རྟག་བརྟན་གཟུངས་བསྡུས་ཀྱི་ར་མདའ།

1
666

ནང་དོན་གནད་བསྡུས། རྟག་བརྟན་གཟུངས་བསྡུས་ཀྱི་བུ་ཡིག་རྒྱ་ནག་པེ་ཅིང་ལག་བྲིས་མ་དང་། སོག་པོ། ལྷ་ས། རྒྱ་གར་བཅས་ཀྱི་བསྐྱར་དཔར་རྣམས་ཕན་ཚུན་དཔྱད་བསྡུས་བྱས་ཏེ། རྟག་བརྟན་གཟུངས་བསྡུས་ཀྱི་མགོ་ལ་ཐ་སྙད་གསར་བརྗེས་ཀྱི་གོད་ཆགས་ཕོག་ཚུལ་དང་། དེའི་ཐུན་མིན་ལུང་རྒྱུན་གྱི་བཞུགས་བྱང་སོགས།

ཐ་སྙད་གཙོ་བོ། རྟག་བརྟན་གཟུངས་བསྡུས། དཀར་ཆག མཆོག་ལྷ། བསྲེ་ལྷད། ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན། ཏཱ་ར་ནཱ་ཐ། ཀུན་དགའ་བསྟན་པའི་རྒྱལ་མཚན། དཔལ་རྟག་བརྟན་དམ་པའི་ཆོས་ཀྱི་གླིང་ངེས་དོན་དགའ་བའི་ཚལ་གྱི་ཆོས་གྲྭ་ཆེན་པོ། ཏའི་ཆིང་ཡུང་ཅེང་རྒྱལ་པོ། ཁིང་ཤིས། གྲུབ་མཐའ་གསར་བརྗེས། སྡེབ་གསོད། དགེ་བསྒྱུར། ར་གན་གསེར་གསོལ། སྐྱོ་མ་སྔ་བཙན། ཁ་ཞེ་མཚུངས་པ། ས་གཙང་སྡེ་གཙང་།

གླེང་གཞི།

བོད་རྒྱལ་ལོ་ ༢༡༥༠ ཁྲུམས་སྟོད་ཟླ་བའི་ཡར་ཚེས་བརྒྱད། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༣ ཉིན། རང་རེའི་སོག་པོའི་གྲྭ་བ་མེ་ར་མགོན་པོ་ Myaraigombo ལགས་ཀྱིས་དུས་ཚོད་བཀོད་སྒྲིག་གནང་བ་བཞིན། སོག་པོའི་ཨ་མ་སྒྲོལ་དཀར་ Dolgor ལགས་ཀྱིས། རྟག་བརྟན་གཟུངས་བསྡུས་ཤིང་དཔར་མ་སོག་ཡུལ་ཇོ་ནང་མ་དགོན་དུ་ཆེད་བསྐྱལ་གནང་ཡོད་པ་དེ་མཇལ་ཕྱིར་དང་། དེར་འཆད་ཁྲིད་ཅིག་ཀྱང་བྱེད་བཞིན་ཡོད་པ་དེའི་ཆེད་དུ་དགོན་པར་ཕྱིན། དཔེ་བདག་ཨ་མ་སྒྲོལ་དཀར་ལགས་ཀྱིས་གསུངས་པ་ལྟར་ན། གླེགས་བམ་རིན་པོ་ཆེ་འདི་ཁོ་མོའི་མེས་པོའི་རིང་ནས་ཉར་ཚགས་བྱས་པའི་ཁྱིམ་རྒྱུད་རྟེན་རྙིང་རྩ་ཆེན་ཞིག་ཡིན་འདུག

རྟག་བརྟན་གཟུངས་བསྡུས་ཤིག་སོག་ཡུལ་དུ་བཞུགས་ཚུལ་ཐོག་མར་ཕྱི་ལོ་ ༢༠༢༢ ལོར་མེ་ར་མགོན་པོ་ལགས་ཀྱིས་ང་ལ་ཁ་པར་ཐོག་ནས་གསུངས་མྱོང་། ངས་གལ་ཏེ་དེ་བཙོང་གི་ཡིན་ན་བླུ་ཡོན་ཅི་ཙམ་དགོས་ཀྱང་ཕུལ་ངེས་ཡིན་ཞེས་བཤད་ཀྱང་། དེ་ནི་ཁྱིམ་རྒྱུད་ནོར་བུ་ལྟ་བུ་ཞིག་ཡིན་པས་མི་བཙོང་ཚུལ་གསུངས་བས། འོ་ན་ལོ་རྗེས་མར་ང་སོག་ཡུལ་དུ་ཡོང་གི་ཡིན། དེ་དུས་དེ་མཇལ་ཆོག་པ་དང་། ད་དུང་བྱུང་ན་དཔར་ལེན་ཆོག་པའི་སྐྱབས་འཇུག་ཞུར་བཅུག་པས། དཔེ་བདག་ཨ་མ་སྒྲོལ་དཀར་ལགས་ཀྱིས་དེ་ལུགས་མོས་མཐུན་གནང་བར་བརྟེན། ད་ལན་དེའི་ཆེད་དུ་སོག་ཡུལ་དུ་བཅར་བ་ཡིན།

དེར་བརྟེན་ད་ལོར་སོག་པོར་འབྱོར་མ་ཐག མེ་ར་མགོན་པོ་ལགས་ལ་དེ་ལུགས་ཞུས་པ་བཞིན། ཁོང་གིས་ཨ་མ་སྒྲོལ་དཀར་ལགས་ལ་འབྲེལ་བ་བྱས་ནས་དུས་ཆད་བཟོས་པ་ལྟར། དེ་རིང་སོག་ཡུལ་ཇོ་ནང་མ་དགོན་དུ་རྟག་བརྟན་གཟུངས་བསྡུས་དངོས་སུ་མཇལ་ཐུབ་པ་བྱུང་།

རྟག་བརྟན་གཟུངས་བསྡུས་སོག་པོའི་དཔར་མ།

ཉིན་དེའི་ཕྱི་དྲོར་ཇོ་ནང་དགོན་པར་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་རྣམ་ཐར་དང་འབྲེལ་ཇོ་ནང་ཆོས་འབྱུང་ཞིག་འཆད་ཁྲིད་བྱེད་བཞིན་ཡོད་པ་དེ་ཚར་མ་ཐག ལམ་སང་དགོན་པའི་འབྲེལ་གཏུག་ཁང་དུ་ཕྱིན་ནས་གཟུངས་བསྡུས་ཀྱི་གླེགས་བམ་རིན་པོ་ཆེ་དེ་ཉིད་མགོ་ཐོག་ཏུ་ལན་གསུམ་བཞག རྗེ་བཙུན་ཐམས་ཅད་མཁྱེན་པའི་མཛད་པ་དང་འཕྲིན་ལས་རྗེས་སུ་དྲན་བཞིན། བསྲེ་ལྷད་མེད་པའི་རྟག་བརྟན་གཟུངས་བསྡུས་ངོ་མ་དེ་དངོས་སུ་མཇལ་འདོད་ཀྱི་བྲེལ་བ་གནོན་མི་ཐུབ་བཞིན་དུ་དཔེ་ཐུམ་གྱི་ཁ་ཕྱེས། རས་ཀྱི་གླེགས་ཐག་དཀྲོལ་ནས་གླེགས་བམ་གྱི་ཞལ་ཕྱེས་ཚེ། དཀར་ཆག་གི་མཚན་བྱང་[1]དུ། དཀར་ཆག་དགོས་འདོད་ཀུན་འབྱུང་བཞུགས། ཞེས་རྟག་བརྟན་གཟུངས་བསྡུས་ཀྱི་དཀར་ཆག་གི་མཚན་བྱང་དེ་རང་འཁོད་འདུག་པས། དེ་ལོས་ཡིན་སྙམ་པ་ཞིག་འདུག་མོད། དེའི་གཡོན་ངོས་ཀྱི་དབུ་ཐིག་ནང་དུ་རྒྱ་ཡིག་རྐང་གཉིས་འདུག་པས། ཅི་ཡིན་སྙམ་བཞིན་དེའི་ཤོག་ངོས་ནང་མར་ཞིབ་མཇལ་བྱས་དུས། རྟག་བརྟན་གཟུངས་བསྡུས་ཀྱི་དཀར་ཆག་ཇི་ལྟ་བ་བཞིན། དེའི་དབུའི་མཆོད་བརྗོད་[2]དུ།

ཨོཾ་སྭཱ་སྟི། ཀུན་ཁྱབ་བདེ་ཆེན་བགྲང་ཡས་དཀྱིལ་འཁོར་འཁོར་ལོའི་མགོན།།
དགའ་ཆེན་སྟོང་ཉིད་མཐའ་ཡས་དམ་ཆོས་བདུད་རྩིའི་མཛོད།།
སྙིང་པོར་ཟུང་འཇུག་དཔག་ཡས་འགྲོ་རྣམས་རབ་ཏུ་སྒྲོལ།།
བཀྲ་ཤིས་རྒྱལ་མཚན་ལྷ་མིའི་མགོན་ལ་རྟག་ཏུ་འདུད།།

