆོས་ལུགས་ལ་གནའ་བོའི་གྷི་རིགས་ཀྱི་མཚན་ཉིད་རིག་པའི་ཤན་ཟབ་མོ་ཐེབས་ཞེས་ཟེར་ལ། ཞིབ་ཏུ་བལྟས་ན་དེ་དག་ལ་རིམ་བཞིན་ཁ་ཇེ་གསལ་དང་ཞིབ་ཆ་ཇེ་ཆེར་བཏང་བའི་ལྟ་གྲུབ་ཀྱི་འཕེལ་རིམ་ཡང་མང་དུ་མཐོང་།

དེ་རིང་སྐབས་སུ་བབ་པ་ལྷ་ཡུལ་དང་དམྱལ་བའི་སྐོར་ནས་བཤད་ན། ལྷ་ཆེམས་རྙིང་མའི་ནང་གི་རྙིང་མ་སྟེ་རྗེའུ་ཆོས་ལུགས་ཀྱི་སྟོན་པ་མོ་ཤཱི་(Moses)མཆོག་གིས་སྤྱི་ལོའི་སྔོན་གྱི་ལོ་༡༤༥༠ཙམ་ནས་དབུ་བཟུང་སྟེ་མི་ལོ་བཞི་བཅུའི་ཡུན་དུ་བྲིས་པ། བསྡུས་མིང་ལ་འཇིག་རྟེན་བཀོད་པའི་མདོ་ “创世记”ཞེས་པའི་ནང་དུ་བྱེད་པོས་སྣོད་བཅུད་ཧྲིལ་བོ་ཉིན་དྲུག་ལ་བསྐྲུན་ཚུལ་དང་། བར་སྣང་དུ་ལྷ་ཡུལ་ཡོད་ཅིང་དེར་བྱེད་པོ་བཞུགས་ཏེ་འཇིག་རྟེན་ཡོངས་ལ་ཚོད་འཛིན་བྱེད་རབས་སོགས་མང་དུ་བཤད་ཀྱང་། ལྷ་ཡུལ་དེ་ནམ་མཁའི་མཐོ་དམན་ག་ཚད་ལ་གནས་པ། གྲུབ་ཆ་ཅི་ཞིག་ཡིན་པ། གནས་རིས་དུ་ཙམ་ཡོད་པ་སོགས་ཀྱི་ཐད་ལ་གསལ་བཤད་ཅི་ཡང་གནང་མེད་ལ། ཞབས་ཕྱོགས་ཀྱི་ས་འོག་ག་ཤེད་ན་དམྱལ་ཁམས་ཆགས་ཡོད་སྐད་དང་། དེར་བྱེད་པོ་དང་འགལ་ཟླ་བྱུང་བའི་བདུད་འདྲེ་རྣམས་བཀག་སྐྱིལ་བྱས་ཡོད་རབས་སོགས་མང་དུ་བཤད་ཀྱང་། དམྱལ་བའི་དབྱེ་བ་དང་སྡུག་བསྔལ་གྱི་རྣམ་གྲངས་སོགས་ནི་དེ་ཙམ་ཞིབ་ཆ་བྱས་ནས་བྲིས་མེད།

དེ་ནས་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པའི་ནང་ལ་བྱོན་པའི་གྷི་རིགས་ཀྱི་མཚན་ཉིད་མཁན་པོ་ཕལ་མོ་ཆེས་ནམ་མཁའི་དབུས་སུ་སའི་གོ་ལ་གནས་པ་དང་། དེའི་ཕྱི་རིམ་དུ་རིམ་པས་གཟའ་བདུན་ཆགས་ཚུལ་བཤད་ན་ཡང་དེ་དག་ལྷ་ཡུལ་ཡིན་པའི་སྒྲོས་ཆེར་མ་མཐོང་ལ། དམྱལ་བའི་རྣམ་བཞག་ནི་དེ་བས་ཀྱང་མ་བཤད་མོད། དེ་ནས་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་པའི་སྟོད་ལ་བྱོན་པའི་མཁས་མཆོག་ཕོ་ལཱ་ཐོའི་(Platoསྤྱི་ལོའི་སྔོན༤༢༧-༣༤༧)གཞུང་དུ་དེ་དག་ལྷ་ཡུལ་ཡིན་པ་དང་། དེ་ཚོའི་ཐོག་ཏུ་ལྷ་ཚོགས་བཞུགས་པ། མི་ཤི་བའི་རྗེས་སུ་དགེ་བ་འབའ་ཞིག་སྒྲུབ་མཁན་ལྷ་ཡུལ་དང་སྡིག་པ་འབའ་ཞིག་སྒྲུབ་མཁན་དམྱལ་ཡུལ་དུ་འགྲོ་དགོས་ཚུལ། དགེ་སྡིག་འདྲེས་མར་བྱས་པ་ལ་ཤས་ཆེ་ཆུང་གི་དབྱེ་བ་ཕྱེས་ཏེ་སྒྲིབ་སྦྱོང་བྱེད་སར་འདུག་དགོས་རབས། བར་དོ་ནས་ཆུ་བོ་ཆེན་པོ་ལྔ་ཙམ་འབབ་བཞིན་ཡོད་སྐད་སོགས་མང་དུ་བཤད་ཀྱང་བར་དོ་དང་དམྱལ་ཁམས་ཀྱི་ས་མཚམས་ཐ་དད་དུ་གསལ་བོར་ཕྱེས་མེད་པར་བཤད།

དེ་ནས་ཕྱིས་ཀྱི་སྤྱི་ལོའི་དུས་རབས་གཉིས་པའི་ནང་དུ་གནམ་རིག་པ་གྲགས་ཅན་ཁྲོའུ་མིས་སྲི་(Claudius Ptolemaeusསྤྱི་ལོ་༩༠–༡༦༨)ཡིས་ཕྱོགས་བསྡུས་ཆེན་མོ་“伟大论”ཞེས་པའི་དཔེ་བ་བརྩམས་ཏེ་དེའི་ནང་དུ་སྔར་གྱི་མཁས་པ་ཚོས་གཏན་ལ་ཕབ་པའི་གནམ་རིམ་པ་བརྒྱད་ཀྱི་ཐོག་ཏུ། སྲིད་རྩེ་དང་གཙང་མེའི་གནས་ཞེས་པའི་རིམ་པ་གཉིས་ཁ་བསྣོན་བརྒྱབ་སྟེ་གནམ་རིམ་པ་༡༠རུ་བྱས།

