ནང་དོན་གནད་བསྡུས། རྩོམ་ཐུང་འདིའི་ནང་དུ་ཨ་རིའི་མཁས་པ་བྷ་སྦྲི་Budge.E.A.W.ཡིས་མཛད་པའི་ཨེ་ཅེབ་ཀྱི་གཤིན་པོའི་དཔེ་ཆ་ཞེས་པ་དང་། དབྱིན་ཇིའི་མཁས་པ་གྷེ་རིས་ལྗིས་ཤོའུ་(Garry J.Shaw)ཡིས་བརྩམས་པའི་ཨེ་ཅེབ་ཀྱི་ལྷ་སྒྲུང་ཞེས་པ་སྟེ་ཧ་ཅང་ཁུངས་བཙུན་པའི་བསྟན་བཅོས་ཚད་ལྡན་གཉིས་ལ་གཞི་བཅོལ་ནས། གནའ་བོའི་ཨེ་ཅེབ་ཀྱི་འཆི་བ་དང་བར་དོའི་རིག་གནས་ཀྱི་སྙིང་པོ་རྣམས་ཆེས་གོ་བདེ་བར་བྲིས་ཡོད་དོ། །
གནད་ཚིག། འཆི་བ། བར་དོ། རྣམ་ཤེས། གཤིན་རྗེ། དགེ་སྡིག། ཁྲིམས་གཅོད།
གླེང་གཞི།
ཨེ་ཅེབ་ཀྱི་ཤེས་རིག་ནི་སྤྱི་ལོའི་སྔོན་གྱི་ལོ་༥༤༥༠ཡས་མས་ནས་སྤྱི་ལོའི་རྗེས་ཀྱི་ལོ་༦༣༩བར་ཏེ་སྔ་ཕྱི་བསྡོམས་ན་ལོ་ངོ་དྲུག་སྟོང་ལྷག་གི་ཡུན་དུ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་རྒྱས་སུ་ཕྱིན་པ་ཞིག་ཡིན་འདུག་པས་དེའི་ནང་དུ་གནམ་རིག་དང་ཆབ་སྲིད་སོགས་རིག་པའི་གནས་སྣ་ཚོགས་ཡོད་ཀྱང་། གྲུབ་ཆ་གཙོ་བོ་དང་སྙིང་པོ་ངོ་མ་ནི་ཆོས་ལུགས་ཡིན་པར་བཤད་ལ། ཆོས་ཀྱི་བརྗོད་བྱ་ཕལ་མོ་ཆེ་འཆི་བ་དང་བར་དོ་གཉིས་ལ་འབྲེལ་ནས་ཡོད་པས། དེང་གི་ཆེད་མཁས་པ་ཚོས་གནའ་བོའི་ཨེ་ཅེབ་ཀྱི་རིག་གནས་ལ་འཆི་བའི་རིག་གནས་སམ་བང་སོའི་རིག་གནས་ཞེས་འབོད་དོ། །
དེ་ལ་གནའ་བོའི་ཨེ་ཅེབ་ཀྱི་མིས་ཤི་བ་དང་བར་དོ་འགྲིམ་པའི་བརྒྱུད་རིམ་སོགས་དཔེ་རིས་ཀྱི་རྣམ་པས་པུར་སྒམ་ངོས་སུ་བརྐོས་པ་དང་། དཔེ་ཆའི་རྣམ་པས་ཤོག་བུའི་ཐོག་ཏུ་བྲིས་ཏེ་དུར་ཁུང་དུ་སྦས་བཞག་པ་རྣམས་ལོ་སྟོང་ཕྲག་དུ་མའི་རིང་དུ་ས་ཞབས་སུ་ཉལ་ནས་བསྡད་པ་ལ། དུས་རབས་བཅུ་དགུ་པའི་སྟོད་ཙམ་ནས་གནའ་རྟོག་རིག་པ་བ་ཚོས་དུར་ས་སྔོག་འདོན་བྱས་པས་རིམ་བཞིན་གསར་རྙེད་བྱུང་ངོ་། །
དེ་ལྟར་དུར་ས་ནས་ཐོན་པའི་བར་དོའི་སྐོར་གྱི་ཡིག་ཆ་རྣམས་ཕྱོགས་གཅིག་ཏུ་བསྡུས་ན་ཚན་པ་༢༠༠ཡས་མས་ཡོད་ལ། དེ་དག་གི་བརྗོད་བྱ་ནི་གཤིན་རྗེའི་རྒྱལ་པོ་ཨོ་སྲེས་རིས་སི་(Osiris)ལ་ཕུལ་བའི་བསྟོད་ཚིག་དང་། བར་དོའི་ཡུལ་གྱི་བདུད་འདྲེ་ཟློག་པའི་གཟུངས་སྔགས། ལྷ་ཚོགས་ལ་ཕུལ་བའི་གསོལ་འདེབས་སོགས་ཀྱིས་བཟུང་ཡོད་ཅིང་། དེ་དག་གི་སྤྱི་མིང་ལ་ཞིབ་འཇུག་པ་ཚོས་གནའ་བོའི་ཨེ་ཅེབ་ཀྱི་གཤིན་པོའི་དཔེ་ཆ་“亡灵书”ཞེས་བཏགས་སོ། །
གཤིན་པོ་ཚོས་མ་བཀླགས་ཐབས་མེད་ཀྱི་ཆོས་དཔེ་དེ་ལ་གནའ་བོའི་དུས་སུ་མིང་ཉི་ཚེ་བ་མང་དུ་ཡོད་ཀྱང་། ཡོངས་གྲགས་སུ་གཤིན་པོའི་དཔེ་ཆའམ་གཤིན་པོས་བལྟ་བྱའི་དཔེ་ཆ་ཞེས་ཟེར་ཏེ། དེའི་ནང་དུ་གཤིན་པོ་ཚོས་བར་དོ་འགྲིམ་སྐབས་གདོན་འདྲེ་དང་གཅན་གཟན་གང་དག་འཕྲད་ཡོང་བ། འཕྲད་སྐབས་རྒོལ་ལན་ཇི་ལྟར་སྤྲོད་དགོས་པ། གཤིན་རྗེ་གཙོར་བྱས་པའི་བར་དོའི་ཁྲིམས་དཔོན་ཚོས་དྲི་བ་ག་རེ་འདྲི་ཡོང་བ། དེ་ལ་ལན་ག་འདྲ་བཏབ་ན་ཕན་ཁེ་ཆེ་བ་སོགས་རེ་རེ་བཞིན་དམར་ཁྲིད་ཀྱི་རྣམ་པས་གསལ་བོར་བྲིས་ཡོད་སྟབས། ཤི་བོ་ཚོས་མན་ངག་དེ་དག་བློ་ལ་ངེས་ན་བར་དོའི་འཇིགས་པ་མཐའ་དག་ལས་བདེ་མྱུར་དུ་ཐར་ཐུབ་པས་ཡིན་ནོ། །
༡ བེད་སྤྱོད་གཏོང་མཁན།
དེང་གི་ཞིབ་འཇུག་པས་ལབ་ན། ཆོས་དཔེ་དེ་ཚོ་གནའ་སྔ་མོའི་དུས་སུ་མི་ཚང་མས་བེད་སྤྱོད་གཏོང་ཆོག་པ་དེ་འདྲ་མིན་ཏེ། ཕལ་ཆེར་སྤྱི་ལོའི་སྔོན་གྱི་ལོ༢༦༨༦ནས་༢༡༨༡བར་དུ་བྱུང་བའི་ཨེ་ཅེབ་ཀྱི་རྒྱལ་རབས་སྔ་མའི་སྐབས་སུ་མན་ངག་དེ་དག་གཏོར་གཟུགས་བང་སོའི་ནང་ངོས་སུ་བརྐོས་ཡོད་པ་ཙམ་ལས་སྤྱིར་བཏང་གི་དུར་སའི་ནང་དུ་མཐོང་རྒྱུ་མེད་པས། སྐབས་དེར་རྒྱལ་པོ་དང་རྒྱལ་པོའི་ཁྱིམ་རྒྱུད་ཙམ་ལས་གཞན་གྱིས་བེད་སྤྱོད་བྱེད་མི་ཆོག་པ་གསལ་བ་དང་། དེ་ནས་ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ༢༠༤༠ནས༡༧༨༦བར་དུ་བྱུང་བའི་ཨེ་ཅེབ་ཀྱི་རྒྱལ་རབས་བར་མའི་སྐབས་སུ་རྒྱལ་པོའི་བང་སོ་ཙམ་མིན་པར་དཔོན་རིགས་ཀྱི་པུར་སྒམ་ཐོག་ཏུ་ཡང་གསལ་བར་བརྐོས་ཡོད་པས། སྐབས་དེར་དཔོན་རིགས་ཚོས་ཀྱང་བདེ་སྤྱོད་གཏོང་ཆོག་པར་སྣང་བ་དང་། དེ་ནས་སྤྱི་ལོའི་སྔོན་གྱི་ལོ༡༤༠༠ཡར་མར་དུ་འདམ་རྩྭ་ལས་བཟོས་པའི་ཤོག་བུའི་ཐོག་ཏུ་བྲིས་ཏེ་མང་ཚོགས་ཁྲོད་དུ་དར་ཁྱབ་བྱུང་ཡོད་པ་ཐེ་ཚོམ་མི་འདུག་ཅེས་ཟེར་ལ། དེ་ལས་རིགས་སྔ་མ་ལ་བང་སོའི་ཡི་གེ། བར་པ་ལ་པུར་སྒམ་གྱི་ཡི་གེ། མཐའ་མ་ལ་རྩྭ་ཤོག་གི་ཡི་གེ་ཞེས་འབོད་དོ། །
༢ ངའམ་བདག་གི་དབྱེ་བ།
འོ་ན་ཆོས་དཔེ་དེ་དག་གི་ནང་དུ་ཅི་ཞིག་བཤད་ཡོད་དམ་ཞེ་ན། མཁས་དབང་དགེ་ཆོས་འདྲ་བ་ཞིག་གིས་ཉན་ཀྱང་ལོས་བདེན་སྙམ་པ་ཞིག་ནི། མི་ཟེར་བའི་སེམས་ཅན་ཁེ་མཚར་འདི་ཚོ་ལུས་པོ་དང་རྣམ་ཤེས་གཉིས་ལས་གྲུབ། དེ་ལས་ལུས་པོ་ནི་རང་སྟོབས་ཀྱིས་འགུལ་སྐྱོད་བྱེད་མི་ནུས་མཁན་ཞིག་ཡིན་པས་གསོན་པའི་ཚེ་ཡང་རོ་དང་འདྲ། རྣམ་ཤེས་ནི་རང་སྟོབས་ཀྱིས་འགུལ་ཐུབ་པ་མ་ཟད་དེས་རྐང་ལག་བསྐྱོད་པ་སོགས་ལུས་ངག་གི་གཡོ་བ་ཐམས་ཅད་འདྲེན་པར་འདོད། དགེ་སྡིག་ཀུན་གྱི་རྟེན་དུ་སྨྲ། དེ་གང་དུ་ཡོད་ས་ནི་ལུས་ཀྱི་ཆ་ཤས་གཞན་པ་གང་ཡང་མིན་པར་བྲང་ཁའི་ཐད་ཀྱི་སྙིང་ལོག་ལོག་འདི་ཡིན་ཟེར། སྙིང་ཁོ་ན་ཧ་ཅང་གལ་ཆེན་དུ་བརྩི་བའི་རྒྱུ་མཚན་དེ་ལ་ཐུག། དེས་ན་འཇུ་མི་ཕམ་གྱི་ཞལ་ནས། “སེམས་ཞིག་ཡོད་ན་ལུས་ཀྱི་ནང་། །སྙིང་དབུས་མིན་པ་གར་ཡང་མེད། །”ཅེས་གསུངས་པ་དང་མཐུན་ནོ། །