ཅེས་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་ཞེས་རྗེ་བཙུན་ཐམས་ཅད་ཅད་མཁྱེན་པའི་མཚན་གཏོར་ནས་ཡོད་པའི་ཚིགས་བཅད་དེ་ཡོད་པ་མ་ཟད། ད་དུང་མུ་མཐུད་དུ[3]དཔལ་རྟག་བརྟན་དམ་པའི་ཆོས་ཀྱི་གླིང་ངེས་དོན་དགའ་བའི་ཚལ་གྱི་ཆོས་གྲྭ་ཆེན་པོ་འདིར། གཟུངས་དང་མདོ་ཕྲན་ཉེ་བར་མཁོ་བ་བསྡུས་པའི་གླེགས་བམ་མི་ཟད་པ་བྱུང་བ་པར་དུ་འཁོད་པ་ལ། ཞེས་པ་མིག་ལམ་དུ་ཁྲ་ལྷམ་མེར་མཇལ་མ་ཐག དགའ་སྤྲོ་བརྗོད་མི་ཤེས་པ་ཞིག་སྐྱེས་མོད། འོན་ཀྱང་དཀར་ཆག་གི་གཡོན་ངོས་མཐའ་ཐིག་གི་ནང་དུ་སྔར་བཞིན་རྒྱ་ཡིག་དེ་ལས་མང་བ་ཞིག་འདུག་པས་དོགས་པ་ཞིག་སྐྱེས།

རྟག་བརྟན་གཟུངས་བསྡུས་ཀྱི་དཀར་ཆག་གི་མཇུག་བྱང་དེ་འདིར་མེད་མོད། དེའི་མཇུག་ཏུ་ལྡེབ་ཤར་ལྟ་བུ་ཤོག་ཨང་“གཅིག”ཅན་གྱི་པར་བྱང་སྨོན་ཚིག་ཅིག་ཡོད་པ་དེར[4]

རྒྱལ་བས་གསུངས་པའི་བརྒྱུད་དང་མདོ་སྡེ་རབ་བྱམས་ལས།།
མཁས་གྲུབ་རྣམས་ཀྱི་ལེགས་བསྡུས་གཟུངས་མདོ་བྱིན་ཆེ་བ།།
བརྒྱ་དང་སོ་ལྔ་གྲངས་ལྡན་ཡིད་བཞིན་དབང་གི་རྒྱལ།།
ལྷག་བསམ་དག་པའི་རིགས་དད་ཆོས་ཀྱི་སློབ་བུ་པ།།
ལྷ་བཙུན་ཆོས་དབང་རྡོ་རྗེས་ཕར་དུ་བསྒྲུབ་པ་ཡི།།

ཞེས་དང་། ཡང་། ཡིག་རྐོས་འདུ་བྱེད་པ་སོགས་གྲོགས་བྱེད་མཐའ་དག་དང་།། ཞེས་སོགས་དང་། ཡང་། ཅེས་པར་བྱང་དུ་བསྐུལ་བ་བཞིན་དམ་པའི་མིང་ཅན་གྱི་བགྱིས་པ་རབ་འབྱམས་སྨྲ་བ་བློ་གྲོས་ཀྱིས་བགྱིས་པ་དགེ། ཞེས་སོགས་འཁོད་འདུག་པས་སོག་ཡུལ་རང་དུ་ལྷ་བཙུན་ཆོས་དབང་རྡོ་རྗེས་དཔར་དུ་བསྒྲུབས་པ་ཤིན་ཏུ་གསལ་ལ། ཆོས་ཚན་བརྒྱ་དང་སོ་ལྔ་བཞུགས་ཤིང་། སྐྱབས་མགོན་རྗེ་བཙུན་དམ་པས་པར་བྱང་སྨོན་ཚིག་མཛད་པ་ཞིག་ཡིན་པ་ཤེས་ཐུབ།

དེ་ནས་དེའི་ཆོས་ཚན་ཐོག་མ་འཇམ་དཔལ་མཚན་བརྗོད་ཀྱི་ཞལ་ཕྱེས་མ་ཐག ཐོག་མར་མིག་ལམ་དུ་མངོན་པ་ནི། དབུ་ལྡེབ་མཚལ་པར་མའི་གཡོན་ངོས་མཐའ་ཐིག་གི་ནང་གི་བྲིས་སྐུ་དེའི་གཤམ་[5]དུ། བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་ན་མོ། ཞེས་འཁོད་འདུག་པས། རྟག་བརྟན་གཟུངས་བསྡུས་ཀྱི་བུ་ཡིག་གཡོན་ཕྱོགས་པས་འདྲེ་ལག་བསྐྱངས་ཚར་བ་ཞིག་ཡིན་པ་བློ་ལ་ཁྲིགས་སེ་འཁོར།

ཁོ་བོས་ད་ཕན་རྟག་བརྟན་གཟུངས་བསྡུས་ངོ་མ་དགེ་ཕྱོགས་ནས་འཕྲི་སྣོན་དང་བསྲེས་ལྷད་གཏན་ནས་མ་བྱས་པ་དེ་མཇལ་སྐལ་མ་ལྡན་ཡང་། གྲུབ་མཐའ་གསར་བརྗེས་ཀྱི་ལས་འགུལ་ཁྲོད་འཇིགས་སྐུལ་བའི་འདྲེ་ལག་བསྐྱངས་ཏེ། རྟག་བརྟན་ཡོད་ཚད་དགའ་ལྡན་དུ་བསྒྱུར་ཟིན་པའི་རྟག་བརྟན་པར་མ་ལྷ་སའི་པར་ཁང་དུ་བཞུགས་པ་དེ་དང་། དེའི་པར་ཡིག་ངོ་བཤུས་ཤིག་རྒྱ་གར་དུ་འབྱོར་བ་ཤེས་རིག་ལས་ཁུངས་ནས་དཔར་བསྐྲུན་བྱས་པ་དེ་གཉིས་ལ་ཞིབ་མཇལ་བྱེད་མྱོང་བས། འདིའི་དཀར་ཆག་གི་མཚན་བྱང་དང་། དེའི་མཆོད་བརྗོད། དེའི་མཇུག་བྱང་། ཆོས་ཚན་གྱི་གྲངས་དང་། ཨང་ཡིག་འགོད་ཚུལ་སོགས་ལ་བལྟས་ན། གཟུངས་བསྡུས་འདི་རྟག་བརྟན་གཟུངས་བསྡུས་ཇི་མ་ཇི་བཞིན་དུ་འདུག་མོད། དེ་ཙམ་གྱིས་ཆོག་པར་མ་བཟུང་བར་གཟུངས་བསྡུས་ཀྱི་མཇུག་ལ་བལྟས་ཚེ། དེར་དཔར་བྱང་སྨོན་ཚིག་ཅིག་[6]ཡོད་པ་དེར། འཛད་མེད་ཆོས་སྦྱིན་སྤེལ་བའི་བསོད་ནམས་ཀྱིས།། ཞེས་པ་ནས།

སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག།
ཏའི་ཆིང་ཡུང་ཅེང་རྒྱལ་པོ་ལོ་དགུ་ཟླ་བ་ཡར་ཚེས་ལ།།
ལྷག་བསམ་དམ་པ་ཁལ་ཁ་གཡོན་རི་ནས།།
བློ་བཟང་བསམ་འགྲུབ་ཞེས་བྱའི་མིང་ཅན་གྱིས།།
སྤར་དུ་བསྒྲུབས་པའི་དགེ་བའི་འགྲོ་བ་ཀུན།།
རྣམ་མཁྱེན་བདེ་ཆེན་ས་ལ་འགོད་པར་ཤོག།

ཅེས་པར་བྱང་སྨོན་ཚིགས་སུ་པར་དུ་སྒྲུབ་མཁན་སུ་ཡིན་དང་། དུས་ཚོད་བཅས་ཁ་གསལ་བཀོད་འདུག་པས། རྟག་བརྟན་གཟུངས་བསྡུས་ཇི་བཞིན་སོག་ཡུལ་རང་ནས་པར་དུ་བསྒྲུབས་པ་ཞིག་ཡིན་པ་ཐག་ཆོད་བྱུང་།

ཏའི་ཆིང་ཡུང་ཅེང་རྒྱལ་པོ་ Yongzhen Dynasty ནི་ཆིན་གོང་མ་ཁིང་ཤིས་ Kangxi ཀྱི་བུ་གསུམ་པ་ཡིན། ཕྱི་ལོ་ ༡༧༢༢ ལོར་གོང་མའི་ཁྲིར་བཞུགས་པ་ཡིན་པས་ཁོང་གི་ཁྲི་ལོ་དགུ་བ་ནི་ཕྱི་ལོ་ ༡༧༣༡ ལ་ཁེལ་ཡོད་ཅིང་། རྟག་བརྟན་དགོན་པ་དགེ་ལུགས་པར་བཙན་བསྒྱུར་བྱས་ནས་ལོ་གྲངས་ ༨༡ ཕྱིན། དེས་ན་རྟག་བརྟན་གཟུངས་བསྡུས་འདི་དཔར་དུ་བསྒྲུབས་ནས་ཕྱི་ལོ་ ༢༠༢༣ བར་མི་ལོ་ ༢༩༢ འདས།

ཡིད་སྐྱོ་བ་ཞིག་ལ། རྟག་བརྟན་གཟུངས་བསྡུས་སོག་དཔར་མའི་ནང་དུ་ཡང་གྲུབ་མཐའ་གསར་བརྗེ་རིང་ལུགས་པས་འདྲེ་ལག་བསྐྱངས་འདུག་པ་ནི། གཟུངས་བསྡུས་འདིའི་ཤོག་ཨང་(ཁ བཅུ་གཅིག)ཚེ་མདོའི་མཇུག་[7]ཏུ། འདི་ལ་འགྱུར་ཁྱད་ཕྲན་བུ་ཡོང་གི་འདུག་ནའང་། འདིར་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་ལ་ཊཱི་ཀ་མཛད་པའི་དགོངས་པ་དང་མཐུན་པ་ཉིད་དཔལ་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བསྒྲུབས་པ་ལགས་སོ།། ཞེས་དང་། གོང་དུ་བཤད་པའི་འཇམ་དཔལ་མཚན་བརྗོད་ཀྱི་མཆོག་ལྷ་གཉིས་ཀྱིས་གསལ་བོར་མཚོན་ཐུབ་པོ།།

