སྣང་སྟོང་སྒྱུ་མར་ཤར་བའི་ངང་ཉིད་ལ།།
རྣམ་བཞག་མཐའ་དག་འགལ་མེད་རུང་བ་དང་།།
ཕྲ་མོའི་མཐའ་ཀུན་ཁེགས་པའི་ཤུལ་ཉིད་དུ།།
རིགས་པའི་ཐ་སྙད་ཚད་མར་མི་གནོད་པ།།
མདོར་ན་ཆོས་ཚུལ་ཀུན་གྱི་ཡང་སྙིང་དེ།།
མ་སྒྲུབ་ལྷང་ངེར་གཟིགས་པ་གང་དེར་འདུད།།
ནང་དོན་གནད་བསྡུས། ཆོས་དང་བླང་དོར་གྱི་གསར་བརྗེ་ནི་ཅི་ཞིག་གིས་གྲུབ་ཡོད་པ་ལ་མ་ལྟོས་གོང་། དངོས་ཡོད་གནས་ལུགས་[1]ཀྱི་རང་བཞིན་ལ་དཔྱད་པ་གཏོང་གི་ཡིན། སོ་སོའི་འཚོ་བ་དང་འབྲེལ་བའི་སྒོ་ནས་རང་ཉིད་རང་ལ་སྣང་སྟངས་དང་། རང་གི་སྤྱོད་ལམ་གྱི་ཐོག་ནས་སྣང་སྟངས་དེར་ཡ་ལན་ཇི་ལྟར་སྤྲོད་པའི་བར་གྱི་འབྲེལ་བ་དེས་སྣང་ཚུལ་གྱི་གོ་རྟོགས་ནི་ཤིན་ཏུ་གལ་ཆེ་བར་སྟོན་གྱི་ཡོད། གནད་དོན་འདིར་ཞིབ་ཏུ་བསམ་གཞིག་བྱེད་སྐབས། བྱ་དངོས་གང་ཞིག་ཡིན་རུང་བྱ་དངོས་གཞན་གྱི་འབྲེལ་བ་དང་འབྲལ་ཐབས་ཞིག་ཡོད་ནས་མིན་ནོ།། ཆོས་ཅི་ཞིག་ཡིན་རུང་འབྲེལ་བ་ཁོ་ནའི་ཐོག་གླེང་དགོས་པ་ཞིག་ཡིན། སོ་སོ་ནི་ཉིན་རེའི་འཚོ་བའི་ཁྲོད་བྱ་བ་སྣ་མང་ཞིག་གི་ནང་དུ་ཞུགས་པ་དང་། བྱ་བ་དེ་ཚོའི་ནང་མྱོང་བ་འདྲ་མིན་ཡང་ཐོབ་ཀྱི་ཡོད། མྱོང་བ་ཞིག་གི་ཁྱད་ཆོས་རྣམས་བྱེ་བྲག་ཏུ་བཀར་ནས་དེ་དག་གཞན་ལ་ལྟོས་མེད་དུ་གྲུབ་པར་ལྟ་བའི་རང་གི་བློའི་འཛིན་སྟངས་ལ་བརྟེན་ནས་འཁྲུལ་ཤེས་ཆེ་ཆུང་སྣ་ཚོགས་ཀྱི་དཀའ་རྙོག་འབྱུང་གི་ཡོད། དེ་ལྟ་བུའི་རྐྱེན་པས་སོ་སོ་ལ་ལྟ་རྒྱ་དང་མཐོང་རྒྱ་དོག་ཏུ་སོང་ནས་སོ་སོའི་རྒྱུད་ལ་དངོས་ཡོད་དང་མི་མཐུན་པའི་རེ་འདོད་སྐྱེ་བཞིན་ཡོད། གལ་སྲིད་སོ་སོའི་རྒྱུན་ལྡན་གྱི་འཛིན་སྟངས་དེ་ཚད་ལྡན་ཞིག་མིན་པ་ངོས་འཛིན་བྱེད་མ་ཐུབ་ཚེ།བསླུ་བྲིད་ཅེས་པའི་ཚིག་དོན་གྱིས་སྟོང་པ་དང་། བྱ་དངོས་ཐམས་ཅད་རྟག་ཏུ་སོ་སོའི་རེ་འདོད་བཞིན་འབྱུང་གི་ཡོད་ན། འཁྲུལ་སྣང་ངམ་ལོག་ཤེས་ཞེས་པའི་དོན་སྤྱི་ཞིག་ང་ཚོར་ཡོད་དགོས་དོན་མེད། དེར་རྟེན་འདིར་ཕལ་སྐད་ཀྱི་ལམ་ནས་རྟེན་འབྱུང་གི་ལྟ་བ་དང་དངོས་ཡོད་གནས་ལུགས་ཀྱི་རང་བཞིན་ལ་ཞིབ་པར་དཔྱད་ཡོད།
གནད་ཚིག ། དངོས་ཡོད་གནས་ལུགས།ལྟོས་གྲུབ། ཐབས་ལམ། ཐ་སྙད་ཙམ་གྱི་གནས་རིམ།
གླེང་གཞི།
ཕྲན་གྱིས་ལྟོས་གྲུབ་ཀྱི་རིག་པ་ཞེས་པའི་མིང་འདི་ཐོག་མར་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་གི་གསུངས་ལས་ཐོས། ཁོང་གི་དབུ་མའི་སྐོར་ཀྱི་དཔེ་ཁྲིད་སོགས་ལ་ཉན་ནས་མི་ལོ་བཅུ་ལྷག་ཕྱིན་པའི་དུས་ཚོད་ཀྱི་ནང་དུ།རྗེ་བདག་ཉིད་ཆེན་པོའི་(༡༣༥༧-༡༤༡༩)་ལྟ་བའི་ལེགས་བཤད་ཆེན་པོ་ལྔ་ལའང་ལྟ་རྟོག་གང་འཚམ་བགྱིས་པས་དོན་དངོས་སུ་ལྟོས་གྲུབ་རིག་པའམ་ཐ་སྙད་ཚད་མ་ནི་ཅི་འདྲ་ཞིག་ཡིན་མིན་ཐད་དོ་སྣང་སླེབས་པ་ལ་བརྟེན་ནས།བོད་ཀྱི་སྔོན་བྱོན་མཁས་པ་སྐུ་དྲིན་ཅན་སྐོར་ཞིག་གི་ལྟ་ཁྲིད་ཁག་ཅིག་ལ་ཞིབ་འཇལ་གྱིས་ཐོ་ཡིག་ཅིག་འབྲི་བཞིན་རྩད་འཚོལ་བགྱིས་པ་ཡིན་མོད་འདོད་པ་ཁེངས་པ་ཞིག་མ་བྱུང་། དེ་ལྟ་ནའང་། ལྟ་བའི་ལེགས་བཤད་ཁག་དང་མཁས་དབང་དགེ་འདུན་ཆོས་འཕེལ་(༡༩༠༣-༢༩༥༡)གྱི་ཀླུ་སྒྲུབ་དགོངས་རྒྱན་གཤིབ་བསྡུར་གྱིས་ཡུན་རིང་བཀླགས་མཐར་དགེ་ཆོས་ཀྱིས་“རྟོག་གེའི་རིགས་པའི་ནང་དུ་ཤོང་བའི་གནས་མེད་པ་ཡིན་ནོ།།”ཞེས་བྲིས་ཡོད་པ་མཐོང་ལ།དེ་ནི་གླེང་སློང་གསར་པ་ཞིག་ཀྱང་ཡིན་པར་འདོད། དེ་བས། ཕྲན་གྱིས་ལྟོས་གྲུབ་རིག་པ་ནི་ཅི་འདྲ་ཞིག་ཡིན་མིན་བཅས་ཀྱི་སྐོར་གསལ་ཁ་འདོན་རྒྱུ་ཡིན།
