ཐལ་འགྱུར་བའི་ལུགས་ཀྱི་ཐ་སྙད་དུ་ཡོད་པའི་དོན་ལ་དཔྱད་པ།

0
301

ནང་དོན་གནད་བསྡུས། དབུ་མ་ཐལ་འགྱུར་བའི་ལུགས་ལ་ཆོས་ཐམས་ཅད་བཏགས་དོན་བཙལ་བའི་ཚེ་རིགས་པའི་དཔྱད་བཟོད་དུ་མ་གྲུབ་པ་སྟེ་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་ཀྱང་།  ཆོས་རྣམས་ཀྱི་བྱ་བྱེད་སོགས་མི་འགལ་བ་ཅིས་ཀྱང་འཇོག་ཐུབ་དགོས། དེ་ཐ་སྙད་དུ་ལེགས་པར་འཇོག་ཐུབ་མིན་ལ་རག་ལས་ཡོད། བོད་ཀྱི་དབུ་མ་པ་སྔ་ཕྱིའི་མཁས་པ་རྣམས་ཀྱིས་ཐ་སྙད་དུ་ཡོད་པ་དང་ཐ་སྙད་ཚད་གྲུབ་བཞེད་མིན་གྱི་ཐད་ལ་དགོངས་ཚུལ་སྣ་ཚོགས་ཤིག་བྱུང་ཡོད།  དཔྱད་རྩོམ་འདིར་ཐ་སྙད་དུ་ཡོད་པ་བཞེད་པ་དང་མི་བཞེད་པ་ཇི་ལྟར་བྱུང་བ་དང་། དེ་དག་གིས་ཁུངས་གང་ལ་གཏུགས་མིན་སོགས་ལ་དཔྱད་ནས། ཐ་སྙད་ཚད་གྲུབ་མི་བཞེད་པ་དག་ལ་ལུང་རིགས་ཀྱིས་གནོད་པ་འབབ་ཚུལ་དང་།  ཐ་སྙད་ཚད་གྲུབ་བཞེད་དགོས་པ་དང་དེ་ལ་སྐྱོན་སྤོང་ཇི་ལྟར་བྱེད་པའི་སྐོར་གླེང་ཡོད།

གནད་ཚིག  ཐ་སྙད་ཚད་གྲུབ། ཐ་སྙད་པའི་ཚད་མ།  ཐ་སྙད་དུ་ཡོད་པ།

སྔོན་གླེང་།

སྟོང་དང་རྟེན་འབྱུང་གཡུ་རལ་གསིག་པ་ལས། །
ཝ་སྐྱེས་སེང་གེར་བཏགས་པའི་བྱེད་པོ་རྣམས། །
མི་བཟོད་སྡེར་མོ་གཤོམ་པའི་གཡུར་ངོ་ནས། །
འཛུམ་པའི་མེ་ཏོག་ཕུལ་བའི་དཔའ་བོ་རྒྱལ། །

མྱ་ངན་འདས་པའི་ཤུལ་ལམ་རིང་མོ་ནས། །
ཉི་ཚེ་བསྟན་པའི་སྡེ་མང་རྩོད་པའི་ཚེ། །
བསྟན་པའི་ཡང་སྙིང་རྟེན་འབྱུང་ཟབ་མོའི་ལམ། །
གསལ་བར་མཛད་པའི་ཀླུ་སྒྲུབ་ཡབ་སྲས་འདུད། །

གངས་ཅན་མཁས་པའི་ངར་སྒྲ་ལྷང་ལྷིང་དུ། །
དབུ་མའི་ལམ་ནས་དབུ་མ་རྩོད་པའི་ཚེ། །
དབུ་མའི་མཐའ་ལས་དབུ་མ་འཇོག་མཁས་པ། །
ཙོང་ཁའི་སྲས་པོ་སྤྱི་བོའི་མགྲོན་དུ་བསུ། །

སྔོན་ཆད་མ་བྱུང་ལེགས་བཤད་འདིར་མེད་པས། །
གཞན་དོན་འབད་པའི་ངལ་བས་མ་བཅིངས་ཀྱང་། །
མཚུངས་མེད་དྲིན་གྱིས་ཡང་ཡང་ལམ་བཅུག་ཚེ། །
གོམས་པ་ལེན་ཕྱིར་ངས་འདི་བརྩམ་པར་བགྱི། །

དང་པོ། ཐ་སྙད་ཚད་གྲུབ་ཀྱི་བརྡ་དོན་ལ་དཔྱད་པ།

ཐ་སྙད་ཚད་གྲུབ་ཅེས་པ་ནི་དབུ་མ་པའི་ལུགས་ཀྱི་ཐུན་མོང་མིན་པའི་བརྡ་ཆད་ཅིག་ཡིན་ལ། ཆོས་ཐམས་ཅད་ལ་དགག་ཕྱོགས་དང་སྒྲུབ་ཕྱོགས་རེ་ཡོད་པའི་ནང་ནས་ཐ་སྙད་ཚད་གྲུབ་འདི་ནི་སྒྲུབ་ཕྱོགས་གཏན་ལ་ཕབ་པའི་བརྗོད་གཞི་སྟོན་པའི་མིང་བརྡ་ཞིག་ཡིན། སྤྱིར་བོད་ཀྱི་དབུ་མ་སྔ་རབས་པ་ཕལ་མོ་ཆེས་ཚད་མ་མེད་པ་དང་ཚད་མས་གྲུབ་པའི་དོན་མེད་པར་གཏན་ནས་མི་བཞེད་ཅིང་ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་ཀུན་མཐུན་དུ་བཞེད་པ་ཡིན། དེ་ལྟར་ན་ཡང་དོན་དམ་དཔྱོད་བྱེད་ཀྱི་རིགས་པའམ་ལྟ་བའི་དགག་བྱ་བཀག་པའི་རིགས་ཤེས་ཀྱིས་དགག་གཞིའི་སྟེང་དུ་དགག་བྱ་བདེན་པ་དང་རང་བཞིན་གྱི་ཡོད་པ་ཁེགས་ཤིང་བཀག་པ་ཙམ་དུ་མ་ཟད་དེ་འགོག་པའི་རིགས་པ་ཡང་དག་དང་རིགས་པ་དེ་ལ་བརྟེན་པའི་རིགས་ཤེས་ཀྱིས་སྟོང་གཞི་འམ་དགག་གཞི་ཉིད་ཀྱང་རྡུལ་ཕྲན་ཙམ་ཡང་མེད་པར་ཁེགས་ཤིང་སྤྱིར་ཚད་མས་རྙེད་པའི་དོན་དང་ཀུན་རྫོབ་ཏུ་ཚད་མས་རྙེད་པའི་དོན་མཐའ་དག་རིགས་ཤེས་ཀྱིས་དཔྱད་ཅིང་བཙལ་བའི་ཚེ་ལ་ལྟོས་པ་ན་ཐམས་ཅད་ཀྱི་ལྷག་མ་མ་ལུས་པར་ཁེགས་ཤིང་བཀག་པ་མགྲིན་དབྱངས་གཅིག་ཏུ་བཞེད་པ་ནི་ཐ་སྙད་ཚད་གྲུབ་མི་བཞེད་པའི་ཕྱོགས་ཡིན་ལ། དགག་གཞི་དེ་མི་ཁེགས་པར་ཐ་སྙད་པའི་ཚད་མའི་ཡུལ་དུ་གྲུབ་པ་ལ་ཐ་སྙད་ཚད་གྲུབ་ཅེས་བཏགས་པ་ཡིན་པས། ཐ་སྙད་ཚད་གྲུབ་ཅེས་པའི་མིང་བརྡ་འདིའི་གོ་དོན་ལེགས་པོར་མ་གོ་བར་བྱས་ནས་བོད་སྔ་མའི་གཞུང་ན་ཀུན་རྫོབ་ཏུ་ཡོད་ཟེར་བ་དང་ཐ་སྙད་དུ་ཡོད་ཅེས་པ་དང་བློ་འཁྲུལ་བས་ཚད་མས་གྲུབ་ཅེས་པའི་ཚིག་ཟིན་འགའ་རེ་བྱུང་བ་དག་ལ་འཁྲུལ་གཞི་བྱས་ནས་བོད་ཀྱི་དབུ་མ་སྔ་ཕྱི་ལ་ཐ་སྙད་ཚད་གྲུབ་བཞེད་མིན་ལ་ཁྱད་མེད་པར་བཤད་མཁན་དག་གིས་བརྡ་དོན་འདིའི་གོ་བ་རགས་པ་ཙམ་ལས་ཕྲ་བའི་གནད་མ་གོ་བ་ཡིན་ནམ་སེམས་སོ། །

འཁྲུལ་གཞི་དེ་མི་ནོར་བར་བྱེད་པ་ཤིན་ཏུ་གལ་ཆེ་སྟེ་བོད་སྔ་རབས་པའི་ལུགས་འཛིན་སུ་ཡིན་ཀྱང་གོང་དུ་སྨྲས་པ་ལྟར་དགག་བྱ་བཀག་ཤུལ་དུ་ལྷག་པའི་དགག་གཞི་དེ་ཐ་སྙད་ཚད་མའི་ཡུལ་དུ་གྲུབ་པར་བཞེད་པའི་བོད་ཀྱི་དབུ་མ་སྔ་རབས་པ་སུ་ཡང་མེད་དོ། །

གཉིས་པ། ཐ་སྙད་ཚད་གྲུབ་མི་བཞེད་པའི་འདོད་པ་འགོད་པ།

དབུ་མ་ཐལ་འགྱུར་བའི་ལུགས་ལ་ཆོས་ཐམས་ཅད་བཏགས་དོན་བཙལ་བའི་ཚེ་རྙེད་རྒྱུ་རྡུལ་ཙམ་ཡང་མེད་པར་མིང་དང་བརྡས་ཕར་བཏགས་ཙམ་དུ་གྲུབ་པ་ནི་བོད་ཀྱི་འགྲེལ་བཤད་མཁན་པོ་རྣམས་ཀྱི་ལྗགས་རྩེ་གཅིག་ཏུ་བབས་ཡོད། འོན་ཀྱང་མ་བརྟགས་མ་དཔྱད་པའི་བློ་ལྷན་སྐྱེས་ཀྱི་ངོ་ལ་བྱ་བྱེད་ཐམས་ཅད་འཇོག་པ་ལ་བོད་ཀྱི་དབུ་མ་སྔ་རབས་ཕལ་མོ་ཆེ་དང་དབུ་མ་ཕྱི་རབས་པ་རྗེ་ཡབ་སྲས་རྗེས་འབྲང་དང་བཅས་པའི་གཞུང་ལུགས་རྣམས་སུ་གསུང་ཚུལ་མི་མཐུན་པ་ཆེས་ཆེར་བྱུང་ཡོད། མ་བརྟགས་མ་དཔྱད་པའི་བློ་ལྷན་སྐྱེས་ཙམ་གྱི་ངོར་བྱ་བྱེད་འཇོག་ཐུབ་མིན་ནི་ཐ་སྙད་པའི་ཚད་མ་ཞིག་འཇོག་ཐུབ་མིན་ལ་ཐུག་ཡོད། དེར་རྟེན་འདིར་ཐ་སྙད་ཚད་གྲུབ་མི་བཞེད་པའི་ལུགས་ཀྱི་མཁས་པའི་གཞུང་འགའ་རེ་ཟུར་དུ་དྲངས་ཏེ་ཐ་སྙད་ཚད་གྲུབ་མི་བཞེད་པའི་གནད་ས་གཙོ་བོ་དག་ལ་རོབ་ཙམ་དཔྱད་པར་བྱ་ན།