མཚམས་འདི་ནས་རྟག་བརྟན་དགེ་བསྒྱུར་གྱི་ཐད་ནས་རོབ་ཙམ་བཤད་ན། དེ་ཡང་ལྔ་བའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་[8]དུ། ལྕགས་སྟག་(༡༦༥༠)གྲུབ་མཐའ་བསྒྱུར་སོང་བ་ར་གན་གསེར་གསོལ་གྱི་རྣམ་པས་རྙིང་པ་མི་འགྱུར་བར་མ་ཟད་གསར་པ་རྣམས་ཀྱང་སྐྱོ་མ་སྔ་བཙན་དུ་འགྲོ་ཡིན་ཡོད་འདུག་གཤིས་སྙེ་ཐང་དྲུང་ཆེན་ཅན་བཏང་བའི་གྲྭ་རྙིང་རྣམས་དགོན་ལག་གཞན་དུ་དབྱུང་། རྟག་བརྟན་དུ་དགེ་ལུགས་ཁ་ཞེ་མཚུངས་པའི་ས་གཙང་སྡེ་གཙང་བཟོས། དགོན་པའི་མིང་དགའ་ལྡན་ཕུན་ཚོགས་གླིང་དུ་བཏགས། ཞེས་གསལ་བ་ལྟར། ཕྱི་ལོ་ ༡༦༥༠ ལོར་རྟག་བརྟན་ཆོས་སྡེ་ཆེན་པོར་གྲུབ་མཐའ་གསར་བརྗེས་ཀྱི་དྲག་པོའི་ལས་འགུལ་སྤེལ་སྐབས། དགེ་འདུན་པ་བདུན་བརྒྱ་ལྷག་སྡེབ་གསོད་བྱས། དགེ་འདུན་པ་སྙེ་ཐང་དྲུང་ཆེན་སོགས་དགོན་པ་གཞན་དུ་གནས་དབྱུང་བཏང་། རྟག་བརྟན་པར་ཁང་ཆེན་མོའི་གསུང་རབ་ཕལ་མོ་ཆེའི་པར་ཤིང་རྣམས་མེར་བསྲེགས་ཏེ་ཤིང་ཐལ་ཙམ་ལས་མ་ལྷག་པ་བྱས། རྟག་བརྟན་མཆོད་ཁང་རྩེར་བཞུགས་པའི་རྗེ་ཏཱ་ར་ནཱ་ཐའི་སྐུ་གདུང་ཡིད་བཞིན་ནོར་བུ་འཛེམ་བག་མེད་པར་གཙང་བོར་གཤེགས། རྩ་ཆེའི་སྐུ་གསུང་ཐུགས་རྟེན་ཁག་བཙན་འཕྲོག་བྱས་ནས་ཕོ་བྲང་པོ་ཏ་ལར་གདན་དྲངས་པ་མ་ཟད། ད་དུང་། ཕ་བསད་པའི་མ་ཚད་ཕ་བརླ་རྡོ་བརྡུང་། ཟེར་བའི་དཔེ་ལྟར། ལྔ་བས། ར་གན་གསེར་གསོལ། ཞེས་དང་། རྟག་བརྟན་དུ་དགེ་ལུགས་ཁ་ཞེ་མཚུངས་པའི་ས་གཙང་སྡེ་གཙང་བཟོས། ཞེས་སྙིང་ཚིམ་བརྗོད་པའི་ཚིག་འདི་དག་ནི། ཞི་བས་བཅིངས་གྲོལ་བཏང་ཟེར་བ་ལས་ཀྱང་ཉིས་འགྱུར་གྱི་རྩུབ་པའི་ཐ་སྙད་སྙིང་ལ་གཟན་པ་ཞིག་ཅི་ལ་མིན།

མདོར་ན་རྟག་བརྟན་དགེ་བསྒྱུར་གྱི་སྐོར་རྒྱལ་བ་ལྔ་བའི་རང་རྣམ་དུ་ཀུ་ལའི་གོས་བཟང་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་ཀྱི་རྣམ་ཐར། གཙང་མྱང་སྨད་བསམ་འགྲུབ་རྩེའི་སྡེ་སྲིད་གཙང་བ་རིམ་བྱུང་གི་མངའ་ཐང་འབྱོར་རྒུད་ཀྱི་ལོ་རྒྱུས། དགའ་ལྡན་ཕུན་ཚོགས་གླིང་གི་ཐོག་མཐའ་བར་གསུམ་གྱི་བྱུང་བ་ཡིད་ལ་དྲན་བྱེད་ཀུན་ཁྱབ་སྙན་པའི་རྔ་སྒྲ། དཀར་བརྒྱུད་རྣམ་ཐར་སྒྲུབ་རྒྱུད་རིན་ཆེན་འདྲེན་པའི་ཤིང་རྟ། བོད་ཀྱི་ལོ་རྒྱུས་པདྨ་ར་གའི་དོ་ཤལ། ཐུའུ་བཀྭན་གྲུབ་མཐའ་སོགས་འབྲེལ་ཡོད་ཡིག་ཆ་ཁག་ཏུ་གསལ་བ་ལྟར་ཡིན།

དེ་ལྟ་ན་ཡང་། གཟུངས་བསྡུས་འདི་ནི་རྟག་བརྟན་པར་མ་གཞིར་བཟུང་ནས་སོག་ཡུལ་རང་ནས་དཔར་དུ་བསྒྲུབས་ཅིང་། དེའི་དཀར་ཆག་སྒྲིག་སྟངས་དང་། ཁ་ཡིག་འགོད་སྟངས། ཆོས་ཚན་གྱི་གྲངས་ཀ་བཅས་རྟག་བརྟན་གཟུངས་བསྡུས་ཇི་བཞིན་བཀོད་ཡོད་པ་མ་ཟད། དེ་བས་ཀྱང་དཀར་ཆག་[9]ཏུ། དཔལ་རྟག་བརྟན་དམ་པའི་ཆོས་ཀྱི་གླིང་ངེས་དོན་དགའ་བའི་ཚལ་གྱི་ཆོས་གྲྭ་ཆེན་པོ་འདིར། གཟུངས་མདོ་ཕྲན་ཉེ་བར་མཁོ་བ་བསྡུས་པའི་གླེགས་བམ་མི་ཟད་པ་བྱུང་བ་པར་དུ་འཁོད་པ་ལ། ཞེས་པ་སོར་འཇོག་བྱས་ཡོད་པ་ནི། བསམ་བཞིན་བཞག་པ་ཡིན་མིན་མི་ཤེས་མོད། གང་ལྟར་གྲུབ་མཐའ་གསར་བརྗེ་ཡི་དྲག་རླུང་གིས་གསོད་མ་ཐུབ་པའི་ངེས་དོན་ཆོས་ཀྱི་སྒྲོན་མེ་ཞིག་ད་དུང་འོད་ལྷམ་མེར་ཡོད་པ་ནི་ཤིན་ཏུ་དགའ་འོས་པའི་དོན་དག་ཅིག་ཡིན་པ་སྨྲོས་ཅི་དགོས།

གང་ལྟར་སོག་ཡུལ་དུ་བཞུགས་པའི་རྟག་བརྟན་གཟུངས་བསྡུས་འདི་ནི་ཤིང་པར་སྣ་རིང་། ཆོས་ཚན་ ཀ-ཕོ་བར་ ༡༣༥ ལྷག་དང་། ཉེ་བར་མཁོ་ཕྱིར་མཇུག་ཏུ་སྐག་ཟློག་དང་། སྡིག་སྒྲིབ་ཀུན་འཇོམས་སོགས་ཆོས་ཚན་ ༥ ལྷག་བཞུགས་ཚུལ་དཀར་ཆག་ཏུ་བཀོད་འདུག གླེགས་བམ་གྱི་རིང་ཚད་ལ་ཚོན་ ༡༨ ལྷག་དང་། ཞིང་ཚད་ལ་ཚོན་ ༥ ལྷག་ཡོད་པ། ཆོས་ཚན་གྱི་དབུ་ལྡེབ་ཁག་ཕུད་པའི་གཞུང་ཡིག་ཐིག་ཕྲེང་བདུན་ཅན། ཆོས་ཚན་ཕལ་མོ་ཆེར་དབུ་ལྡེབ་ཡོད་ཅིང་། འཇམ་དཔལ་མཚན་བརྗོད་དང་། འཕགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་དབུ་ལྡེབ་མཚལ་པར་ཅན། དཀར་ཆག་དང་མཇུག་གི་པར་བྱང་སྨོན་ཚིག་བཅས་བསྡོམས་པའི་ཤོག་ངོས་ ༨༣༠ བཞུགས།

རྟག་བརྟན་གཟུངས་བསྡུས་ལྷ་སའི་དཔར་མ།

རྟག་བརྟན་གཟུངས་བསྡུས་ལྷ་སའི་དཔར་མ་ནི། ཕྱི་ལོ་ ༡༩༡༧ ལོར་རྟག་བརྟན་གཟུངས་བསྡུས་ཤིང་དཔར་མའི་པར་གཞི་ངོ་མ་གཞི་རྩར་བྱས་ནས་ལྷ་སའི་པར་སྤྱི་ཁང་དུ་ཤིང་དཔར་གསར་བརྐོས་བྱས་པ་ཞིག་ཡིན་ལ། དེ་དུས་རྟག་བརྟན་དགོན་པ་དགེ་བསྒྱུར་བྱས་ནས་མི་ལོ་ ༢༦༧ ཕྱིན་ཡོད།

དེའི་དཀར་ཆག་གི་མཆོད་བརྗོད་ནང་དུ་[10]ཡང་།

ཨོཾ་སྭཱ་སྟི། ཀུན་ཁྱབ་བདེ་ཆེན་བགྲང་ཡས་དཀྱིལ་འཁོར་འཁོར་ལོའི་མགོན།།
དགའ་ཆེན་སྟོང་ཉིད་མཐའ་ཡས་དམ་ཆོས་བདུད་རྩིའི་མཛོད།།
སྙིང་པོར་ཟུང་འཇུག་དཔག་ཡས་འགྲོ་རྣམས་རབ་ཏུ་སྒྲོལ།།
བཀྲ་ཤིས་རྒྱལ་མཚན་ལྷ་མིའི་མགོན་ལ་རྟག་ཏུ་འདུད།།

ཅེས་རྗེ་བཙུན་ཐམས་ཅད་མཁྱེན་པའི་མཚན་འཁོད་པའི་ཚིགས་བཅད་དེ་དང་། དཀར་ཆག་གི་མཇུག་བྱང་[11]དུ་ཡང་།

“དེ་ལྟར་བྱིན་རླབས་གཟི་འོད་འཕྲོ་བའི་གསུང་རབ་རིན་ཆེན་གཏེར།།
སྐལ་ལྡན་སྐྱེ་བོའི་བསོད་ནམས་དཔལ་དུ་མི་ཟད་ཁ་ཕྱེ་ནས།།
རང་གཞན་ཕན་བདེའི་དགའ་སྟོན་སྤེལ་བའི་ལྷག་བསམ་ཕུན་ཚོགས་ཅན།།
ཀུན་ཏུ་དགའ་བའི་བསྟན་པའི་རྒྱལ་མཚན་རབ་ཏུ་བརྟན་གྱུར་ཅིག།”

ཅེས་རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐའི་ཕྱག་མཛོད་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་མཚན་གསལ་བོར་ཡོད་པའི་ཚིགས་བཅད་གཉིས་སོར་བཞག་བྱས་འདུག

གལ་ཏེ་དེ་དུས་ལྷ་སའི་པར་སྤྱི་ཁང་དུ་སྙན་ངག་ཤེས་མཁན་ཞིག་ཡོད་ན། གོང་གི་ཚིགས་བཅད་དེ་གཉིས་ཀྱི་མགོ་ལ་ཡང་གྲུབ་མཐའ་གསར་བརྗེས་ཀྱི་ལས་འགུལ་དམར་ཟིང་ངེ་ཞིག་བསླེབ་རྒྱུ་གདོན་མི་ཟ་ཡང་། སྐབས་དེའི་འབྲེལ་ཡོད་ཚོའི་ནང་ན་སྙན་ངག་ཤེས་མཁན་མེད་སྟབས། དེ་གཉིས་ཀྱི་ནང་དུ་རྗེ་བཙུན་ཏཱ་ར་ནཱ་ཐ་དང་། ཁོང་གི་ཕྱག་མཛོད་གཉིས་ཀྱི་མཚན་གཏོར་ནས་ཡོད་པ་མ་ཤེས་པར་རང་སོར་ལྷག་སོང་བ་རེད།

དེ་མིན་གཟུངས་བསྡུས་འདིའི་ནང་དུ་“དཔལ་རྟག་བརྟན་”ཞེས་པ་ཡོད་ཚད།“དཔལ་དགའ་ལྡན་ཕུན་ཚོགས་གླིང་”ཞེས་རྟག་བརྟན་ཡོད་ཚད་མིག་ནང་གི་ཚེར་མ་བཞིན་དགའ་ལྡན་ཞེས་པར་བཙན་བསྒྱུར་བྱས་ཡོད་པ་མ་ཟད། ཐ་ན་མཚན་བརྗོད་ཀྱི་མཆོག་ལྷ་ཡང་བརྗེ་བསྒྱུར་བྱས་ཏེ། དེའི་ཁ་ཡིག་[12]ཏུ། སྲིད་གསུམ་མཁས་པའི་གཙུག་རྒྱན་པད་དཀར་འཆང་། ཞེས་བྲིས་འདུག ད་དུང་ཆོས་ཚན། ཁ ཤོག་གྲངས་བཅུ་བ་ཚེ་མདོའི་མཇུག་[13]ཏུ། འདིར་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་ལ་ཊཱི་ཀ་མཛད་པའི་དགོངས་པ་དང་མཐུན་པ་ཉིད་དཔལ་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བསྒྲུབས། ཞེས་རྟག་བརྟན་དགའ་ལྡན་དུ་བསྒྱུར་ཡོད་པ་འདིར་དཔེ་མཚོན་ཙམ་དུ་བཀོད་པ་ཡིན་ལ། འདི་དག་ནི་དེང་སང་རྒྱལ་ཁབ་ག་གེ་མོས་མི་རིགས་ཆེ་གེ་མོའི་ཐོག་འཛིན་པའི་སྲིད་བྱུས་ལས་ཀྱང་གཏིང་ནག་པ་ཞིག་མ་རེད་དམ།

རྒྱ་གར་དུ་བསྐྱར་དཔར་བྱས་པའི་རྟག་བརྟན་གཟུངས་བསྡུས།

གཟུངས་བསྡུས་འདི་ནི། གོང་དུ་བཤད་མ་ཐག་པ་ལྟར། ཕྱི་ལོ་ ༡༩༡༧ ལོར་རྟག་བརྟན་གཟུངས་བསྡུས་ཤིང་དཔར་མའི་པར་གཞི་ངོ་མ་གཞི་རྩར་བྱས་ནས་ལྷ་སའི་དཔར་སྤྱི་ཁང་དུ་ཤིང་དཔར་དུ་བསྒྲུབས་པ་དེའི་ངོ་བཤུས་སམ་བུ་དཔེ་རྙིང་པ་ཞིག་རྒྱ་གར་དུ་འབྱོར་བ་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༡༩༩༤ ལོར་བསྐྱར་དཔར་བྱས་དེ་ཡིན་ལ། འདིའི་དཔར་བསྐྲུན་གསལ་བཤད་དུ། འདིའི་ནང་གི་བསྒྱུར་ཚིག་རྣམས་མ་གཏོགས། རྟག་བརྟན་གཟུངས་བསྡུས་ཇི་བཞིན་གསར་བརྐོས་བྱས་པ་ཡིན་ཚུལ་དང་། གཟུངས་བསྡུས་ཐོག་མར་ཕྱོགས་བསྒྲིགས་མཛད་མཁན་ཡང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཡིན་ཚུལ་སོགས་དེའི་དཔར་སྐྲུན་གསལ་བཤད་[14]དུ་བརྗོད་འདུག དེ་ཡང་། གཟུངས་བསྡུས་གླེགས་བམ་འདི་ཇོ་ནང་བ་ཏཱ་ར་ནཱ་ཐས་ཕྱོགས་སྒྲིག་མཛད། ཁོང་རབ་བྱུང་བཅུ་བའི་ཤིང་ཕག་ལོར་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་ལོར་སྐུ་མྱྱ་ངན་ལས་འདས། པར་གཞི་ངོ་མ་ཇོ་ནང་གདན་ས་རྟག་བརྟན་ཕུན་ཚོགས་གླིང་གི་ཤིང་པར་བུ་དཔེས་པར་རྩ་བྱས་ཏེ་ལྷ་སར་པར་སྤྱི་ཁང་གི་པར་ལས་རྣམ་པས་གསར་བརྐོས་གནང་། ཞེས་སོགས་གསལ་བོར་བཀོད་འདུག

འདིར་ཡང་དཀར་ཆག་གི་མཚན་བྱང་ལ། རྟག་བརྟན་གཟུངས་བསྡུས་ཇི་ལྟ་བ་བཞིན། དཀར་ཆག་དགོས་འདོད་ཀུན་འབྱུང་ཞེས་བཀོད་ཡོད་པ་མ་ཟད། དེའི་མཆོད་བརྗོད་ནང་གི་རྗེ་བཙུན་ཐམས་ཅད་མཁྱེན་པའི་མཚན་དང་། མཇུག་བྱང་ནང་དུ་ཁོང་གི་ཕྱག་མཛོད་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་མཚན་ཡོད་པ་དེ་གཉིས་ཀྱང་སོར་བཞག་བྱས་ཡོད་མོད། རྟག་བརྟན་གཟུངས་བསྡུས་ཀྱི་དཀར་ཆག་[15]ཏུ་“དཔལ་རྟག་བརྟན་དམ་པའི་ཆོས་ཀྱི་གླིང་”ཞེས་བཀོད་ཡོད་པ་དེ། དཔལ་དགའ་ལྡན་ཕུན་ཚོགས་གླིང་། ཞེས་བརྗེ་བསྒྱུར་བྱས་ཡོད་ཅིང་། ད་དུང་མཚན་བརྗོད་ཀྱི་མཆོག་ལྷའི་ཁ་ཡིག་[16]ཏུ། གངས་ཅན་མགོན་གཅིག་ཐུབ་བསྟན་རྒྱ་མཚོའི་ཞབས། ཞེས་བྲིས་འདུག་པ་མ་ཟད། ཚེ་མདོ་[17]སོགས་ཀྱི་མཇུག་གི་རྟག་བརྟན་ཞེས་པ་ཡོད་ཚད་དགའ་ལྡན་དུ་བསྒྱུར་འདུག