ཡང་བླུན་པོ་ལུག་ལྟ་བུ་ཞིག་གིས་ཐོས་ཀྱང་རྫུན་ལོས་ཡིན་བསམ་པ་ཞིག་ནི། ལུས་པོའི་གྲིབ་མ། སོ་སོའི་མིང་། རང་རང་གི་འདྲ་རིས་གསུམ་པོ་ཡང་བདག་ཏུ་བརྩི་བ་སྟེ། གྲིབ་མ་ནི་གསོན་པའི་དུས་སུ་ལུས་དང་འགྲོགས་ནས་འགྲོ། ཤི་བའི་ཚེ་ན་ལུས་དང་གྱེས་ཏེ་རང་དབང་དུ་གནས། གཟབ་གཟབ་མ་བྱས་ན་གཤིན་པོའི་གྲིབ་གཟུགས་ནི་བར་དོའི་སེམས་ཅན་འགའ་རེས་ཟ་འགྲོ་བར་བཤད། བེམ་པོ་རུལ་སོང་ན་དེའི་ཚབ་ཏུ་མི་དེའི་འདྲ་རིས་བརྐོས་ཏེ་དུར་ཁྲོད་དུ་བཞག་ན་རྣམ་ཤེས་ཞུགས་སའི་རྟེན་དུ་རུང་བར་འདོད། སོ་སོའི་མིང་ནི་སོ་སོ་མི་རུ་མཚོན་བྱེད་ཀྱི་རྩ་བའི་རྨང་གཞི་ཡིན་ཟེར། ཨེ་ཅིབ་ཀྱི་གནའ་བོའི་པུར་སྒམ་ངོས་སུ་གཤིན་པོའི་མིང་དང་འདྲ་གཟུགས་བྲིས་ཡོད་པའི་རྒྱུ་རྐྱེན་དེ་ལ་ཐུག།
མཁས་བླུན་སུ་ཡིས་གོ་ཡང་མཚར་སྣང་སྐྱེ་ཞིང་། མཚར་ནས་ཇི་ལྟར་དཔྱད་ཀྱང་བདེན་རྫུན་གང་དུ་ཡང་ཐག་མི་ཆོད་པ་ཞིག་ནི། ཤ་ཡི་མིག་འདིས་དངོས་སུ་མི་མཐོང་ན་ཡང་དོན་དུ་ལུས་པོའི་ནང་དུ་རྦ་(Ba)དང་ཁྭ་(Ka)ཟེར་བའི་བདག་གཉིས་ཡོད་པར་འདོད། བོད་སྐད་དུ་བསྒྱུར་ན་རྦ་ནི་རྟག་ཏུ་འཚོ། ཁྭ་ནི་གནད་ས་རུ་བསྒྱུར་དགོས་ཞེས་ལོ་ཙཱ་བ་ཆུ་དཀར་པདྨ་རྡོ་རྗེས་བྲིས་འདུག་པ་བདེན་མིན་མ་ཤེས། ཟེར་སྒྲོས་སུ་རྦ་ཡི་ཤ་ཚུགས་ནི་མི་རང་ཉིད་དང་འདྲ་ཞིང་། ཁྭ་ཡི་རྣམ་པ་ནི་མགོ་བོ་མི་ལ་ལུས་པོ་བྱ་ཡི་གཟུགས་སུ་གནས། དེ་ལས་སྔ་མ་ནི་སོ་སོའི་གཤིས་ཀ་དང་རྗེས་མ་དེ་ཚེ་སྲོག་ལ་གོ་དགོས་པ་འདྲ་ཞེས་དེང་གི་ཞིབ་འཇུག་པ་ཚོས་བཤད། རང་རེའི་ཆོས་སྐད་ལྟར་ན་རྦ་ལ་བླ་སྲོག་དང་ཁྭ་ལ་རྣམ་ཤེས་ཞེས་ཟེར་ཆོག་པར་མངོན།
དེས་ན་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་རི་ཆོས་མཚམས་ཀྱི་ཞལ་གདམས་ལས། “སྲོག་དང་བླ་དང་རྣམ་ཤེས་གསུམ། །སྲོག་ནི་གཤེད་མ་འདྲེ་ཡིས་བཅད། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲངས། །བླ་དེ་ཚེ་འདས་གཟུགས་བཟུང་ནས། །དུར་ས་དེ་ལ་གནས་པ་ཡིན། །དུར་ས་ལེགས་ན་བླ་དེ་དར། །”ཞེས་སོགས་གསུངས་པ་དང་མཚུངས་སོ། །
དེ་ལ་ཀརྨ་ཆགས་མེད་ཀྱིས་བླ་སྲོག་གི་ཁུངས་མ་ཧཱ་ཙི་ནའི་ཡུལ་ལ་གཏུགས། དེའི་ཁུངས་ནི་གནའ་བོའི་ཨེ་ཅེབ་ལ་ཐུག་སྙམ་དུ་ཁོ་བོ་སེམས། སྤྱིར་ན་བླ་ཚེ་སྲོག་གསུམ་ཙམ་མིན་པར་བོད་ཀྱི་གནའ་བོའི་བང་སོའི་ཚུགས་ཀ་དང་། བང་སོའི་ནང་དུ་དུར་རྫས་འཇོག་ལུགས་སོགས་ཀྱང་གནའ་བོའི་ཨེ་ཅེབ་ཀྱི་བང་སོའི་རིག་གནས་དང་འདྲ་བོ་བྱུང་འདུག་པས། དེ་དག་གི་ཐོག་མའི་འབྱུང་ཁུངས་ནི་ཨེ་ཅིབ་ཀྱི་གཤིན་པོའི་དཔེ་ཆ་ཡིན་ན་སྲིད། ལར་ཨེ་ཅིབ་ནི་འཛམ་གླིང་གི་ཤེས་རིག་ཀུན་གྱི་རྩ་བའི་ཨ་མ་ལྟ་བུར་འདོད་པའི་མཁས་པ་མང་དུ་སྣང་ཞིང་རྒྱུ་མཚན་ཡང་བཤད་རྒྱུ་འདུག་མོད་སྐབས་སུ་མ་བབ་པས་བཞག་གོ། །
༣ འཆི་བའི་ངོ་བོ།
མི་རྣམས་རྟག་ཏུ་གསོན་མི་ཐུབ་པས་ནམ་ཞིག་འཆི་བར་འགྱུར། ཨེ་ཅེབ་ཀྱི་མིས་སྣང་སྲིད་ཐམས་ཅད་ལྷ་འདྲེ་སོགས་སེམས་ཅན་སྣ་ཚོགས་སུ་འདོད་པས་འཆི་བ་ཡང་རྐང་པ་བཞི་ཅན་གྱི་སྦྲུལ་ཆེན་པོ་ཞིག་ཡིན་པར་བཤད། དེའི་འདྲ་རིས་པུར་སྒམ་གྱི་ངོས་སུ་བྲིས་ནས་ཡོད། དེ་ལ་ཚེ་འདིའི་ལུས་སེམས་ཁ་བྲལ་བ་ལ་འཆི་བ་དང་པོ་ཞེས་བྱ། དེའི་ཚེ་ཁྭ་ནི་བེམ་རོ་དང་གྱེས་ཏེ་བར་དོའི་ཁམས་སུ་འགྲོ། དེར་ཐོན་རྗེས་བར་དོའི་ཁྲིམས་དཔོན་རྣམ་པའི་འདྲི་ཚིག་ལ་དོན་མཐུན་གྱི་ལན་འདེབས་ཤེས་པའི་ཁར། སྔར་བྱས་ཀྱི་དགེ་བ་རླབས་ཆེན་འདྲ་སྟོན་རྒྱུ་ཡོད་ན་སླར་མི་ཡུལ་དུ་ལོག་ནས་སྔར་གྱི་བེམ་རོའི་ནང་ལ་ཞུགས་ཆོག། དེར་ཞུགས་པས་འཆི་བ་མེད་པའི་ཚེ་ཐོབ་སྟེ་ལྷ་ཡི་གོ་འཕང་རྙེད་པར་འགྱུར། བེམ་པོ་རུལ་དུ་མི་འཇུག་པར་དམར་གདུང་བྱེད་པའི་རྩ་བ་དེ་ལ་ཐུག།
གལ་ཏེ་དྲིས་ལན་ཇི་བཞིན་འདེབས་མ་ཤེས་པའི་ཐོག་ཏུ་སྔར་སྡིག་པ་ཚབས་ཆེན་འདྲ་བྱས་ཡོད་ན་དེ་མ་ཐག་བདུད་འདྲེ་རྣམས་ལ་ཟ་རུ་བཅུག་སྟེ་སྲོག་དང་ཕྲལ་བར་བྱེད། དེ་ལ་འཆི་བ་གཉིས་པ་ཞེས་གྲགས་ཏེ་རྣམ་ཤེས་རྒྱུན་ཆད་ནས་དུས་གཏན་དུ་ཤི་འགྲོ་བར་སྨྲ། དེས་ན་ཁྲིམས་དཔོན་ལ་ལན་འདེབས་ཤེས་པའི་ཆེད་དུ་དུར་སྒམ་ནང་དུ་གཤིན་པོའི་དཔེ་ཆ་དེ་འཇོག་པ་ཡིན།
འཆི་བ་དང་པོ་བྱུང་སྐབས་རྦ་ཞེས་པའི་བླ་སྲོག་དེ་ཚེ་ཕྱི་མིའི་ཡུལ་དུ་མི་འགྲོ་བར་བེམ་རོ་དང་མཉམ་པོར་དུར་ཁྲོད་དུ་འདུག། ཉིན་མོར་དུར་ས་དང་ཁ་བྲལ་ཏེ་སྔར་གྱི་ཁྱིམ་མི་དང་གཉེན་ཉེ་ལ་ལྟ་རུ་འགྲོ། ས་ཆ་དྲོ་སར་སོང་ནས་ཉི་མ་ལྡེ་བ་མ་ཟད་ཐ་ན་ཟླ་གྲོགས་བཙལ་ཏེ་ལུས་འབྲེལ་ཡང་བྱེད། མུན་རུབ་པ་ན་སླར་རོ་ཕུང་ནང་དུ་ཞུགས་ཏེ་དུར་ཁུང་དུ་སྦས་ཡོད་པའི་རོ་ཟས་ཟ། གལ་ཏེ་ལྟོ་བ་འགྲངས་པའི་རོ་ཟས་ཟ་རྒྱུ་མ་རྙེད་ན་མུག་གེས་ཤི། དེ་ཤི་སོང་ན་བར་དོར་འཁྱམ་པའི་རྦ་དེ་ཡང་ཤི་འགྲོ་བར་བཤད། དུར་ཁྲོད་དུ་བཟའ་བཏུང་མང་པོ་འཇོག་དགོས་པའི་གནད་འགག་དེ་ན་ཐུག།