བོད་སྔ་རབས་པའི་ལུགས་འཛིན་སྟག་ཚང་ལོ་ཙཱ་བ་ཆེན་པོའི《གྲུབ་མཐའ་ཀུན་ཤེས》ལས། “གང་དག་དཔལ་ལྡན་ཟླ་བའི་རྗེས་འབྲངས་ནས། །མ་དག་འཁྲུལ་བའི་སྣང་བ་ཚད་གྲུབ་ཏུ། །རིགས་པ་དུ་མས་དཔྱད་ནས་ཁས་ལེན་པ། །འདི་ལ་འགལ་བའི་ཁུར་ཆེན་འདི་ལྟར་ཡོད། །ཡུལ་ཀུན་རྫུན་དང་ཡུལ་ཅན་བསླུ་མེད་འགལ། །ཡུལ་དེ་འཁྲུལ་དང་དེ་ལ་ཚད་མ་འགལ། །”[①]ཞེས་གསུངས་ཏེ་ཐ་སྙད་དུ་ཡོད་པའམ་ཐ་སྙད་ཚད་གྲུབ་ཁས་བླངས་པའི་རྗེ་ཙོང་ཁ་པར་འགལ་བའི་ཁུར་ཆེན་བཅོ་བརྒྱད་བཏང་ལ། དེ་བཞིན་དུ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི《དབུ་མ་ལ་འཇུག་པའི་དཀའ་བའི་གནས་འགའ་ཞིག་རྣམ་པར་བཤད་པ་ཀུ་མུད་ཕྲེང་མཛེས》ལས། “ཀུན་རྫོབ་བདེན་པ་འཇོག་བྱེད་ཀྱི་ཚད་མར་བཤད་པ་ཇི་སྙེད་པ་དེ་དག་དབུ་མ་པ་རང་གི་ལུགས་འཇོག་པ་ན་ཚད་མར་ཁས་ལེན་མི་རུང་སྟེ། གལ་ཏེ་རུང་ན་རང་ལུགས་ཀྱི་ཚད་མས་གྲུབ་པའི་དོན་ལ་ཚད་མ་གོ་ཆོད་པོ་གཞན་གྱིས་གནོད་པར་ཐལ་བའི་ཕྱིར་རོ། །ཇི་སྐད་དུ། རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཅེས་གསུངས་སོ། །དེ་བས་ན་དབུ་མ་པ་རང་གི་ལུགས་ཁས་ལེན་པ་ན། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ལྟ་ཞོག་རྣལ་འབྱོར་པའི་ཀུན་རྫོབ་ཙམ་ཡང་ཁས་ལེན་པ་མ་ཡིན་ཏེ་སྤྲོས་པའི་ཚད་མ་མཐའ་དག་འགོག་པའི་ཕྱིར་རོ། །འོ་ན་དབུ་མའི་ལུགས་ཁས་ལེན་ཅི་ཞེ་ན། སྤྲོ་པའི་མཚན་མ་ཅུང་ཟད་ཀྱང་ཁས་མི་ལེན་པ་ལ་དབུ་མའི་ལུགས་ཁས་ལེན་པར་བཏགས་པ་ཡིན་ཏེ། སྤྲོ་པའི་མཚན་མ་གང་ཡང་ཁས་མི་ལེན་པ་ལ་དེ་ཁོ་ན་ཉིད་མཐོང་བར་བཏགས་པ་བཞིན་ནོ། །”[②] ཞེས་དང་། དེ་བཞིན་གོོ་རམས་པའི《ལྟ་བ་ངན་སེལ་དང་ལྟ་བ་ཤན་འབྱེད》འཇུ་མི་ཕམ་པའི་《ངེས་ཤེས་སྒྲོན་མེ》སོགས་ལས་ཐ་སྙད་ཚད་གྲུབ་མི་རུང་བར་གསུངས་ལ། ཕྱིས་སུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་《ཀླུ་སྒྲུབ་དགོངས་རྒྱན》དུ་རང་ཅག་གིས་གང་ཚད་གྲུབ་ཏུ་ཐག་བཅད་ཚད་ཐམས་ཅད་ཀྱི་རྩ་བ་མཐར་ཐུག་ཞིབ་ཏུ་དཔྱད་ཚེ་རང་རང་གི་བློ་ལ་ཚད་མར་བཅོལ་བ་མ་གཏོགས་མི་སྣང་ཚུལ་དེ་རྫིགས་རྫིགས་ཇི་ལྟར་བཤད་ཀྱང་སེང་གེའི་དཔང་པོ་སྟག སྟག་གི་དཔང་པོ་གཡག དེའི་དཔང་པོ་ཁྱི། དེའི་དཔང་པོ་ལ་བྱི་བ། དེའི་དཔང་པོ་ལ་འབུ་བཙུགས་འདུག་པ་དང་ཁྱད་པར་མི་འདུག་ཅེས་དབུ་མ་ཕྱི་རབས་པ་རྣམས་ཀྱི་ཐ་སྙད་ཚད་གྲུབ་བམ་ཐ་སྙད་དུ་ཡོད་པར་ཁས་བླངས་པ་ལ་གནོད་བྱེད་མང་དུ་བཀོད་ཡོད། གསུང་ཚུལ་འདི་དག་གི་རྒྱབ་བརྟེན་གྱི་མདོ་དང་བསྟན་བཅོས་ཆེན་པོའི་ཁུངས་རྣམས་མདོ་ཙམ་བཀོད་ན།

《མདོ་ཏིང་ངེ་འཛིན་རྒྱལ་པོ》ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱི་སུ་ལ་ཅི་ཞིག་བྱ། །ཞེས་པའི་ཁུངས་ལ་བརྟེན་ནས་སོ་སོ་སྐྱེ་བོའི་རྒྱུད་ཀྱི་དབང་པོའི་ཤེས་པ་སོགས་ཤེས་པ་རགས་པ་དེ་དག་ནི་ཚད་མ་སྟེ་གཞལ་བྱ་ལ་མི་བསླུ་པ་གཅིག་ཀྱང་མེད་དེ། གལ་ཏེ་དེ་དག་ཀྱང་ཚད་མ་ཡིན་སོང་ན་འཕགས་པའི་ལམ་དེ་བདེན་པ་མངོན་སུམ་དུ་མཐོང་པའི་ཤེས་པ་དག་གིས་ཅི་ཞིག་བྱ་སྟེ་དོན་དུ་གཉེར་བ་ལ་དགོས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར། དེས་ན་སོ་སྐྱེ་རང་ག་བའི་རྒྱུད་ཀྱི་ཤེས་པ་རགས་པ་སྟེ་ཐ་སྙད་པའི་ཤེས་པ་དེ་དག་ལ་ནི་ཡིད་རྟོན་ཅུང་ཟད་ཀྱང་མེད་པས་མིག་ཤེས་སོགས་དབང་ཤེས་དང་ཡིད་ཤེས་དེ་དག་ནི་ཚད་མར་མི་རིགས་པར་གསུངས། 《རྩོད་པ་བཟློག་པའི་འགྲེལ་བ》 “འོན་ཏེ་ཁྱོད་ཀྱིས་ཚད་གྲུབ་པས། །གཞལ་བར་བྱ་བ་འགྲུབ་འགྱུར་ལ། །གཞལ་བྱ་གྲུབ་པའི་ཚད་གྲུབ་ན། །ཁྱོད་ཀྱི་གཉི་གའང་འགྲུབ་མི་འགྱུར། །འོན་ཏེ་ཚད་མ་གྲུབ་པས་བཞལ་བར་བྱ་བ་འགྲུབ་པར་འགྱུར་ཏེ། ཚད་མ་གྲུབ་པ་ལ་ལྟོས་པའི་ཕྱིར་རོ། །གཞལ་བར་བྱ་བ་གྲུབ་པས་ཀྱང་ཚད་མ་འགྲུབ་པར་འགྱུར་ཏེ། གཞལ་བར་བྱ་བ་ལ་ལྟོས་པའི་ཕྱིར་རོ་སྙམ་དུ་སེམས་ན། དེ་ལྟར་ན་ནི་ཁྱོད་ཀྱིས་གཉི་ག་ཡང་འགྲུབ་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཚད་མས་གཞལ་བྱ་གྲུབ། །གཞལ་བྱ་དེ་དག་རྣམས་ཀྱིས་ཀྱང་། །དེ་དག་འགྲུབ་པར་བྱ་ཡིན་ན། །དེ་དག་ཇི་ལྟར་བསྒྲུབ་པར་འགྱུར། །གལ་ཏེ་ཡང་གཞལ་བར་བྱ་བ་རྣམས་འགྲུབ་པར་འགྱུར་ལ། ཚད་མ་དེ་རྣམས་ཀྱིས་ཀྱང་གཞལ་བར་བྱ་བ་འགྲུབ་པར་བྱ་བ་ཡིན་ནོ་ཞེ་ན། འོ་ན་ཚད་མ་མ་གྲུབ་པ་རྣམས་ཀྱི་རྒྱུ་ཡིན་ན་རྒྱུ་རབ་ཏུ་མ་གྲུབ་པའི་ཕྱིར་ཚད་མ་མ་གྲུབ་པ་དག་ཇི་ལྟར་འགྲུབ་པར་འགྱུར། གལ་ཏེ་ཕ་ཡིས་བུ་བསྐྱེད་བྱ། །གལ་ཏེ་བུ་དེ་ཉིད་ཀྱིས་ཀྱང་། །ཅི་སྟེ་ཕ་དེ་བསྐྱེད་བྱ་ན། །དེ་ནི་གང་གིས་གང་བསྐྱེད་སྨྲོས། །”[③]ཞེས་གསུངས་པ་ལྟར་རང་ཉིད་འཇོག་བྱེད་ཀྱི་ཚད་མ་ཡོད་པ་ལ་ལྟོས་ནས་གཞལ་བྱ་ཡོད་པར་འཇོག་ན། རང་འཇལ་བྱེད་ཀྱི་ཚད་མ་ཡོད་ན་ཇི་ལྟར་འཇོག དེ་རང་གི་གཞལ་བྱ་ཡོད་པ་ལ་ལྟོས་ནས་རང་འཇལ་བྱེད་ཀྱི་ཚད་མ་འཇོག་གོ་སྙམ་ན། དེ་གཉིས་ཡོད་པ་སུ་གང་གིས་ཀྱང་འཇོག་སྟེ་འཇོག་མི་ནུས་ཏེ། དཔེར་ན། བུ་བདེན་པའི་རྒྱབ་རྟེན་དུ་ཕ་ཡིས་དཔང་པོ་བྱས། ཕ་བདེན་པའི་རྒྱབ་རྟེན་དུ་བུས་དཔང་པོར་བྱེད་ན། ཕ་བུ་གཉིས་ཀ་བདེན་པའི་དཔང་པོ་སུ་ཡང་མེད་པས་གཉིས་ཀ་བདེན་པ་ཡིན་པར་སྒྲུབ་མི་ནུས་པ་བཞིན་ནོ། །

འདི་བསྡུས་ནས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས《ཀླུ་སྒྲུབ་དགོངས་རྒྱན》དུ། “ཡོད་མེད་བློ་ཡིས་བཞག་པའི་ཤེས་བྱ་དང་། །བདེན་རྫུན་ཡུལ་ལ་ལྟོས་པའི་ཚད་མ་གཉིས། །གཅིག་གི་རྫུན་ཁུངས་གཅིག་གིས་གཏད་མཐོང་ནས། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །”ཞེས་དང་།“རྗེས་དཔག་ཚད་མ་མངོན་སུམ་བློ་ལས་སྐྱེས། །མངོན་སུམ་བདེན་རྫུན་རྗེས་སུ་དཔག་པས་དཔྱད། །ཕ་ཡི་དཔང་པོ་བུ་ཡིས་བྱེད་པ་འདིས། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །”[④]ཞེས་ཀླན་ཀ་སྙིང་རྗེ་པོ་ཞིག་གིས་མཇུག་སྡོམ་བྱས་ཡོད་པར་མ་ཟད། གལ་ཏེ་གཞལ་བྱ་རང་འཇོག་བྱེད་ཀྱི་ཚད་མའི་སྟོབས་ཀྱིས་འགྲུབ་ན་འཇོག་བྱེད་ཀྱི་ཚད་མ་དེ་ཡང་གང་གིས་འཇོག  དེ་ཚད་མ་གཞན་ཞིག་གིས་འཇོག་ཅེ་ན། དེ་ལྟར་ན་ཚད་མ་ཐུག་མེད་དུ་ཐལ་བའི་སྐྱོན་དུ་འགྱུར་ཚུལ《རྩོད་བཟློག》ལས། “གལ་ཏེ་ཁྱོད་ཀྱི་དོན་དེ་རྣམས། །ཚད་མ་ཉིད་ཀྱིས་རབ་གྲུབ་ན། །ཁྱོད་ཀྱིས་ཚད་མ་དེ་རྣམས་ཀྱང་། །ཇི་ལྟར་རབ་དུ་འགྲུབ་པ་སྨྲོས། །གལ་ཏེ་ཚད་མ་གཞན་རྣམས་ཀྱིས། །ཚད་མ་གྲུབ་ན་ཐུག་པ་མེད། །”[⑤]ཞེས་གཞལ་བྱ་རང་འཇོག་བྱེད་ཀྱི་ཚད་མའི་སྟོབས་ཀྱིས་གྲུབ་ན་དེ་འཇོག་བྱེད་ཀྱི་ཚད་མ་དེ་གང་གིས་འཇོག  དེ་ཚད་མ་གཞན་ཞིག་གིས་འཇོག་ཅེ་ན། དེ་ཡང་ཚད་མ་གཞན་གྱིས་གྲུབ་དགོས་པས་འཇོག་བྱེད་ཀྱི་ཚད་མ་ཐུག་མེད་དུ་ཐལ་བ་དང་། དེ་ཡང་ཐུག་མེད་དུ་ཐལ་ཡང་སྐྱོན་ཅི་ཡོད་སྙམ་ན། 《རྩོད་པ་བཟློག་པའི་འགྲེལ་བ》“དེ་ལ་དང་པོ་འགྲུབ་མིན་ལ། །བར་བ་མིན་ཞིང་ཐ་མའང་མིན། །ཐུག་པ་མེད་པར་གྱུར་བ་ན། །དང་པོ་གྲུབ་པ་མི་འགྱུར་རོ། །ཅིའི་ཕྱིར་ཞེས་ན། ཚད་མ་དེ་རྣམས་ཀྱང་ཚད་མ་གཞན་རྣམས་ཀྱིས་རབ་ཏུ་གྲུབ་པ་ཡིན་ལ། དེ་རྣམས་ཀྱང་གཞན་རྣམས་ཀྱི་ཡིན་པས་དེ་དང་པོ་མེད་དོ། །དང་པོ་མེད་པའི་ཕྱིར་བར་བ་ཡང་ག་ལ་ཡོད། ཐ་མ་ཡང་ག་ལ་ཡོད་དེ་དེའི་ཕྱིར་ཚད་མ་དེ་རྣམས་ནི་གཞན་རྣམས་ཀྱིས་བར་ཏུ་འགྲུབ་པ་འོ། །ཞེས་སྨྲས་པ་གང་ཡིན་པ་དེ་མི་འཐད་དོ། །”[⑥]ཞེས་འཇོག་བྱེད་ཀྱི་ཚད་མ་ཐུག་མེད་དུ་འདོད་ན་ཡང་། ཚད་མ་སྔ་ཕྱི་དེ་རྣམས་ལས་ཚད་མ་དང་པོ་དེ་ཚད་མ་མ་ཡིན་པར་འགྱུར་ཏེ། འཇོག་བྱེད་ཀྱི་ཚད་མ་གཉིས་པ་དེས་ཚད་མ་དང་པོ་ཚད་མར་འཇོག་དགོས་ན་དེས་དང་པོ་དེ་ཚད་མར་འཇོག་མི་ནུས་པའི་ཕྱིར། ཚད་མ་གསུམ་པ་དེས་འཇོག་གོ་ཞེ་ན་ཡང་མི་འཐད་དེ། དེ་ལྟ་ན་བསྐལ་བ་དུ་མར་གནས་ཀྱང་ཚད་མ་སྔ་མ་དག་ཚད་མར་འགྲུབ་པར་མི་འགྱུར་པས་གཞལ་བྱ་ཚད་མས་འགྲུབ་པ་ལ་ཚད་མ་གཞན་གྱིས་འགྲུབ་ཞེས་ཟེར་བ་དེ་ནི་མི་འཐད་པའི་བཤད་པའོ། །

དེ་གཞན་དུ《དབུ་མ་འཇུག་པ》ལས།“གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མ་རིགས་པའང་མ་ཡིན་ནོ། །”[⑦]ཞེས་དང་།  《དབུ་མ་འཇུག་པའི་རང་འགྲེལ》ལས། “འཇིག་རྟེན་ཚད་མ་ཉིད་དུ་ཁས་བླངས་པ་ཡིན་པ་དང་། དེ་ཉིད་དེ་ཁོ་ན་ཉིད་མཐོང་བ་ཡིན་པའི་ཕྱིར་མ་རིག་པ་སྤངས་པ་ཡིན་པར་ཁས་བླང་བར་བྱ་དགོས་ན། གང་གིས་ཕྱིར་བླུན་པོ་ནི་ཚད་མ་རིགས་པ་མ་ཡིན་ནོ། །”[⑧]ཞེས་འཇིག་རྟེན་གྱི་བློ་སྟེ་སེམས་ཅན་གྱི་རྒྱུད་ཀྱི་དབང་ཤེས་ལ་སོགས་པ་ཚད་མར་ཁས་བླངས་ན་ནི། དེ་རྣམས་དེ་ཁོ་ཉིད་ལ་ཚད་མར་ཁས་བླངས་དགོས་ལ། དེ་ལྟར་ན་སོ་སོ་སྐྱེ་བོས་དབང་ཤེས་ཀྱིས་གཟུགས་སོགས་མཐོང་པའི་ཚེ་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་སྤངས་པ་ཁས་བླངས་དགོས་པ་ཡིན་ལ། འདི་ནི་གོང་དུ་དྲངས་པའི་ཏིང་ངེ་འཛིན་རྒྱལ་པོའི་མདོ་དང་དགོངས་པ་གཅིག་པར་འཆད་དོ། །

པ་ཚབ་ལོ་ཙཱ་བའི《དབུ་མ་རྩ་ཤེས་ཀྱི་ཊཱི་ཀ་སྒྲོན་གསལ》ལས། “ཁ་ཅིག་ཐ་སྙད་པའི་ཚད་མ་གྲགས་ཚོད་དུ་འཇལ་བ་དང་། དོན་དམ་དུ་འཇལ་བ་གཉིས་ཡོད་ཟེར་ན། མྱི་འཐད་དེ་ཐ་སྙད་པའི་ཚད་མར་འདོད་པ་དེས་རྟོགས་པའི་དོན་ལ་ཚད་མ་ཡིན་ཕན་ཆོད་ཚད་མ་གཞན་གྱི་མི་གནོད་པས། དེ་ཡང་དག་ཏུ་འགྱུར་བས་ཐ་སྙད་པའི་ཚད་མ་ཞེས་དང་གཉིས་མེད་ཀྱི། ཚད་མ་གཅིག་གྲུབ་ཕན་ཆད་དེའི་དོན་འགྲུབ་པར་འགྱུར་བས་ན་ཚད་མ་གང་ཡང་མེད་དེ་ཁས་མི་ལེན་ཏོ། །ཞེས་དང་། ཁྱེད་གཞལ་བྱ་ཁས་མི་ལེན་ན་ཚད་མ་ཁས་མི་ལེན་ནམ་ཞེ་ན། ངེད་ཚད་མ་ཁས་མི་ལེན་ཏེ། ཚད་མ་དང་གཞལ་བྱ་གཉིས་རྩོད་བཟློག་ཏུ་བཀག་པས་ཏེ། ཚད་མ་ལ་གཞལ་བྱ་ཡོད་དགོས་པ་ལས་གཞལ་བྱ་མེད་པའི་ཕྱིར། ཞེས་པ་ནས། དོན་དམ་པའི་བདེན་པ་སྟོང་བ་ཉིད་ཅེས་པ་ཡང་དངོས་པོར་དངོས་པོ་བདེན་པར་དགག་པའི་ཕྱིར་སྟོང་པར་བཤད་པའི་ཚད་མས་གྲུབ་ནས་བཤད་པ་མ་ཡིན་ནོ། །”[⑨]ཞེས་གསུངས། ཐ་སྙད་པ་མི་བཞེད་པ་དེ་དག་གི་ཐུགས་ཕུགས་གཏོད་སའི་ཡང་སྙིང་ནི། འཇིག་རྟེན་པའི་ཐ་སྙད་ཤེས་པ་སྟེ་དབང་ཤེས་སོགས་བློ་རང་ག་བ་དེ་དག་གལ་ཏེ་ཚད་མ་ཡིན་སོང་ན་ཐ་སྙད་པའི་དོན་དེ་གདགས་གཞིའི་ངོས་ནས་རིགས་པས་བཙལ་བ་ན་གདགས་གཞི་དེའི་གདགས་གཞི་ཡང་གང་ཡིན་སོགས་ཀྱི་བརྒྱུད་མར་འཕུད་འདེད་བྱས་ཚེ་ཡུལ་དུ་གྲུབ་དགོས་ལ། དེ་ལྟར་བཙལ་བའི་ཚེ་རི་བོང་གི་རྭ་ལྟར་ཡེ་མེད་དུ་འགྱུར་འགྲོ་བས་ཐ་སྙད་པ་དང་ཐ་སྙད་པའི་ཤེས་པ་ཁས་ལེན་མ་ཐུབ་པ་ཡིན། དཔེར་ན། ཕུང་པོའི་སྟེང་ནས་གང་ཟག་བཙལ་བའི་ཚེ་གང་ཟག་དེའི་ཡན་ལག་དང་ཉིང་ལག་སོགས་གང་ཟག་གི་གདགས་གཞི་ཡིན་པའི་དབང་དུ་བྱས་ན་གདགས་གཞི་དེའི་གདགས་གཞི་སོགས་གང་ཡིན་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཡན་ལག་དང་ཉིང་ལག་སོགས་གང་ཡང་མི་རྙེད་པས་གདགས་གཞི་ཕུང་སོགས་ཀྱང་གཞི་མེད་རྩ་བྲལ་དུ་འགྲོ་བ་ཡིན། རྟོག་པའི་སྣང་བ་ཙམ་དང་ཕར་བཏགས་ཙམ་གྱིས་ཡོད་པར་འཇོག་པ་ནི་ཉེས་སྐྱོན་ཀུན་གྱི་འབྱུང་ཁུངས་སུ་མཐོང་པས་ཐ་སྙད་པའི་དོན་ཚད་མས་གྲུབ་པའི་ཡིད་རྟོན་ཅི་ཡང་མེད་ཅིང་། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཆོས་དེའི་དེ་ཁོ་ན་ཉིད་ལ་དཔྱོད་པ་ན་ཆོས་དེའི་ངོ་བོ་ཁེགས་པའི་སྟེང་ནས་ཆོས་དེ་བདེན་མེད་དུ་རྙེད་དགོས་པས་ཐ་སྙད་པ་དེ་ཚད་མའི་ཡུལ་དུ་གྲུབ་པར་འདོད་ན་རང་ངོས་ནས་གྲུབ་པར་མི་འདོད་བཞིན་དུ་ཁས་ལེན་དགོས་པར་འགྱུར་བ་ཡིན་ཏེ། 《རྣམ་འགྲེལ》ལས།“ཚད་མ་བསླུ་མེད་ཅན་ཤེས་པ། །”[⑩]ཞེས་ཡུལ་བསླུ་བ་ཡིན་མིན་ནི་ཡུལ་ཅན་བསླུ་མེད་ཅིག་ཡོད་མེད་ལ་ཐད་ཀར་རག་ལས་པར་གསུངས་པ་བཞིན་ཡུལ་ཅན་བསླུ་མེད་ཅིག་ཇི་སྲིད་འཇོག་མ་ཐུབ་པ་དེ་སྲིད་དུ་ཡུལ་བསླུ་མེད་སྒྲུབ་མི་ཐུབ་པ་ཡིན་པས་ཐ་སྙད་པའི་ཤེས་པ་སྟེ་བུམ་འཛིན་མིག་ཤེས་ལྟ་བུ་ཚད་མ་ཡིན་མིན་ནི་དགོངས་པ་འདི་འཚོལ་བའི་དཀའ་བའི་གནད་ཅིག་ཡིན་པར་སེམས།