འོན་ཀྱང་གཟུངས་བསྡུས་ཀྱི་མཇུག་གི་དཔར་བྱང་སྨོན་ཚིག་གི་མཇུག་བྱང་[18]དུ། ཅེས་པ་འདི་ནི་རབ་ཚེས་མེ་སྦྲུལ་ལོར་པར་པ་སྤྱི་ནས་རྟག་བརྟན་གཟུངས་བསྡུས་ཀྱི་བུ་དཔེ་འདི་བཞིན་སྤར་དུ་བསྒྲུབས་སྐབས་སྨོན་ཚིགས་བྲིས་དགོས་ཚུལ་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བསྟན་པའི་རྒྱལ་མཚན་དུ་འབོད་པས་སུག་བྲིས་སུ་བགྱིས་པ་འདིས་ཀྱང་སྨོན་གནས་མཐའ་དག་ཆོས་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག ཅེས་རྟག་བརྟན་གཟུངས་བསྡུས་ཀྱི་བུ་དཔེ་བསྐྱར་དཔར་བྱས་ཚུལ་གསལ་བོར་འཁོད་ཡོད་ཅིང་། ལོ་རྒྱུས་གཙིགས་སུ་བཟུང་ནས་ལྷ་སའི་གཟུངས་བསྡུས་ཀྱི་མ་ཡིག་རྟག་བརྟན་གཟུངས་བསྡུས་ཡིན་ཚུལ་གསལ་བོར་བཤད་འདུག་པ་ནི་དྲང་བདེན་གྱི་ཟིན་ཐོ་གསོན་པོ་ཞིག་གོ།

རྟག་བརྟན་གཟུངས་བསྡུས་ཀྱི་བུ་ཡིག་པེ་ཅིང་ལག་བྲིས་མ།

པེ་ཅིང་གཟུངས་བསྡུས་ལག་བྲིས་མ་འདི་ནི། ཆིང་གོང་མ་རྒྱལ་ཐོག་བཞི་བ་ཁིང་ཤིས་(Kangxi 1654-1722)ཀྱི་ཁྲི་ལོ་བཅུ་གསུམ་པ། དགུང་གྲངས་ཉེར་གཅིག་ལ་ཕེབས་པ། བོད་རབ་བྱུང་བཅུ་གཅིག་པའི་ཤིང་སྟག ཕྱི་ལོ་ ༡༦༧༤ ལོར། དཔལ་རྟག་བརྟན་དམ་པའི་ཆོས་ཀྱི་གླིང་ངེས་དོན་དགའ་བའི་ཚལ་གྱི་ཆོས་གྲྭ་ཆེན་པོ་ནས་རྟག་བརྟན་གཟུངས་བསྡུས་ཞེས་ཡོངས་སུ་གྲགས་དེ་ཉིད་གོང་མའི་ཕོ་བྲང་དུ་སྤྱན་དྲངས་ནས། གོང་མ་རང་གིས་མཐུན་རྐྱེན་སྦྱར་ཏེ་ཡི་གེར་བྲིས་ཤིང་དཔར་དུ་བཏབ་པ་ཞིག་རེད། དེ་དུས་རྟག་བརྟན་དགོན་པ་དགེ་བསྒྱུར་བྱས་ནས་མི་ལོ་ ༢༤ མ་གཏོགས་ཕྱིན་མེད་ཅིང་། གཟུངས་བསྡུས་འདིའི་ནང་དུ་ཉེར་མཁོའི་ཆོས་ཚན་མི་ཉུང་བ་ཞིག་ཁ་སྣོན་བྱས་ཐོག ལྷག་ཆད་རིགས་འཕྲི་སྣོན་དང་། ཞུ་དག་བྱས་པ་ཙམ་ལས། རྩ་བའི་ཆ་ནས་གྲུབ་མཐའི་སྡང་ཞེན་གྱིས་བསྲེ་ལྷད་ཆེན་པོ་བྱས་མེད་པའི་རྟག་བརྟན་གཟུངས་བསྡུས་ཀྱི་བུ་ཡིག་དང་པོར་ངོས་འཛིན་བྱས་ན་ཆོག་སྙམ།

གཟུངས་བསྡུས་འདིའི་མ་ཡིག་རྟག་བརྟན་ནས་སྤྱན་དྲངས་ཚུལ་ཡང་། འདིའི་དཀར་ཆག་[19]ཏུ། གངས་ཅན་རྟག་བརྟན་དུ་ཏཱ་ར་ནཱ་ཏས་པར་དུ་བཞེངས་པ་རྒྱ་ནག་གོང་མའི་ཕོ་བྲང་འདིར་སྤྱན་དྲངས་ནས། ལྷག་ཆད་སོས་པ་མཁོ་བྱེད་སླར་གནན་པ་དང་བཅས། གཟུངས་དང་མདོ་ཕྲན་ཉེ་བར་མཁོ་བ་བསྡུས་པའི་གླེགས་བམ་མྀ་ཟད་པ་འབྱུང་བ་ལེགས་བྲིས་འཁོད་པ་ལ། ཞེས་གསལ་བར་བཤད་པ་མ་ཟད། ཉེར་མཁོ་འགའ་རེ་ཁ་སྣོན་བྱས་ཚུལ་ཡང་གསལ་འདུག་ལ། དེའི་དཀར་ཆག་གི་མཆོད་བརྗོད་[20]ཀྱང་། རྟག་བརྟན་གཟུངས་བསྡུས་རང་གི་མཆོད་བརྗོད།

ཨོཾ་སྭཱ་སྟི། ཀུན་ཁྱབ་བདེ་ཆེན་བགྲང་ཡས་དཀྱིལ་འཁོར་འཁོར་ལོའི་མགོན།།
དགའ་ཆེན་སྟོང་ཉིད་མཐའ་ཡས་དམ་ཆོས་བདུད་རྩིའི་མཛོད།།
སྙིང་པོར་ཟུང་འཇུག་དཔག་ཡས་འགྲོ་རྣམས་རབ་ཏུ་སྒྲོལ།།
བཀྲ་ཤིས་རྒྱལ་མཚན་ལྷ་མིའི་མགོན་ལ་རྟག་ཏུ་འདུད།།

ཅེས་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་ཞེས་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་སྐུ་བསྟོད་ཚིགས་བཅད་དེ་དང་། དཀར་ཆག་གི་མཇུག་ཏུ་ཡང་རྟག་བརྟན་གཟུངས་བསྡུས་རང་གི་མཇུག་རྩོམ་[21]དུ་ཡོད་པ། དེ་ལྟར་བྱིན་རླབས་གཟི་འོད་འཕྲོ་བའི་གསུང་རབ་རིན་ཆེན་གཏེར།། ཞེས་པའི་འཕྲོར།

ལྷ་སྲས་ཏའི་ཆིངས་རྒྱལ་ཐོག་བཞི་བ་ཁང་ཧི་ཡིས།།
ལྷག་བསམ་རྣམ་དག་དད་གུས་ཆེན་པོའི་སྤར་དུ་ལེགས་འགྲུབ་པའི།།
འདི་བཞེངས་དགེ་བས་གནམ་བསྐོས་རྒྱལ་པོ་ཡབ་སྲས་གདུངས་རྒྱུད་རྣམས།།
གོང་ལོ་ཁྲི་ཕྲག་རི་དབང་ལྷུན་པོ་རྡོ་རྗེ་ལྟར་བརྟན་ཞིང་།།

ཞེས་བསྟན་པའི་སྦྱིན་བདག་གོང་མ་གདུང་རྒྱུད་དང་བཅས་པའི་ཞབས་བརྟན་ཚིགས་བཅད་ཤོ་ལོ་ཀ་གཅིག་བཅུག་ནས། དེའི་འཕྲོར་མུ་མཐུད་དུ། རྟག་བརྟན་གཟུངས་བསྡུས་ཀྱི་དཀར་ཆག་དུ་ཡོད་པ།

སྐལ་ལྡན་སྐྱེ་བོའི་བསོད་ནམས་དཔལ་དུ་མི་ཟད་ཁ་ཕྱེ་ནས།།
རང་གཞན་ཕན་བདེའི་དགའ་སྟོན་སྤེལ་བའི་ལྷག་བསམ་ཕུན་ཚོགས་ཅན།།

ཞེས་རྗེ་བཙུན་རིན་པོ་ཆེའི་ཕྱག་མཛོད་ཀུན་དགའ་བསྟན་པའི་རྒྱལ་མཚན་མཆོག་གི་ཞབས་བརྟན་ཤིས་བརྗོད་དེ་ཡང་སོར་བཞག་བྱས་ཡོད་མོད། དེའི་མཇུག་གི་

ཀུན་ཏུ་དགའ་བ་བསྟན་པའི་རྒྱལ་མཚན་རབ་ཏུ་བརྟན་གྱུར་ཅིག།
ཅེས་ཕྱག་མཛོད་དམ་པའི་མཚན་གསལ་བའི་ཚིགས་རྐང་དེར།
སངས་རྒྱས་བསྟན་པའི་རྒྱལ་མཚན་རབ་ཏུ་བརྟན་གྱུར་ཅིག།

ཅེས་ཡིག་དཔར་གྱི་འདུ་བྱེད་གཙོ་བོ་ལྷ་རྗེ་སངས་རྒྱས་རྒྱལ་མཚན་གྱི་མཚན་བཅུག་འདུག་པ་ནི། དགོས་དབང་ཙམ་ལས། མ་གུས་པའམ་དགེ་ཕྱོགས་ནས་གྲུབ་མཐའ་གསར་བརྗེས་སྐབས་ཀྱི་དྲག་སྤྱོད་བྱས་པ་ལྟ་བུ་མ་ཡིན་པ་ནི། གོང་གསལ་དེ་དག་གིས་མཚོན་ཐུབ་པོ།།

ཡང་འདིའི་དཔར་བྱང་སྨོན་ཚིག་[22]ཏུ་དཔྱད་གཞིར་ཤིན་ཏུ་མཁོ་བའི་ཚིགས་བཅད་མང་པོ་བཞུགས་པ་ལས་འགའ་ཞིག་དྲངས་ན།