ལྟོས་གྲུབ་ལ་དཔྱད་པའི་བརྟེན་གཞི་དང་ཐབས་ལམ་གསར་བ།
འཇིག་རྟེན་ན་ཐོག་མ་མེད་པ་ནས་གྲགས་པའི་དོན་ཡིན་ཡང་རིགས་པས་གནོད་པས་ན་ཐ་སྙད་དུའང་མེད་པ་ནི་མ་རིག་པས་དངོས་པོ་རྣམས་ལ་རང་གི་ངོ་བོ་སྒྲོ་བཏགས་པ་དང་། འཇིག་ལྟས་རང་གི་ངོ་བོས་གྲུབ་པའི་ང་དང་ང་ཡི་བར་འཛིན་པ། ཁ་སང་གི་རི་དེ་རིང་གི་རི་ཡིན་པར་འཛིན་པ་སོགས་ཀྱི་ཡུལ་རྣམས་ཡིན་པས་འཇིག་རྟེན་ན་གང་གྲགས་ཐམས་ཅད་དབུ་མ་པས་ཀུན་རྫོབ་ཏུ་འདོད་པ་མིན་ནོ།། དེ་བས་ན་བྱ་དངོས་གང་ཞིག་ཡིན་རུང་རྒྱུ་དང་རྐྱེན་གྱི་འདུ་ཚོགས་རྙོག་འཛིང་ཆེན་པོ་ཞིག་གི་བརྒྱུད་རིམ་ཁྲོད་ནས་འབྱུང་བ་དང་། བྱ་དངོས་ཐམས་ཅད་ལ་རང་ངོས་ནས་གྲུབ་པ་དང་གནས་པའི་ནུས་པ་ཞིག་ཡོད་ནས་མ་ཡིན་ཏེ། དཔེར་ན། འཇིམ་པ་བཀོལ་སྤྱོད་བྱས་ནས་བུམ་པ་བཟོ་མཁན་ཞིག་ལ་ཆ་བཞག་ན།བུམ་པ་དེ་འཇིམ་པ་དང་ཆུ་ཐེ་བའི་རྒྱུ་རྐྱེན་སྣ་ཚོགས་ཤིག་གི་འབྲས་བུ་ཡིན་པར་མ་ཟད། ངོ་བོ་འཛིན་པའི་གྲུབ་རྫས་དང་། རྡུལ་ཕྲན། ཆུ་རྡུལ་ཕྲ་མོ་རྣམས་ལྷན་དུ་འཛོམས་ནས་རྫ་མ་འགྲུབ་བྱེད་ཀྱི་རྒྱུ་རགས་པ་སྟེ། ཆུ་དང་འཇིམ་པ་ལྟ་བུ་ཡིན་ཞིང་། འཇིམ་པ་བུམ་པའི་ངོ་བོར་བསྒྱུར་པའི་རྩོལ་བ་སྟེ། ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་ཡང་ཡོད། རྒྱུ་རྐྱེན་འདི་དག་ཚང་མས། བུམ་པ་དེ་ནི་རང་གི་རྒྱུ་དང་རྐྱེན་ལ་མ་བརྟེན་པར་འགྲུབ་མི་ཐུབ་པ་དང་། བུམ་པའི་གྲུབ་ལུགས་ནི་རྟེན་འབྲེལ་ཁོ་ན་ལས་བྱུང་བ་ཡིན་པ་གསལ་བོར་སྟོན་གྱི་ཡོད། དེའི་ཕྱིར་རྗེ་བདག་ཉིད་ཆེན་པོས།གང་གང་རྐྱེན་ལ་རག་ལས་པ།། དེ་དེ་རང་བཞིན་གྱིས་སྟོང་ཞེས།། གསུངས་པ་འདི་ལས་ཡ་མཚན་པའི།། ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད།།[2]ཞེས་གསུངས་སོ།། ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བ་འདི་ནི། ཆེད་ལས་སམ་ལས་རིགས་ལ་འགྲེལ་བརྗོད་བྱེད་པའི་སྐད་ཡིག་གི་ནང་དུ་མཐོང་ཐུབ་སྟེ།ས་ཞིང་ཐོག་གི་ལས་ཀ་རྒྱུ་མཚན་དུ་བྱས་ནས་མི་ཁག་ཅིག་ལ་ཞིང་པ་ཟེར་བ་དང་། སྨན་བཅོས་ཀྱི་ལས་རིགས་ནང་ལས་ཀ་བྱེད་པའི་རྒྱུ་མཚན་གྱིས་མི་ཁག་ཅིག་ལ་སྨན་པ་ཟེར་གྱི་ཡོད། ད་དུང་ཞིབ་ཏུ་བསམ་ན། འཇིམ་པ་ལས་གྲུབ་པའི་བུམ་པ་ནི་དོན་དངོས་སུ་ཅི་ཞིག་ཡིན་ནམ་ཞེས་པ་ལྟ་བུའི་དྲི་བའི་ངོས་ནས་ཀྱང་བྱ་དངོས་ཐམས་ཅད་རྟེན་འབྲེལ་དུ་གོ་ཐུབ། ཡང་དཔྱད་བྱའི་ཡུལ་ལ་ཤེས་པ་བཟུང་ཚེ།སྣང་སྟེངས་ཤིག་ལ་དེ་ནི་རྟག་ཅིང་ངོ་བོ་ཉིད་དུ་གྲུབ་པ་ལྟ་བུ་ཡིན་མོད་ཀྱང་། ཤེས་པའང་ལྟོས་གྲུབ་ཀྱི་རང་བཞིན་ཡིན་པ་གསལ་པོ་ཡིན་ཏེ། གང་ཟག་སྒེར་སོ་སོའི་དབང་ཤེས་དང་། ཡིད་ཤེས། ཚོར་ཤེས་སོགས་དང་མ་འབྲེལ་བའི་སེམས་དང་ཤེས་པ་ཞེས་པའི་རང་དབང་དུ་གནས་པའི་སྣང་ཚུལ་ཞིག་འཇོག་མི་ཐུབ།འདི་ལྟར་ཞིབ་ཏུ་བསམ་གཞིག་བྱས་ན། ཤེས་པ་ནི་རྣམ་གྲངས་མང་ཞིང་རྙོག་འཛིང་ཆེ་བའི་བརྒྱུད་རིམ་གྱི་ཁྲོད་དུ་སྐྱེས་པའི་སྣང་ཚུལ་ཞིག་ཡིན། དུས་ཀྱི་སྣང་ཚུལ་ལ་བསམ་བློ་བཏང་ནའང་རྒྱུན་དུ་དུས་ནི་རང་རྐྱ་བའི་སྣང་ཚུལ་ཞིག་ཏུ་བསམ་ནས།དུས་འདས་པ་དང་ད་ལྟ་བ་དང་མ་འོང་པ་ཞེས་བརྗོད་ཀྱི་ཡོད་མོད། ཞིབ་ཏུ་དཔྱད་པ་གཏོང་སྐབས་བསམ་སྟངས་འདི་ཡང་ཐ་སྙད་ཙམ་གྱི་གནས་རིམ་དུ་ཡོད། དེའི་ཕྱིར་རྗེ་བདག་ཉིད་ཆེན་པོས་ཀྱང་། ཐ་སྙད་ཀྱི་དབང་གིས་བཞག་ལུགས་ནི། ངས་ལས་བསགས་སོ།། འབྲས་བུ་མྱོང་ངོ་ཞེས་ཐ་སྙད་འདོགས་པ་འདི་ལ་ཐ་སྙད་བཏགས་པའི་གཞི་དེ་ཇི་འདྲ་ཞིག་ཏུ་ཡོད་བཙལ་བ་ན། མིག་རྣ་ལ་སོགས་པ་རེ་རེ་བ་དང་ཚོགས་པ་ཡང་ང་མིན་ལ་དེ་དག་ལས་དོན་གཞན་ན་ཡང་ང་མེད་པ་ནི་གང་ཟག་རང་གི་ངོ་བོ་ཉིད་ཀྱིས་མེད་ཚུལ་ཡིན་ལ། དེ་ལྟ་ཡིན་ཀྱང་ངས་མཐོང་བ་སོགས་མེད་ན་ཐ་སྙད་པའི་ཚད་མས་གནོད་པས་ཡོད་པར་ནི་གྲུབ་ལ་དོན་རང་གི་ངོ་བོ་ཉིད་ཀྱིས་ཡོད་པར་མ་སོང་བ་ན་ཐ་སྙད་ཀྱི་དབང་གིས་ཡོད་པར་འགྲུབ་བོ།།[3]ཞེས་གསུངས་ཡོད།
དངོས་ཡོད་གནས་ལུགས་ལ་རྟེན་འབྲེལ་གྱི་ལམ་ནས་ལྟ་བ་འདིས་བྱ་དངོས་ཐམས་ཅད་དཀར་ནག་ལྟ་བུའི་ཁྱད་པར་ཕྱེས་ནས་དེ་དག་གི་བར་དུ་ཡོད་པའི་རྟོགས་དཀའ་བའི་འབྲེལ་བ་ཕྲ་མོ་རྣམས་ང་ཚོས་སྣང་མེད་དུ་གཏོང་མི་རུང་ཞིང་། ཅི་ཞིག་ཡིན་རུང་རང་རྐྱ་བ་ཞིག་ཡིན་པའི་རང་བཞིན་དུ་གླེང་མི་ཐུབ།ང་ཚོས་རྟོག་དཔྱོད་བྱས་ནས་བདག་གི་ངོ་བོ་འཚོལ་སྐབས། མངོན་གསལ་དོད་པོར་སྣང་བའི་བདག་གི་སྲ་ཚུགས་དེ་ནི་འཇིམ་པ་ལས་གྲུབ་པའི་བུམ་པ་དང་། དུས་ད་ལྟ་བའི་རང་བཞིན་སོགས་ལ་ལྟོས་ནའང་འཆོར་ཆོག་ཆོག་ཅིག་ཡིན། རྒྱུ་མཚན་ནི། བུམ་པ་ནི་མངོན་སུམ་དུ་མཛུབ་སྟོན་བྱེད་ཐུབ་པའི་དངོས་པོ་ཞིག་ཡོན་མོད། བདག་ལ་ནི་འདི་ལྟ་བུ་འཛིན་ཆོག་ཆོག་གི་རང་ཚུགས་ཤིག་མེད་ལ།བདག་དང་གཞན་གྱི་བར་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པ་ནི། ཚད་ངེས་ཅན་ཞིག་ལ་རྟོག་བཏགས་ཤིག་ཡིན་པ་ཤེས་ཐུབ། རྒྱུ་མཚན་དེའི་དབང་གིས་སེམས་ཀྱིས་བདག་ཇི་ལྟར་གྲུབ་ཡོད་པ་རྟོགས་དཀའ་བ་ཞིག་ཡིན་ལ།ནང་པའི་ལྟ་གྲུབ་སྨྲ་བ་ཁག་ཅིག་གིས་བདག་ནི་རྣམ་པར་ཤེས་པའི་ངོ་བོ་ཞིག་ལ་ངོས་འཛིན་བྱེད་པར་འབད་བརྩོན་བྱས་ཡོད་པ་བདེན་ཡང་།བདག་དང་རྣམ་ཤེས་གཉིས་གཅིག་ཡིན་ན།བྱ་བྱེད་གཉིས་དང་། རྟོགས་མཁན་དང་རྟོགས་བྱེད་གཉིས་གཅིག་ཏུ་འགྱུར་བ་སྟེ། རྟོགས་མཁན་བདག་དང་རྟོགས་པར་བྱེད་པའི་རྩོལ་བའི་བརྒྱུད་རིམ་གཉིས་གཅིག་ཡིན་པར་རྗོད་དགོས།ལྟ་ཚུལ་འདིའི་དབང་དུ་བྱས་ནའང་།ལུས་སེམས་ཀྱི་འདུས་ཚོགས་ལ་མ་བརྟེན་པའི་རང་རྐྱ་རང་ཚུགས་སུ་གནས་པའི་བདག་ཅིག་རྟོག་དཀའ་ཞིང་། འདིའི་བསྟན་དོན་ལ།བདག་ཅེས་པའི་ཚིག་འདིས་རང་དབང་དུ་གནས་པའི་ཆོས་ཤིག་མཚོན་གྱི་མེད་པ་དང་། དེ་ལས་ལྡོག་སྟེ།བདག་ཟེར་བ་ནི་ཕན་ཚུན་རྟེན་ཅིང་འབྲེལ་ཞིང་རྙོག་འཛིང་ཆེ་བའི་སྣང་ཚུལ་གྱི་དྲ་བ་ཞིག་གི་མིང་བརྡ་ཙམ་ཡིན། དེའི་ཕྱིར་ན་རྗེ་བདག་ཉིད་ཆེན་པོས་“དཀའ་ས་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་མ་ལུས་པར་ཁེགས་པ་དང་། འབྲས་བུ་མྱོང་བ་པོ་ལ་སོགས་པར་འཇོག་པ་ལ་ངེས་པ་གཏིང་ནས་འདྲོངས་ཏེ། དེ་རྣམས་སུ་འཇོག་ཐུབ་པའི་གཉིས་ཚོགས་དེ་སྲིད་མཐའ་ཙམ་དུ་སོང་བས་དབུ་མའི་ལྟ་བ་ཤིན་ཏུ་རྙེད་དཀའ་བ་ཡིན་ནོ།།”[4]ཞེས་གསུངས་པ་རེད།