དད་མོས་དེ་ལ་བརྟེན་ནས་གནས་ཚུལ་ཁེ་མཚར་ཞིག་བྱུང་བ་ནི། མི་དམངས་ཀྱི་སྡོད་ཁང་དང་རྒྱལ་པོའི་ཕོ་བྲང་ནི་གནས་སྐབས་ཀྱི་སྡོད་གནས་ཙམ་ཡིན་པས་བརྟན་པོ་མེད་ཀྱང་ཆོག་ཟེར་ནས་འཇིག་སླ་བའི་འཇིམ་པས་བསྐྲུན། བང་སོ་ཁོ་ན་དུས་གཏན་གྱི་སྡོད་གནས་ཡིན་པས་ངེས་པར་དུ་སྲ་ཞིང་བརྟན་པ་ཡོད་དགོས་ཟེར་ནས་རྡོ་བ་ལས་བཞེངས་པས། མཐའ་དེང་སང་གི་བར་དུ་གནས་ཐུབ་པའི་ཨེ་ཅེབ་ཀྱི་གནའ་ཤུལ་ཕལ་མོ་ཆེ་ཡང་མི་གསོན་པོ་རྣམས་འདུག་སའི་ཕོ་བྲང་དང་གྲོང་ཁྱེར་མིན་པར། ཤི་བོ་ཚོ་སྡོད་སའི་བང་སོ་དང་ལྷ་ཚོགས་བཞུགས་སའི་ལྷ་ཁང་གཉིས་པོ་ཡིན་འདུག་གོ། །
༤ བེམ་རོ་ཉར་ཚགས།
སྤྱིར་ལུས་པོ་དང་ཁྱད་པར་དུ་མགོ་ཆ་ཚང་མེད་ན་ཉིན་པར་ས་ཕྱོགས་གཞན་ལ་ལྟ་སྐོར་དུ་སོང་བའི་བླ་སྲོག་དེ་མཚན་མོ་ཚུར་ཡོང་སྐབས་ལུས་པོ་ངོས་མི་ཟིན་པའི་དཀའ་ངལ་ཡོད། ཕུང་པོ་རུལ་སོང་ན་ཚེ་ཕྱི་མར་འཁྱམ་པའི་རྣམ་ཤེས་དེས་བར་དོ་ནས་རྒྱུག་ལེགས་པོ་འཕྲོད་ནས་ཕྱིར་མི་ཡུལ་དུ་ལོག་སྐབས་བསྐྱར་དུ་གསོན་མི་ཐུབ་པའི་ཉེན་ཁ་ཡོད། དེས་ན་དཀའ་རྙོག་དེ་དག་མི་ཡོང་བའི་ཆེད་དུ་བེམ་རོ་ཆ་ཚང་དམར་གདུང་བཟོས་ཏེ་དུར་ཁྲོད་དུ་སྦ་བ་ཡིན་ནོ། །
དེ་ཞིབ་པར་བཀྲལ་ན། ཚེ་འདས་སུ་ཡིན་རུང་ཤི་ནས་ཉིན་༧༠འདས་པའི་རྗེས་སུ་གཞི་ནས་དུར་འཇུག་བྱེད་པས་དཀའ་ཚེགས་ཆེ་བའི་རོ་ལས་ཇི་སྙེད་དེའི་བར་དུ་སྒྲུབ། སྒྲུབ་སྟངས་ནི་ཕུང་པོ་མི་རུལ་བའི་ཆེད་དུ་ལུས་པོའི་ནང་གི་ཆུའམ་རླན་གྱི་ཆ་རྣམས་མེད་པར་བཟོས་ཏེ་བེམ་རོ་སྐམ་པོ་བྱེད་པའི་བརྒྱུད་རིམ་ཞིག་གོ། །
དེའི་གོམ་པ་དང་པོ་ནི་ཀླད་ཞོ་ཕྱི་རུ་ལེན་པའི་རིམ་པ་སྟེ། སྐབས་སུ་བབ་པའི་བེམ་རོ་དེ་ཁང་མིག་ཅིག་ཏུ་ཁྱེར་ནས་མདུན་ཅོག་ཅིག་གི་ཐོག་ལ་གན་རྐྱལ་དུ་བཞག་རྗེས། ལྕགས་ཀྱུ་ཞིག་ཁྱེར་ཡོང་ནས་སྣ་ཁུང་ནས་དྲངས་ཏེ་ཀླད་ཆེན་དཀྲུགས་དཀྲུགས་གཏོང་། དེ་ནས་ལུས་པོ་སྟེང་འོག་བརྗེས་ཏེ་ལྕགས་ཀྱུས་ཁྲག་ལྟར་དཀྲུགས་པའི་ཀླད་ཁུ་རྣམས་སྣ་ཁུང་བརྒྱུད་ནས་ཕྱི་རུ་འབོ། ཚང་མ་ཕྱི་རུ་ཕོ་ཚར་རྗེས་ཆང་རག་གིས་ཐོད་པའི་ནང་ལོགས་གཙང་མར་བཀྲུས་ཏེ་དེའི་ནང་དུ་སྡོང་ཞག་གཞུག་གོ །
གཉིས་པ་ནི་ཁོག་ལྟོ་བྲུས་ཏེ་ནང་ཁྲོལ་ཕྱི་རུ་ལེན་པ་སྟེ། ལེན་ཚུལ་ནི་ཤ་རུས་གཞན་ལས་ཀྱང་ནང་ཁྲོལ་རྣམས་རུལ་སླ་བའི་ཕྱིར་ན་དེ་དག་མི་རུལ་བའི་ཆེད་དུ་བེམ་རོའི་ལྟོ་བར་ཁུང་བུ་ཕུག་སྟེ་སྙིང་དང་མཁལ་མ་མ་གཏོགས་པའི་དོན་སྣོད་ཕྱི་རུ་འདོན། སྙིང་མི་འདོན་པའི་རྒྱུ་མཚན་ནི་བར་དོ་ནས་དགེ་སྡིག་རྒྱ་མར་འཇལ་སྐབས་སྙིང་མེད་ན་མི་འགྲིག་པས་ཡིན། འོན་ཀྱང་རྣམ་པ་ཀུན་ཏུ་སྙིང་དངོས་གནས་པ་རང་སོར་འཇོག་པའི་ངེས་པ་ཡང་མེད་དེ། དགེ་སྡིག་རྒྱ་མར་འཇལ་སྐབས་སྡིག་པ་ལྕི་སོང་ན་གཤིན་པོའི་སྙིང་བཏོན་ཏེ་བདུད་འདྲེ་ལ་ཟ་རུ་འཇུག་པས་ན། ད་ལྟ་ནས་སྙིང་བཏོན་ཏེ་དེའི་ཚབ་ཏུ་སྙིང་རྫུན་མ་ཞིག་བཅུག་བཞག་ན་ཉེན་ཁ་དེ་འདྲ་མི་འབྱུང་ཟེར་ནས་དབྱིབས་བསེ་སྦུར་དང་འདྲ་བའི་སྙིང་རྫུན་མ་ཞིག་འཇོག་པའི་སྲོལ་ཡང་མཆིས་སོ། །
གསུམ་པ་ནི་ཕྱི་རུ་བླངས་པའི་ནང་ཁྲོལ་དེ་དག་ཉར་ཚགས་བྱེད་པ་སྟེ། བྱེད་སྟངས་ནི་དུར་སའི་ལྷ་བཞི་མཚོན་པའི་རྫ་སྣོད་བཞི་བཟོས་ཏེ་དེ་དག་གི་ནང་དུ་གློ་མཆིན་སོ་སོར་བཅུག་སྟེ་རྫ་སྣོད་དང་བཅས་པ་པུར་སྒམ་ནང་དུ་འཇུག་པ་ཡིན། དེ་ཡང་ལྷ་དྷོ་མོ་ཐེ་ཧྥི་(Duamutef)མཚོན་པའི་སྣོད་དུ་ཤི་བོའི་ཕོ་བ་བཅུག་སྟེ་པུར་སྒམ་གྱི་ཤར་ངོས་སུ་འཇོག། ལྷ་ཨེམ་སྲེ་ཐྲི་(Imset)མཚོན་པའི་སྣོད་དུ་མཆིན་པ་བཅུག་སྟེ་པུར་སྒམ་གྱི་ལྷོ་ངོས། ལྷ་ཁེབ་ཥེ་ནུས་ཧྥུ་(Qebshenuf)མཚོན་པའི་སྣོད་དུ་རྒྱུ་མ་བཅུག་སྟེ་ནུབ་ངོས། ལྷ་ཧ་ཕིས་(Hapi)མཚོན་པའི་སྣོད་དུ་གློ་བ་བཅུག་སྟེ་བེམ་རོའི་བྱང་ངོས་སུ་འཇོག་པ་ཡིན་ནོ། །
གོ་དགོས་པ་ཞིག་ལ་སྤྱི་ལོའི་སྔོན་གྱི་ལོ་ཆིག་སྟོང་གི་གོང་དུ་ནང་ཁྲོལ་རྣམས་རྫ་སྣོད་སོ་སོའི་ནང་དུ་འཇུག་པ་ལ། དེའི་རྗེས་ནས་ལག་ལེན་ལ་འགྱུར་བ་ཐེབས་ཏེ་ནང་སྙིང་ཚང་མ་སྣོད་གཅིག་གི་ནང་དུ་བཅུག་ནས་བེམ་རོ་དང་མཉམ་དུ་འཇོག་པ་ཡིན་ཞེས་ནུབ་གླིང་གི་ཞིབ་འཇུག་པ་འགའ་རེས་བཤད། གང་ལྟར་ཤི་བོའི་ཕོ་བ་སྲུང་བའི་ལྷ་ནི་མི་ཡི་ལུས་པོ་ལ་སྤྱང་ཀིའི་མགོ་འབྱར་བ། མཆིན་པ་སྲུང་མཁན་ནི་ལུས་དང་མགོ་བོ་གཉིས་ཀ་མི་རུ་གནས་པ། རྒྱུ་མ་སྲུང་མཁན་དེ་མི་ཡི་ལུས་པོ་ལ་གླག་རྒོད་ཀྱི་མགོ་ཐོགས་པ། གློ་བ་སྲུང་མཁན་དེ་མི་ཡི་གཟུགས་པོ་ལ་སྤྲེའུ་མཇུག་རིང་གི་མགོ་སྐྱེས་པ་ཞིག་གོ །
དེ་ལྟར་བེམ་རོའི་ཁོག་ལྟོ་འབྲུ་བ་དང་། བྲུས་ཏེ་རྫ་སྣོད་དུ་བཅུག་པ། ནང་ཁྲོལ་མེད་པའི་བེམ་རོ་ཁོག་སྟོང་དེ་ཉིད་སྐམ་པོ་བཟོ་བ་བཅས་ལ་ཉིན་༤༠ཙམ་འགོར་བར་གྲགས་སོ། །