རྒྱུ་སྐར་བྱེ་བའི་དབུས་ན་ཉི་ཟླ་བཞིན།།
གཟུངས་མདོ་དགོས་འདོད་ཀུན་འབྱུང་ནོར་བུ་འདིས།།
ངོ་མཚར་བཀྲ་ཤིས་བྱིན་རླབས་དངོས་གྲུབ་ཆར།།
རྒྱུན་མི་ཆད་པར་འབབ་འདི་ཨེ་མ་ཧོ།།
ཕུན་ཚོགས་བཀྲ་ཤིས་ཕོ་བྲང་སྤེ་ཀིན་འདིར།།

ཞེས་སོགས་ཀྱིས་གནས་གང་དུ་ཡིག་དཔར་དུ་བསྒྲུབས་ཚུལ་དང་། ཡང་།

འཇམ་དབྱངས་སྤྲུལ་པའི་གར་བསྒྱུར་ཁང་ཧི་གི།
སྲིད་གསུམ་དབང་བསྒྱུར་འགྲོ་རྣམས་བདེ་བས་ཚིམ།།
ཆེན་པོའི་མཛད་འཕྲིན་གྲགས་སྙན་གདུགས་དཀར་པོ།།
ཕྱོགས་བཅུར་གཡོ་བའི་དགེ་མཚན་ཕུན་སུམ་ཚོགས།།
དགོས་འདོད་ཀུན་འབྱུང་གུང་ལོ་ཉེར་གཅིག་སྟེང་།།
དགེ་ལ་སྤྲོ་བའི་པད་མོ་ཁ་ཕྱེ་ནས།།
གཟུངས་འདུས་སྤར་དུ་བཞེངས་པའི་གེ་སར་རྒྱས།།
ངེས་པར་འགྲུབ་པའི་འབྲས་བུ་ཟེའུ་འབྲུ་སྨིན།།
རིགས་རུས་ཆོས་འབྲང་ལྡན་པའི་སྨན་མིང་ཅན།།
སྐྱེས་ས་བོད་ཡུལ་ཡར་རྒྱབ་བྱམས་གླིང་ནས།།
ལྷ་རྗེས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ།།

ཞེས་སོགས་དང་། ཡང་།

གཟུངས་འདུས་སྤར་དུ་བཞེངས་པའི་སྙན་གསན་ཕུལ།།
ཅེས་ཞུས་ཕན་ཡོན་བསན་དགོངས་རྣམ་དག་མཛད།།

ཅེས་སོགས་དང་། ཡང་།

བཅུ་ཕྲག་ཡིག་མཁན་མཁས་བསྡུས་གཟབས་འབྲིས་བྱས།།
ལྷག་ཆད་ནོར་འཁྲུལ་སྤར་ཡིག་གཉིས་ལ་བསལ།།

ཞེས་སོགས་དང་། སླར་ཡང་[23]

ཤིང་ཕོ་སྟག་ལོ་ཟླ་བ་བདུན་པ་ཡིས།།
རྩི་ཤིང་མེ་ཏོག་འབྲས་བུ་རྒྱས་པའི་དུས།།
ལོ་ཟླ་དུས་ཚེས་བཟང་ལ་ལེགས་པར་གྲུབ།།
འདི་ལྟར་གཟུངས་མདོ་བརྒྱ་དང་དྲུག་ཅུ་ལྷག།
ཡིག་འབྲིས་སྤར་འདེབས་ལེགས་ལྷ་ཞལ་ཁེབ་དང་།།
གླེགས་བམ་གླེགས་ཐག་ན་བཟའ་ཕུན་ཚོགས་གྱིས།།
ཆོས་སྦྱིན་རྒྱ་ཆེར་བཏང་བའི་དགེ་བ་དེའི།།

ཞེས་སོགས་ཀྱིས་རྒྱ་ནག་གོང་མའི་ཕོ་བྲང་པེ་ཅིང་དུ་བོད་ཀྱི་སྨན་རམས་པ་སངས་རྒྱས་བསྟན་པའི་རྒྱལ་མཚན་གྱིས། གོང་མར་རྟག་བརྟན་གཟུངས་བསྡུས་བྲིས་དཔར་དུ་བསྒྲུབ་དགོས་པའི་སྙན་གསན་ཞུས་ངོར། གོང་མས་ཞལ་བཞེས་ཐོབ་སྟེ། ཡིག་མཁན་མཁས་པ་བཅུ་ཕྲག་གཅིག་གདན་དྲངས་ནས། གཟུངས་མདོ་བརྒྱ་དང་དྲུག་ཅུ་ལྷག་ཤིང་སྟག་ལོའི་ཟླ་བདུན་པར་བྲིས་དཔར་གཉིས་ཀ་གྲུབ་པར་བགྱིས་ཤིང་། ཞུས་དག་ལན་གསུམ། རབ་གནས་བཅས་ལེགས་པར་གྲུབ་པ་མ་ཟད། ན་བཟའ་དང་། གླེགས་བམ་གླེགས་ཐག་སོགས་ཡོངས་སུ་གྲུབ་ཚུལ་སོགས་ཞིབ་རྒྱས་སུ་བཀོད་འདུག དེ་ལྟར་ན་ཕྱི་ལོ་ ༢༠༢༣ ནས་ཡར་དེད་ན། གཟུངས་བསྡུས་འདི་རྒྱ་ནག་གོང་མའི་ཕོ་བྲང་དུ་ཡི་གེར་བྲིས་ནས་ལོ་གྲངས་ ༣༤༩ ཕྱིན་འདུག

སྤྱིར་བཏང་རྟག་བརྟན་གཟུངས་བསྡུས་ཞེས་ཡོངས་སུ་གྲགས་པ་དེ་ནི། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ན་ཐཱས་(༡༥༧༥-༡༦༣༤)མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། <<གཟུངས་བསྡུས>>སམ། <<མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་གཅེས་པར་བསྡུས་པ་>>ཞེས་པའི་གླེགས་བམ་གསར་དུ་བསྒྲིགས་ཤིང་། དཔལ་རྟག་བརྟན་ཆོས་སྡེ་ཆེན་པོ་ངེས་དོན་དགའ་བའི་ཚུལ་དུ་མི་ཟད་དཔར་གྱི་ཕྱི་མོ་གཏེར་དུ་བསྒྲུབས་པ་ནས་བཟུང་། བོད་ཁམས་ཡོངས་ལ་ཁྱབ་པའི་གཟུངས་བསྡུས་སམ་<<རྟག་བརྟན་གཟུངས་བསྡུས་>>ཞེས་གྲགས་པ་དེ་བྱུང་བ་རེད།

གླེགས་བམ་ཆེན་པོ་འདིའི་གཞུང་ཤིང་ལ་ཤོག་ངོས་ ༡༦༣༨ དང་། དཀར་ཆག་ལ་ ༩ བསྡོམས་པའི་ཤོག་ངོས་ ༡༦༤༧ ཡོད་ཅིང་། མདོ་ཕྲན་ ༥༤ དང་རྒྱུད་དུ་གཏོགས་པ་ ༡༠༦ བཅས་བསྡོམས་ཆོས་ཚན་ ༡༦༠ བཞུགས།

དངོས་ཡོད་གནས་ཚུལ་ལྟར་ན། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས་ཀྱིས་ཐོག་མར་གཟུངས་བསྡུས་ཞེས་གྲགས་པ་ཕྱོགས་བསྒྲིགས་མཛད་ཅིང་། དཔལ་རྟག་བརྟན་དམ་པའི་ཆོས་ཀྱི་གླིང་ངེས་དོན་དགའ་བའི་ཚལ་ཞེས་ཡོངས་སུ་གྲགས་ཤིང་གྲུབ་པའི་ཆོས་གྲྭ་ཆེན་པོ་དེར། གཟུངས་བསྡུས་དཔར་དུ་བསྒྲུབས་པ་ནས་བཟུང་། རྟག་བརྟན་གཟུངས་བསྡུས་ཞེས་གྲགས་ཤིང་། རྗེ་བཙུན་ཐམས་ཅད་མཁྱེན་པ་ནས་བརྒྱུད་པའི་རྟག་བརྟན་གཟུངས་བསྡུས་ཀྱི་ཐུན་མིན་ལུང་རྒྱུན་ཡང་ཡོད་མོད། གོང་ཞུས་ལྟར་ཕྱི་ལོ་ ༡༦༥༠ ལོའི་གྲུབ་མཐའ་གསར་བརྗེས་ཀྱི་ལས་འགུལ་སྤེལ་རྗེས། ཇོ་ནང་ཕྱོགས་སུ་རྟག་བརྟན་གཟུངས་བསྡུས་སོགས་ཀྱི་ལུང་རྒྱུན་རེ་ཞིག་ཆད་པར་མངོན་ཡང་། དགེ་ལུགས་པའི་ནང་དུ་ད་ལྟའི་དུས་སུ་ཡང་རྟག་བརྟན་གཟུངས་བསྡུས་ཀྱི་ཆོས་ཚན་ཕལ་མོ་ཆེའི་ལུང་རྒྱུན་བཞུགས་ཡོད།