ནང་དོན་རིག་པའི་རྩ་བའི་ཐབས་ལམ་ལ་བརྟེན་ནས་ལྟོས་གྲུབ་ཀྱི་ལྟ་བ་གསེད་བཀྲོད་གཏོང་བ།
ཐ་སྙད་ཀྱི་ལུགས་འདི་ནི།མངོན་སུམ་དང་རྗེས་དཔག་ལས་བྱུང་བའི་གོ་རྟོགས་དང་མི་འགལ་བ་དང་། ཐ་སྙད་ཀྱི་ལུགས་འདིས་བདེན་པ་དང་བདེན་མིན་ལྟ་བུའི་དོན་སྤྱི་གནས་སའི་ཐུན་མོང་གི་སྐད་བརྡ་ལ་རྟེན་གཞི་ཞིག་བྱེད་ཐུབ་ན། ཐ་སྙད་ཀྱི་ལུགས་[5]འདི་ཚད་མར་གྲུབ་ཡོད་པར་བརྗོད་ཆོག
གནད་དོན་འདི་དང་འབྲེལ་བའི་དཔེ་མཚོན་ཞིག་ལ་བསམ་བློ་བཏང་ན། ང་ཚོས་མུན་ནག་གི་ནང་དུ་ཐག་པ་དཀྲིས་ཡོད་པ་ཞིག་སྦྲུལ་དུ་མཐོང་ཚེ། ང་ཚོ་སྐྲག་ནས་གནས་སྐབས་ཤིག་ལ་ཧྲེང་པོར་སྡོད་སྲིད། ང་ཚོའི་མཐོང་བའི་ཡུལ་ནི་དོན་དངོས་སུ་ཐག་པ་ཞིག་ཡིན་མོད། འོད་སྣང་མེད་པ་དང་འཁྲུལ་ཤེས་གཉིས་ཀྱིི་རྐྱེན་པས་ཐག་པ་དེ་ནི་ང་ཚོར་སྦྲུལ་ཞིག་ཏུ་སྣང་ཡོད། དཀྲིས་ཡོད་པའི་ཐག་པ་འདི་ལ་ཕྱིའི་རྣམ་པའི་ངོས་ནས་མ་གཏོགས་སྦྲུལ་གྱི་ཁྱད་ཆོས་གང་ཡང་མེད་ལ། སྦྲུལ་གྱི་རང་བཞིན་དེ་ང་ཚོས་ཐག་པའི་སྟེང་དུ་ཕར་སྒྲོ་བཏགས་པ་ཇི་བཞིན། རང་རྐྱ་ཐུབ་པའི་བདག་གི་དོན་སྤྱི་ཡང་དེ་བཞིན་ཡིན། དེར་རྟེན་རྗེ་བདག་ཉིད་ཆེན་པོས། “དེ་ལ་ཁྲ་བོའ་ིམདོག་དང་འཁྱིལ་ལུགས་སྦྲུལ་དང་འདྲ་ཞིང་། ཡུལ་མི་གསལ་བར་སྣང་བ་ན་ཐག་པ་ལ་འདི་སྦྲུལ་ལོ་སྙམ་པ་འབྱུང་ངོ་། ། དེའི་ཚེ་ཐག་པ་ལ་ཐག་པའི་ཚོགས་པ་དང་ཆ་ཤས་སྦྲུལ་གྱི་མཚན་གཞིར་འཇོག་རྒྱུ་ཅུང་ཟད་ཀྱང་མེད་པས། དེའི་སྦྲུལ་ནི་རྟོག་པས་བཏགས་པ་ཙམ་མོ།། དེ་བཞིན་དུ་ཕུང་པོ་ལ་བརྟེན་ནས་ངའོ་སྙམ་པ་འབྱུང་བ་ན། ཕུང་པོའི་སྟེང་ནས་སྔ་ཕྱིའི་རྒྱུན་གྱི་ཚོགས་པ་དང་། དུས་གཅིག་པའི་ཚོགས་པ་དང་དེའི་ཆ་ཤས་དེའི་མཚན་གཞིར་འཇོག་རྒྱུ་ཅུང་ཟད་ཀྱང་མེད་དེ་རྒྱས་པར་འོག་ནས་འཆད་དེ། དེའི་ཕྱིར་དང་། ཕུང་པོའི་ཆ་དང་ཆ་ཅན་ལས་ངོ་བོ་ཐ་དད་པའི་དེའི་གཞིར་འཛིན་རྒྱུ་ཡང་ཅུང་ཟད་ཀྱང་མེད་པས། ང་དེ་ནི་རྟོག་པས་ཕུང་པོ་ལ་བརྟེན་ནས་བཞག་པ་ཙམ་ཡིན་གྱི། རང་གི་ངོ་བོས་གྲུབ་པ་མེད་དོ།།”[6]ཞེས་གསུངས་སོ།།
ང་ཚོས་འདི་ལྟར་ཞིབ་ཏུ་དཔྱད་པ་གཏོང་སྐབས། དངོས་པོ་ཞིག་གི་ཚུགས་ཐུབ་ཀྱི་ངོ་བོ་བཙལ་ཡང་རྙེད་མི་ཐུབ་པ་ཇི་བཞིན། བདག་ངོས་འཛིན་བྱེད་ཀྱི་རྒྱུ་རྐྱེན་འདི་གཅིག་པུ་ཡིན་ཞེས་པ་ཞིག་ཡོད་ནས་མ་ཡིན་ནོ།། དེར་བརྟེན་ང་ཚོས་དཀའ་སྡུག་ཁུར་དུ་བླངས་ནས་སྲུང་ཞིང་ཤིན་ཏུ་གཅེས་པའི་རྩ་ཆེན་གྱི་བདག་ནི། མཐར་ཐུག་ན་ནམ་མཁའི་འཇའ་ཚོན་བཞིན་སྲ་ཚུགས་ཀྱིས་སྟོང་པ་ཡིན་པའི་མཇུག་སྡོམ་མི་འཇོག་ཀ་མེད་ཡིན། ང་ཚོར་མངོན་སུམ་དུ་སྣང་གི་ཡོད་པའི་དངོས་ཡོད་གནས་ལུགས་ནི།བློའི་རྟོག་བཏགས་ཤིག་ལས་དོན་དངོས་སུ་གྲུབ་པ་ཞིག་མ་ཡིན་ནམ་ཞེ་ན། དེ་ལྟར་མིན་ཞིང་། བྱ་དངོས་ཡོད་ཚད་རྟེན་འབྲེལ་གྱི་རང་བཞིན་དུ་གྲུབ་པ་ཞིག་ལས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་བདེན་ཆ་དང་ངོ་བོ་ཞིག་མེད་པར་བརྗོད་པ་ནི།བྱ་དངོས་རྣམས་གཏན་ནས་གྲུབ་པ་མེད་པའི་དོན་མིན་ཏེ། དཔེར་ན་སྒྲ་རྟག་འཛིན་གྱི་དམིགས་པ་སྒྲ་