བཞི་པ་ནི་ལུས་པོ་སྲུང་སྐྱོབ་བྱེད་པ་སྟེ། བྱེད་ལུགས་ནི་བེམ་རོའི་ནང་དུ་ས་རྡུལ་མི་འཛུལ་བ་དང་པགས་པ་རང་སོར་གནས་པའི་དོན་དུ་ཤིང་གི་སྣུམ་ཞག་ལུས་པོ་ཡོངས་ལ་བྱུགས་ཏེ་བ་སྤུའི་བུ་ག་བསུམ། སེན་མོ་དང་ཤ་རུས་མི་འཐོར་བའི་དོན་དུ་དཀྲིས་རེ་རེ་ལ་གཟུངས་སྔགས་ཚར་རེ་འདོན་ཞོར་ལུས་ཕུང་ཧྲིལ་བོ་སྨི་སྟོང་ཕྲག་ཙམ་ཡོད་པའི་རས་བལ་གྱིས་རིམ་པ་དུ་མར་དཀྲི། རོ་ལས་དེ་དག་ཉིན་༥༢པ་ལ་མཇུག་གྲུབ་བོ། །
ལྔ་པ་ནི་དམར་གདུང་པུར་སྒམ་དུ་གཞུག་པ་སྟེ། གཞུག་ཚུལ་ནི་དབྱིབས་མི་དང་འདྲ་བའི་པུར་སྒམ་ནར་མོ་ཞིག་བཟོ། དེའི་ནང་དུ་ཉིན་༦༨ཡར་མར་ལ་དམར་གདུང་འཇུག། བེམ་རོ་བཅུག་རྗེས་རྣམ་ཤེས་འཛུལ་ས་ཡིན་ཟེར་ནས་པུར་སྒམ་གྱི་ངོས་སུ་ཨི་ཁུང་ཆུང་ངུ་ཞིག་འཇོག། དེ་ནས་གཤིན་པོ་མཚོན་བྱེད་ཡིན་ཟེར་ནས་པུར་སྒམ་གྱི་ངོས་སུ་གཟུགས་རིས་སྣ་ཚོགས་རྐོ། ཤི་བོའི་མིང་ཡང་འབྲི། བླ་དང་རྣམ་ཤེས་ཀྱིས་རང་ལུས་ངོས་ཟིན་པའི་ཆེད་དུ་ཡིན་ཟེར་ནས་མ་ཤིའི་གོང་གི་ཤ་ཚུགས་དང་འདྲ་བའི་གདོང་འབག་སེར་པོ་ཞིག་བཟོ། དེ་གདོང་པའི་ཐོག་ཏུ་སྐོན། འདི་ནི་བོན་པོ་ཚང་ལ་དུར་ཁུང་དུ་སྦ་རྒྱུ་བླ་འཁོར་ཆ་བདུན་ཟེར་བ་ཞིག་ཡོད་པའི་ནང་གི་སྨྲ་ཤེས་ཞལ་ཟེར་བའི་གདོང་འབག་སེར་པོ་དེ་དང་ཧ་ཅང་འདྲའོ། །
དྲུག་པ་ནི་དུར་འཇུག་གི་མཛད་སྒོ་སྤེལ་བ་སྟེ། སྤེལ་ཚུལ་ནི་ཤི་ནས་ཉིན་༧༠ཕྱིན་པ་ན་ཉིན་དེའི་ཞོགས་པ་སྔ་མོར་ཤ་སྐམ་རུས་སྐམ་དུ་གྱུར་པའི་དམར་གདུང་དེ་ཉི་མའི་གྲུ་ལ་བཞག་སྟེ་ནུབ་ཕྱོགས་སུ་ཁྱེར། མྱ་ངན་གྱིས་ནོན་པའི་སྐྱེ་བོ་མང་པོས་ངུ་འབོད་བྱེད་ཀྱིན་ལག་པས་ཨ་རག་དང་ཆུ་གཙང་མ་སོགས་བཟང་བཏུང་མང་དུ་བསྣམས་ཏེ་པུར་གྱི་རྗེས་རྗེས་ནས་འགྲོ། ནེ་ལེ་གཙང་བོའི་(the Nile)འགྲམ་དུ་བསླེབས་པ་ན་བེམ་རོ་གྲུ་ཆུང་ཞིག་ཏུ་བཞག་ནས་ཆུ་བོའི་ཕར་ཁ་སྟེ་ནེ་ལེ་གཙང་བོའི་ནུས་ངོས་སུ་སྐྱེལ། དེ་ཡང་ཨེ་ཅེབ་ཀྱི་མིས་གཤིན་རྗེའི་གྲོང་ཁྱེར་ནུབ་ཕྱོགས་སུ་ཡོད་པར་འདོད་པས་རྒྱལ་པོའི་བང་སོ་ཚང་མ་ནེ་ལེ་གཙང་བོའི་ནུབ་ངོས་སུ་བཏབ་ཡོད་པར་གདའ་འོ། །
གང་ལྟར་ཆུ་བོའི་ཕ་རོལ་གྱི་དུར་སའི་འཁྲིས་སུ་ཐོན་པ་ན་མཆོད་དཔོན་ཞིག་གིས་བེམ་རོའི་ཁ་འགྲམ་དུ་དབྱུག་པས་སྣུན་ཙམ་སྣུན་ཙམ་བྱེད་པ་ལ་ཁ་འབྱེད་ཀྱི་ཆོ་ག་ཞེས་བྱ། དེ་ནི་འཇིག་རྟེན་ཕྱི་མར་ཆས་པའི་རྣམ་ཤེས་འཁྱམ་པོ་སླར་ཡང་བེམ་རོའི་ནང་དུ་ཞུགས་ནས་བསྐྱར་དུ་གསོན་པའི་ཆེད་དུ་སྟེ། དེ་ནས་བཟུང་མི་གསོན་པོ་ནང་བཞིན་ཁ་ཟས་ཟ་བ་དང་སྐད་ཆ་ཤོད་པ་སོགས་བྱེད་ནུས་པར་གྲགས། དཔེ་ཆ་འགའ་རེའི་ནང་དུ་ཁ་ཙམ་མིན་པར་ད་དུང་གཤིན་པོས་གཟུགས་ལ་ལྟ་བ་དང་སྒྲ་ལ་ཉན་པ་སོགས་ཀྱི་དོན་དུ་མིག་དང་རྣ་བ་ཕྱེ་བའི་ཆོ་ག་ཡང་སྒྲུབ་པར་བཤད། གང་ལྟར་དགོས་ངེས་ཀྱི་ཆོ་ག་དེ་དག་ལེགས་པར་གྲུབ་པ་ན་པུར་སྒམ་དུར་དུ་སྦེད་དོ། །
བདུན་པ་ནི་རྗེས་ཀྱི་བྱ་བ་སྟེ། པུར་སྒམ་དུར་ཁུང་དུ་བཅུག་རྗེས་དུར་ཁྲོད་ཀྱི་ཉེ་འཁོར་གཙང་མར་ཕྱགས་ཏེ་ཤིང་ཆ་གཞན་པ་ལྟ་ཅི་སྟེ་ཐ་ན་མིའི་རྐང་རྗེས་ཙམ་ཡང་མེད་པར་བཟོ། ཁོར་ཡུག་གཙང་མར་བྱས་རྗེས་ཆེས་མཐའ་མའི་སྨོན་ལམ་རྒྱག། དེ་ནས་དུར་འཇུག་གི་བྱ་བ་ལ་རོགས་རམ་གནང་བའི་ལས་ཀྱི་སྣེ་མོ་བ་དག་ལ་བཀའ་དྲིན་ཞུ་ཕྱིར་སྟོན་མོ་བྱེད། བཟའ་བཏུང་གི་དཔལ་ལ་རོལ་རྗེས་དགའ་དགའ་སྤྲོ་སྤྲོའི་ངང་ནས་རང་ཁྱིམ་དུ་ལོག་པ་ཡིན་ནོ། །
༥ བར་དོའི་སྣོད་བཅུད་ཀྱི་བཀོད་པ།
འདི་ནས་ཤི་བའི་རྗེས་སུ་རྣམ་ཤེས་བར་དོའི་ཡུལ་དུ་འཁྱམ། དེར་ཕྱིན་པ་ལ་དང་པོ་བར་དོའི་སྒོ་ཆེན་ལས་ཐར་དགོས། འོན་ཀྱང་སྒོ་མང་ཉུང་གི་ཐད་ལ་བཤད་སྲོལ་མི་མཐུན་ཏེ། གཤིན་པོའི་དཔེ་ཆའི་ཚན་པ༡༤༤པ་དང་༡༤༧པའི་ནང་དུ་སྒོ་ཆེན་༧ཡོད་པར་བཤད། ཨེ་ཅེབ་ཀྱི་རྒྱལ་རབས་གསར་མའི་སྐབས་ཀྱི་བང་སོ་ཞིག་གི་ངོས་སུ་སྒོ་༡༢ཡོད་ཅེས་བྲིས། བར་དོའི་ཡིག་ཆ་འགའ་རེར་སྒོ་༢༡ཡོད་པར་གསུངས་སོ། །
གང་ལྟར་སྒོ་ཆེན་རེ་རེའི་ཟུར་དུ་སྒོ་སྲུང་ཡིན་ཟེར་བའི་བདུད་འདྲེ་རེ་རེ་འགྲེང་ནས་ཡོད་པ་ལ་དེ་དག་གི་མིང་ནས་འབོད་ཤེས་ན་ནང་དུ་གཏོང་། མ་ཤེས་ན་མི་གཏོང་། སྟབས་ལེགས་ནས་བར་དོའི་ས་ཁུལ་དུ་འཛུལ་རྗེས་རི་འབུར་མི་འདྲ་བ་༡༤ཙམ་ཕྲེང་བསྟར་ནས་ཆགས་ཡོད་པ་རྣམས་རིམ་པས་བརྒལ་དགོས། དེ་ལ་གཤིན་པོའི་དཔེ་ཆའི་ཚན་པ་༡༤༩པའི་ནང་དུ་རི་འབུར་༩པ་དང་། ༡༡པ། ༡༤པ་གསུམ་མདོག་སེར་པོ་དང་། ལྷག་མ་༡༡ནི་སྔོན་པོ་ཡིན་པར་བཤད་དོ། །
དེ་ཡང་ཞིབ་ཏུ་བཀྲལ་ན། རི་དང་པོའི་ཐོག་ཏུ་གོར་སོབ་དང་ཨ་རག་ཡོད་པས་ཤི་བོ་ཚོ་དེར་སོང་ན་ལྟོ་བ་འགྲང་པའི་བཟང་བཏུང་རྙེད། རི་གཉིས་པར་གཞིས་སྡོད་བྱེད་མཁན་ལྷ་གཅིག་ལས་མེད། རི་གསུམ་པའི་ཕྱི་ངོས་ནས་མེ་ལྕེ་འུར་འུར་དུ་འབར་ཞིང་དེའི་ཁོང་གསེང་དུ་རྣམ་ཤེས་འཁྱམ་པོ་མང་དུ་གནས། རི་བཞི་པའི་སྣ་ལ་ཁྲུ་༣༠༠དང་ཞེང་ལ་ཁྲུ་༡༠༥ཡོད་ཅིང་དེའི་འདབས་སུ་སྦྲུལ་ཆེན་པོ་ཞིག་གནས་པ་ལ་དེས་ཁོ་རང་གི་མིང་མི་ཤེས་པའི་ཤི་བོ་རྣམས་ཁྱུར་མིད་གཏོང་།