དེ་ནས་དུས་རབས་བཅུ་གསུམ་པའི་སྨད་ལ་ཕེབས་པའི་ཡེ་ཤུའི་ཆོས་པ་གྲགས་ཅན་ཏིན་ཐེ་ཨི་ལའེ་རི་ (Dante Alighieri ༡༢༦༥-༡༣༢༡)ཞུ་བས་ཁྱད་འཕགས་ཀྱི་སྤྲོ་གར་“神曲 ”ཞེས་པ་བརྩམས་ཏེ་དེའི་ནང་དུ་གནའ་བོའི་ལྷ་སྒྲུང་དང་། གྷི་རིགས་ཀྱི་མཚན་ཉིད་རིག་པ། ཡེ་ཤུའི་ཆོས་ལུགས་ཀྱི་འདོད་ཚུལ་སོགས་མཉམ་དུ་བསྲེས་ཏེ་སྟེང་མ་ལྷ་ཡུལ་ལ་གནས་རིས་གོང་འོག་བཅུ། འོག་མ་དམྱལ་ཁམས་ལ་རིམ་པ་སྟེང་འོག་དགུ། དེ་གཉིས་ཀྱི་བར་དུ་ཆགས་པའི་སྒྲིབ་སྦྱོང་བྱ་ས་ལ་རིམ་པ་ཐོག་འོག་བདུན་ཡོད་ཚུལ་སོགས་གསལ་རྒྱས་རྫོགས་པའི་སྒོ་ནས་བྲིས་པས། སྐད་གྲགས་དང་ཤུགས་རྐྱེན་གཉིས་ཀ་བསམ་ཡུལ་ནས་འདས་པ་བྱུང་བར་གྲགས། དེ་བས་དེའི་ནང་དུ་འཁོད་པའི་རྣམ་གཞག་ངོ་མཚར་བ་འགའ་ཞིག་ཁ་བ་གངས་ཅན་གྱི་ཀློག་པོ་དག་གི་ཡིད་ཀྱི་བདུད་རྩི་རུ་དམིགས་ནས་གླེང་བར་ཞུགས་སོ།  །

༡ ཁྱད་འཕགས་ཀྱི་སྤྲོ་གར།

ད་སྐབས་ཡོ་རོབ་གླིང་གི་བསྟན་བཅོས་གྲགས་ཅན་བཞིའི་གྲལ་དུ་ཚུད་ཡོད་སྐད་འདུག་པའི་དཔེ་ཆ་དེ་ནི་གཞུང་ཁོ་རང་གི་འབྲི་སྟངས་ལྟར་བཤད་ན། རྩོམ་པ་པོ་རང་ཉིད་ཟླ་བོ་ཞིག་དང་ལྷན་དུ་ས་གོ་ལའི་བྱང་ངོས་ཀྱི་སྐམ་སའི་ཐོག་ནས་ས་ཞབས་སུ་འཛུལ་ནས་དམྱལ་ཁམས་ལ་ལྟ་སྐོར་དུ་སོང་། དམྱལ་བའི་འགྲུལ་བཞུད་རྫོགས་རྗེས་ས་གོ་ལའི་ལྷོ་ངོས་ཀྱི་རྒྱ་མཚོའི་དབུས་ནས་ཡར་འཛེགས་ཏེ་སྒྲིབ་སྦྱོང་བྱེད་སར་ལྟད་མོར་ཕྱིན། དེ་རྗེས་བར་སྣང་དུ་འཕུར་ཏེ་དང་པོ་ཟླ་བའི་ཐོག་ཏུ་བབ་ནས་ཟླ་བའི་ཁོར་ཡུག་ལ་གཟིགས་མོ་མཛད། དེ་ནས་ཉི་མ་སོགས་གཟའ་སྐར་གཞན་པའི་ཐོག་ཏུ་རིམ་པས་ཕེབས་ཏེ་མཐར་ལམ་བར་གྱི་མཐོང་སྣང་ཇི་སྙེད་སྒེར་གྱི་མྱོང་ཚོར་དང་སྦྲགས་ཏེ་གླེབས་བམ་དུ་བྲིས་པ་ཞིག་གོ །

དེ་ལྟར་སྲིད་པ་གསུམ་དུ་ལྗོངས་རྒྱུར་ཕྱིན་པའི་མཐོང་སྣང་རྣམས་ཟིན་ཐོར་ཕབ་པ་ལྟ་བུའི་དཔེ་ཆ་དེ་ལ་ལེའུ་༩༩དང་རྒྱ་འགྱུར་དུ་མཆན་དང་བཅས་ན་ཤོག་ངོས་༡༦༠༠ཙམ་འདུག་པས། ལེ་ལོ་ཅན་བདག་ལྟ་བུས་དེའི་ནང་གི་བརྗོད་བྱ་ཐམས་ཅད་འབྲི་ཐུབ་པའི་རེ་བ་མ་མཆིས་ལ། རེ་བ་ཡོད་ཀྱང་དགོས་པ་མ་མཐོང་བས་ད་ནི་དགོས་མེད་ཀྱི་སྤྲོས་པ་དོར་ཏེ་ཆེས་གལ་ཆེ་བའི་རྣམ་བཞག་འགའ་ཞིག་ངོ་སྤྲད་པར་བྱའོ། །