མི་འགོག་ཀྱང་དེའི་ཞེན་ཡུལ་སྒྲ་རྟག་པ་འགོག་པ་མི་འགལ་བ་བཞིན་ནོ།། ད་དུང་ང་ཚོས་རང་བཞིན་གྱིས་གྲུབ་པའི་ངོ་བོ་ཞིག་མེད་པའི་བདེན་པ་འདི།འཚོལ་ཞིབ་ཀྱི་བརྗོད་གཞིར་བཟུང་ནས་དེའི་དངོས་ཡོད་གནས་ལུགས་ཀྱི་རང་བཞིན་ལ་དཔྱད་པ་བཏང་ཚེ། ངོ་བོ་ཉིད་ཀྱིས་མ་གྲུབ་པའི་བདེན་པ་དེའང་རང་བཞིན་གྱིས་མ་གྲུབ་པ་ཞིག་ཡིན་པར་རྟོགས་ཤིང་། གནས་ལུགས་འདི་ནི་མཐའ་མེད་དུ་ཡར་འདེད་རུང་བའི་ཕྱིར། ཆོས་རྣམས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་ཞིག་མེད་པ་དེའང་ཐ་སྙད་ཀྱི་ལུགས་སུ་བཞག་པ་ཡིན་པའི་མཇུག་སྡོམ་མི་འཇོག་ཐབས་མེད་ཡིན། དེའི་ཕྱིར་སྟོན་པ་མཆོག་གིས“སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་ཕྱེ་ཞིང་། ། གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པ་འགའ་མེད་དེ། ། དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། ། རྟོག་པའི་དབང་གིས་འཇིག་རྟེན་རྣམས་བརྟགས་ཏེ།།[7]ཞེས་གསུངས་ལ། ཟླ་བའི་ཞབས་ཀྱིས་ཀྱང་“གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས།། བདག་གིས་བུ་འདི་སྐྱེད་ཅེས་སྨྲ་བྱེད་ཅིང་།། ཤིང་ཡང་བཙུགས་སོ་སྙམ་དུ་རྟོགས་དེས་ན།། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད།།”[8]ཞེས་གསུངས་པའི་ཕྱིར། ད་ལྟ་བ་ནི་ད་ལྟ་རང་ཡིན་ཞེས་བརྗོད་པར་ཆ་བཞག་ནའང་།།སྐད་ཆ་འདི་བཤད་མ་ཐག་ཏུ་སྐད་ཆ་འདིའི་བསྟན་དོན་ཡང་འདས་པར་གྱུར་ཡོད། གལ་ཏེ་འདས་མ་འོངས་གང་རུང་དུའང་མི་གཏོགས་པའི་དུས་སྐད་ཅིག་མ་ཞིག་ཡོད་པར་འདོད་ཚེ།དུས་ནི་རྣམ་པ་གསུམ་དུ་བགོས་པ་ལ་རྒྱུ་མཚན་ཅི་ཡང་མེད་པ་དང་། འདས་མ་འོངས་གང་ལའང་བགོ་མི་ཐུབ་པའི་ད་ལྟ་བའི་དུས་སྐད་ཅིག་མ་ཞིག་ཡོད་ན། དུས་ད་ལྟ་བ་ཁོ་ན་ལས་གཞན་མེད་ལ། ད་ལྟ་བ་ཞེས་པའི་དོན་སྤྱི་ཞིག་མེད་པར་འདས་མ་འོངས་ཀྱི་སྐོར་ལ་གླེང་རྒྱུ་དཀའ་ཞིང་།དུས་འདི་གཉིས་ད་ལྟ་བར་བརྟེན་ཡོད་པ་གསལ་པོ་ཡིན། དཔྱད་པ་འདིར་བརྟེན་ནས་ད་ལྟ་བ་ནི་མེད་པ་ཡིན་ཞེས་ཐག་བཅད་ན། འཇིག་རྟེན་འདིའི་ཐ་སྙད་ཀྱི་ལུགས་[9]ཙམ་དུ་མ་ཟད། རང་ཉིད་ཀྱི་མྱོང་བའང་ཁས་ལེན་བྱས་མེད་དེ། དུས་དང་འབྲེལ་བའི་སོ་སོའི་མྱོང་བ་ལ་དཔྱད་པ་གཏོང་སྐབས། འདས་པ་ནི་ཡལ་བ་དང་། མ་འོངས་པ་ནི་ད་དུང་བསླེབ་རྒྱུར་ལྷག་ཅིང་། སོ་སོའི་མྱོང་ཐུབ་པ་ནི་ད་ལྟ་བ་ཁོ་ན་ཡིན། དེའི་ཕྱིར་རྗེ་བདག་ཉིད་ཆེན་པོས། དེ་ལས་མ་བརྒལ་བའམ་མ་འདས་པ་ལ་ད་ལྟར་བར་བཞག་དགོས་པས་ད་ལྟར་བ་འདས་པ་ལ་མི་ལྟོས་པ་འགལ་ལ།དེའི་ཕྱིར་མ་འོངས་པ་ཡང་བརྒྱུད་ནས་འདས་པ་ལ་ལྟོས་དགོས་ཏེ་ད་ལྟར་དུ་མ་འོངས་པས་མ་འོངས་པར་བཞག་པའི་ཕྱིར་རོ།།”[10]ཞེས་དང་། ཟླ་བའི་ཞབས་ཀྱིས།དུས་གསུམ་པོ་དེ་དག་ཀྱང་ཕན་ཚུན་ལྟོས་པ་ཉིད་དུ་གནས་ཏེ།གཉིས་གཉིས་ལ་མ་ལྟོས་པར་རེ་རེ་མེད་པའི་ཕྱིར་རོ།།”[11]ཞེས་རྒྱ་ཆེར་གསུངས་སོ།།