རི་ལྔ་པར་བར་དོའི་སེམས་ཅན་མང་དུ་ཡོད་པ་ལ་དེ་དག་གིས་གཤིན་པོའི་ལུས་ཀྱི་གྲིབ་མ་ཟོས་ཏེ་ལྟོ་བ་འགྲང་ཐབས་བྱེད། རི་དྲུག་པ་ནི་ལྷ་ཚོགས་ལ་མཆོད་འབུལ་བྱ་སའི་བྲག་ཕུག་ཅིག་ཡིན་པ་ལ་གཤིན་པོ་ཚོ་དེའི་ནང་དུ་འཛུལ་མི་ནུས་ཀྱང་རི་རྩེ་རུ་འཛེགས་ན་ལྷ་ཚོགས་མང་པོ་མཇལ་ཐུབ། རི་བདུན་པའི་ཞོལ་དུ་སྦྲུལ་གཏུམ་པོ་ཞིག་ཡོད་པ་ལ་དེས་གཤིན་པོ་རྣམས་དམར་གསོད་གཏོང་། རི་བརྒྱད་པར་ཧ་ཅང་གོ་གནས་མཐོ་བའི་ལྷ་ཞིག་བཞུགས་ཡོད་པས་ཤི་བོ་སུ་ཡང་རི་དེའི་འཁྲིས་སུ་བཅར་མི་ནུས།
རི་དགུ་པ་ཉི་མའི་ལྷ་ཨ་ཐུམ་(Atum)ཟེར་བའི་བཞུགས་གནས་ཡིན་ཞིང་ཁོང་ཧ་ཅང་རྔམ་ཟིལ་ཆེ་བས་རི་དེའི་ཁོང་གསེང་དུ་ལྷ་མི་གཞན་པ་སུ་ཡང་འགྲོ་མི་ཕོད། རི་བཅུ་པ་བརྒལ་སྐབས་ཡུལ་དེའི་སྡོད་དམངས་རྣམས་ཁ་སྦུབ་ཏུ་འགྱེལ་མ་བཅུག་ན་གཤིན་པོའི་རྣམ་ཤེས་དང་གྲིབ་མ་ཟ་བའི་ཉེན་ཁ་ཆེ། རི་བཅུ་གཅིག་པ་ལ་གནས་པའི་སེམས་ཅན་ཚོས་སོ་སོའི་གསང་བ་འཆོར་བར་དོགས་ཏེ་གཞན་པའི་མཐོང་ལམ་དུ་མི་ཡོང་།
རི་བཅུ་གཉིས་པར་དུག་སྦྲུལ་བཞི་མཆིས་པས་རི་དེའི་ཉེ་སར་ལྷ་མི་སུ་ཡང་འགྲོ་མི་ཕོད། རི་བཅུ་གསུམ་པ་ལ་སེམས་ཅན་སུ་ཡང་མེད་ཅིང་དེ་ནས་བཞུར་བའི་ཆུ་ནི་མེ་ཞུན་ཁོལ་མ་ཡིན་པས་སུས་ཀྱང་འཐུང་མི་རུང་། རི་བཅུ་བཞི་པས་མི་ཡུལ་གྱི་ནེ་ལེ་གཙང་བོའི་བཞུར་ལམ་ལ་འགྱུར་བ་གཏོང་བཞིན་ཡོད་སོགས་ཟེར་རོ། །
༦ བདུད་འདྲེའི་འཚེ་བ་ཟློག་ཐབས།
བར་དོའི་ཁྲིམས་ཁང་དུ་ཐོན་པ་ལ་ངེས་པར་དུ་རི་བོ་དེ་དག་ཏུ་གནས་བཅས་པའི་འདྲེ་དང་དུག་སྦྲུལ་གཅན་གཟན་སོགས་ཀྱི་འཚེ་བ་ལས་རྒྱལ་དགོས། རྒྱལ་བའི་ཐབས་མི་འདྲ་བ་གསུམ་ཙམ་བཤད་པའི་དང་པོ་ནི། སེམས་ཅན་དེ་དག་གི་མིང་ནས་བོས་ཏེ་འཇིགས་སྐུལ་བྱེད་དགོས་པ་སྟེ། དཔེར་ན་གཤིན་པོའི་དཔེ་ཆའི་ཚན་པ་༡༤༩པའི་ནང་དུ་རི་༧པ་བརྒལ་སྐབས་དེར་གནས་པའི་དུག་སྦྲུལ་གྱི་འཚེ་བ་ཟློག་ཐབས་འདི་འདྲ་བྲིས་ཡོད་དེ། དེ་ཉིད་ལས།“འདམ་རྩྭའི་གསེབ་ཏུ་ཡབ་པའི་དུག་སྦྲུལ་ཁྱོད་ཀྱི་མིང་ལ་རེ་ལཱ་ཁི་ཟེར་བ་ངས་ཤེས། ཁ་ནས་ཁྲག་དམར་འཛག་ཅིང་མིག་ནས་མེ་ལྕེ་མཆེད་པའི་དུག་སྦྲུལ་ཁྱོད་རང་མྱུར་དུ་རང་མལ་དུ་ལོག་ཅིག །གཞན་དུ་ན་ངས་ཁྱོད་ཀྱི་མཆེ་བ་དུམ་བུར་གཏུབས་ཏེ་དུག་ཆུ་ལ་ནུས་པ་མེད་པར་བྱེད་ངེས་ཡིན།”ཞེས་སོ། །
རྒྱལ་ཐབས་གཉིས་པ་ནི་མཚོན་ཆ་བཀོལ་ནས་འཐབ་དགོས་པ་སྟེ། དེ་ཚོས་མཆེ་བ་གཙིགས་པ་སོགས་བྱས་ནས་ཚུར་ལ་རྒྱུག་ཡོང་དུས་ག་ཤེད་ལ་བྲོས་མི་འགྲོ་བར་དེ་དག་ལ་གྲི་མཚོན་བསྣུན་དགོས་པར་བཤད། རང་སྲུང་བྱེད་པའི་ཆེད་དུ་གཤིན་པོ་ཚོས་རྐང་པར་ལྷམ་དང་ལུས་ལ་གོས་གྱོན་ནས་ལག་ཏུ་མཚོན་ཆ་འཛིན་རྒྱུ་གལ་ཆེ་ཞེས་ཟེར་རོ། །
རྒྱལ་ཐབས་གསུམ་པ་ནི་ལྷ་ཚོགས་གྲོགས་ལ་སྦྲན་པ་སྟེ། སྦྲན་ཚུལ་ནི་བར་དོའི་ཡུལ་དུ་བྲག་ཁུང་༡༢ཙམ་ཡོད་པའི་ནང་དུ་ལྷ་ཚོགས་མང་དུ་བཞུགས་པས། དེ་དག་ལ་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་སྐྱབས་འཇུག་ཞུས་ན་སྡོངས་གྲོགས་བྱེད། ཞུ་སྟངས་ནི་གཤིན་པོའི་དཔེ་ཆ་ལ་ཚན་པ་༢༠༠ཙམ་ཡོད་པའི་ནང་གི་ཚན་པ་ཆེས་མཐའ་མར། “ཀྱེ། རྒྱལ་པོ་ཨོ་སྲེས་རིས་སིའི་རྒྱལ་ཁམས་འདི་ནས་གཤིན་པོ་རྣམས་ལ་སྒོ་ཆེན་ཕྱེ་ཞིང་ལམ་སྣ་སྟོན་པའི་ལྷ་ཚོགས་རྣམ་པ། ཁྱེད་ཅག་གིས་ངེད་ཅག་གི་ལམ་སྣ་ཁྲིད་ནས་ང་ཚོ་རྒྱལ་ཁབ་འདིའི་ནང་དུ་བདེ་བླག་གིས་འཇུག་ཅིང་། སླར་ཡང་རང་དབང་གི་སྒོ་ནས་ཕྱི་རུ་འབྱུང་བར་གདོང་གྲོགས་མཛོད་ཅིག །”ཅེས་འབྱུང་ངོ། །
༧ ལས་ཀྱི་རྫུ་འཕྲུལ།
རི་ལུང་དེ་དག་གི་བར་ནས་ཆུ་བོ་མང་དུ་འབབ་བཞིན་ཡོད་པས་གྲུ་གཟིངས་ལ་བསྡད་ནས་དེ་དག་བརྒལ་བར་བྱེད། རྣམ་པ་ཀུན་ཏུ་གྲུ་ལ་འདུག་དགོས་པའི་ངེས་པ་ཡང་མེད་དེ། ཁྲིམས་གཅོད་ཁང་དུ་ཐོན་ལ་ཉེ་སྐབས་ངལ་ཞིང་དུབ་པའམ་མགོ་ཡུ་འཁོར་བ་ལྟ་བུའི་གནས་ཚུལ་བྱུང་ན། ལུས་ཀྱི་རྫུ་འཕྲུལ་བེད་སྤྱད་ནས་འགྲོ་ལམ་ལྷག་མ་ཐམས་ཅད་དུས་ཡུན་ཐུང་ངུའི་ནང་དུ་བརྒལ་ཐུབ་པ་ཡིན་ནོ། །
དེ་ཡང་དཔེར་ན་གཤིན་པོའི་དཔེ་ཆའི་སྔགས་༧༧པ་བཏོན་ན་གཤོག་ཟུང་རྡོ་ལས་གྲུབ་པའི་གསེར་གྱི་བྱ་རྒོད། སྔགས་༨༤པ་བསྐྱོར་ན་སྐྱར་མོ་སྐེ་རིང་། སྔགས་༨༦པ་བཟླས་ན་ཁུག་རྟའི་གཟུགས་སུ་སྤྲུལ་ནུས་པས་དེའི་ཚེ་ནམ་མཁའ་ནས་རང་དབང་གིས་འཕུར་སྐྱོད་བྱེད་ཆོག། དེ་བཞིན་སྔགས་༨༧པ་བཟླས་པས་སྦྲུལ། སྔགས་༨༨པ་བཏོན་པས་ཆུ་སྲིན་གྱི་ལུས་སུ་སྤྲུལ་སྒྱུར་བྱེད་བཏུབ་པས་སྐབས་དེར་ཆུ་ནང་ནས་ཉ་བཞིན་དུ་རྒྱུག་ཅིང་སྐམ་ས་ནས་སྦྲུལ་བཞིན་དུ་ནུད་ཆོག། ཁྱད་པར་དུ་སྔགས་༧༦པ་འདོན་ཤེས་ན་སྤྲུལ་པ་གང་འདོད་འདོད་དུ་སྟོན་ནུས་པར་བཤད། དེ་ནི་མངོན་པ་མཛོད་དུ། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །ཞེས་གསུངས་པ་དང་ཕྱོགས་འདྲའོ། །