གསུམ་པ། ཐ་སྙད་ཚད་གྲུབ་མི་བཞེད་པ་དག་གིས་ཁུངས་སུ་དྲངས་པའི་ལུང་དོན་ལ་རོབ་ཙམ་དཔྱད་པ།

《ཏིང་ངེ་འཛིན་རྒྱལ་པོའི་མདོ》ལུང་དང་《འཇུག་པ་རྩ་འགྲེལ》གྱི་ལུང་དེ་དག་གི་དོན་ལ་རོབ་ཙམ་དཔྱད་ན། 《རིགས་པ་དྲུག་ཅུ་བའི་འགྲེལ》བར། དེ་རྣམས་ཀྱི་ཡོད་པ་ཉིད་དུ་ལྟ་བ་ནི་དེ་ཉིད་མཐོང་བ་མ་ཡིན་ནོ། །ཞེས་བྱ་བར་གྲུབ་སྟེ། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་སོགས་དྲངས་ནས་དེ་དག་དེ་ཁོ་ན་ཉིད་ལ་ཚད་མ་མིན་པར་ཆེས་གསལ་བར་གསུངས་པས།  སྤྱིར་ཚད་མ་མིན་པའི་སྒྲུབ་བྱེད་དུ་མི་རིགས་པར་སྙམ་ཏེ།《མདོ་ཏིང་ངེ་འཛིན་རྒྱལ་པོ》རང་ལས་ཀྱང་། ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་ཕྱིར་སྐྱེས་བུ་དེ་གཤགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་སོགས་བྱུང་པས་ན། ཆོས་རྣམས་གདགས་གཞིའི་ངོས་ནས་མེད་པར་ཆུ་ཤིང་བཞིན་འདོད་དགོས་པ་གསུངས་ནས་དེ་ལྟར་གདགས་གཞིའི་ངོས་ནས་ཡོད་མེད་དཔྱད་ན། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ཞེས་སོགས་ཀྱིས་སྒོ་ལྔའི་རྣམ་ཤེས་སོགས་ཚད་མ་མིན་ཞིང་དེ་ལྟར་དཔྱད་པའི་སྐབས་སུ་དེ་དག་ཚད་མ་འདོད་ན་འཕགས་པའི་ལམ་དགོས་མེད་དུ་འགྱུར་རོ། །ཞེས་པའི་དོན་དུ་ཆེས་གསལ་བར་ངེས་པས་དེ་དག་སྤྱིར་ཐ་སྙད་ཚད་མ་མི་རུང་བའི་སྒྲུབ་བྱེད་གཏན་མིན་པར་སེམས་ལ། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བའི་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱི་ཅི་ཞིག་བྱ། །ཞེས་པ་དང་། རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། ཞེས་པ་སོགས་དགག་བྱ་ལ་སྦྱར་ཏེ་རྗེ་བླ་མའི་འཇུག་ཊཱིཀ་ཏུ་བཀྲལ་བ་བཞིན་དུ་འཇུག་པ་རང་འགྲེལ་དུ་ཡང་ཆེས་གསལ་པར་གསུངས་ཏེ། རང་འགྲེལ་གྱི་རྩ་བ་འདིའི་མཚམས་སྦྱོར་སྐབས་སུ། དེའི་ཕྱིར་དེ་ལྟ་ན་དེ་ཁོ་ན་བསམ་པ་ལ་འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི། འཕགས་པ་མ་ཡིན་པ་དག་ནི་མ་ཡིན་ནོ། །ཞེས་དང་། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །ཞེས་པའི་ཕྱིར་འགྲེལ་དུ་ཡང་། མིག་ལ་སོགས་པ་དག་ཁོ་ནས་དེ་ཁོ་ན་ཉིད་ལ་ངེས་པའི་ཕྱིར་འཕགས་པའི་ལམ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཚུལ་ཁྲིམས་དང་ཐོས་པ་དང་བསམ་པ་དང་སྒོམ་པ་ལ་སོགས་པ་ལ་བསྒྲིམ་པ་འབྲས་བུ་དང་བཅས་པ་མ་ཡིན་པར་འགྱུར་བ་ཞིག་ན་དེ་ལྟར་ཡང་མ་ཡིན་ནོ། །ཞེས་སོགས་ཀྱི་མཚོན་པའི་སྐབས་མང་པོ་ན་དེ་དག་དེ་ཁོ་ན་ཉིད་ལ་ཚད་མ་མིན་པར་ཆེས་གསལ་པར་གསུངས་ཡོད། དེས་ན་འདི་དག་ཐ་སྙད་ཚད་གྲུབ་མི་བཞེད་པའི་ཁུངས་སུ་འདྲེན་པ་ནི་ཚིག་གི་ངོ་གདོང་ལ་འཁྲུལ་བ་ཙམ་ལས་གོང་འོག་གི་འབྲེལ་གང་ཡང་བསྒྲིགས་མ་ཐུབ་པ་དང་འདྲའོ། །

རྩོད་ཟློག་གི་ལུང་དེ་དག་ཀྱང་གོང་འོག་བསྒྲིགས་ན་རང་མཚན་གྱིས་གྲུབ་པའི་ཡུལ་དང་ཚད་མ་གཉིས་ཕན་ཚུན་ལྟོས་པར་མི་འཐད་པར་སྨྲས་པའི་དངོས་སྨྲ་བ་འགོག་པའི་གཞུང་རང་ལས་བྱུང་བ་ཡིན་པ་ལས་དེ་ཡུལ་དང་ཚད་མ་མི་བཞེད་པའི་ཁུངས་སུ་དྲངས་པ་ནི་ཆེས་མི་རིགས་པར་སེམས་ཏེ། རྩོད་བཟློག་གི་རང་འགྲེལ་དུ་དགག་བྱ་རང་བཞིན་གྱིས་གྲུབ་པ་སྦྱར་ནས་ཀྱང་སྐབས་དུ་མར་འཆད་པའི་ཕྱིར་རོ། །

འོན་ཏེ།《ཏིང་ངེ་འཛིན་རྒྱལ་པོའི་མདོ》ལས། གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །འདི་ལྟར་དབང་པོ་འདི་དག་ཚད་མིན་ཞིང་། །ངོ་བོ་ཉིད་ཀྱིས་བེམ་པོ་ལུང་མ་བསྟན། །ཞེས་མིག་དང་རྣ་བ་སོགས་ཚད་མ་མིན་པའི་སྒྲུབ་བྱེད་དུ་དེ་དག་བེམ་པོ་ཡིན་པར་གསུངས་འདུག་པས། བེམ་པོ་གཟུགས་ཅན་པ་ཡུལ་ཅན་དུ་རང་སྡེ་བྱེ་སྨྲ་ལས་རང་སྡེ་སུས་ཀྱང་མི་འདོད་པས་ཐ་སྙད་ཚད་གྲུབ་མི་བཞེད་པའི་སྒྲུབ་བྱེད་བེམ་པོས་ཡུལ་མི་གཞལ་བར་བཀོད་པ་ནི་འབྲེལ་ཅུང་ཟད་ཀྱང་མེད་ལ། ཐ་སྙད་ཚད་གྲུབ་བཞེད་པ་དག་གིས་ཀྱང་དེ་ཁོ་ན་ཉིད་ལ་ཚད་མ་མིན་པའི་སྒྲུབ་བྱེད་ལས་སྤྱིར་ཚད་མ་མིན་པའི་སྒྲུབ་བྱེད་དུ་མ་སོང་བར་འཆད་པ་ཡང་མི་རིགས་པས་དཔྱོད་ལྡན་དག་གིས་ཞིབ་ཏུ་དཔྱད་དགོས་པར་སེམས་སོ། །

བཞི་བ། ཐ་སྙད་ཚད་གྲུབ་མི་བཞེད་ན་ལུང་རིགས་གཉིས་ཀར་འགལ་ཚུལ།

འདི་ལྟར་ཐ་སྙད་ཚད་གྲུབ་བཞེད་པ་དང་མི་བཞེད་པ་ཞེས་མིང་འདོགས་སྣ་ཚོགས་མང་ན་ཡང་དོན་དུ་དེ་དག་གཅིག་གི་རྫུན་ཕུགས་གཅིག་གིས་བརྟོལ་བ་ལྟ་བའི་འགལ་འདུ་འབའ་ཞིག་ཏུ་ཆགས་པ་ཞིག་ཡིན་མི་སྲིད་པར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། “ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །”ཞེས་གདམས་པ་ཟབ་མོ་འདི་ལྟར་གནང་ཡོད་ན་ཡང་རིགས་ལམ་ལ་ཆེས་ཆེར་ཞེན་པའི་རྟོག་གེ་བ་མགོ་མཁྲེགས་ཚོའི་མིག་ལམ་ན་དཔྱད་གཞི་འབའ་ཞིག་ལས་འཆར་མི་ཐུབ་པ་ནི་ཤིན་ཏུ་བདེན། དེའི་ཕྱིར་སྐབས་སུ་བབས་པའི་དོན་ཏེ་དབུ་མ་ཐལ་འགྱུར་པའི་ལུགས་ལ་ཐ་སྙད་ཚད་གྲུབ་ཁས་ལེན་མི་ཐུབ་ན་སྐྱོན་སྤོང་འདི་དག་ཇི་ལྟར་སྤོང་པར་སེམས་པར་བྱ།