དེས་ན་རིགས་པའི་དཔྱད་པ་བཅུག་ནས་ཕྱི་རོལ་གྱི་དོན་ལ་སོགས་པའི་ཀུན་རྫོབ་པ་རྣམས་བཀག་པ་ན་རིགས་པ་དེས་མི་རྙེད་པ་ཡིན་གྱི་ཁེགས་པ་ནི་མིན་ནོ།། ཞིབ་ལྟ་འདིས་ང་ཚོ་གང་ཞིག་ལ་བསྐྱལ་ཡོད་དམ།འདི་ལྟ་བུའི་ཞིབ་ལྟ་ནན་མོ་ཞིག་བྱས་ན།བྱ་དངོས་གང་ཞིག་ཡིན་རུང་སོ་སོའི་སྣང་ཚུལ་ལ་ལྟོས་ན་ཤིན་ཏུ་རྙོག་འཛིང་ཆེ་བ་གསལ་བོ་ཡིན། དཔེར་ན། ད་ལྟ་བ་ནི་ཡོད་པ་ཡིན་ཞེས་བརྗོད་ན།ཅུང་ཙམ་ཡིད་ཚིམ་པའི་མཐའ་སྡོམ་ཞིག་ཏུ་སྣང་ཡང་། ད་ལྟ་བ་ཡོད་ཚུལ་དེ་ཡུལ་གྱི་ངོས་ནས་དང་། ཡང་ན་ངོ་བོ་ཉིད་དུ་གྲུབ་པ་ཞིག་མིན་ལ།ད་ལྟ་བ་ནི་འདས་མ་འོངས་གཉིས་ཀར་བརྟེན་ནས་གྲུབ་ཡོད། དེ་བས་ན། སོ་སོའི་སེམས་མི་སྐྱིད་པའི་རྩ་བ་རྣམ་རྟོག་ལ་ཐུག་པ་དང་།རྣམ་རྟོག་གི་རྩ་བ་ཚོར་བ་བདེ་སྡུག་ལ་ཐུག ཚོར་བ་བདེ་སྡུག་ལ་འདོར་ལེན་བྱེད་པའི་ཆེད་དུ་རེ་དོགས་མང་པོ་ཞིག་གིས་བཅིངས་ནས་སེམས་རྩེ་གཅིག་ཏུ་མི་གནས་པ་རང་བཞིན་གྱིས་འབྱུང་བ་ཡིན། དེའི་ཕྱིར། ལྟོས་གྲུབ་གྱི་རིགས་པ་ནི་མི་ཤེས་པའི་ཟུམ་པ་བཅོམ་ཞིང་ཤེས་བྱ་ལ་བློ་རྒྱས་པས་ཐབས་ལམ་ཡག་ཤོས་དེ་ཡིན། དེའི་ཕྱིར། ཟླ་བའི་ཞབས་ཀྱིས།གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས།། རྟོག་པ་འདི་དག་བརྟག་པར་མི་ནུས་པ།། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི།། ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད།།[12]ཅེས་གསུངས་སོ།།
དངོས་ཁམས་རིག་པའི་ལྟོས་གྲུབ།
དཔྱད་ཞིབ་རིགས་འགའ་ཞིག་གི་ནང་ཆོས་གང་རུང་གི་ངོ་བོ་དེ་ཆ་ཤས་དང་ཆ་ཅན་གྱི་འབྲེལ་བར་བལྟོས་ནས་འཚོལ་དགོས་པ་དངོས་ཁམས་རིག་སྨྲ་དག་གི་ཡང་འདོད་དེ། «སེམས་དང་ཚེ་སྲོག»ཅེས་པའི་དེབ་ནང་ཨ་ལན་གྱིས“ད་ལྟ་ང་ཚོས་དཔྱད་པའི་རལ་གྲི་འདིའི་ཁ་ཡུལ་ཅན་སེམས་ཀྱི་ཕྱོགས་སུ་བསྐོར་ནས་སེམས་དེ་གང་དུ་ཡོད་དམ་ཞེ་ན། ང་ཚོས་སེམས་དང་སེམས་བྱུང་གི་སྐད་ཅིག་མ་མང་པོ་ཞིག་རྙེད་རྒྱུ་རེད།དེ་ཚོའི་ནང་གི་གང་ཞིག་དངོས་གནས་ཀྱི་སེམས་དེ་ཡིན་ནམ།ཁྱེད་ཀྱིས་སེམས་ཀྱི་བྱེ་བྲག་རྣམས་ལ་དཔྱད་པ་བཏང་ནས་སེམས་ཀྱི་སྤྱི་དེ་འཚོལ་སྐབས།སེམས་དེའང་རྙེད་རྒྱུ་མེད་པ་རྟོགས་རྒྱུ་རེད། སྐབས་འདིར་ཁྱེད་ཀྱིས་ཡུལ་གྱི་འཇིག་རྟེན་ཧྲིལ་པོ་མ་ཟད། ཡུལ་ཅན་གྱི་འཇིག་རྟེན་ཧྲིལ་པོའང་ཤུལ་མེད་བཟོས་ཡོད། ཅི་ཡང་ལྷག་མེད་པ་དང་ཁྱེད་ནི་ཆད་ལྟ་པ་ཞིག་ཆགས་ཡོད། དེ་མིན་ཁྱེད་ཀྱིས་ལྟ་ཚུལ་གཞན་ཞིག་འཚོལ་དགོས་རྒྱུ་རེད། དཔྱད་པ་འདི་ལ་འགྲེལ་བཤད་རྒྱག་སྟངས་གཞན་ཞིག་ཡོད།ཐ་ན་མཐར་གཏུགས་ཚེ་ཅི་ཡང་རྙེད་རྒྱུ་མེད་ཀྱང་། དེ་དང་དུས་མཚུངས་སུ་ང་ཚོའི་གླེང་བཞིན་པའི་ཆོས་རྣམས་ཀྱིས་དོན་བྱེད་བཞིན་པ་རེད།
དཔེར་ན་འོད་རྡུལ་གྱིས་ཚ་ཤུགས་ཀྱི་གནོད་འཚེ་རྒྱུད་ནས་ང་ཚོ་ན་རུ་འཇུག་གི་ཡོད། རྡུལ་ཕྲ་རབ་དེ་ཚོས་མི་རྣམས་ན་རུ་འཇུག་གི་ཡོད་ཀྱང་།དེ་དག་མེད་པ་རེད་ཅེས་བརྗོད་ན་གོ་རྒྱུ་ཅི་ཡང་མེད། ཡིན་ཡང་། བར་འདུམ་བདེ་པོ་ཞིག་བྱུང་ཡོད། དེ་ནི་དབུ་མའི་ལྟ་བ་ཡིན། དཔེ་ཞིག་བཀོད་ན། དངོས་ཁམས་རིག་པ་ནི་ནུས་སྟོབས་དང་བཀོལ་སྤྱོད་ཆེ་ཞིང་།རང་སྟེང་ནས་འགལ་འདུ་མེད་པའི་ང་ཚོའི་འཇིག་རྟེན་གྱི་འགྲེལ་བཤད་ཅིག་རེད། དེའི་ཐོག་ད་དུང་རྡུལ་ཕྲ་རབ་དང་། ཁོབ་རྡུལ། ཁྱབ་ཁོངས་ལྟ་བུའི་རྣམ་བཞག་ཚོར་མངོན་སུམ་གྱི་བདེན་དབང་རྙེད་ཡོད། གློ་རྡུལ་དང་སེམས