གཞན་ཡང་། གཤིན་པོའི་དཔེ་ཆ་བློ་ལ་མེད་པའི་ཤི་བོ་ཚོས་བཀྲེས་སྐོམ་བྱུང་སྐབས་སྐྱག་པ་ཟ་ཞིང་གཅིན་འཐུང་། ལམ་དུ་ཆས་དུས་མགོ་ས་ལ་བཙུགས་ནས་འགྲོ་དགོས་མོད། སྔགས་འགའ་རེ་འདོན་ཤེས་ན་ཤིང་སྡོང་གི་བསིལ་གྲིབ་འོག་ཏུ་བསྡད་ནས་གོར་སོབ་ཟ་ཞོར་ཨ་རག་འཐུང་། ལམ་དུ་འགྲོ་དུས་ཀྱང་རྐང་པ་བཙུགས་ནས་འགྲོ་ཆོག་ཚུལ་བྲིས་ལ། དུས་ཕྱིས་སུ་བརྩམས་པའི་མངོན་པ་མཛོད་དུ་ཡང་། “དམྱལ་བ་ཡི་ནི་སྤྱིའུ་ཚུགས་ཡིན། །”ཞེས་དམྱལ་བའི་གནས་སུ་སྐྱེ་ངེས་པའི་བར་དོའི་སེམས་ཅན་རྣམས་སྤྱི་བོ་ས་ལ་བསྟན་ནས་འགྲོ་ཚུལ་དངོས་སུ་བཤད། དེས་མི་དང་ལྷ་ཡི་ལུས་སུ་སྐྱེ་བར་འགྱུར་བ་ཚོས་མགོ་གནམ་ལ་བསྟན་ནས་འགྲོ་ཆོག་པ་ཤུགས་ལ་འཕངས་སོ། །
༨ བར་དོའི་ཁྲིམས་ཁང་གི་གྲ་སྒྲིག །
ཤི་བོ་རྣམས་བར་དོའི་ཁྲིམས་ཁང་གི་སྒོ་འགྲམ་དུཐོན་པ་ན་ཤི་ལྷ་ཨ་ནུས་སྦིས་སི་(Anubis)ཟེར་བས་དྲང་བདེན་གྱི་ཚོམས་ཆེན་ཟེར་བའི་ཁྲིམས་གཅོད་ཁང་དུ་ཁྲིད། སྐབས་དེར་ཚོགས་ཆེན་དེའི་དབུས་སུ་ཕར་བལྟས་ན་ཤན་འབྱེད་པ་ལྟ་བུའི་ལྷ་ཆེན་དབང་ཤུགས་ཅན་བཅུ་ཕྲག་དང་། རྒྱལ་པོ་ཨོ་སྲེས་རིས་སི་(Osiris)ཡིས་གཤིན་རྒྱལ་གྱི་ཁེ་དབང་མཚོན་པའི་འཁར་བ་ཞིག་ཕྱག་ཏུ་བསྣམས་ནས་ཙོག་གེར་བཞུགས་པ་མཐོང་། ཚོམས་ཆེན་གྱི་གཞོགས་གཡས་གཡོན་དུ་བལྟས་ན་མངའ་སྡེ་ཞེ་གཉིས་ཀྱི་ཁྲིམས་དཔོན་༤༢པོས་ལག་ཏུ་གྲི་ཆུང་རེ་བཟུང་ནས་བསྡད་ཡོད་པ་རིག།
དེ་ནས་དངངས་སྐྲག་སྐྱེ་བཞིན་མདུན་དུ་བལྟས་ན་དྲུང་ཡིག་པ་སྲོ་སྲི་(Thoth)ཡིས་འབྲི་དེབ་དང་སྨྱུག་གུ་བཟུང་ནས་ཁྲིམས་གཅོད་ལ་སྒུག་ཡོད་པ་མཐོང་། བར་དོའི་ཁྲིམས་ཁང་གི་དྲུང་ཡིག་པ་དེ་ནི་ཟླ་བ་དང་ཤེས་རབ་ཀྱི་ལྷ་ཡིན་པར་བཤད། ཨེ་ཅེབ་ཀྱི་འདྲ་རིས་ཡི་གེ་སྲོལ་གཏོད་པ་པོ་རུ་ཁས་འཆེ། ཤ་ཚུགས་ནི་རྒྱུན་པར་མི་ཡི་ལུས་པོ་ལ་སྤྲེའུ་མཇུག་རིང་གི་མགོ་འབྱར་མཁན་ཞིག་ཡིན་མོད། གྲོས་ཆོད་ཡི་གེར་འབྲི་རུ་ཡོང་སྐབས་མགོ་ཁྱི་དང་ལུས་པོ་སྤྲ་ཡིན་པར་བཤད་དོ། །
༩ དངོས་སུ་ཁྲིམས་ཐག་གཅོད་པ།
འོ་ན་ཁྲིམས་དཔོན་དེ་ཚོས་ཤི་བོ་ལ་ཁྲིམས་ཐག་ཇི་ལྟར་གཅོད་དམ་ཞེ་ན། ལས་རིམ་དང་པོ་ནི་ཤི་བོ་ཚོས་གུས་ཞགས་ཀྱི་རྣམ་པས་ལག་པ་ཡར་བཀྱགས་ནས་དྲང་བདེན་གྱི་རྒྱལ་པོ་ཟེར་བའི་ལྷ་ཞིག་ལ། བདག་གིས་དྭ་ཕྲུག་གི་རྒྱུ་ནོར་རྐུས་པ་དང་མི་གཞན་བསད་པའམ་གསོད་དུ་འཇུག་པ་སོགས་ལྷ་ཚོགས་མི་དགྱེས་པའི་བྱ་བ་སྣ་གཅིག་ཀྱང་བྱེད་མ་མྱོང་ཞེས་རང་ཉིད་ལ་ཉེས་པ་མེད་ཚུལ་ཞུ་འབུལ་བྱེད་དགོས།
ལས་རིམ་གཉིས་པ་ནི་གུས་ཞབས་ཡོད་པའི་ཐོག་ནས་ཁྲིམས་དཔོན་བཞི་བཅུ་ཞེ་གཉིས་པོ་ཐམས་ཅད་ཀྱི་མདུན་དུ་རིམ་པས་སོང་སྟེ་ཕྱིན་པ་ན། མ་ནོར་མ་འཁྲུགས་པའི་སྒོ་ནས་ལྷ་དེ་དག་གི་མིང་ནས་བོས་ཏེ་ལྷ་འགའ་རེ་ལ་ངས་གསང་སྐུང་བྱེད་མ་མྱོང་། འགའ་རེ་ལ་ངས་འཕྲོག་བཅོམ་བྱེད་མ་མྱོང་། འགའ་རེ་ལ་ངས་སྐྱག་རྫུན་ལབ་མ་མྱོང་། འགའ་རེ་ལ་ངས་དྲང་བདེན་མིན་པའི་བྱ་བ་བྱེད་མ་མྱོང་སོགས་ཟེར་ནས་མི་དགེ་བ་༤༢རེ་རེ་བཞིན་སྒྲུབ་མ་མྱོང་ཚུལ་ཡར་ཞུ་བྱེད་དགོས་པས། གཤིན་པོའི་དཔེ་ཆ་ཧྲིལ་བོ་བློ་ཐོག་ལ་མེད་ན་ཞུ་བྱའི་ཚིག་དང་ཞུ་ཡུལ་གྱི་ལྷ་གཉིས་པོ་ཕན་ཚུན་ཐོད་གཏུག་ཐུབ་པའི་རེ་བ་ཁྱོན་ནས་མེད་པར་མངོན།
མི་དགེ་བ་༤༢ནི་རྒྱལ་པོ་ལ་ཆོ་འཕྲུལ་སྟོན་པ། སྐད་ཆ་བཟློས་ཏེ་བཤད་པ། མི་ལ་སུན་པོ་བཟོ་བ། གཞན་པའི་ཁ་བརྡ་ལ་ལྐོག་ཉན་རྒྱག་པ། རང་གིས་དོན་མེད་ཀྱི་ཀུ་ཅོ་སྒྲོག་པ། རྐུ་བྱེད་པ། གླང་རྒན་གསོད་པ། རྫུན་ལབ་པ་སོགས་ཡིན་ཚུལ་གཤིན་པོའི་དཔེ་ཆར་གསལ། དེར་ཁྲིམས་དཔོན་ཞེ་གཉིས་ཀྱི་མཚན་རེ་རེ་བཞིན་བྲིས་འདུག་ཀྱང་འདིར་འདྲེན་ཚོད་མེད་དོ། །
ལས་རིམ་གསུམ་པ་ནི་ཤི་བོས་བཤད་པའི་སྐད་ཆ་དེ་བདེན་པ་ཡིན་མིན་བརྟག་པ་སྟེ། བརྟག་ཚུལ་ནི་ཤི་ལྷ་ཨ་ནུས་སྦིས་སི་ཡར་བཞེངས་ཏེ་ཚོམས་ཆེན་གྱི་དབུས་སུ་རྒྱ་མ་གྱེན་དུ་སློང་། ཡིག་མཁན་སྲོ་སྲོ་ཐོན་ཡོང་ནས་ན་ཟུག་གང་ཡང་མེད་པའི་ཐོག་ནས་གཤིན་པོའི་བྲང་ཁ་ནས་སྙིང་ཕྱི་རུ་བཏོན་ཏེ་རྒྱ་མར་བཅལ་བས་ཤི་བོའི་སྐད་ཆ་ལ་རྫུན་གྱི་ཆ་འདྲེས་ཡོད་མེད་རྟོགས་པར་འགྱུར།
རྒྱ་མར་འཇལ་ཚུལ་ནི་ཤི་ལྷ་ཨ་ནུས་སྦིས་སིས་བསླངས་པའི་རྒྱ་མའི་ཐུར་སྲང་(balance; scales)གི་སྣེ་གཡས་གཡོན་དུ་ཐག་པ་ནར་མོ་ཞིག་གིས་སྡེར་མ་ཆུང་ངུ་རེ་བཏགས་ཡོད་པ་ལ། ཅིག་ཤོས་ཀྱི་ནང་དུ་གཤིན་པོའི་སྙིང་དང་ཅིག་ཤོས་སུ་དྲང་བདེན་ལྷ་མོ་མཱ་ཁྲིའི་(Maat)སྒྲོ་སྤུ་འཇོག། དེའི་ཚེ་སྙིང་གི་ལྗིད་ཚད་སྒྲོ་སྤུ་ལས་ལྕི་སྟེ་སྙིང་གི་ཕྱོགས་སུ་སྲང་མདའ་ཡོ་སོང་ན་སྡིག་པ་ཆེ་བའི་རྟགས་ཡིན་པས། ཁོ་རང་གིས་སྔར་ཞུ་འབུལ་བྱས་པ་ཐམས་ཅད་རྫུན་ཡིན་པ་ཐག་ཆོད། དེ་ནས་ལུས་པོ་སེང་གེ་དང་མགོ་ཆུ་སྲིན་ཡིན་པའི་གཅན་གཟན་གཏུམ་པོ་ཨ་མོ་ཐི་(Ammut)ལ་མི་རྫུན་རྐྱ་དེའི་སྙིང་ཟ་རུ་འཇུག། དེ་ལ་འཆི་བ་གཉིས་པ་ཞེས་གྲགས་ཏེ་གཏན་དུ་ཤི་འགྲོ་བ་ཡིན་ནོ། །