༢ ལྷ་གནས།

ལུང་ཞིབ་ཏུ་དྲངས་ན་ཧ་ཅང་ཉོབ་པའི་སྐྱོན་དུ་འགྱུར་བས་ལུང་དོན་བསྡུས་ཏེ་བཤད་ན། ནམ་མཁའི་དཀྱིལ་དུ་སའི་གོ་ལ་གཡོ་མེད་དུ་གནས་པ་ལ་དེའི་མཐའ་ཁ་ནས་མུ་ཁྱུད་ལྟ་བུའི་མེ་ར་ཟླུམ་པོ་ཞིག་གིས་སྐོར། དེའི་སྟེང་ཕྱོགས་སུ་ལྷ་གནས་བཅུ་པོ་རིམ་བརྩེགས་ཀྱི་ཚུལ་དུ་ཆགས། གོང་འོག་གི་རིམ་པ་ལྟར་ལྷ་གནས་འོག་མ་འོག་མ་ལས་གོང་མ་གོང་མ་རྣམས་རིམ་པ་མཐོ་ཞིང་བདེ་སྐྱིད་ཆེ། དེ་དག་ཏུ་སྐྱེ་བ་ལ་ཅིས་ཀྱང་ཚང་དགོས་པའི་མ་མཐའི་ཆ་རྐྱེན་དང་པོ་ནི་གསོན་པའི་དུས་སུ་ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པ་དང་བསྟན་པ་ལ་དད་པ་བཅོས་མིན་བྱེད་རྒྱུ་ལས་ཐབས་ལམ་གཞན་པ་མེད། དེས་ན་ལྷ་ཆེམས་གསར་མའི་ནང་དུ་ཡང་དད་པ་མེད་ན་བྱེད་པོ་དགྱེས་པར་བྱེད་མི་ནུས་ཞེས་འབྱུང་། མ་མཐའི་ཆ་རྐྱེན་དེ་ཚང་བའི་ཐོག་ནས་སོ་སོའི་བྱ་བཞག་ཆེ་ཆུང་དང་། དགེ་བ་ལྕི་ཡང་ལ་བརྟེན་ནས་ལྷ་གནས་མཆོག་དམན་སོ་སོའི་ཐོག་ཏུ་འགྲོ་བཏུབ་པ་ཡིན་ནོ།

དེ་ཡང་སྲིད་གསུམ་ཉུལ་བའི་རྩོམ་པ་པོ་ཁོང་གིས་མཐོང་བ་དང་ཤེས་པ་ལྟར་ན། ལྷ་གནས་དང་པོ་ཟླ་བའི་ཐོག་ཏུ་དད་པ་དང་དམ་ཚིག་མི་བརྟན་པའི་གཤིན་པོ་རྣམས་བགྲོད་ནུས། གཉིས་པ་ལྷག་པའི་ངོས་སུ་གཟི་བརྗིད་ཅན་གྱི་བྱ་བ་ལ་འབད་དེ་མཛད་རྗེས་རླབས་ཆེན་བཞག་པ་རྣམས་འགྲོ་ཐུབ། གསུམ་པ་པ་སངས་ཀྱི་སྟེང་དུ་བྱམས་བརྩེ་ཅན་གྱི་མི་རྣམས་སོང་ན་ཆོག་ཅིང་དེར་ཕྱིན་པ་ཚོས་རྒྱུན་དུ་སེམས་ཁམས་སྐྱིད་པོའི་ངང་ནས་བྲོ་གར་འཁྲབ། བཞི་པ་ཉི་མའི་ངོས་སུ་ཤེས་རབ་ཅན་རྣམས་སོང་ནས་སྐབས་དེ་དང་དེའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཐད་ལ་བགྲོ་གླེང་མཛད། ལྔ་པ་མིག་དམར་ཐོག་ཏུ་ཆོས་ལུགས་ཀྱི་དོན་དུ་ཚེ་སྲོག་ཕུལ་བའི་དཔའ་བོ་རྣམས་བཞུགས། དྲུག་པ་ཕུར་བུའི་ངོས་སུ་དྲང་བདེན་ཅན་རྣམས་གླུ་གར་གྱི་དཔལ་ལ་རོལ་བཞིན་གནས།

བདུན་པ་སྤེན་པའི་ཐོག་ཏུ་ཁུ་སིམ་མེར་བསམ་གཞིག་བྱེད་མཁན་རྣམས་འགྲོ་ནུས་པ་ལ། ད་ལྟའི་ཆར་ཡེ་ཤུ་མཱ་ཤི་ཀའི་བུ་སློབ་ཁ་ཤས་དང་མིའི་རིགས་ཀྱི་མེས་པོ་ཨེ་དྷམ་(Adam)སོགས་བཞུགས་པ་མཐོང་། བརྒྱད་པ་གཟའ་བདུན་པོའི་ཕྱི་རོལ་ནས་འཁོར་བའི་བརྟན་སྐར་རྣམས་ཀྱི་ངོས་སུ་སྟོན་པ་ཡེ་ཤུ་མཱ་ཤི་ཀ་(Christ)དང་ཁོང་གི་མ་ཡུམ་ལ་སྔགས་བརྗོད་བྱེད་མཁན་རྣམས་འདུག་པ་རིག། དགུ་པ་ཆུ་ཤེལ་གྱི་ལྷ་གནས་སམ་ཐོག་མའི་སྒུལ་ཤུགས་ཞེས་གྲགས་པའི་གནས་སུ་ལྷའི་ཕོ་ཉ་རྣམས་བཞུགས་ཡོད་པ་མཇལ་ལ། འཇིག་རྟེན་བྱེད་པོས་སྐར་མ་དེ་ཉིད་སྒུལ་བའམ་བསྐྱོད་པ་ལ་བརྟེན་ནས་གཟའ་སྐར་ཐམས་ཅད་ས་ལྒང་ཟླུམ་པོའི་མུ་མཐའ་ནས་འཁོར་སྐྱོད་བྱེད་པ་ཡང་ཤེས།

དེ་ལས་ཡན་དུ་འགྲོ་ས་མེད་པའི་ལྷ་གནས་བཅུ་པ་ལ་གཙང་མེའི་གནས་(Empireo )ཞེས་འབོད། དེ་འཇིག་རྟེན་བྱེད་པོའི་བཞུགས་གནས་ཡིན། དེ་ལ་ནམ་ཡང་འཇིག་པ་མེད་ཅེས་ཐམས་ཅད་ཟེར། དབྱིབས་གཟུགས་གང་ཡང་མེད་ཅེས་ཁ་ཅིག་སྨྲ། གཟུགས་ཅན་ཡིན་མིན་གང་ལྟར་ཡང་དབང་པོའི་སྤྱོད་ཡུལ་མིན་པ་དང་བསམ་བརྗོད་ཀྱི་མཐའ་ལས་འདས་ཚུལ་ལྷ་ཆེམས་གསར་མའི་ནང་དུ་བྲིས། སྲིད་རྩེར་གནས་པའི་ལྷ་གནས་གཡོ་བ་མེད་པ་དེ་དང་གཡོ་བ་ཅན་གྱི་ལྷ་གནས་དགུ་པའི་བར་དུ་ཡེ་ཤུ་མ་ཤི་ཀ་མཚོན་བྱེད་དུ་རྒྱ་སེ་མེ་ཏོག་དཀར་པོ་ཞིག་འབྲི་བའི་སྲོལ་སྣང་།