་ལ་སོགས་པའི་ཆོས་རྣམས་ནི་ཐ་སྙད་དབང་དུ་བྱུང་བའི་མོས་མཐུན་འདིའི་རྒྱབ་ལྗོངས་ཀྱི་རྣམ་གཞག་གི་སྒྲོམ་གཞི་མགོ་རྔ་མཐུན་པ་ཞིག་གི་ནང་དངོས་ཡོད་ཡིན། ནང་པས་ལྟ་ཚུལ་འདི་ནི་མཐའ་གཉིས་སུ་མ་ལྷུང་བའི་བར་གནས་བདེ་པོ་ཞིག་ཏུ་མཐོང་ཞིང་། མ་མཐའ་ཡང་ང་ཚོའི་བློ་བདེ་པོ་ཡིན།”[13]ཞེས་བཀོད་འདུག་ལ་གོང་དུ་གླེང་བ་དེ་དག་ཁོན་ཏྲོམ་དངོས་ཁམས་རིག་པ་སྨྲ་བ་ཚོའི་བརྗོད་དོན་དང་ཆ་འདྲ་བ་ཡིན།
མཇུག་བསྡུ་བ།
ལྟོས་གྲུབ་རིག་པ་ཞེས་པའི་མིང་འདི་མགོན་པོ་ཀླུ་སྒྲུབ་“སྤྱི་ལོའི་དུས་རབས་གཉིས་པ་ནས་གསུམ་པ་བར”་ཀྱི་རིགས་ཚོགས་སོགས་ནང་ཆོས་ཀྱི་གསུང་རབ་ཁག་ཏུ་གསལ་བར་མངོན། ཁོན་ཏྲོམ་དངོས་ཁམས་རིག་པ་སྨྲ་བ་ཚོའི་བཤད་པའི་ལྟོས་གྲུབ་ཀྱི་རིག་པའང་ཡོད། འོན་ཀྱང་། བོད་ཀྱི་མཁས་པ་དག་གིས་ལྟོས་གྲུབ་ཀྱི་རིག་པའི་སྐོར་འཆད་སྐབས་ལྟོས་གྲུབ་ཀྱི་རིག་པར་ཕྲ་རགས་ཀྱི་ཁྱད་པར་མ་སྦྱར་བའི་དབང་གིས་ཐ་སྙད་ཚད་མ་གང་ཡིན་ངོས་འཛིན་དཀའ་བར་བཟོས་འདུག དེ་ནི་བོད་ཀྱི་མཁས་པ་དག་གིས་ལྟོས་གྲུབ་ཀྱི་རིག་པར་ཁྱད་པར་དེ་གཉིས་ཡོད་པ་མ་མཁྱེན་པ་ག་ལ་ཡིན། རྗེ་བདག་ཉིད་ཆེན་པོའི་ལྟ་བའི་ལེགས་བཤད་ཁག་ཏུ་ལྟོས་གྲུབ་ཀྱི་རིག་པ་ཕྲ་རགས་གཉིས་ཀྱི་རྣམ་བཞག་གསུངས་ཡོད་ལ།ཁོང་གིས་ལྟོས་གྲུབ་ཀྱི་རིག་པར་ཕྲ་རགས་གཉིས་ཡོད་པ་མཁྱེན་ཡོད་པར་མ་ཟད། བྱ་བྱེད་ལས་གསུམ་དུ་ཕྱེ་བའི་འཇིག་རྟེན་གྱི་ཐ་སྙད་ཕྲ་མོའི་རྣམ་བཞག་མཁྱེན་འདུག །
དེ་ལྟ་ན་གཞན་དག་གིས་ཀྱང་མཁྱེན་ཡོད་སྲིད་མོད། ད་ཐེངས་ལྟོས་གྲུབ་ཀྱི་རིག་པའི་སྐོར་འདོད་པ་ཁེངས་པ་ཞིག་འབྲི་དཀའ་སེ་བྱུང་། འོན་ཀྱང་«བཞི་བརྒྱ་པའི་རྒྱ་ཆེར་འགྲེལ།»དང«དབུ་མ་འཇུག་པ» «བསྟོད་པ་ལེགས་བཤད་སྙིང་པོ» «རྩ་ཤེའི་ཊཱིཀ་ཆེན» «ལམ་རིམ་འབྲིང་བ»«རྣམ་བཤད་དགོངས་པ་རབ་གསལ»བཅས་ལ་བརྟེན་ནས། ལྟོས་གྲུབ་ཀྱི་རིག་པ་ཞེས་པ་ཁྱད་པར་གསུམ་ལྡན་གྱི་ཐ་སྙད་ཚད་མར་ངོས་འཛིན་བྱེད་ཐུབ་པ་ཙམ་བྱུང་བ་འདི་ནི།རྩོ མ་ཡིག་འདི་འབྲི་དགོས་པའི་དམིགས་ཡུལ་ཡང་ཡིན་པས་དགའ་བ་སྒོམ་བཞིན་ཡོད་ལ།མདོར་ན་ཐ་སྙད་ཚད་གྲུབ་ཅེས་པ་ལྟོས་གྲུབ་ཀྱི་རིག་པའི་སྟེངས་ནས་བཞག་པར་འདོད་དོ།། མ་འོངས་པར་དཔྱད་ཡིག་གསར་བ་རག་ཚེ་ཁ་གསབ་ཞུ་འདོད་ཡོད། མཐར་བཀའ་དྲིན་ཞུ་ཡུལ་གཅིག་ཡོད་པ་ནི་འགུ་རུང་སྐལ་བཟང་ནོར་བུ་ལགས་ཡིན་ལ། ཁོང་གིས་རྩོམ་ཡིག་ལ་རིན་ཐང་ཅན་གྱི་དགོངས་འཆར་བཏོན་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
དཔྱད་ཡིག་དང་ཞབས་མཆན།
[1] འདིར་དངོས་ཡོད་གནས་ལུགས་ལ་སྒྲོ་འདོགས་སྐྱེ་བས་དགག་དགོས་ལ་འགོག་པའང་ཐོ་བས་བུམ་པ་བཤིག་པ་ལྟ་བུ་མིན་གྱི་མེད་པ་ལ་མེད་པར་ངོ་ཤེས་པའི་ངེས་ཤེས་བསྐྱེད་པ་སྟེ་མེད་པར་ངེས་པ་སྐྱེས་ན་ཡོད་པར་འཛིན་པའི་འཁྲུལ་ཤེས་ལྡོག་པ་ཡིན་ལ།དེ་བཞིན་དུ་རིགས་པས་བསྒྲུབ་པའང་ས་བོན་གྱིས་མྱུ་གུ་སྐྱེད་པ་ལྟར་དོན་སྔར་མེད་ཅིག་གསར་དུ་བསྒྲུབ་པ་མིན་གྱི་ཆོས་དེ་ཇི་ལྟར་ཡིན་པ་ལ་དེ་ལྟར་ཡིན་པར་ངོ་ཤེས་པར་བྱེད་པའི་ངེས་ཤེས་བསྐྱེད་པ་ལྟ་བུ་ཡིན།