སྣང་ཞིང་སྲིད་པའི་ཤེས་བྱ་ཡོངས་རྫོགས་བདག་འཛིན་མ་རིག་པའི་དབང་གིས་བྱུང་པའི་འཁྲུལ་སྣང་ཤ་སྟག་ཡིན་པས་བརྟགས་ཤིང་དཔྱད་ན་ཆུ་ཤིང་ལ་སྙིང་བོ་འཚོལ་བ་ལྟར་དཔྱད་བཟོད་དུ་གྲུབ་པ་རྡུལ་ཙམ་ཡང་མེད་པས་རགས་པའི་དངོས་པོ་རྣམས་བཅོམ་ཞིང་བསལ་ན་ཐལ་བ་རྡུལ་དུ་འགྱུར་འགྲོ་ལ། རྡུལ་ཕྲན་ཞེས་པའི་དངོས་པོ་ཆུང་མཐའ་ཞིག་ཀྱང་ཡོད་མི་སྲིད། གལ་ཏེ་ཐ་སྙད་པ་ཡོད་ན་དཔྱད་བཟོད་དུ་གྲུབ་འགྲོ་བས་འདི་ཡོད་པར་འཇོག་མ་ཐུབ་པ་ཡིན། དེས་ན་ལས་འབྲས་ཀྱི་བྱ་བྱེད་དང་སངས་རྒྱས་ཀྱི་ཆོས་ཉིད་དེ་དོན་དམ་བདེན་པ་ཡང་མེད་དམ་ཞེས་དྲིས་ན། དེ་དག་མེད་ན་སྐུར་འདེབས་སུ་འགྱུར་བར་དོགས་ནས་དེ་དག་མེད་པ་ཡང་མ་ཡིན། ཞེས་སྨྲ་དགོས་པར་འགྱུར་པས་ཡོད་མེད་གང་དུ་ཁས་མི་ལེན་པའི་དམ་བཅའ་ཙམ་དུ་འཛིན་པ་ནི་རིགས་པས་དཔྱད་བཟོད་མཐར་ཐུག་ཏུ་གྲུབ་སོང་བ་ཡིན། འདི་དག་དུས་ཀྱི་རིམ་པའི་དབང་དུ་བྱས་ན་དབུ་མ་སྔ་རབས་པའི་འདོད་ཚུལ་ཟེར་ལ། ཡོད་མེད་དངོས་འགལ་དུ་སྨྲ་མ་ནུས་པར་སོ་སོ་སྐྱེ་བོ་ལ་ཡོད་མེད་དངོས་འགལ་དུ་སྣང་ཡང་དོན་ལ་དངོས་འགལ་མིན་ལ་དེ་ཡང་བསམ་གྱིས་མི་ཁྱབ་པའི་གནས་སུ་གྱུར་པས་ཤེས་རྒྱུ་ཡོད་མེད་ཡང་གང་དུ་ཁས་མི་ལེན་པར་གསུངས། དེ་ལྟར་ན་ཆོས་རྣམས་ཡོད་མེད་གང་དུ་ཡང་ཁས་མི་ལེན་པའི་གྲུབ་མཐའ་སྨྲ་བ་འདི་ལ་འདི་ལྟར་དྲི་བར་བྱ་སྟེ། ཐ་སྙད་དུ་ཚད་མས་མ་གྲུབ་ན་ཐ་སྙད་པའི་ཆོས་ཀྱི་བྱེ་བྲག་ཁོའི་བློ་དེའང་ཚད་མས་མ་གྲུབ་པ་དགོས་པས་དེས་ཐ་སྙད་ཚད་མས་མ་གྲུབ་པ་ཇི་ལྟར་ཤེས་པ་ཡིན་ནམ། སྣང་བ་ཡོད་ཚད་འཁྲུལ་སྣང་འབའ་ཞིག་ཏུ་ཐག་གཅོད་བྱེད་པའི་བློ་དེ་ཡང་འཁྲུལ་བློ་ཡིན་དགོས་པས་དེས་ཐག་གང་བཅད་ལའང་གཏད་སོ་ཅི་ཞིག་ཡོད། ཁོས་ཡོད་ཚད་འཁྲུལ་སྣང་དུ་ཐག་བཅད་པའི་ཞོར་ལ་ཁོས་བཤད་ཚད་ཐམས་ཅད་ཀྱང་འཁྲུལ་བཤད་རྐྱང་རྐྱང་ཡིན་པས་འདི་ཉིད་ལ་ལན་ཅི་ཡོད།

ཐ་སྙད་པའམ་ཐ་སྙད་ཚད་གྲུབ་འཇོག་མ་ཐུབ་པའི་གནད་ས་གཙོ་བོ་ནི་གང་ཟག་འཛིན་པའི་བློ་ལྷན་སྐྱེས་དང་གང་ཟག་ལ་དམིགས་པའི་བདེན་འཛིན་ལྷན་སྐྱེས་གཉིས་གཅིག་ཏུ་འཁྲུལ་བ་ལ་ཐུག་ཡོད་པས་འདི་ལ་ཐུགས་ཡངས་པོར་བྱས་ནས་བསམ་གཞིག་ལ་གཞོལ་དང་མྱོང་སྟོབས་ཀྱིས་སྒྲུབ་ཐུབ་པ་འདུག་སྟེ། ནམ་རྒྱུན་རང་མྱོང་ཐོག་ན་ཡོད་པའི་གཟུགས་སྒྲ་སོགས་ལ་རང་གཞན་གང་རུང་གིས་རྒྱུ་མཚན་བཀོད་པ་སོགས་ལ་མ་བརྟེན་པར་རང་གི་ངང་གིས་བསླུ་མེད་ཀྱི་ཤེས་པ་ཞིག་སྐྱེས་འོང་བ་དེ་ལ་ཐ་སྙད་པའི་ཚད་མ་ཞེས་འཇོག་ཐུབ་པ་ཡིན། མིག་གིས་བལྟས་ཙམ་ནས་སྔོན་པོ་ངོ་ཤེས་པ་དེ་ཡང་རྒྱུ་མཚན་སོགས་ལ་མ་བརྟེན་པར་སྔོན་པོ་ལ་རང་སྟོབས་ཀྱིས་ཐག་ཆོད་འགྲོ་བ་དེ་ཐ་སྙད་པའི་ཚད་མ་ལྷན་སྐྱེས་ཡིན། ཉམས་མྱོང་གི་སྟེང་ནས་ཡོད་པའི་སྔོན་པོ་ལ་ཐག་ཆོད་པའི་ཤེས་པ་དང་། སྔོན་པོ་རང་མཚན་གྱིས་གྲུབ་པར་འཛིན་པའི་ཤེས་པ་གཉིས་སྣང་ཚེ་རང་མཚན་གྱིས་གྲུབ་པར་སྣང་བ་ཁྱད་པར་མེད་ཀྱང་ཤེས་པ་སྔ་མའི་མཐུ་ལས་སྔོ་སེར་གཉིས་ཀྱི་ནང་ནས་སྔོན་པོ་ཐུན་མོང་མ་ཡིན་པར་ལེགས་པར་འཇོག་ཤེས་ལ། ཤེས་པ་ཕྱི་མས་སྔོན་པོ་རང་གི་གདགས་གཞི་གང་ཡང་རུང་བ་ཞིག་གི་སྟེང་ནས་རྙེད་པར་བཟུང་པའི་བློ་དེ་གཉིས་མཚུངས་པའི་སྐབས་ག་ལ་ཡོད། སོ་སོ་སྐྱེ་བོའི་སྣང་ཚུལ་འདིའི་ནང་དུ་ང་ཞེས་ཤར་བ་ན་རང་མཚན་གྱིས་གྲུབ་པར་འཛིན་པ་དང་ང་ལ་ཚད་མར་སོང་པའི་བློ་གཉིས་ཡོད་པ་ནི་མྱོང་བས་གྲུབ་སྟེ། གདགས་གཞི་ཕུང་པོའི་སྟེང་ནས་ང་ཞེས་ཧྲེང་ངེ་བ་ཞིག་ཤར་བ་ནི་བདེན་འཛིན་དང་། ངས་ཚུལ་ཁྲིམས་སྲུང་ངོ་། །ངས་བཟོད་པ་སྒོམ་མོ། །ང་སྡུག་བསྔལ་དང་བྲལ་ལོ། །ངས་བདེ་བ་ཐོབ་བོ། །ངས་སྔོན་པོ་མཐོང་ངོ་། །ང་ཁྲོམ་དུ་འགྲོའོ་སྙམ་དུ་བཟུང་བ་དེའི་ཚེ་ཚད་མ་ཡིན་པ་ནི་བློ་རང་རང་གི་ལོག་ཕྱོགས་སྒྲོ་འདོགས་བཅད་པའི་སྒོ་ནས་བཟུང་པའི་དོན་དེ་ཉིད་བསླུ་མེད་དུ་འཇོག་ཐུབ་པའི་བློ་ཡིན་པས་སོ། །དེ་འདྲ་བ་རྣམས་ཀྱིས་རང་རང་གི་ཡུལ་བསླུ་མེད་དུ་འཇོག་ཐུབ་པ་ནི། དཔེར་ན། མི་ཞིག་གིས་ཁྱེད་ཁྲོམ་དུ་སོང་ནས་ཡོ་བྱད་འདི་དང་འདི་ལྟ་བུ་ཞིག་ཉོས་ཞེས་སྨྲ་བ་ན་སྨྲ་ཡུལ་གང་ཟག་དེས་ཀྱང་མི་དེས་བཤད་པ་ལྟར་ཅ་ལག་དེ་དང་དེ་ཉོ་ཐུབ་པ་ནི།  དེ་དང་དེ་ལ་མི་བསླུ་བར་སོང་པའི་ཚད་མ་ཡོད་པའི་རྒྱུ་མཚན་ཡང་དག་པ་ཡིན་ནོ། །ཡུལ་དེ་དང་དེ་ལ་ཐག་ཆོད་པའི་ཚད་མ་ཞིག་རྒྱུད་ལ་མ་སྐྱེས་པ་དེ་སྲིད་དུ་ཡུལ་དེ་ལ་ཐེ་ཚོམ་དང་སྒྲོ་འདོགས་གང་རུང་ལས་མེད་པ་ནི་ཚད་ཆེན་ལས་ཞིབ་ཏུ་གསུངས་པ་ལྟར་ལགས་ལ།  ཐེ་ཚོམ་དང་སྒྲོ་འདོགས་ཀྱི་ཤེས་པས་ནམ་ཡང་ཡུལ་འཇོག་མི་ཐུབ། དེ་བཞིན་དུ་སོ་སོའི་སྐྱེ་བོའི་རྒྱུད་ལ་ཤེས་བྱ་རིག་པའི་གནས་ལ་བསླུ་མེད་དུ་འཇོག་པའི་ཤེས་པ་མཐའ་ཡས་པ་ཡོད། ཡང་དཔེར་ན། སྟོན་འབྲས་ཀྱི་ལོ་ཏོག་ལ་བརྩོན་པར་བྱེད་པའི་འཇིག་རྟེན་པ་རྣམས་མྱུ་གུའི་ངོ་བོ་ཚད་མས་མ་ངེས་ན་སྟོན་དུས་དེ་ཐོབ་པར་བྱ་བའི་ཕྱིར་དུ་འབད་བརྩོན་ཚད་མེད་བྱེད་པ་འདི་འོང་དོན་མེད་པར་འགྱུར་ཏེ། གང་ལ་ཐེ་ཚོམ་གྱི་ཡུལ་ལ་བརྩོན་པ་དེ་འདྲ་མི་འོང་བས་སོ། །དེས་ན་དེ་འདྲའི་འཇིག་རྟེན་པ་རྣམས་ཀྱི་རྒྱུད་ལ་ས་བོན་དང་ཞིང་ཁ་འདེབས་པའི་དུས་དང་རྒྱུ་རྐྱེན་ཚང་དགོས་ཚུལ་དང་། སྟོན་དུས་སུ་ལོ་ཏོག་བྱུང་ཚུལ་སོགས་ལ་མི་བསླུ་བའི་བློ་ཡོད་པར་གྲུབ་བོ། །མྱུ་གུ་དང་དེ་རང་གི་རྒྱུ་རྐྱེན་སོགས་ལས་སྐྱེས་པར་རྟོགས་པའི་ཐ་སྙད་པའི་ཚད་མ་ཡོད་ཀྱང་། སོ་སོའི་སྐྱེ་བོ་ཐམས་ཅད་རྟག་ཏུ་རང་གིས་མཚན་ཉིད་ཀྱིས་གྲུབ་པར་མི་སྣང་པའི་སྐབས་མེད་པས་ན། མྱུ་གུ་ལ་མི་བསླུ་བའི་ཐ་སྙད་ཚད་མ་དང་། མྱུ་གུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བདེན་འཛིན་གཉིས་ལ། རང་མཚན་གྱིས་གྲུབ་པར་སྣང་པའི་ཚུལ་མཚུངས་པས་སྟོང་ཉིད་མ་རྟོགས་པར་དེ་གཉིས་སོ་སོར་ཕྱེ་མ་ནུས་པ་ཡིན་པ་ལས་དེ་གཉིས་བློ་གཅིག་ཡིན་སོང་བ་ག་ལ་ཡིན།