དེ་ཡང་སྲིད་སྐྱོང་སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས་(༡༨༧༤-༡༩༥༢)ཀྱི་གསན་ཡིག་[24]ཏུ། ཆེ་བའི་ཆེ་མཆོག སངས་རྒྱས་གཙོ་ལ། ཡོན་ཏན་མཆོག་མངའ་ཞེས་སོགས་ལེ་ཚན་གསུམ་བཅས་འདི་ཡན་རྟག་བརྟན་གཟུངས་བསྡུས་དང་། བཾ པར་བཀྲས་ལྷུན་གཟུངས་བསྡུས་ནས་གཟུངས་སྔགས་ཟབ་མོ་ཕྱོགས་གཅིག་ཏུ་བསྡུས་པ་ལ། ༡༩ ཀ རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི། ཇོ་ནང་ཏཱ་ར་ནཱ་ཐ་འགྲོ་བའི་མགོན་པོ་25ཀུན་དགའ་སྙིང་པོ། སྔོན་སྦྱང་རིན་ཆེན་རྒྱ་མཚོ། གྲུབ་དབང་སྙིང་པོ་དཔལ། འཇམ་དབྱངས་ངག་དབང་འཕྲིན་ལས། ཆོས་རྗེ་བཟང་པོ་དཔལ། འགྱུར་མེད་ཆོས་དབྱིངས་རང་གྲོལ། ཀུན་བཟང་ཆོས་འབྱོར། ཚེ་དབང་རྣམ་རྒྱལ། གྲུབ་དབང་བློ་བཟང་རྣམ་རྒྱལ། ལྷ་རྩེ་སྐལ་བཟང་མཁས་གྲུབ། རྗེ་ཡེ་ཤེས་རྡོ་རྗེ། རྗེ་བཙུན་བློ་བཟང་ཉི་མ། སྒྲུབ་ཁང་ཤར། རྗེ་བཙུན་འཇམ་དབྱངས་འཕྲིན་ལས། གྲུབ་དབང་བསྟན་འཛིན་དོན་འགྲུབ། རྗེ་བཀའ་འགྱུར་བ་བློ་བཟང་སྦྱིན་པ་དབལ་བཟང་པོ་དེས་བདག་ལའོ།། ཞེས་ཇོ་ནང་ཏཱ་ར་ནཱ་ཐ་ནས་བརྒྱུད་པའི་རྟག་བརྟན་གཟུངས་བསྡུས་ཀྱི་ལུང་རྒྱུན་ཁོང་ལ་བཞུགས་ཚུལ་གསལ་བར་བཤད་པ་མ་ཟད། གུང་ཐང་སྐུ་ཕྲེང་དྲུག་པ་དཀོན་མཆོག་བསྟན་པའི་དབང་ཕྱུག་(༡༩༢༦-༢༠༠༠)ཚང་གིས་ཀྱང་།[25] ཇོ་ནང་ཏཱ་ར་ནཱ་ཐ་ནས་བརྒྱུད་པའི་རྟག་བརྟན་གཟུངས་བསྡུས་ཀྱི་ཆོས་ཚན་མང་ཆེ་བའི་ལུང་རྒྱུན་ཁོང་ལ་བཞུགས་ཚུལ། ཁོང་གིས་གདུགས་དཀར་བྱད་དཀྲོལ་གྱི་དབང་གནང་སྐབས་ཁྲོམ་བསྒྲགས་སུ་གསུངས་པ་ཁོ་བོས་དངོས་སུ་ཐོས།

ད་དུང་ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་མཆོག་གིས་ཀྱང་རྟག་བརྟན་གཟུངས་འདུས་ཀྱི་ལུང་རྒྱུན་སྤེལ་གནང་མཛད་ཚུལ། རང་རྣམ་[26]དུ།  གཏོར་ཆེན་དང་རྟག་བརྟན་གཟུང་འདུས་ཀྱི་ལུང་ཕུལ། ཞེས་སོགས་གསུངས་པ་ལྟར་རོ།།

དེར་བརྟེན། ཁོ་བོར་མཚོན་ན་གོང་དུ་བཤད་པ་ལྟར། ད་ཐེངས་སོག་ཡུལ་ནས་དངོས་སུ་མཇལ་བའི་རྟག་བརྟན་གཟུངས་བསྡུས་ཀྱི་བུ་ཡིག་སོག་པོའི་ཤིང་དཔར་མ་འདི་ནི། ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་པ་རྙེད་དཀའ་རྙེད་པའི་མཆོག་ཡིན་པས། སོག་པོའི་ཨ་མ་སྒྲོལ་དཀར་ལགས་ཀྱི་ཆོག་མཆན་འོག ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༤-༢༥ བར་དེ་ཉིན་གྲངས་ཧྲིལ་བོ་གཉིས་རིང་བྱ་བ་གཞན་དག་ལས་མཚམས་བཞག་སྟེ། མགྲོན་ཁང་དུ་ཆད་ལྷག་མེད་པར་ཁ་པར་ནང་དུ་པར་བཏབ་ཅིང་། གློག་ཀླད་ནང་དུ་བཞག་ནས་ལྡེབ་ཆད་ཡོད་མེད་ཞུ་དག་ཐེངས་གཅིག་བྱས་མཐར། “འདི་ལྟར་བགྱིས་པའི་རྣམ་དཀར་”སོགས་ཀྱིས་དགེ་བསྔོ་དང་། “ངེས་དོན་དབུ་མའི་ཤིང་རྟ་”སོགས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་མཛད་པ་དེ་དང་། “མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་”སོགས་༧རྒྱལ་དབང་ཐམས་ཅད་མཁྱེན་པས་མཛད་པའི་ཇོ་ནང་བསྟན་འབར་མ་གཉིས་ཀྱིས་མཐའ་བརྒྱན་ཏེ། ད་རེབ་ཀྱི་དམིགས་ཡུལ་དང་ལས་གཞི་ཡོངས་སུ་མཇུག་གྲུབ་པར་བྱས་སོ།།

བསྡོམས།

རྟག་བརྟན་གཟུངས་བསྡུས། ཕྱི་ལོ་ ༡༦༢༥ ཡས་མས་ཤིག་ལ་རྗེ་བཙུན་ཏཱ་ར་ནཱ་ཐས་ཐོག་མར་ཕྱོགས་བསྒྲིགས་མཛད་ཅིང་ཤིང་དཔར་དུ་བསྒྲུབས། ཕྱི་ལོ་ ༢༠༢༣ ནས་ཡར་བརྩིས་ན་ཕལ་ཆེར་ལོ་གྲངས་ ༣༩༨ ལྷག་འདས།

རྟག་བརྟན་གཟུངས་བསྡུས་པེ་ཅིང་ལག་བྲིས་མ། ཕྱི་ལོ་ ༡༦༧༤ ལོར་རྒྱ་ནག་གོང་མའི་ཕོ་བྲང་དུ་ཡི་གེར་བྲིས་ཤིང་དཔར་དུ་བཏབ། རྟག་བརྟན་དགོན་པ་དགེ་བསྒྱུར་བྱས་ནས་མི་ལོ་ ༢༤ འདས། ཕྱི་ལོ་ ༢༠༢༣ ནས་ཡར་དེད་ན་ལོ་གྲངས་ ༣༤༩ འདས།

རྟག་བརྟན་གཟུངས་བསྡུས་སོག་པོའི་དཔར་མ། ཕྱི་ལོ་ ༡༧༣༡ ལོར་སོག་ཡུལ་དུ་དཔར་དུ་བསྒྲུབས། རྟག་བརྟན་དགོན་པ་དགེ་བསྒྱུར་བྱས་ནས་ལོ་གྲངས་ ༨༡ ཕྱིན། ཕྱི་ལོ་ ༢༠༢༣ ནས་ཡར་དེད་ན་ལོ་གྲངས་ ༢༩༢ འདས།

རྟག་བརྟན་གཟུངས་བསྡུས་ལྷ་སའི་དཔར་མ། ཕྱི་ལོ་ ༡༩༡༧ ལོར་ལྷ་སའི་པར་སྤྱི་ཁང་དུ་དཔར་དུ་བརྐོས་བྱས། རྟག་བརྟན་དགོན་པ་དགེ་བསྒྱུར་བྱས་ནས་མི་ལོ་ ༢༦༧ ཕྱིན། ཕྱི་ལོ་ ༢༠༢༣ ནས་ཡར་བརྩིས་ན་ལོ་གྲངས་ ༡༠༦ འདས།

རྟག་བརྟན་གཟུངས་བསྡུས་རྒྱ་གར་བསྐྱར་དཔར། ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་དུ་བསྐྱར་དཔར་བྱས། རྟག་བརྟན་དགོན་པ་དགེ་བསྒྱུར་བྱས་ནས་ལོ་གྲངས་ ༣༤༤ འདས། ཕྱི་ལོ་ ༢༠༢༣ ནས་ཡར་འདེད་བྱས་ན་མི་ལོ་ ༢༩ ཕྱིན།

ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༦ ཉིན། བེ་རི་རིག་པའི་རྡོ་རྗེས་སོག་པོའི་རྒྱལ་ས་ཨུ་ལན་དཔའ་ཐུལ་དུ་རྟག་བརྟན་གཟུངས་བསྡུས་ཀྱི་ར་མདར་རྒྱུག་སྐབས་ཟིན་ཐོར་བཀོད་པ།

ཟུར་ཞུ། གོང་གི་ཡི་གེ་སྨུག་པོ་དེ་དག་ནི། གཞན་ནས་དྲངས་བའི་ལུང་ཚིག་ཡིན་ཞིང་། དེ་དག་གི་ནང་དུ་ཡིག་ནོར་གང་ཡོད་མ་བཅོས་རང་སོར་བཞག་ཡོད་པ་ཀློག་མཁན་རྣམས་ཀྱིས་དགོངས་མངའ་ཞུ།