གཞན་ཡང་རྩོམ་པ་པོ་ཁོང་ཟླ་བའི་ཐོག་ཏུ་བྱོན་སྐབས་དབྱི་ཏ་ལི་ནས་ཡིན་པའི་བཙུན་མ་ཕིས་ཁར་དྷ་(Piccarda)དང་འཕྲད་ཚུལ། ལྷག་པའི་སྟེང་ནས་དུས་རབས་བཅོ་ལྔ་པའི་ནང་དུ་བྱོན་པའི་རོམ་གྱི་རྒྱལ་པོ་རྗུས་སི་ཐིས་ནིན་(justinian)མཐོང་རབས་སོགས་མདོར་ན་ལྷ་གནས་སོ་སོའི་ཐོག་ཏུ་ལོ་རྒྱུས་ཀྱི་མི་སྣ་སུ་དང་སུ་ཡོད་པ་རེ་རེ་བཞིན་ཞིབ་ཏུ་བཤད་འདུག་ཀྱང་འབྲི་བར་མ་ནུས་སོ།

༣ སྒྲིབ་སྦྱོང་བྱེད་གནས།

དཔེ་ཆ་དེར་ས་ལྒང་ཧྲིལ་བོ་ལྷོ་བྱང་གཉིས་སུ་བགོས་ཡོད་པ་ལས་ཕྱེད་ལྷོ་མའི་ས་ཁྱོན་ཕལ་མོ་ཆེ་རྒྱ་མཚོ་ཡིན། མཚོ་དེའི་དབུས་སུ་རྩེ་མོ་མཁའ་ལ་བསྙེགས་པའི་རི་ཆེན་ཞིག་ཡོད་པའི་མིང་ལ་སྒྲིབ་སྦྱོང་བྱེད་གནས་(purgatory)ཞེས་གྲགས། དེ་ཡང་དགེ་བ་ཚད་མཐོན་པོ་མ་བསྒྲུབས་པས་ལྷ་ཡུལ་དུ་འགྲོ་བའི་ཐོབ་ཐང་མེད་ཅིང་། སྔར་ཕྲག་དོག་སོགས་མི་དགེ་བ་བདུན་པོ་གང་རུང་བྱས་ཀྱང་མ་ཤིའི་གོང་དུ་འགྱོད་བཤགས་བྱས་པས་སྡིག་པ་ཇེ་ཡང་དུ་གྱུར་ནས་དམྱལ་ཁམས་སུ་འཕངས་ན་ཡང་མི་འགྲིག་པའི་གང་ཟག་བར་མ་དོ་ཚོས། སྔར་གྱི་འགྱོད་པས་འདག་མ་ཐུབ་པའི་སྡིག་སྒྲིབ་ལྷག་མ་རྣམས་བཤག་སའི་ལྟེ་གནས་ཤིག་ཡིན།

དེས་ན་ཤི་བོ་ཚོས་རྒྱ་མཚོ་ཆེན་མོ་དེ་འཕྲེད་ཀྱིས་བརྒལ་ཏེ་སོང་ན་གླིང་ཕྲན་དེའི་འགྲམ་དུ་ཐོན། དེའི་ཐོག་ལ་བུད་དེ་ཅུང་ཟད་ཕར་ལ་སོང་ན་སྒོ་ཆེན་ཞིག་དང་འཕྲད། དེ་སྒྲིབ་སྦྱོང་བྱ་སར་འཛུལ་བའི་འཇུག་སྒོ་གཅིག་པུ་དེ་ཡིན་པས་ནང་དུ་ཞུགས་ཏེ་གྱེན་དུ་འཛེགས་ན་བང་རིམ་ཐོག་འོག་བདུན་ཙམ་ཡོད་པ་མཐོང་།

དེ་ལ་བང་རིམ་དང་པོའི་ནང་དུ་ང་རྒྱལ་ཅན། གཉིས་པར་ཕྲག་དོག་ཅན། གསུམ་པར་ཁོང་ཁྲོ་ཅན། བཞི་པར་ལེ་ལོ་ཅན། ལྔ་པར་འདོད་རྔམ་ཅན། དྲུག་པར་ཟས་སྲེད་ཅན། བདུན་པར་ལོག་གཡེམ་བྱས་པའི་གང་ཟག་ཉེས་ཅན་དག་གིས་རིམ་པ་ལྟར་སོ་སོའི་སྡིག་པ་བཤག་སྦྱོང་བྱེད་ཀྱིན་ཡོད། དེ་ལྟར་སོ་སོའི་ཉེས་པ་ཚུལ་བཞིན་སྦྱངས་ཏེ་རི་དེའི་རྩེ་མོར་འཛེགས་ན་ཨེ་དེན་རྡུམ་ར་(Eden)ཞེས་པའི་སྐྱེད་ཚལ་དང་གདོང་ཐུག་རྒྱག། ལྡུམ་ར་དེའི་ཐོག་ནས་གྱེན་དུ་འཕུར་ན་ལྷ་ཡུལ་དུ་སླེབས་ཐུབ་པ་ཡིན།

དེ་ལ་ཨེ་དེན་ལྡུམ་ར་ཞེས་པ་ནི་འཇིག་རྟེན་བཀོད་པའི་མདོར་བྱེད་པོས་མིའི་རིགས་ཀྱི་སྐྱེས་པ་དང་པོ་ཨེ་དྷམ་(Adam)དང་། བུད་མེད་དང་པོ་ཨིན་ཝོས་(Eve)ཏེ་ཁོང་ཁྱོ་ཤུག་གཉིས་གསར་བསྐྲུན་གནངས་ཏེ་གང་དུ་འཇོག་སའི་གླིང་གའོ། །