དགེ་ཆོས་ཀྱི《ཀླུ་སྒྲུབ་དགོངས་རྒྱུན》དུ་ལྕང་སྐྱའི་“སྣང་བ་ལིང་ལིང་དེ་རང་སོར་བཞག་ནས། །དགག་རྒྱུའི་ར་ཅན་ཞིག་འཚོལ་བར་འདུག་གོ”ཞེས་པ་སྒྲུབ་བྱེད་བླངས་ནས་ངའོ་སྙམ་པའི་བློ་བདེན་འཛིན་མིན་ན་ཉིན་རེ་ལ་ལན་རེ་གཉིས་ལས་མི་སྐྱེས་པར་ཐལ་བ་དེ་སྡོམ་ཆེད། “ཡིད་ཀྱིས་མེད་པར་ཐག་ཆོད་ཅིང་། །མིག་གིས་ཡོད་པར་མཐོང་བའི་ཚེ། །ཞྭ་སེར་མཁན་པོས་མ་བསླབ་ཀྱང་། །སྒྱུ་མའི་བློ་ལས་གཞན་ཅི་འབྱུང་། །[11]” ཅེས་བཀོད་པ་ལ་རྡོ་སྦིས་ཤེས་རབ་རྒྱ་མཚོས། “ཡིད་ཀྱིས་མེད་པར་ཐག་ཆོད་ཅིང་། །མིག་གིས་ཡོད་པར་མཐོང་བའི་ཚེ། །མིག་སྣང་འཁྲུལ་བའི་བློ་སྐྱེ་ཡི། །སྒྱུ་མའི་བློ་ནི་ག་ལ་འབྱུང་། །དཔེར་ན་གངས་རི་མཐོང་པའི་ཚེ། །ཡིད་ཀྱིས་དཀར་པོར་ཐག་ཆོད་ཀྱང་། །མིག་གིས་སྔོན་པོར་མཐོང་བ་ན། །སྔོ་སྣང་འཁྲུལ་བློ་སྐྱེ་བ་བཞིན། །བདེན་པར་གཅིག་ཀྱང་ཡོད་མིན་ལ། །ཐ་སྙད་དུ་ནི་ཀུན་ཡོད་པ། །ད་ལྟའི་དུས་འདིར་ཅི་ནས་ཀྱང་། །ཞྭ་སེར་མཁན་པོས་བསླབ་ལ་ལྟོས། །”[12]ཞེས་པ་བཞིན་གདགས་གཞིའི་ངོས་ནས་བཙལ་ནས་མ་རྙེད་པའི་གང་ཟག་གི་རྒྱུད་གྱི་བུམ་སོགས་རྟོགས་པའི་བློ་དེ་གང་ཟག་དེ་ལ་འཁྲུལ་ཤེས་ཡིན་པའི་ངེས་པ་བསྐྱེད་པ་ལས་བློ་དེའི་འཛིན་སྟངས་ཀྱི་ཡུལ་ཞིག་འགྲོ་བ་ག་ལ་ཡིན། གཞན་ཡང་། ཞྭ་སེར་མཁན་པོས་གཞི་ཆོས་ཅན་ཀུན་རྫོབ་པ་འདིའི་སྟེང་དུ་དགག་བྱ་ཐ་སྙད་པ་བཏགས་པའི་བཏགས་དོན་བཙལ་བའི་ཚེ་ན་རྙེད་རྒྱུ་ཡོད་པ་བཀག་ཅིང་བཀག་པའི་ཤུལ་ན་ཆོས་འདི་དག་ཡེ་མེད་མ་ཡིན་པར་སྣང་བ་སྒྱུ་མ་ལྟ་བུར་མཐོང་བའི་བློ་དེ་སྒྱུ་མ་ལྟ་བུའི་བློ་ཞེས་རྣམ་བཞག་མཛད་པ་ཡིན་གྱི། སྟོང་ཉིད་མ་རྟོགས་གོང་དུ་མཐོང་པའི་བུམ་སོགས་འཛིན་པའི་དེ་ལ་སྒྱུ་མ་ལྟ་བུའི་བློར་ཞྭ་སེར་མཁན་པོས་གསུངས་པའི་ཟུར་ཙམ་ཡང་བདག་གི་མིག་ལམ་དུ་མ་གྱུར་ཏོ་ཞེས་གསལ་བཤད་ཀྱི་མདའ་མོ་འདི་འཕེན་པར་བྱེད་དོ། །

ལྔ་བ། ཐ་སྙད་ཚད་གྲུབ་བཞེད་པའི་ཁུངས་འགོད་པ།

ཐ་སྙད་པ་དང་ཐ་སྙད་པའི་ཚད་མ་བཞེད་མཁན་རྣམས་ཀྱི་ལུང་ཁུངས་གཙོ་བོ་འགའ་འགོད་ན། 《ཡོངས་སུ་མྱ་ངན་ལས་འདས་པའི་མདོ།》“ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ང་ལ་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། །”[13]ཞེས་འཇིག་རྟེན་ན་ཐ་སྙད་དུ་ཡོད་པ་གང་ཡིན་དེ་ཐམས་ཅད་ནི་སྟོན་པ་ཉིད་ཀྱང་ཞལ་གྱིས་བཞེས་པ་ཡིན་པ་དང་། 《ཡབ་སྲས་མཇལ་བའི་མདོ》ལས། “འདི་ལྟར་དེ་བཞིན་གཤེགས་པའི་ཀུན་རྫོབ་དང་དོན་དམ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདི་གཉིས་ཟད་དེ།”[14]ཞེས་བདེན་པ་གཉིས་ཀ་ཤེས་པར་བྱ་བའི་ཡུལ་ཡོད་པ་ཡིན་པར་གསུངས་པ་དང་། 《རྩ་ཤེས་ལས།》“གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །”[15]ཞེས་ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པར་གསུངས་པ་དང་། 《བཞི་བརྒྱ་པའི་རྒྱ་ཆེན་འགྲེལ》“རྟོག་པ་མེད་པར་འདོད་ཆགས་ལ། །སོགས་པ་ཡོད་ཉིད་ཡོད་མིན་ལ། །ཡང་དག་དོན་དེ་རྟོག་པ་ཞེས། །བློ་དང་ལྡན་པ་སུ་ཞིག་འཛིན། །ཞེས་བྱ་བར་སྨྲ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་ནི། །ཀུན་ཏུ་རྟོག་ནས་འབྱུང་བར་བཤད། །ཅེས་འབྱུང་བའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་རྒྱུ་ནི་ཡུལ་རྣམས་ལ་ཚུལ་བཞིན་མ་ཡིན་པའི་རྟོག་པ་སྟེ། དེའི་ཕྱིར་གང་དག་རྟོག་པ་ཡོད་པ་ཁོ་ན་ཡོད་པ་ཉིད་དང་། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དག་ནི་གོར་མ་ཆག་པར་ཐག་པ་བསྡོགས་པ་ལ་བརྟགས་པའི་སྦྲུལ་ལྟར་རང་གིས་ངོ་བོས་མ་གྲུབ་པ་ངེས་སོ། །གང་ཞིག་འདོད་ཆགས་ལ་སོགས་པ་རྣམས་ལ་རང་གིས་ངོ་བོས་གྲུབ་པར་ཁས་ལེན་པ་དེ་ནི་ངེས་པར་རང་གིས་ངོ་བོས་གྲུབ་པ་དང་འགལ་བར་རྟོག་པ་ལ་ལྟོས་ཏེ། སྐྱེ་བ་ཉིད་ཁས་ལེན་པར་མི་བྱའོ། །[16]ཞེས་ཆོས་རྣམས་རང་འཇོག་བྱེད་ཀྱི་རྟོག་པ་ལ་ལྟོས་ནས་ཡོད་པར་འཇོག་གི་ཐག་པ་སྦྲུལ་ལྟར་རྟོག་པ་ལ་མ་ལྟོས་པར་རང་དབང་གིས་གྲུབ་པ་གང་ཡང་མེད་པར་གསུངས་པས་ཐ་སྙད་པའི་དོན་ཚད་མས་གྲུབ་པའམ་ཡོད་པ་ཡིན་པ་ནི་སྙོན་དུ་མེད་དོ། །

དྲུག་པ། ཐ་སྙད་དུ་ཡོད་པའི་དོན་བཤད་པ།

འོ་ན་ཐ་སྙད་དུ་ཡོད་ན་ཅི་ལྟར་ཡོད་དགོས་ཤེ་ན། ཆོས་གང་ཡང་ཐ་སྙད་བཏགས་པའི་དོན་རིགས་པས་དཔྱད་པའི་ཚེ་གདགས་གཞིའི་ངོ་ནས་ཡུལ་སྟེང་དུ་གྲུབ་པ་ཅུང་ཟད་མེད་ནའང་དེ་ལྟར་མ་དཔྱད་མ་བརྟགས་པའི་ངང་ནས་ཐ་སྙད་པའི་བློ་སྐྱོན་མེད་ཀྱི་ངེས་ངོར་ཡོད་པར་གྲུབ་པ་ལ་ཐ་སྙད་དུ་ཡོད་པའམ་ཐ་སྙད་ཚད་གྲུབ་ཏུ་འཇོག་པ་ཡིན་ནོ། །འོ་ན་ཐ་སྙད་དུ་ཡོད་ཅེས་པའི་ཐ་སྙད་དེ་གང་ལ་འཇོག་ཅེ་ན། རང་ཉིད་འཇོག་བྱེད་ཀྱི་བློ་རྟོག་བཅས་རྟོག་མེད་ཀྱི་བློ་གནོད་མེད་ཐམས་ཅད་ལ་འདོད་པ་དང་། ཡང་ན་ཐ་སྙད་པའི་བྱ་བྱེད་ཀྱི་རྣམ་གཞག་སྐྱོན་མེད་དུ་རུང་བ་ལ་ཐ་སྙད་ཚད་གྲུབ་ཅེས་ཐ་སྙད་དུ་འཇོག་པ་གཉིས་ལས་སྔ་མ་ནི་ཡུལ་གྱི་དབང་དུ་བྱས་པ་དང་ཕྱི་མ་ཡུལ་ཅན་གྱི་དབང་དུ་བྱས་པ་གཉིས་ལས་གང་ལ་བཞག་ཀྱང་དོན་གྱི་ཁྱད་པར་ཅི་ཡང་མེད་དོ། །