[2] སྟོན་པ་ཤཱཀྱ་ཐུབ་པ་ལ་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ།རྗེ་ཙོང་ཁ་བ།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།སྤྱི་ལོ་༢༠༡༢ལོར་སྤར་དུ་སྐྲུན།ཤོག་གྲངས་198ནས་གསལ།འདིར་“རག་ལས་པ་”ཞེས་པ་ཞིབ་དཔྱད་བྱས་ན་རྒྱུ་རྐྱེན་ལ་རག་ལས་པ་ཁོ་ན་མ་ཡིན་གྱི་ཡུལ་ཅན་ཐ་སྙད་པའི་ཤེས་པ་ལ་གཞན་བྱས་ནས་དེའི་དབང་གིས་བཞག་པ་ཡིན་པས་ན་གཞན་ལ་རག་ལས་པ་ཞེས་ཀྱང་བྱའོ།།
[3] དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བའི་རྣམ་བཤད་རིགས་པའི་རྒྱ་མཚོ།རྗེ་ཙོང་ཁ་བ།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།༢༠༡༢ལོར་སྤར་དུ་སྐྲུན།ཤོག་གྲངས་30ནས་གསལ།
[4] ལམ་རིམ་འབྲིང་བ།སྐྱེས་བུ་གསུམ་གྱི་ཉམས་སུ་བླང་བའི་བྱང་ཆུབ་ལམ་གྱི་རིམ་པ་བཞུགས་སོ།།རྗེ་ཙོང་ཁ་བ།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།༢༠༡༢ལོར་སྤར་དུ་སྐྲུན།ཤོག་གྲངས་281-282བར་གསལ།
[5] འདི་ལ་འཇིག་རྟེན་པའམ་ཐ་སྙད་པའི་ཤེས་པ་ལ་ཇི་ལྟར་སྣང་ཞིང་གྲགས་པ་ལྟར་འཇུག་པ་ཞེས་བྱ་ལ།དེས་ན་འཇིག་རྟེན་གྱི་གྲགས་པ་ཇི་ལྟར་ཡིན་ན་འཇིག་རྟེན་རྒན་པོ་གྲུབ་མཐའ་དང་བྲལ་བ་ཁོ་ན་ལ་འདྲི་བ་མ་ཡིན་གྱི་རྒོལ་ཕྱི་རྒོལ་རྒྱུད་ཀྱི་མ་དཔྱད་པའི་བློའི་འཇུག་ཚུལ་ལ་ཇི་ལྟར་འདུག་བལྟས་པས་ཆོག་པ་ཡིན།ཤེས་པ་དེ་ལ་གྲགས་པ་ནི་སྣང་བའམ་མྱོང་བའི་ཐ་སྙད་འདོགས་པའི་གཞིར་གྱུར་པ་རྣམས་སོ།།འདི་ལ་དེ་ཉིད་ལ་མ་དཔྱད་པའི་ཤེས་པ་ཞེས་བྱ་ཡི་བརྟག་པ་ཡེ་མི་བྱེད་པ་མིན་ནོ།།
[6] རྣམ་བཤད་དགོངས་པ་རབ་གསལ།བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་བཞུགས་སོ།།རྗེ་ཙོང་ཁ་བ།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།༢༠༡༢ལོར་སྤར་དུ་སྐྲུན།ཤོག་གྲངས་130་ནས་གསལ།
[7] ཉེ་བར་འཁོར་གྱིས་ཞུས་པ།«རྣམ་བཤད་དགོངས་པ་རབ་གསལ། ཤོག་གྲངས་129ལས་དྲངས།
[8] དབུ་མ་ལ་འཇུག་པ་བཞུགས་སོ།།སློབ་དཔོན་ཟླ་བ་གྲགས་པ།གངས་ཅན་ཁྱད་ནོར་དཔེ་ཚོགས།པོད་ཕྲེང་ཉིས་བརྒྱ་སོ་གཅིག།ཤོག་གྲངས་72-73བར་གསལ།
[9] འདི་འཇིག་རྟེན་པའི་བློ་ལྷན་སྐྱེས་རང་དགའ་བ་ཡིན།འཇིག་རྟེན་གྱི་ཐ་སྙད་འདི་ལ་བྱ་བྱེད་ལས་གསུམ་དུ་ཕྱེ་བའི་འཇིག་རྟེན་གྱི་ཐ་སྙད་ཞིབ་མོའི་དབང་དུ་བྱས་པ་དང་།དེའི་ཚེ་དེ་ལྟར་ཁས་ལེན་པ་དང་འཇིག་རྟེན་གྱི་ཐ་སྙད་རགས་པའི་དོན་མི་གཅིག་པས་དབུ་མའི་གཞུང་གཞན་ལ་ལྟ་རོགས།
[10] དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བའི་རྣམ་བཤད་རིགས་པའི་རྒྱ་མཚོ།རྗེ་ཙོང་ཁ་པ།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།ཤོག་གྲངས་327-328བར་གསལ།
[11] བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ་བཞུགས་སོ།སློབ་དཔོན་ཟླ་བ་གྲགས་པ།གངས་ཅན་ཁྱད་ནོར་དཔེ་ཚོགས།པོད་ཕྲེང་ཉེར་གསུམ་པ།ཤོག་གྲངས་436ནས་གསལ།
[12] དབུ་མ་ལ་འཇུག་པ་བཞུགས་སོ།སློབ་དཔོན་ཟླ་བ་གྲགས་པ།གངས་ཅན་ཁྱད་ནོར་དཔེ་ཚོགས།པོད་ཕྲེང་ཉིས་བརྒྱ་སོ་གཅིག།ཤོག་གྲངས་92་ནས་གསལ།
[13] སེམས་དང་ཚེ་སྲོག།བསྟན་འཛིན་རིག་བཟང་གིས་བསྒྱུར།ཤོག་གྲངས་70-72བར་གསལ།
– – – – –