༤ དམྱལ་ཁམས་སྤྱི་བཤད།

ད་ནི་དམྱལ་ཁམས་འགྲིམ་པའི་མཐོང་སྣང་གོ་བདེ་བར་བྲིས་ན། སའི་གོ་ལ་ལྷོ་བྱང་གཉིས་སུ་ཕྱེ་བའི་ཕྱེད་བྱང་མ་ནི་མིའི་རིགས་གང་དུ་གནས་པའི་སྐམ་ས་ཆེན་མོ་ཡིན། དེའི་དབུས་སུ་ཧེད་བྷུ་རོའི་(Hebrew)སྐད་དུ་ཇེ་རུ་ས་ལེམ་(Jerusalem)ཞེས་འབོད་པའི་གནས་མཆོག་ལྟ་བས་ཆོག་མི་ཤེས་པ་ཞིག་ཡོད། དེ་ནུབ་ཕྱོགས་ཀྱི་ཆོས་ལུགས་ཆེན་མོ་གསུམ་ཀས་གནས་མཆོག་ཏུ་བཀུར། དེའི་མར་ཞབས་སུ་དམྱལ་བ་རིམ་དགུ་སྟེང་འོག་བྱས་ནས་ཆགས་ཡོད་པ་ལ། ཚུགས་ཀ་ནི་སྟེང་ནས་འོག་ཏུ་རིམ་པས་ཇེ་ཕྲར་སོང་བ་ཞིག་སྟེ་དམྱལ་བའི་ས་ཁྲར་བལྟས་ན་གཏོར་གཟུགས་བང་སོ་ཞིག་མགོ་རྟིང་བསྒྱུར་ཏེ་བསླངས་བ་དང་འདྲ་བོ་ཡོད། བར་དུ་སྐས་བཙུགས་ཡོད་པས་ཡར་མར་དུ་འབབ་འཛེག་བྱེད་མི་ཐུབ་པའི་དཀའ་ངལ་མེད།

དེ་ལྟར་བང་རིམ་འོག་མ་རྣམས་གོང་མ་གོང་མ་ལས་ཁོར་ཡུག་གི་རྒྱ་ཁྱོན་ཇེ་ཆུང་དུ་སོང་རུང་སྡུག་བསྔལ་ནི་ཇེ་ཆེ་ཡིན་ཏེ། དཔེར་ན་བང་རིམ་དང་པོའི་ནང་དུ་ཡོད་པ་ཚོས་སེམས་པ་སྐྱོ་ནས་དབུགས་རིང་ཙམ་འབྱིན་ཞིང་། གཉིས་པའི་ནང་དུ་གནས་པ་ཚོས་ན་ཟུག་ཚོར་ཏེ་ངུ་འབོད་བྱེད། ལྷག་མ་རྣམས་ནི་དེ་ལས་རིམ་པ་བཅུ་འགྱུར་དང་བརྒྱ་འགྱུར་གྱིས་སྡུག་བསྔལ་ཆེ།

རྩ་དོན་ཞིག་ཡོད་པ་ནི་སྒོ་གསུམ་གང་གི་ལམ་ནས་བྱ་བ་མ་རབས་པ་ག་འདྲ་བྱས་ཡོད་ན་དེ་དང་ཧ་ཅང་རིགས་མཚུངས་པའི་རྣམ་སྨིན་མྱོང་སྟེ། དཔེར་ན་སྡོང་ལོ་རླུང་གིས་ཁྱེར་བ་ལྟར་འདོད་ཆགས་ཀྱི་རྟོག་པས་སྤུར་ཏེ་རྟག་ཏུ་ལོག་གཡེམ་བྱེད་མཁན་རྣམས་བང་རིམ་གཉིས་པའི་ནང་དུ་བཅུག་ཡོད་པ་ལ། ས་ཕྱོགས་སོ་སོ་ནས་རླུང་ཆེན་པོ་ལྡང་སྟེ་གཤིན་པོ་རྣམས་ཤིང་ལོ་ལྟར་དུ་གང་སར་སྤུར་བས་ནམ་ཡང་སོས་དལ་དུ་སྡོད་དབང་མེད་པ་ལྟ་བུ་ཡིན། དེས་མཚོན་ཏེ་བང་རིམ་གཞན་ནས་མྱོང་བའི་སྡུག་བསྔལ་དང་ཤི་བོའི་ལས་རྣམས་ཀྱི་བར་ལ་ཡང་རྒྱུ་འབྲས་རིགས་མཐུན་གྱི་འབྲེལ་བ་དེ་ལྟར་ཡོད་པ་ཤེས་དགོས།

འདིར་ལམ་སྟོན་ཞིག་བྱས་ན། གནས་མཆོག་ཇེ་རུ་ས་ལེམ་གྱི་གཡས་ཕྱོགས་སུ་མུན་པ་འཁྲིགས་པའི་ནགས་ཚལ་སྟུག་པོ་ཞིག་ཡོད། དེའི་མར་ཞབས་ཀྱི་ས་ཤུན་མཚམས་སུ་དམྱལ་བའི་སྒོ་ཆེན་དང་། དེའི་འོག་ཏུ་དམྱལ་བའི་གྱང་ར་ཆེས་ཕྱི་མ། དེའི་ཞབས་ངོ་མ་ན་བར་དོའི་གཙང་བོ་ལྔ་ཡི་ནང་ཚན་ཏེ་གྲུ་པ་ཁེ་རཱོང་གིས་གཤིན་པོ་རྣམས་སྐྱེལ་འདྲེན་བྱེད་སའི་ཆུ་བོ་ཨ་ཁི་རཱོང་(Acheron )ཡོད་པས། དམྱལ་བར་ལྟ་སྐོར་དུ་འགྲོ་འདོད་ན་སྒོ་ཆེན་དེར་འཛུལ་ནས་ཆུ་བོ་དེ་བརྒལ་དགོས་པ་ཡིན། དེ་ལྟར་ན་ལམ་ནོར་ཐེབས་མི་སྲིད། འོན་ཀྱང་སྒོ་དང་ཆུ་བོ་དེ་དག་དམྱལ་བའི་ས་ཁུལ་དུ་གཏོགས་ཀྱང་དམྱལ་ཁམས་རིམ་དགུ་གང་གི་ཡང་ཁོངས་སུ་མི་འདུ་བས། དེར་ཐོན་པ་ན་ཡོད་ཚད་མཐོང་ཚར་བསམ་ནས་ཡར་ལ་ཁ་མ་འཁོར་ཞིག།