འོ་ན་ཐག་ཁྲ་ལ་སྦྲུལ་དུ་བཏགས་པ་དང་སྦྲུལ་གྱི་ཕུང་པོ་ལ་བརྟེན་ནས་སྦྲུལ་དུ་བཏགས་པ་གཉིས་རང་ངོས་ནས་མ་གྲུབ་ཅིང་མིང་དང་རྟོག་པས་བཏགས་ཙམ་དུ་མཚུངས་པས་ཐ་སྙད་དུ་ཡོད་མེད་ཀྱི་ཁྱད་པར་ཇི་ལྟར་ཡིན་ཞེ་ན། ལམ་རིམ་ཆེན་ཆེན་མོ་ལས། དེ་ལ་ཐ་སྙད་དུ་ཡོད་པར་འདོད་དང་མེད་པར་འདོད་པ་ནི་ཇི་འདྲ་བ་ཞིག་གི་སྒོ་ནས་འཇོག་པ་ཡིན་ཞེ་ན། ཐ་སྙད་པའི་ཤེས་པར་གྲགས་པ་དང་། ཇི་ལྟར་གྲགས་པའི་དོན་དེ་ལ་ཐ་སྙད་པའི་ཚད་མས་གནོད་པ་མེད། དེ་ཁོ་ན་ཉིད་ལ་རང་བཞིན་ཡོད་མེད་བཞིན་དུ་དཔྱོད་པའི་རིགས་པའི་དོན་ལ་གནོད་པ་མི་འབབ་པ་ཞིག་ལ་ནི་ཐ་སྙད་དུ་ཡོད་པར་འདོད་ལ། དེ་ལས་ལྡོག་པ་ནི་མེད་པར་འདོད་དོ། །ཞེས་ཐ་སྙད་དུ་ཡོད་པ་ལ་ཆོས་རང་ཉིད་ཇི་ལྟར་སྣང་བ་དང་རྗེས་སུ་མཐུན་པར་འཇུག་པའི་ཤེས་པ་ཙམ་གྱི་ངོར་གནས་པ་དང་། དོན་དེ་ལྟར་ཀུན་རྫོབ་དཔྱོད་བྱེད་ཀྱི་ཚད་མས་མི་གནོད་པ་མ་ཟད་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱིས་ཀྱང་མི་གནོད་པའི་ཁྱད་ཆོས་གསུམ་ཚང་དགོས་ལ། ཐག་ཁྲ་ལ་སྦྲུལ་དུ་བཏགས་པ་ལ་ཐ་སྙད་པའི་ཚད་མ་གཞན་ཕྱིས་ཐག་ཁྲ་སྦྲུལ་གྱིས་སྟོང་བ་ངེས་པའི་བློས་གནོད་ལ། སྦྲུལ་ཕུང་པོ་ལ་བརྟེན་ནས་སྦྲུལ་དུ་བཏགས་པ་ལ་དེ་ལྟར་ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་མེད་དོ། །

བདུན་པ། ཐ་སྙད་དུ་ཡོད་པ་ལ་རྩོད་པ་སྤོང་བ།

ལ་ལས་བརླན་ཞིང་གཤེར་བ་ཕོར་བ་གང་ལ་ལྷ་མི་ཡི་དྭགས་གསུམ་གྱིས་ཅིག་ཅར་དུ་བལྟ་བའི་ཚེ་བདུད་རྩི་དང་ཆུ་རང་དགའ་བ་དང་རྣག་ཁྲག་ཏུ་སྣང་པར་གསུང་རབ་ལས་མང་འབྱུང་བས་མིག་ཤེས་དེ་དག་ཚད་མར་འཇོག་ན་ཁྲག་སོགས་གསུམ་འགལ་ཞིང་གཅིག་མཐོང་བའི་ཚད་མས་གཅིག་ཤོས་ལ་གནོད་པར་འགྱུར་བས་ཚད་མ་མི་མི་བསླུ་བར་ཇི་ལྟར་འཇོག་ཅེ་ན། རྩ་བའི་བརླན་གཤེར་ཕོར་བ་གང་པོ་དེར་ལྷ་མི་ཡི་དྭགས་གསུམ་གྱིས་ཅིག་ཅར་དུ་བལྟ་བའི་ཚེ་རྣག་ཁྲག་སོགས་གསུམ་མཐོང་ཡང་། བརླན་ཞིང་གཤེར་བ་ཕོར་གང་གི་ཆ་ཤས་ཤིག་གི་ཉེར་ལེན་དང་ཡི་དྭགས་ཀྱི་ལས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་ཆ་ཤས་གཅིག་རྣག་ཁྲག་ཏུ་འགྱུར་བ་དང་། དེ་བཞིན་དུ་བརླན་གཤེར་གྱི་ཆ་ཤས་ཤིག་དང་མིའི་ལས་དང་ཚོགས་པ་ན་ཆུ་རང་དགའ་བ་དང་ལྷའི་ལས་དང་ཚོགས་པ་ན་བདུད་རྩི་རུ་གྱུར་ནས་མཐོང་བ་ཡིན་གྱི། ཡི་དྭགས་འགས་མཐོང་པའི་རྣག་ཁྲག་དེ་ཉིད་མིས་ཆུ་རང་དགའ་དང་ལྷས་བདུད་རྩི་མཐོང་བ་ག་ལ་ཡིན་ཏེ། 《དབུ་མ་དགོངས་པ་བར་གསལ》ལས། “འདི་ལ་འདི་སྙམ་དུ་འགྲོ་བ་དེ་དག་གིས་མཐོང་བ་ནི་ཐ་སྙད་པའི་ཚད་མ་ཡིན་ལ། གཞི་གཅིག་མི་མཐུན་པ་དེ་དག་ཏུ་ཚད་མས་གྲུབ་ན་རྣག་ཁྲག་དང་རྣག་ཁྲག་མ་ཡིན་པ་གཉིས་མི་འགལ་ཞིང་། ཚད་མས་གྲུབ་པ་ཡང་ཡིད་བརྟན་མེད་པར་འགྱུར་རོ་ཞེ་ན། ཞེས་དང་། ཆུ་ཀླུང་དེའི་ཆ་ཤས་ཤིག་ཡི་དྭགས་རྣམས་ལ་སྔོན་ལས་ཀྱི་དབང་གིས་རྣག་ཁྲག་ཏུ་སྐྱེས་པ་དང་། ཆུ་ཀླུང་གི་ཆ་ཤས་གཞན་ཞིག་མི་ལ་སྔོན་ལས་ཀྱི་དབང་གིས་རྣག་ཁྲག་ཏུ་མི་སྣང་བའི་བཏུང་བ་དང་། ཁྲུས་ཀྱི་ཆུར་སྐྱེ་བ་ནི་དེ་གཉིས་ཀ་ཆུ་ཀླུང་གཅིག་གི་ཆ་ཤས་རེ་ཡིན་པས། ཡི་དྭགས་ཀྱི་མིག་ཤེས་ཚད་མས་གྲུབ་པའི་དོན་དང་། མིའི་མིག་ཤེས་ཚད་མས་གྲུབ་པའི་དོན་གཉིས་ཀྱང་དངོས་པོ་སོ་སོ་བ་ཡིན་པས་དེ་གཅིག་གིས་གྲུབ་པའི་དོན་དེ་ཉིད། ཅིག་ཤོས་ཀྱིས་དེའི་བཟློག་ཕྱོགས་སུ་གྲུབ་པ་ག་ལ་ཡིན།” [17]ཞེས་དང་། 《སྟོང་ཐུན་སྐལ་བཟང་མིག་འབྱེད》ལས། “གང་གི་ཚེ་ཡི་དྭགས་གཞི་དེར་ཉེ་བར་འོངས་པ་ན་བརླན་ཞིང་གཤེར་བ་སྐད་ཅིག་སྔ་མས་ཉེར་ལེན་དང་། ཡི་དྭགས་ཀྱི་ལས་བདག་རྐྱེན་བྱས་པ་ལས་བརླན་ཞིང་གཤེར་པ་སྣོད་གང་པོ་དེའི་ཆ་ཤས་གཅིག་རྣག་ཁྲག་ཏུ་སྐྱེ་ཞིང་། དེ་བཞིན་དུ་གཞི་དེར་ལྷ་ཉེ་བར་འོངས་པ་ན་བརླན་ཞིང་གཤེར་བ་སྔ་མས་ཉེར་ལེན་དང་ལྷའི་ལས་ཀྱིས་བདག་རྐྱེན་བྱས་པ་ལས་ཆ་ཤས་གཅིག་བདུད་རྩིར་སྐྱེ་བ་ཡིན་ལ།”[18]ཞེས་གསུངས།

དེས་ན་བརླན་གཤེར་ཕོར་བ་གང་གི་གོ་ས་ན་རྣག་ཁྲག་ཕོར་བ་གང་དང་བདུད་རྩི་ཕོར་བ་གང་དང་ཆུ་རང་དགའ་ཕོར་བ་གང་ཡོད་དམ་ཞེ་ན། དེའི་ཆ་ཤས་གྱི་རྣག་ཁྲག་དང་ཆུ་རང་དགའ་བ་དང་བདུད་རྩི་སོགས་བསྡོམས་པས་ཕོར་ཚད་ལོངས་མ་གཏོགས། རེ་རེ་ནས་ཕོར་ཚད་དུ་ལོངས་པ་མེད་དོ། །འོན་ཀྱང་དེ་ཉིད་ཡི་དྭགས་འགས་ཁར་བླངས་པ་ན་ཆ་ཐམས་ཅད་རྣག་ཁྲག་གི་རྣམ་པ་ཅན་དུ་སྐྱེས་སྟེ། དེའི་ཚེ་དེ་ཉིད་ཡི་དྭགས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ཡིན་པར《སྟོང་ཐུན་སྐལ་བཟང་མིག་འབྱེད》ལས། “བདག་གི་རྗེ་ཐམས་ཅད་མཁྱེན་པས་ནི་བརླན་ཞིང་གཤེར་པ་ཕོར་གང་ལ་དུས་ཁྱད་པར་བ་དེ་འདྲའི་ཚེ་རྣག་ཁྲག་དང་བདུད་རྩི་ལ་སོགས་པར་སྐྱེས་པའི་ཆ་ཤས་དུ་མ་དུས་གཅིག་ཏུ་ཡོད་པར་བཞེད་ཀྱི་བརླན་ཞིང་གཤེར་བ་ཕོར་གང་གི་གོ་ས་ན་རྣག་ཁྲག་གང་། བདུད་རྩི་ཕོར་གང་ཡོད་པ་སོགས་དང་། ཆུ་རྡུལ་གཅིག་གི་གོ་ས་བདུད་རྩིའི་རྡུལ་གཅིག་དང་རྣག་ཁྲག་གི་རྡུལ་གཅིག་དུས་གཅིག་ཏུ་ཡོད་པ་སོགས་གཏན་མི་བཞེད་ཅིང་། དེ་ལྟར་ཟུར་ཙམ་ཡང་མ་གསུངས་པས།”[19]ཞེས་གསུངས་སོ། །