ཞབས་མཆན། 

[1] རྟག་བརྟན་གཟུངས་བསྡུས། སོག་པོ། པར་མ། དཀར་ཆག

[2] རྟག་བརྟན་གཟུངས་བསྡུས། སོག་པོ། པར་མ། དཀར་ཆག གཅིག།

[3] རྟག་བརྟན་གཟུངས་བསྡུས། སོག་པོ། པར་མ། དཀར་ཆག གཉིས།

[4]རྟག་བརྟན་གཟུངས་བསྡུས། སོག་པོ། པར་མ། དཀར་ཆག ལྡེབ་ཤར། གཅིག

[5]རྟག་བརྟན་གཟུངས་བསྡུས། སོག་པོ། པར་མ། ཀི གཅིག

[6]རྟག་བརྟན་གཟུངས་བསྡུས། སོག་པོ། པར་མ། མི བདུན་བྱོན།

[7] རྟག་བརྟན་གཟུངས་བསྡུས། སོག་པོ། པར་མ། ཁ བཅུ་གཅིག

[8] རང་རྣམ་དུ་ཀཱུ་ལའི་གོས་བཟང་། དེབ་གཟུགས། གླེགས་བམ་དང་པོ། ཤོག 521

[9]རྟག་བརྟན་གཟུངས་བསྡུས། སོག་པོ། པར་མ། དཀར་ཆག གཉིས།

[10] རྟག་བརྟན་གཟུངས་བསྡུས་ལྷ་སའི་པར་མ། དཀར་ཆག གཅིག།

[11]རྟག་བརྟན་གཟུངས་བསྡུས་ལྷ་སའི་པར་མ། དཀར་ཆག ལྔ།

[12]རྟག་བརྟན་གཟུངས་བསྡུས་ལྷ་སའི་པར་མ། ཀ གཅིག

[13]རྟག་བརྟན་གཟུངས་བསྡུས་ལྷ་སའི་པར་མ། ཁ བཅུ།

[14]མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་ཕྲེང་བ། ལྡིལ་ལི། དབུ་ཤོག་ནང་མ།

[15]མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་ཕྲེང་བ། ལྡིལ་ལི། དཀར་ཆག གཅིག

[16]མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་ཕྲེང་བ། ལྡིལ་ལི། ཀ ༡ གཅིག

[17]མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་ཕྲེང་བ། ལྡིལ་ལི། ཁ ༢༣ བཅུ་བྱོན།

[18]མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་ཕྲེང་བ། ལྡིལ་ལི། ཕོ ༨༡༩ དྲུག་བྱོན།

[19]རྟག་བརྟན་གཟུངས་བསྡུས་རྒྱ་ནག་པེ་ཅིང་བྲིས་མ། གཅིག དཀར་ཆག གོང་།

[20]རྟག་བརྟན་གཟུངས་བསྡུས་རྒྱ་ནག་པེ་ཅིང་བྲིས་མ། གཅིག དཀར་ཆག གོང་།

[21]རྟག་བརྟན་གཟུངས་བསྡུས་རྒྱ་ནག་པེ་ཅིང་བྲིས་མ། བཞི། དཀར་ཆག འོག།

[22]རྟག་བརྟན་གཟུངས་བསྡུས་རྒྱ་ནག་པེ་ཅིང་བྲིས་མ། ཕོ། ལྔ་བརྒྱ་གྱ་བརྒྱད། འགྱུར་བྱང་། གོང་།

[23]རྟག་བརྟན་གཟུངས་བསྡུས་རྒྱ་ནག་པེ་ཅིང་བྲིས་མ། ཕོ། ལྔ་བརྒྱ། གྱ་དགུ། འགྱུར་བྱང་། གོང་།

[24]སྟག་བྲག་གསན་ཡིག་མུན་སེལ་སྒྲོན་མེ་ལས། བརྒྱུད་པ་ཟམ་མ་ཆད་པ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་རྒྱུན་ལུང་གི་སྐོར། པར་མ།  252a-252b

[25] སྒྲོལ་བའི་མགོན་པོ། ཏཱ་ར་ནཱ་ཐ། འགྲོ་བའི་མགོན་པོ་ཟེར་བ་ནོར།

[26] ཏཱའི་སི་ཏུར་འབོད་པ་ཀརྨ་བསྟན་པའི་ཉིན་བྱེད་ཀྱི་རང་ཚུལ་དྲངས་པོར་བརྗོད་པ་དྲི་བྲལ་ཤེལ་གྱི་མེ་ལོང་། ཤིང་པར། ལྡི་ལི། 138a

– – – – –

Loading

1 མཆན་བུ།

  1. ༈ བོད་གངས་ཅན་དུ་གཟུངས་བསྡུས་ཀྱི་དཔེ་རྒྱུན་ཇི་སྙེད་པ་མཐའ་དག་རྟག་བརྟན་རྗེ་བཙུན་པའི་སྤྱན་ལྟོས་ལ་བརྟེན་ནས་བྱུང་བ་དང་དེ་ལ་དཔེ་རྒྱུན་སྔར་གྱི་རྟག་སྤར་དང་ཕྱིས་ཀྱི་ལྷ་སའི་སྤར་མ། རྒྱ་ནག་པེ་ཅིང་སྤར་མ་སོགས་ཇི་སྙེད་དུ་མཆིས། ལར་རྟག་བརྟན་རྗེ་བཙུན་པ་ཉིད་ཇོ་ནང་ཙམ་དུ་མ་ཟད་ངེས་དོན་དུ་བོད་གངས་ཅན་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོར་བྱོན་པ་དགེ་ལྡན་གྱི་ཕྱོགས་ནས་ཀྱང་དཔེར་ན་ཡིག་ཆའི་བདག་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གི་ཞལ་སྔ་ནས་བསྔགས་པ་ཆེས་ཆེར་མཛད་པ་དེ་བཞིན་དུའོ། །ཡང་གླེང་བར་བྱ་བ་ལ་གོང་དུ་བརྗོད་གསལ་གྱི་སོག་པོའི་སྤར་མ་དེའང་དོན་གྱིས་པེ་ཅིང་སྤར་མ་ཡིན་གྱི། ཁལ་ཁའི་སྤར་མ་མ་ཡིན་ནོ། །གཞན་དབུ་ལྷ་བརྗེས་པ་ཙམ་ལ་རྙིང་ཁྲག་དེ་ཙམ་ཁོལ་པ་ཡིན་ན་འཕགས་ཡུལ་གྱི་རིགས་པའི་དབང་ཕྱུག་མཐའ་དག་གི་ཕྱག་རྩོམ་ལའང་གངས་ཅན་གྱི་སྒྲུབ་བརྒྱུད་སོ་སོ་རང་གི་མོས་པ་ལྟར་དབུ་ལྷ་བཞུགས་སུ་གསོལ་ཡོད་པ་ལ་བྱར་ཅི་ཡོད། ཚིག་གི་འགྲོས་དང་བརྗོད་པའི་འགྲོས་ལ་དཔགས་ན་རྩོམ་པོ་བེ་རི་པའང་གདོན་གྱིས་མྱོས་ཡོད་པ་མངོན་པར་གསལ། གཞན་ཡང་རྟག་བརྟན་གྱི་གྲུབ་མཐའ་བསྒྱུར་པ་ལ་དུག་ཆུ་འཐུང་ཟིན་པའི་རྩོམ་པོ་བེ་རི་ནས་གཙང་སྲིད་དང་ཀཾ་ཚང་ཞྭ་དམར་ནག་གིས་བོད་ཀྱི་ཆབ་སྲིད་ལ་ཁ་འཛིན་བྱེད་སྐབས་སུ་རྟག་བརྟན་མཆོད་ཡོན་ལྷན་རྒྱས་ནས་དགའ་ལྡན་པར་ཕྱག་རྗེས་གང་དག་བཞག་ཡོད་པ་ཅིས་ཕྱིར་མི་གླེང་། དུས་ཕྱིས་རྒྱ་ཁྱབ་བདེ་འཇམ་ཡུག་གཅིག་ཏུ་གྱུར་པའི་སྐབས་སུ་རྟག་བརྟན་རང་དུ་སྨོན་འགྲོ་ཕ་བུ་སོགས་ཀྱི་མཛད་དཀའ་དེ་ཅིས་ཕྱིར་མི་གླེང་། གཞུང་ནས་རྟག་བརྟན་དགེ་དགོན་དུ་བསྒྱུར་པ་ལྔ་པའི་ཞེ་འདོད་ཁོ་ན་ཙམ་ཡིན་ནམ། རྟག་བརྟན་དང་གཙང་སྡེ་སྲིད་མཆོད་ཡོན་གྱི་སྐབས་སུ་དགེ་དགོན་ག་ཚོད་བསྒྱུར་ཡོད་དམ། དགའ་ལྡན་པར་སྨོན་ལམ་ཆོས་རྒྱུན་ཆད་ནས་ལོ་ག་ཚོད་འགོར་ཡོད་དམ། དགའ་ལྡན་པའི་གྲྭ་ཚང་ཁག་གི་ཡིག་ཆའི་སྤར་མ་དང་དཔེ་རྒྱུན་ཙམ་ལའང་དམ་དྲག་བྱས་ནས་རྒྱུན་ཆད་པའི་རྒྱུས་དེ་དག་ཅིས་ཕྱིར་མི་གླེང་། རྟག་བརྟན་གྱི་གསུང་དང་སྤར་མཐའ་དག་མེ་དང་ཆུར་སྦྱངས་ཟིན་ན་ཕོ་བྲང་དང་གོང་ས་ལྔ་པའི་དཔེ་མཛོད། གནས་བཅུའི་གཞུང་དཔེ་དམ་སྦྱར་མ་སོགས་སུ་རྟག་བརྟན་རྗེ་བཙུན་པའི་གསུང་དང་རྗེ་ཙོང་ཁ་པའི་གསུང་ཆ་ཚང་ལ་ཤ་ལྤགས་དང་ཀོ་ཐུམ། གོས་ཐག །སི་ཐག་སོགས་ཀྱི་གླེགས་བུ་ཆེས་ཤིན་ཏུ་གཅེས་པུར་བསྒྲུབས་ཡོད་པ་དེ་དག་ལ་འགྲེལ་ཅི་ལྟར་བྱེད། འདྲེ་ལག་གིས་རྟག་བརྟན་རྗེ་བཙུན་པའི་གསུང་ལ་ཞབས་ཏོག་འདི་འདྲ་འོང་སྲིད་དམ།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།