གལ་ཏེ་ཐུར་སྲང་དེ་ཕྱོགས་གཡས་གཡོན་གང་དུ་ཡང་མ་ཡོ་བར་ཐད་ཀར་དྲང་ཐད་དུ་གནས་ན། དགེ་བ་མ་གཏོགས་སྡིག་པ་མེད་པའི་རྟགས་ཡིན་པས། ཤི་བོ་དེ་ལ་ཉེས་པ་མེད་པར་ཐག་བཅད་དེ་མཇུག་འབྲས་དེ་ཉིད་དྲུང་ཡིག་པས་ཡི་གེར་བྲིས་ཏེ་ལྷ་ཆེན་རྣམ་དགུ་ལ་སྤྱན་འབུལ་ཞུ། དེ་དག་གིས་མོས་མཐུན་གནང་རྗེས་གཤིན་རྗེ་ལ་ཕུལ་བས་ཁོང་གིས་ཀྱང་ཡིད་ཆེས་མཛད་དེ་ཉེས་པ་མེད་པར་ཞལ་གྱིས་བཞེས། དེ་བས་ཤི་བོ་དེ་ལ་བྱ་དགའི་ཚུལ་དུ་ལྷ་མོ་ཞིག་གིས་གོར་སོབ་དང་ཨ་རག་གནང་། ལྷ་གཞན་ཞིག་གིས་མེ་ཏོག་གི་ཕྲེང་བ་མགོ་ལ་སྐོན་ནོ། །
ལར་ཀརྨ་ཆགས་མེད་ཀྱིས་མཛད་པའི་རི་ཆོས་མཚམས་ཀྱི་ཞལ་གདམས་ལས། “མདོ་སྡེ་འཇིག་རྟེན་བསྟན་བཞག་ལས། །ཡར་ངོའི་ཚེས་བརྒྱད་མར་ངོའི་བརྒྱད། །རྒྱལ་ཆེན་སྡེ་བཞིའི་གཡོག་རྣམས་ཀྱིས། །འཛམ་གླིང་ཐམས་ཅད་ཁྱབ་པར་ཉུལ། །དགེ་སྡིག་གང་བྱས་ཡི་གེར་བྲིས། །བརྒྱ་བྱིན་ལྷ་ཡི་དབང་པོར་གཏད། །དགེ་བ་མང་ན་ལྷ་རྣམས་དགའ། །སྡིག་བྱེད་མང་ན་ལྷ་རྣམས་སྡུག །ཡི་གེ་གཤིན་རྗེའི་ཡུལ་དུ་བསྐུར། །གཤིན་རྗེའི་ཡིག་ཆུང་དེ་ཡིན་གསུངས། །”ཞེས་གསུངས་འདུག་པ་ལ་བལྟས་ན། ཡི་གེ་འབྲི་མཁན་དང་འབྲི་བའི་དུས་ཚོད་མི་གཅིག་པ་ཙམ་ལས་ཨེ་ཅེབ་ཀྱི་གཤིན་པོའི་དཔེ་ཆ་དང་མཐུན་པར་ནང་པའི་མདོ་སྡེ་འཇིག་རྟེན་བསྟན་བཞག་གི་ལུགས་ལ་ཡང་། གཤིན་རྗེ་ཆོས་རྒྱལ་གྱིས་ཤི་བོ་ལ་ཁྲིམས་ཐག་གཅོད་སྐབས་གཤིན་པོའི་དགེ་སྡིག་ཆེ་ཆུང་གསལ་བར་བྲིས་ཡོད་པའི་ཐོ་ཡིག་ཅིག་ལ་ལྟ་བཞིན་ཡོད་ཚོད་འདུག་གོ།
༡༠ ལྷ་རུ་འགྱུར་བ།
སྙིང་དང་སྒྲོ་སྤུའི་ལྗིད་ཚད་མཉམ་ཏེ་རྒྱུགས་ལེགས་པར་འཕྲོད་སོང་ན། ཤི་བོ་དེ་བར་དོའི་ཁྲིམས་ཁང་ལས་དོང་སྟེ་མི་ཡུལ་དུ་ལོག། ལོག་ནས་ཀྱང་སྔར་གྱི་ཕུང་པོའི་ནང་དུ་ཞུགས་པས་རྦ་དང་ཁྭ་གཉིས་པོ་མཉམ་འཛོམས་བྱུང་སྟེ་བསྐྱར་དུ་གསོན། བསྐྱར་དུ་གསོན་པས་འཆི་བ་མེད་པའི་ཚེ་ཐོབ་ཏེ་ལྷ་ཡི་གོ་འཕང་རྙེད་པ་ཡིན་ནོ། །
དེ་ལྟར་མི་ནས་ལྷ་རུ་གྱུར་རྗེས་གདོང་ལ་གསེར་ཞལ་ལྟ་བུའི་གདོང་འབག་སེར་པོ་ཞིག་གྱོན་རྒྱུ་ཡོད། སྐྲ་ཡི་ལན་བུ་ལ་གཡུ་དང་འདྲ་བའི་རིན་པོ་ཆེ་སྔོན་པོ་མང་དུ་གདགས་རྒྱུ་ཡོད། ལུས་པོ་ཆ་ཚང་ཡང་གསེར་གྱིས་བར་མཚམས་མེད་པར་རྒྱན་ཆོག། དེ་དག་རྒྱན་ཆའི་སྐོར་ཡིན། རོ་སྨད་ཀྱི་གྲུབ་ཆ་གང་ཡིན་གསལ་བོར་མ་ཤེས་མོད་རོ་སྟོད་ཆ་ཚང་གཡའ་མ་ལྟ་བུའི་ལྷ་ཡི་རྡོ་བ་སྔོན་པོ་ལས་གྲུབ་པར་བཤད། དེ་ལུས་ཀྱི་གྲུབ་ཆའི་སྐོར་ཡིན།
ནུས་མཐུའི་ཐད་ནས་གླེང་ན། ཏིལ་ལ་ཏིལ་མར་གྱིས་ཁྱབ་པ་བཞིན་དུ་ལུས་པོ་ཧྲིལ་བོའི་ནང་དུ་ལྷ་ཡི་སྟོབས་ཤུགས་ཀྱིས་ཁྱབ་ནས་ཡོད། དེ་བས་འཇིག་རྟེན་གྱི་གྲུ་ཟུར་གང་དུ་འགྲོ་བར་འདོད་ན་ཡང་ཐོགས་མེད་དུ་བགྲོད་ནུས། ཉི་མའི་ལྷ་དང་མཉམ་པོར་ཉི་མའི་གྲུ་ལ་བསྡད་ནས་བར་སྣང་ནས་འཕུར་ན་རང་དབང་ཡིན། སྐར་ཚོགས་དང་ལྷན་དུ་འཇིག་རྟེན་ཧྲིལ་བོ་སྐོར་ན་ཡང་འགོག་ཡོང་མཁན་མེད། དེ་མིན་མི་ཡུལ་འདི་གར་བསྡད་ནས་འགྲོ་བ་མི་དང་མཉམ་པོར་བདེ་སྐྱིད་ཀྱི་འཚོ་བ་རོལ་བའམ། ཡང་ན་ཕྱི་མ་བར་དོའི་ཁམས་སུ་སོང་སྟེ་བར་དོའི་ལྷ་ཚོགས་དང་ལྷན་དུ་མི་ཚེ་བསྐྱལ་ན་ཡང་ཆོག་ཅེས་ཟེར་རོ། །
༡༡ བར་སྲིད་པའི་གྱོན་ཆས་དཀར་པོ།
ཆེས་དགོད་བྲོ་བ་ཞིག་ལ། རྒྱ་ནག་གི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གནའ་བོའི་གོམས་སྲོལ་དང་། རྒྱ་གར་གྱི་ཆོས་ལུགས་རྙིང་པ་འགའ་རེའི་འགྲོ་ལུགས་ལ། དུར་འཇུག་གི་མཛད་སྒོའམ་མི་ག་གེ་མོ་ཤི་བ་ལ་མྱ་ངན་ཞུ་སྐབས་ཆེད་དུ་གོས་དཀར་པོ་ཞིག་གྱོན་ནས་སེམས་པ་སྐྱོ་སྐྱོ་བྱེད། གནའ་བོའི་ཨེ་ཅེབ་ཀྱི་མིས་བར་དོའི་ཁྲིམས་ཁང་གི་བཀོད་པ་མཚོན་ལྡན་དུ་བྲིས་པའི་དཔེ་རིས་ལ་བལྟས་ན། སྙིང་རྒྱ་མར་འཇལ་སྐབས་གཤིན་པོའི་ལུས་ལ་ཕུ་དུང་མེད་པའི་འགག་རིང་དཀར་པོ་ཞིག་གྱོན་ནས་ཡོད། གཤིན་པོའི་དཔེ་ཆར་ཡང་སྐབས་དེར་ཤི་བོ་ཚོས་གོས་ཁ་དོག་དེ་འདྲ་ཅན་གྱོན་དགོས་པར་བཤད།
ཀརྨ་ཆགས་མེད་ཀྱིས་མཛད་པའི་གསང་སྔགས་གསར་རྙིང་སྤྱིའི་མཚམས་ལ་མཁོ་བའི་ཞལ་ཤེས་ཟིན་བྲིས་ལས་ཀྱང་། “ཤི་ནས་བདུན་གསུམ་ཚུན་ཆད་རྨི་ལམ་དུ་ཚེ་འདས་བྱུང་བ་ནི་ཚེ་འདས་རང་ཡིན་ཏེ། གོས་དཀར་པོ་གྱོན་པ་དང་།”ཞེས་རྨི་ལམ་དུ་ཚེ་འདས་ངོ་མ་ཡོང་སྐབས་དེས་གོས་དཀར་པོ་གྱོན་ཡོད་པར་བཤད་པས། རྣམ་པ་གཅིག་ཏུ་ན་གནའ་བོའི་ཨེ་ཅེབ་ཀྱི་ཤི་བོ་ཚོས་བཀླུབས་པའི་རོ་གོས། རྒྱ་དཀར་ནག་གི་མི་གསོན་པོ་ཚོས་གྱོན་པའི་མྱ་ངན་གྱི་ཆས། ཆགས་མེད་ཀྱིས་གསུངས་པའི་ཤོ་བོ་རྨིས་པའི་རྨི་རྟགས་གསུམ་གྱི་བར་ལ་དེ་ལས་དེ་བྱུང་གི་འབྲེལ་བ་ཞིག་མེད་དམ་སྙམ་མོ། །