༥ དམྱལ་ཁམས་དང་པོ་ནས་བདུན་པའི་བར

གཙང་བོ་དེ་བརྒལ་ནས་མར་ལ་སོང་ན་དམྱལ་བའི་བང་རིམ་དང་པོའི་ནང་དུ་ཐོན་འགྲོ། དེའི་མིང་ལ་ལིམ་བྷོ་(Limbo)ཞེས་འབོད་པ་དོན་བསྒྱར་བྱས་ན་དམྱལ་བའི་མུ་མཐའ་ཞེས་བྱ། དེ་ནི་ཆོས་ལུགས་གཞན་ལ་དད་པའི་རླབས་ཆེན་གྱི་སྐྱེས་བུ་རྣམས་བཅུག་ས་ཡིན་པས་མཁས་མཆོག་སོ་ཁི་རཱ་ཐེ་ཡབ་སྲས་སོགས་དེའི་ནང་དུ་ཡོད། ད་དུང་སྐྱེ་ནས་བྱབས་ཁྲུས་བྱེད་ཁོམ་མ་བྱུང་བར་ཆུང་ཤི་ཐེབས་པའི་བྱིས་པ་ཚོ་ཡང་དེ་གར་མཆིས་ཏེ། དེ་ཚོས་སྡིག་པ་བསགས་མེད་པས་རིམ་པ་འོག་མར་བཅུག་སྟེ་ཁྲིམས་ཆད་ལྕི་མོ་བཅད་ན་མི་འགྲིག་ཅིང་། བྱབས་ཁྲུས་མ་ཐོབ་པའི་ཁར་ལྷ་ལ་སྐྱབས་སུ་མ་སོང་བས་ལྷ་ཡུལ་དུ་སྐྱེ་བའི་ཐོབ་ཐང་ཡང་མེད་པས། རེ་ཞིག་དེར་སྡོད་པ་ལས་ཐབས་ཤེས་གཞན་པ་མེད་ཅེས་ཟེར།

ད་དུང་གནའ་བོའི་གྷི་རིགས་ཀྱི་ལྷ་སྒྲུང་ནང་དུ་འབྱུང་བའི་བར་དོའི་ཁྲིམས་དཔོན་གསུམ་གྱི་ཡ་གྱལ་དཔོན་པོ་མིས་ནོ་སིས་(Minos)བང་རིམ་དེའི་སྒོ་ཁ་ནས་སྒུག་ཡོད་པ་ལ། གཤིན་པོ་རྣམས་ཁོང་གི་ཟུར་དུ་ཐོན་སྐབས་ལམ་བཀག་སྟེ་སྡིག་པའི་རྣམ་གྲངས་ག་རེ་བྱས་ཡོད་པ་དང་། དེ་ཡང་ཚབས་ཆེ་ཆུང་ག་ཚད་ཡིན་པ་སོགས་ཞིབ་བཤེར་ནན་མོ་བྱས་རྗེས་ཁྲིམས་ཐག་གཅོད།

གཉིས་པའི་ནང་དུ་ལོག་གཡེམ་བྱེད་མཁན་རྣམས་ཡོད་ཅིང་རླུང་དྲག་པོས་ངེས་མེད་དུ་སྤུར་བས་ཕན་ཚུན་གཅིག་ལ་གཅིག་བརྡབས་ཏེ་རུས་པ་ཆག། དེ་བས་ངུ་འབོད་དང་སྨྲེ་སྔགས་ཀྱི་སྐད་ངན་ཟད་པ་མེད། གསུམ་པའི་ནང་དུ་ཟས་སྲེད་ཆེ་བ་རྣམས་ཡོད་ཅིང་གཙོ་ཆེར་གྲང་འཁྱག་གི་སྡུག་བསྔལ་མྱོང་བ་སྟེ་ཆར་ཞོད་དྲག་པོ་དང་། སེར་བ་རྩིང་པོ། ཁ་བ་གྲང་མོ་སོགས་སྨག་ནག་པའི་བར་སྣང་ནས་དུས་ངེས་མེད་དུ་འབབ་པས་གྲང་རང་ཧ་ཅང་ཆེ། གྷི་རིགས་ཀྱི་ལྷ་སྒྲུང་དུ་ཡོང་བའི་དམྱལ་བའི་སྒོ་སྲུང་ཁྱི་རྒན་མགོ་གསུམ་པ་ཅན་ཡང་དེའི་ནང་ནས་འཁྱམ་ཉུལ་བྱེད་ཀྱིན་ཡོད་པ་ལ། དེས་གཤིན་པོ་རྣམས་ལ་མཆེ་སྡེར་བཏབ་སྟེ་པགས་པ་བཤུ། དེ་མ་ཟད་ཤ་ཡང་གཅོད། དེ་མ་ཚད་རུས་པ་ཡང་གཅོག།

བཞི་པའི་ནང་དུ་སེར་སྣ་ཅན་དང་བཟའ་བཅའ་ཆུད་ཟོས་སུ་གཏོང་མཁན་ཡོད་པ་ལ་སྔ་མ་རྣམས་ཕྱོགས་གཅིག་ཏུ་འཁོད། རྗེས་མ་རྣམས་ཕྱོགས་ཁ་ཡར་གནས། གཉིས་ཀས་ཀྱང་བྲང་ཁ་སར་བཙུགས་ཏེ་དངོས་པོ་ལྕི་མོ་རེ་རེ་གང་སར་སྒྲིལ། དེ་སྒྲིལ་བས་ཕན་ཚུན་གདོང་ཐུག་རྒྱག། དེ་བརྒྱབ་པས་གཅིག་གིས་གཅིག་ལ་གཤེ་གཤེ་གཏོང་། དེ་དང་མཉམ་དུ་ཁྱོད་ཀྱིས་ཅིའི་ཕྱིར་སེར་སྣ་བྱས། འོ་ན་ཁྱོད་ཀྱིས་ཅིའི་ཕྱིར་ཟ་མ་ཆུད་ཟོས་སུ་བཏང་ཞེས་ཕན་ཚུན་མཚང་འབྲུ་བྱེད།

ལྔ་པའི་ནང་དུ་ཤི་བོ་ཞེ་སྡང་ཅན་རྣམས་ཡོད། ད་དུང་རྙོག་མར་གྱུར་པའི་ཆུ་བོ་སྲི་ཐིས་ཁི་སི་(Styx)ཡང་འབབ། དྲུག་པ་ནི་རྣམ་ཤེས་དང་ལས་དགེ་སྡིག་མེད་པར་སྨྲ་བའི་ལོག་ལྟ་ཅན་ལ་ཁྲིམས་ཆད་གཅོད་ས་ཡིན་པས། གྷི་རིགས་ཀྱི་མཚན་ཉིད་རིག་པའི་དགེ་སློབ་མང་པོས་དེའི་ནང་ནས་མནར་གཅོད་མྱོང་། མྱོང་ཚུལ་ནི་རྡོ་ལས་བྱས་པའི་དུར་སྒྲོམ་ནང་དུ་བཅུག་སྟེ་རབ་ཏུ་ཚ་བའི་མེ་ལ་སྲེག་པར་བཤད་དོ། །