མཇུག་སྡོམ།

ཕྲན་ལ་རིགས་ལམ་རྣམ་པར་འབྱེད་པའི་རྣམ་དཔྱོད་དང་ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་མེད་ཀྱང་རང་བློ་ལ་གོམས་པ་ཆེས་ཆེར་འགྲོ་ཆེད་དཔྱད་རྩོམ་འདིར་ཐལ་འགྱུར་བའི་ལུགས་ལ་ཐ་སྙད་ཚད་གྲུབ་བཞེད་མིན་གྱི་མཁས་པ་སོ་སོའི་བཞེད་དགོངས་དག་རང་བློས་དཔོག་ཚད་ཀྱིས་བཙལ་ཏེ། དེ་དག་གི་རིགས་པ་དང་ལུང་ཁུངས་རྣམས་རྒྱུ་མ་འཕུད་འདེད་ཀྱི་ཚུལ་དུ་གང་ནུས་ཀྱིས་ཞིབ་པར་གླེང་ཡོད་ལ། རིགས་ལམ་ལ་ཆེས་ཆེར་ཞེན་པའི་རྟོག་པ་ཞིག་གི་རང་ཚུགས་ལ་རྡོག་རྫིས་མི་བཏང་ཆེད་དགག་གཞག་སྤོང་གསུམ་གྱི་བྱ་བར་གང་ནུས་ཀྱི་ཞུགས་ཡོད།

བོད་ཀྱི་དབུ་མ་སྔ་རབས་པ་སྟེ་རྔོག་ལོ་ཙཱ་བ་དང་ཆ་བ་ཆོས་སེང་དང་རོང་སྟོན་ཆེན་པོ་དང་རྗེ་རེད་འདའ་སོགས་ནི་ཐ་སྙད་ཚད་གྲུབ་མི་བཞེད་པའི་ཕྱོགས་མིན་པར་གཞུང་ཚད་ལྡན་དག་གིས་ཡང་ཡང་གསུངས་པ་བཞིན་བོད་ཀྱི་དབུ་མ་སྔ་རབས་པ་ཡིན་ན་ཐ་སྙད་ཚད་གྲུབ་མི་བཞེད་པའི་ཕྱོགས་སུ་གོ་ན་ནོར་བ་ཆེན་པོ་ཡིན་པས་གོང་དུ་སྔ་རབས་པ་ཕལ་ཆེར་ཞེས་སྨས་པའི་དགོས་པ་ཡང་འདི་ཡིན་ནོ། །

དཔྱད་རྩོམ་འདིར་གླེང་མ་ཐུབ་པའི་ཞན་ཆ་གཙོ་བོ་ཞིག་ལྷག་ཡོད་ནི་བདེན་གཉིས་འཇོག་ཚུལ་ལས་ཀུན་རྫོབ་བདེན་པའི་སྐོར་དང་སྟོང་ཉིད་མེད་འགག་ཙམ་དུ་འཇོག་མིན་དང་། རྣམ་གྲངས་དང་རྣམ་གྲངས་མིན་པའི་སྟོང་ཉིད་དང་། ཐལ་རང་གིས་ཁྱད་པར་གཙོ་བོ་རང་མཚན་བཞེད་མིན་ལ་ཐུག་ཚུལ་སོགས་མདོར་ན་རྗེ་བདག་ཉིད་ཆེན་པོས་འདིའི་དཀའ་གནད་ཆེན་པོ་བརྒྱད་དུ་བགྲང་བ་དག་ལ་ཞིབ་ཏུ་དཔྱད་མ་ཐུབ་པ་དེ་ཡིན། དཀའ་གནད་འདི་དག་ནི་དཔྱད་རྩོམ་འདིར་འབྲེལ་བ་དམ་ཟབ་ཏུ་ཆགས་ཡོད་པར་མཐོང་ངོ་། །

ངས་དཔྱད་རྩོམ་འདིའི་ཡིག་ཚོགས་སྐྱོང་ཕྱིར་འཕྲོས་བཤད་དང་ལུང་འདྲེན་མང་པོ་སྤང་ཅི་ཐུབ་བྱས་ནས་གནད་ས་གཙོ་བོ་དག་ཐད་ཀར་གླེང་ཡོད་སྟབས།  བརྗོད་བྱ་བློ་ལ་འཆར་མི་བདེ་བ་དང་གོང་འོག་གི་ས་བཅད་སྒྲིག་སྟངས་མ་ཡོང་སོགས་ཀྱི་ཉེས་སྐྱོན་གང་ཡོད་ཀློག་པ་པོ་ཡོངས་ལ་དགོངས་སེལ་ཞུས་པ་ཡིན།

སྨྲས་པ།

སྔོན་ཆད་མ་བྱུང་ལེགས་བཤད་འདི་རྙེད་མེད། །
དམ་པ་གོང་མའི་ངག་དེ་གཡར་བྱས་ན། །
སྤྱང་ཀིས་ལུག་ལྤགས་གྱོན་པའི་རང་གཟུགས་སུ། །
ཆེས་ཆེ་འགྱིང་པའི་ཉམས་ལ་བཟོད་པར་མཛོད། །

དཔྱད་ཡིག་དང་ཞབས་མཆན། 

[1] སྟག་ཚང་ལོ་ཙཱ་བའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་པར་མ། པོད་གཉིས་པ། ཤོག་གྲངས ༩༥

[2] གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། ཀྲུང་གོའི་བོད་རིགས་དཔེ་སྐྲུན་ཁང་གི་པར་མ། ཕྱི་ལོ༢༠༡༣ལོའི་ཟླ་༥བར་དཔེ་ཐེངས་པོ་བཏབ། པོད། ཅ། ཤོག་གྲངས། ༣༣༠

[3] སློབ་དཔོན་འཕགས་མ་ནཱ་གཱེརྫུ་ན། རྩོད་པ་བཟློག་པའི་འགྲེལ་བ། བསྟན་འགྱུར་དཔེ་བསྡུར་མ། ཀྲུང་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་མ། ཕྱི་ལོ༢༠༠༠ལོའི་ཟླ་༤པར་པར་ཐེངས་དང་པོ་བཏབ།  པོད་༥༧པ་ཤོག་གྲངས། ༣༥༦ ནས༣༥༧

[4]《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔར་སྐྲུན་ཁང་གི་པར་མ། ཕྱི་ལོ༢༠༠༨ལོའི་ཟླ་༡༢པར་པར་ཐེངས་གཉིས་པ་བཏབ།

[5] མགོན་པོ་ཀླུ་སྒྲུབ།《རྩོད་བཟློག》བསྟན་འགྱུར་དཔེ་བསྡུར་མ། ཀྲུང་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་མ། ཕྱི་ལོ༢༠༠༠ལོའི་པར་ཐེངས་པོ་བཏབ། པོད་༥༧པ་ཤོག་གྲངས། ༧༧

[6] སློབ་དཔོན་འཕགས་མ་ནཱ་གཱེརྫུ་ན། 《རྩོད་པ་བཟློག་པའི་འགྲེལ་བ》 བསྟན་འགྱུར་དཔེ་བསྡུར་མ། ཀྲུང་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་མ། ཕྱི་ལོ༢༠༠༠ལོའི་ཟླ་༤པར་པར་ཐེངས་དང་པོ་བཏབ།  པོད་༥༧པ་ཤོག་གྲངས། ༣༥༦ ནས༣༥༧

[7] སློབ་དཔོན་ཟླ་བ་གྲགས་པ།《དབུ་མ་འཇུག་པ》 བསྟན་འགྱུར་དཔེ་བསྡུར་མ། ཀྲུང་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་མ། ཕྱི་ལོ༢༠༠༠ལོའི་ཟླ་༤པར་པར་ཐེངས་དང་པོ་བཏབ། པོད་༥༧པ་ཤོག་གྲངས། ༥༦༥

[8] སློབ་དཔོན་ཟླ་བ་གྲགས་པ།《དབུ་མ་འཇུག་པའི་རང་འགྲེལ།》 བསྟན་འགྱུར་དཔེ་བསྡུར་མ། ཀྲུང་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་མ། ཕྱི་ལོ༢༠༠༠ལོའི་ཟླ་༤པར་པར་ཐེངས་དང་པོ་བཏབ། པོད་༥༧པ་ཤོག་གྲངས། ༦༧༣

[9] པ་ཚབ་ལོ་ཙཱ་བ་ཆེན་མོ། 《དབུ་མ་རྩ་བ་ཤེས་རབ་ཀྱི་ཊཱི་ཀ་སྒྲོན་མ་གསལ་བྱེད》བླ་རུང་པར་མ། ཤོག་གྲངས། ༣༨——༣༩

[10] དཔལ་ལྡན་ཆོས་གྲགས། 《ཚད་མ་རྣམ་འགྲེལ》སེར་གཙུག་པར་མ། ཤོག་གྲངས། ༢༣

[11] 《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔར་སྐྲུན་ཁང་གི་པར་མ། ཕྱི་ལོ༢༠༠༨ལོའི་ཟླ་༡༢པར་པར་ཐེངས་གཉིས་པ་བཏབ། ཤོག་གྲངས། ༢༩༠

[12] རྡོ་སྦིས་ཤེས་རབ་རྒྱ་མཚོ། 《ཀླུ་སྒྲུབ་དགོངས་རྒྱན་ལ་ཆེ་ལོང་དུ་བརྟགས་པ་མི་འཇིགས་སེངྒེའི་ང་རོ》  འཕྲུལ་དེབ། ཤོག་གྲངས། ༡༨

[13]སློབ་དཔོན་ཟླ་བ་གྲགས་པ། 《དབུ་མ་འཇུག་པའི་རང་འགྲེལ། 》བསྟན་འགྱུར་དཔེ་བསྡུར་མ། ཀྲུང་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་མ། ཕྱིལོ༢༠༠༠ལོའི་ཟླ་༤པར་པར་ཐེངས་དང་པོ་བཏབ།  པོད་༦༠པ་ཤོག་གྲངས། ༧༨༤ ལས་དྲངས་སོ། །

[14] སྟོན་པ་ཤཱཀྱ་ཐུབ་པ། 《ཡབ་སྲས་མཇལ་པའི་མདོ》བསྟན་འགྱུར་དཔེ་བསྡུར་མ། ཀྲུང་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་མ། ཕྱི་ལོ༢༠༠༠ལོའི་ཟླ་༤པར་པར་ཐེངས་དང་པོ་བཏབ།  པོད་༤༢པ་ཤོག་གྲངས། ༡༤༧

[15] མགོན་པོ་ཀླུ་སྒྲུབ། 《རྩ་ཤེས་ལས།》བསྟན་འགྱུར་དཔེ་བསྡུར་མ། ཀྲུང་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་མ། ཕྱི་ལོ༢༠༠༠ལོའི་ཟླ་༤པར་པར་ཐེངས་དང་པོ་བཏབ།  པོད་༥༧པ་ཤོག་གྲངས། ༣༧

[16] སློབ་དཔོན་ཟླ་བ་གྲགས་པ། 《བཞི་བརྒྱ་པའི་རྒྱ་ཆེན་འགྲེལ》བསྟན་འགྱུར་དཔེ་བསྡུར་མ། ཀྲུང་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་པར་མ། ཕྱི་ལོ༢༠༠༠ལོའི་ཟླ་༤པར་པར་ཐེངས་དང་པོ་བཏབ།  པོད་༦༠པ་ཤོག་གྲངས། ༡༣༤༩

[17] མཁས་གྲུབ་དགེ་ལེགས་དཔལ་བཟང་། 《སྟོང་ཐུན་སྐལ་བཟང་མིག་འབྱེད》དཔེ་བསྡུར་མ། མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཤོག་གྲངས། ༢༣༢

[18] མཁས་གྲུབ་དགེ་ལེགས་དཔལ་བཟང་། 《སྟོང་ཐུན་སྐལ་བཟང་མིག་འབྱེད》དཔེ་བསྡུར་མ། མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཤོག་གྲངས། ༢༣༢

[19] མཁས་གྲུབ་དགེ་ལེགས་དཔལ་བཟང་། 《སྟོང་ཐུན་སྐལ་བཟང་མིག་འབྱེད》དཔེ་བསྡུར་མ། མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཤོག་གྲངས། ༢༣༧

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།