དེ་དག་གཅིག་གིས་གཅིག་ལ་ཤུགས་རྐྱེན་ཐེབས་པ་མིན་གྱི། གཤིན་པོ་ཚོས་གོས་དཀར་པོ་ཞིག་གྱོན་ཡོད་པ་ལ་ཨེ་ཅེབ་ཀྱི་མི་དང་ཀརྨ་ཆགས་མེད་སོགས་ཀྱིས་རང་རང་གི་ས་ནས་རང་སྟོབས་ཀྱིས་མཐོང་སོང་བ་ཡིན་ཞེ་ན། མིན་ཏེ། འདས་ལོག་མ་ཀུན་བཟང་ཆོས་སྒྲོན་གྱིས་མོ་རང་བར་དོའི་ཡུལ་དུ་ཐོན་སྐབས་རང་ལུས་གཅེར་བུ་རུ་འདུག་ཅེས་གསུངས་པའི་ཕྱིར། དེ་མི་གཅིག་གི་ཉམས་མྱོང་ཡིན་པས་སྒྲུབ་བྱེད་མི་ཆེའོ་ཞེ་ན། དེང་སང་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཤི་ནས་སླར་སོས་ཡོང་བའི་མི་སྣ་བརྒྱ་ཕྲག་མང་པོ་ཡོད་པ་ལ། དེ་དག་གི་ཉམས་མྱོང་ལ་ཡང་བར་སྲིད་པས་གོས་གྱོན་ཡོད་པའི་མཐོང་སྣང་བྱུང་མི་འདུག་གོ །
༡༢ སྣང་སྲིད་ལྷ་རུ་འདོད་པ།
གནའ་བོའི་ཨེ་ཅེབ་ཀྱི་མིས་ཆེས་སྔ་མོ་ཞིག་ནས་ཚེ་འདི་དང་ཕྱི་མའི་ཡུལ་དུ་ལྷ་འདྲེ་མང་དུ་ཡོད་པར་འདོད། དེས་ཀྱང་ག་ལ་ཚད་དེ་ནམ་མཁའི་ཉི་ཟླ། ས་ཐོག་གི་རི་ཆུ་སོགས་རང་བྱུང་ཁམས་ཀྱི་དངོས་པོ་མང་ཆེ་བ་ལྷ་དང་ལྷ་མོའི་རྣམ་འགྱུར་ཙམ་དུ་ལྟ། ཆེ་བ་ཉི་ཟླའི་འཆར་ནུབ་དང་ཆུང་བ་གཙང་བོའི་འཕེལ་འགྲིབ་སོགས་སྣོད་བཅུད་ཀྱི་འཕོ་འགྱུར་ཡོད་ཚད་ལྷ་འདྲེའི་ཆོ་འཕྲུལ་དུ་སྨྲ།
ལྷ་ཚོགས་དེ་དག་གི་ཤ་ཚུགས་ཀྱང་མི་དང་དུད་འགྲོ་འདྲེས་མར་གནས་པའི་གཟུགས་སུ་ཡོད་དེ། དཔེར་ན་གཤིན་པོའི་དཔེ་ཆ་ལེགས་འགྲུབ་བྱུང་དུ་འཇུག་པའི་ཤེས་རབ་ཀྱི་ལྷ་སྲོ་སྲི་(Thoth)ནི་ལུས་པོ་མི་ལ་མགོ་བོ་སྤྲེའུ་ཡིན། ཤི་ལྷ་ཨ་ནུས་སྦིས་སི་(Anubis)ཡང་མིའི་ལུས་པོ་ལ་སྤྱང་ཀིའི་མགོ་འབྱར་ཡོད་མཁན་ཞིག་རེད།
རྒྱལ་པོའི་སྲུང་ལྷ་རུ་གྲགས་པའི་ལྷ་ཧོ་རུས་སི་(Horus)ལ་མིའི་གཟུགས་པོ་ཡོད་ཀྱང་མགོ་ནི་གླག་རྒོད་ཡིན། ཁོའི་ལག་གཡས་གཡོན་དུ་དུག་སྦྲུག་དང་སྡིག་པ་རཱ་ཙ་བཟུང་ཞིང་རྐང་འོག་ཏུ་ཆུ་སྲིན་མཆུ་རིང་ཞིག་མནན་ནས་ཡོད། གཟུངས་སྔགས་མང་དུ་བརྐོས་པའི་ཁོང་གི་སྐུ་བརྙན་ཐོག་ཏུ་ཆུ་གཏོར་རྗེས། སྔགས་ཡིག་ཐོག་ནས་བཞུར་བའི་ཆུ་ཐིག་རྣམས་ཚུར་བླངས་ཏེ་མིའི་ལུས་ལ་བྱུག་པའམ་ཁ་རུ་བླུགས་ན་སྔགས་ཀྱི་བྱིན་རླབས་ཞུགས་ཏེ་ནད་ངན་བཅོས་ཐུབ་པར་ཡང་བཤད། གང་ལྟར་ཁོང་གི་འདྲ་སྐུ་རྙིང་པ་ཞིག་ས་ཞབས་ནས་ཐོན་པ་ད་ལྟ་ཡང་ལྟ་རྒྱུ་འདུག་གོ །
དེ་ལྟར་མང་དུ་འབྲི་བའི་དམིགས་ཡུལ་ནི། བརྟན་གཡོའི་དངོས་པོ་ཕལ་ཆེ་ལྷ་དང་ལྷ་མོར་ལྟ་བ། དེ་དག་གི་ཤ་ཚུགས་ཀྱང་མི་དང་དུད་འགྲོ་འདྲེས་མར་འདོད་པ། ལག་ཏུ་མཚོན་ཆ་བཟུང་བ། ཞབས་ལ་སྲོག་ཆགས་མ་རུང་བ་མནན་པའི་ལྷ་ཡི་རྣམ་བཞག་ཁེ་མཚར་དེ་ཉིད་སྤྱི་ལོའི་སྔོན་གྱི་ལོ་ཉིས་སྟོང་གི་གོང་དུ་གནའ་བོའི་ཨེ་ཅེབ་ཀྱི་ཡུལ་དུ་དར།
དེ་ནས་སྤྱི་ལོའི་སྔོན་གྱི་དུས་རབས་བདུན་པ་ཡར་མར་ལ་གནའ་བོའི་གྷི་རི་སི་དང་། རོ་མ། ཏ་ཟིག་སོགས་སུ་རིམ་པས་དར་ཁྱབ་བྱུང་ཞེས་དེང་གི་ཞིབ་འཇུག་པ་ཚོས་བཤད་ཀྱིན་འདུག་པས། ཕྱིས་སུ་བྲམ་ཟེའི་ཆོས་ལུགས་དང་ནང་པའི་གསང་སྔགས་ཀྱི་གཞུང་དུ་ལྷ་ཡི་རྣམ་བཞག་དེ་དང་ཆ་འདྲ་བ་མང་དུ་བྱུང་བ་དེ་དག་ཀྱང་། རྣམ་པ་གཅིག་ཏུ་ན་ནུབ་ཕྱོགས་པའི་ལྷ་སྒྲུང་ལ་མིག་དཔེ་བལྟས་ཏེ་བཞེངས་བསྐྲུན་བྱས་ཡོང་བར་མངོན་ནོ་ཞེས་སྨྲ་འདོད་པས་ཡིན་ནོ། །
མཁས་དབང་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ལས་ཀྱང་། “ཨོ་རྒྱན་དང་ཏ་ཟིག་སོགས་ནུབ་ཀྱི་ཕྱོགས་སུ་ལྷ་མའི་གཟུགས་ལ་གཤོག་པ་ཡོད་པ་དར་ཆེ་བས་རང་རེའི་སྔགས་རྙིང་མའི་ལྷ་རྣམས་ལ་ཡང་དེ་འདྲ་ཡོད། ཡུལ་དབུས་ཕྱོགས་ནས་འོངས་པ་རྣམས་ལ་གཤོག་པ་ཅན་འདི་མེད། ཅེས་དང་། ཨོ་རྒྱན་གྱི་ཕྱོགས་ནི་ཏ་ཟིག་གི་ཡུལ་དང་ཉེ་བས་མི་རྣམས་སྔོན་གྱི་ཚེ་སྐྲ་སེར་པོ་ཤས་ཆེ་བས། རང་རེའི་བླ་མེད་ཀྱི་སྒྲུབ་ཐབས་སོགས་ཡུལ་དེ་ནས་བྱུང་བ་རྣམས་ཀྱི་ལྷ་དང་མཁའ་འགྲོ་མ་སོགས་ཕལ་ཆེར་དབུ་སྐྲ་དམར་སེར་དུ་ཡོད།” ཅེས་སོ། །
མཇུག་སྡུད།
འཆི་བ་དང་བར་དོའི་རྣམ་བཞག་རྒྱས་པར་འབྱུང་བའི་ཡིག་རྙིང་ལོ་རྒྱུས་རིང་ཤོས་ནི་གནའ་བོའི་ཨེ་ཅིབ་ཀྱི་གཤིན་པོའི་དཔེ་ཆ། དེའི་མཚམས་ནས་གྷི་རིགས་ཀྱི་ལྷ་སྒྲུང་དང་མཁས་མཆོག་ཕོ་ལཱ་ཐོའི་གསུང་རྩོམ། དེའི་མཚམས་ནས་ནང་པའི་ཆོས་མངོན་པའི་གཞུང་། དེའི་མཚམས་ནས་གསང་སྔགས་རྙིང་མའི་བར་དོ་ཐོས་གྲོལ་བཅས་ཡིན་པ་འདྲ་ལ། དེ་ཚོའི་བར་དུ་མཐུན་ཆོས་ཀྱང་མང་དུ་སྣང་བས་དེ་དག་གི་ཆེས་ཐོག་མའི་འབྱུང་ནི་ཨེ་ཅིབ་ཀྱི་གཤིན་པོའི་དཔེ་ཆ་ཡིན་པར་ཐེ་ཚོམ་མི་འདུག་ཨང་སྙམ་པའི་ཚོར་བ་ཞིག་བདག་ལ་བྱུང་། ཚོར་བ་དེ་ཧ་ཅང་སྐྱིད་པས་ཁྱེད་ཅག་ལ་ཡང་སྟེར་བར་འདོད་ནས་རྩོམ་ཐུང་འདི་བྲིས་སོ། །
ལར་དེང་སང་ནུབ་ཕྱོགས་པས་ཞིབ་འཇུག་བྱེད་བཞིན་པའི་འཆི་ཁའི་ཉམས་མྱོང་དང་། གཉིད་འབེབས་ཀྱི་གྲུབ་དོན། སྐྱེ་བ་སྔ་ཕྱི་དྲན་པའི་ལོ་རྒྱུས་བཅས་ལ་བརྟེན་ནས་འཆི་བ་དང་བར་དོའི་རྣམ་བཞག་གང་འཚམ་རེ་ཤེས་ཀྱིན་ཡོད་ལ། དེ་དག་གིས་རྙེད་པའི་གསར་མཐོང་དང་རང་རེའི་བོད་ཀྱི་ཐོས་གྲོལ་ཆེན་མོའི་བར་དུ་མཐུན་པ་དང་མི་མཐུན་པའི་གནས་འགའ་ཞིག་སྣང་བ་ནི། ཁོ་བོས་བར་དོ་ཐོས་གྲོལ་ལ་བསྐྱར་དུ་བརྟག་པ་ཞེས་པའི་དཔྱད་རྩོམ་ནང་དུ་མདོ་ཙམ་བྲིས་ཚར་བས་མོས་པ་ཡོད་མཁན་དག་གིས་དེར་གཟིགས་པར་འཚལ་ལོ། །
– – – – – –