༦ དམྱལ་ཁམས་བདུན་པ་ནས་དགུ་པའི་བར

བང་རིམ་བདུན་པའི་ནང་དུ་གནོད་འཚེ་བྱེད་མཁན་རྣམས་འཇུག། གནོད་པ་བྱ་ཡུལ་གྱི་སྒོ་ནས་ནང་གསེས་སུ་ས་ཁུལ་མི་འདྲ་བ་གསུམ་དུ་ཕྱེས་ཏེ་སོ་སོར་བཅུག་ཡོད་དེ། དང་པོའི་ནང་དུ་དྲག་སྤྱོད་ལ་བརྟེན་ནས་ཕ་རོལ་པོའི་སྲོག་དང་རྒྱུ་ལ་འཚེ་མཁན། གཉིས་པའི་ནང་དུ་རང་ཤི་རྒྱག་མཁན་དང་མི་ཚེ་དོན་མེད་དུ་སྐྱེལ་མཁན། གསུམ་པའི་ནང་དུ་ལྷ་ལ་ཕོག་ཐུག་གཏོང་མཁན་དང་རང་བྱུང་ཁམས་ལ་གནོད་པ་སྐྱེལ་མཁན་ཡོད།

དེ་ནས་བདུན་པ་དང་བརྒྱད་པའི་བར་དུ་གྲོག་རོང་ཟབ་མོ་ཞིག་ཡོད་པ་ལ་དེར་དམྱལ་བའི་སེམས་ཅན་སུ་ཡང་མེད། བརྒྱད་པའི་ནང་དུ་མར་འབབ་སྐབས་གཅན་གཟན་ཞིག་ཞོན་དགོས་ཚུལ་བཤད་པས་དེ་གཉིས་ཀྱི་བར་དུ་རྡོ་སྐས་མེད་པ་འདྲ།

བརྒྱད་པ་ལ་ནང་གསེས་སུ་ཆེས་ཡ་ང་བའི་འོབ་དོང་མི་འདྲ་བ་བཅུ་མཆིས། དེ་དག་སྟེང་འོག་བྱས་ནས་མེད་པར་བང་རིམ་གཅིག་གི་ནང་དུ་དྲྭ་མིག་གི་རྣམ་པས་གཡས་གཡོན་དང་མདུན་རྒྱབ་བྱས་ནས་ཡོད་པར་མངོན། དེ་ལ་འོབ་དོང་དང་པོར་བུད་མེད་འཚོང་མཁན། ལོག་གཡེམ་བྱེད་མཁན། གཡོ་སྒྱུ་འཁྲབ་མཁན་སོགས་ཡོད་པ་ལ་ལས་མཁན་གྱིས་ལྕག་ཚན་བར་མེད་དུ་གཞུ། གཉིས་པར་གཅམ་བུའི་ཚིག་གིས་ཁ་ཡག་བཤད་མཁན་ཡོད་པ་ལ་སྣུམ་སྙིག་གི་གཙང་བོའི་ཀློང་དུ་འཕེན། གསུམ་པར་དམིགས་བསལ་གྱི་གོ་ས་བེད་སྤྱད་ནས་བྱ་བ་མ་རབས་སྒྲུབ་མཁན་ཡོད་པ་ལ། མགོ་ཐུར་དུ་བསྟན་ནས་རོ་སྟོད་ས་འོག་ཏུ་སྦས་ཤིང་དོང་ཁར་བུད་པའི་རྐང་མགོ་ལ་མེ་སྒྲོན།

བཞི་པར་མོ་བཏབ་ནས་མང་ཚོགས་མགོ་སྐོར་གཏོང་བའི་ཟོག་པོ་རྣམས་ཡོད་པ་ལ་མགོ་དང་ལུས་པོ་སོ་སོར་ཕྲལ་ནས་འདུར་རྒྱུག་བྱེད་དུ་འཇུག །ལྔ་པར་རྒྱུ་ནོར་ལྐོག་ཟ་བྱེད་མཁན་དང་ལྐོག་རྔན་ལེན་མཁན་ཡོད་པ་ལ་སྣུམ་ཚན་ཁོལ་མའི་ནང་དུ་སྦངས་ནས་ལུས་ཀྱི་པགས་པ་བཤུ། དྲུག་པར་ཟོལ་སྦྱོར་མཁན་དང་ཚུལ་འཆོས་ཅན་ཡོད་པ་ལ་ཞ་ཉེ་ལས་བཟོས་པའི་ལྭ་རིང་ལྕི་མོ་ཞིག་བསྐོན་ནས་རྟག་པར་གོམ་འགྲོས་བྱེད་དུ་འཇུག །བདུན་པར་རྐུ་མ་རྣམས་ཡོད་པ་ལ་ཁྲོན་པའི་ནང་དུ་འཕངས་ཏེ་དུག་སྦྲུལ་ལ་སྦྱིན།

བརྒྱད་པར་ངན་ཇུས་འཐེན་མཁན་དང་མགོ་སྐོར་གཏོང་མཁན་ཡོད་པ་ལ་མེ་ཕུང་ནང་དུ་རྫོང། དགུ་པར་དབྱེན་བྱེད་མཁན་ཡོད་པ་ལ་རལ་གྲི་ཡང་ནས་ཡང་དུ་སྣུན་པས་ལུས་ལ་རྨ་ཁ་མེད་པའི་དུས་ཚོད་སྐར་ཆ་ཙམ་ཡང་མེད། འོབ་དོང་བཅུ་པར་མི་ཆེ་གེ་མོའི་མིང་རྐུས་ཏེ་མི་ག་གེ་མོའི་རྣམ་པར་རྫུ་བའི་གཡོན་ཅན་རྣམས་ཡོད་པ་ལ་དེ་ཚོའི་ལུས་པོ་དུག་གིས་ཟིན་ཏེ་རྐང་ལག་རུལ། བང་རིམ་བརྒྱད་པའི་འོག་ཏུ་རྒྱ་ཁྱོན་ཧ་ཅང་ཆེ་བའི་གྲོག་རོང་ཞིག་ཡོད་པའི་ནང་དུ་གྱད་མི་སྟོབས་ཆེན་མང་།

དེའི་མར་ཞབས་སུ་དམྱལ་ཁམས་དགུ་པ་ཆགས། དེ་ལ་ནང་གསེས་སུ་རིམ་པ་ཕྱི་ནང་བཞི་ཡོད་པ་ལས་དང་པོའི་ནང་དུ་ཁྱིམ་མི་དང་ཉེ་དུ་ལ་རྒྱབ་འགལ་བྱས་པའི་མི་ཁྲེལ་མེད་རྣམས་ཡོད་པ་ལ། དེ་དག་གྲང་ངར་ཆེ་བའི་ས་འཁྱགས་ཁྲོད་དུ་གན་རྐྱལ་བྱས་ནས་སྦས་ཡོད་སྟབས་མིག་འབྲས་ཐད་ཀར་འཁེངས་ཏེ་མཆི་མ་འཕོ་མི་ཐུབ་པའི་སྡུག་བསྔལ་ཆེ། གཉིས་པར་རྒྱལ་ཁབ་དང་ཚོགས་པ་ལ་རྒྱབ་འགལ་བྱས་པའི་ངོ་ལོག་པ་རྣམས་ཡོད་པ་ལ་གྲང་ངར་རྒོད་པའི་ཆབ་རོམ་ཀློང་དུ་བྱིང་སྟེ་སྡུག་བསྔལ་དཔག་མེད་མྱོང་།

གསུམ་པར་སོ་སོའི་མགྲོན་པོ་ལ་རྒྱབ་འགལ་བྱས་པའི་མི་ངན་རྣམས་ཡོད་པ་ལ་གྲང་ལྷགས་རྒོད་པའི་ས་འཁྱགས་ཁྲོད་དུ་གན་རྐྱལ་བྱས་ནས་སྦས་ཡོད་སྟབས། མིག་ཆུ་བཞུར་མ་ཐག་ནས་འཁེང་འགྲོ་བས་མཆི་མ་བཙན་གྱིས་འགོག་དགོས་པའི་སྡུག་བསྔལ་ཆེ། བཞི་པར་རང་ཉིད་ཀྱི་བདག་པོ་དང་། དགེ་རྒན། མགོ་པ། ལྷ་ཚོགས་སོགས་རང་ལ་བཀའ་དྲིན་ཆེ་བའི་མི་ལ་རྒྱབ་འགལ་བྱས་པའི་གང་ཟག་ངོ་ཚ་མེད་པ་རྣམས་ཡོད་པ་ལ་ལུས་པོ་ལྟེབས་བཀུག་བགྱིས་ཏེ་གྲང་རང་ཆེ་བའི་འཁྱགས་ཀླུང་ནང་དུ་སྦངས་འདུག་ཅེས་ཟེར་རོ། །

དེ་ལ་འཇིག་རྟེན་གྱི་ལྟེ་བ་ས་གོ་ལ་ཡིན་ཞིང་། ས་གོ་ལའི་ལྟེ་བ་དམྱལ་བའི་བང་རིམ་དགུ་པའི་དཀྱིལ་དེ་ཡིན། དེར་གནའ་བོ་ཧེད་བྷུ་རོའི་སྐད་དུ་སྲད་ཐན་(Satan)ཟེར་བའི་བདུད་འདྲེ་ཞིག་བཀག་སྐྱིལ་བྱས་ཡོད། དེའི་འབྱུང་རྐྱེན་བཤད་ན། སྔར་བྱེད་པོས་དམྱལ་ཁམས་མ་བྱས་པའི་གོང་དུ་ལྷའི་ཕོ་ཉ་རྣམས་བསྐྲུན་པ་ལ། དེ་ཚོའི་ཁྲོད་དུ་ཕོ་ཉ་གཤོག་པ་ཅན་ལུས་སྲིད་ཧྥེ་རོ་(Lucifero)ཟེར་བ་ཞིག་ཡོད་པ་དེ་ལྷའི་ཕོ་ཉ་ཡོངས་ཀྱི་མགོ་པ་ཡིན་པས། བྱེད་པོའི་མཚམས་ནས་ཁོ་ལས་གོ་གནས་མཐོ་བ་དབང་ཤུགས་ཆེ་བ་སུ་མེད། དེ་བས་ང་ནི་བྱེད་པོ་དང་འདྲ་འདྲ་ཐད་ཐད་ཡིན་སྙམ་པའི་ང་རྒྱལ་སྐྱེས་ཏེ་ཆེད་དུ་ངོ་ལོག་པའི་ཚོགས་པ་བཙུགས་ནས་གྱེན་ལོག་བྱས་གཤིས། བྱེད་པོས་མྱུར་དུ་ས་ཞབས་ལ་དམྱལ་ཁམས་བསྐྲུན་ཏེ་དེའི་ནང་དུ་བཅུག་པར་གྲགས་སོ། །

མཇུག་སྡུད།

སྨོས་མ་ཐག་པ་དེ་དག་ནི་གཙོ་ཆེར་ནུབ་ཕྱོགས་པས་འདོད་པའི་ལྷ་ཡུལ་དང་དམྱལ་ཁམས་ཀྱི་ངོ་བོ་ཡིན། དེའི་རྒྱུ་ནི་ལས་དགེ་སྡིག་གི་ལྟ་བ་ལ་ཐུག། དེའི་རྩ་བ་ནི་གནའ་བོའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་ཐུག། དེའི་འབྱུང་ཁུངས་ནི་གདོད་མའི་དུས་ཀྱི་མིའི་ཀུན་སྤྱོད་བཟང་ངན་གྱི་བླང་དོར་ལ་ཐུག། དེའི་རྩ་བ་ནི་གཏི་མུག་ལ་ཐུག་འདུག་སྙམ་པའི་བསམ་ཚུལ་ཞིག་ཕྲན་ལ་བྱུང་ཞིང་། དེ་ལ་གཞི་བཅོལ་ས་ཡང་ཡོད་པས་དེའི་ཚུལ་ནི་སྐབས་གཞན་དུ་འབྲི་བར་འགྱུར་རོ། །

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།