ཁམས་ཀྱི་ཚོང་འདུས་ཆེན་མོ་སྒྲུབ་མཆོད་དུས་ཆེན་གླེང་བ།

0
65

ནང་དོན་གནད་བསྡུས། རི་བོ་ཆེའི་ཆོས་འབྱུང་ཡིག་ཆ་ཁག་དང་སྲོལ་རྒྱུན་དུས་ཆེན་འདིའི་མཐོང་བ་བརྒྱུད་པའི་རིམ་པ་རྣམས་ལ་གཞི་བཅོལ་ཏེ་རི་བོ་ཆེའི་སྒྲུབ་མཆོད་དུས་ཆེན་གྱི་བྱུང་རིམ་དང་རིག་རྩལ་གྱི་རྣམ་གྲངས་སོགས་གཙོ་བོར་བརྗོད་པའི་སྒོ་ནས་དུས་ཆེན་འདི་ཉིད་ཀྱིས་རི་བོ་ཆེའི་ལོ་རྒྱུས་མཚོན་ཚུལ་དང་། དཔལ་འབྱོར་དང་རིག་གནས་སོགས་ཀྱི་དར་རྒུད་དང་ཐད་ཀར་འབྲེལ་བ་ཡོད་པའི་སྲོལ་རྒྱུན་གྱི་ཚོང་འདུས་གལ་ཆེན་ཞིག་ཡིན་ཚུལ་གླེང་ཡོད།

ཐ་སྙད་གཙོ་བོ།  རི་བསྟོད།  བྲོ་ཆེན།  རས་པ། རིག་རྩལ།  ཉོ་ཚོང་། 

གླེང་གཞི།

དེ་ཡང་སྟག་ལུང་མར་ཐང་རི་བོ་ཆེ་དགོན་པའི་ཁྲི་རབས་དང་པོ་སངས་རྒྱས་དབོན་(༡༢༥༡—༡༢༩༦)གྱིས་སྐུ་གསུང་ཐུགས་རྟེན་མང་པོ་བཞེངས་ནས་དེ་དག་ལ་ཡོན་གྱི་རྫོང་བ་དང་འབྲེལ་བའི་དགའ་སྟོན་རྒྱ་ཆེན་པོ་མཛད། ཡོན་གྱི་དངོས་པོ་ཁྱེར་མི་བདེ་བ་རྣམས་ས་གནས་ཀྱི་མི་ལ་ཁྱེར་བདེ་བའི་དངོས་པོ་དང་བརྗེ་བའི་སྲོལ་དར་ཏེ།   “འདོད་དགུའི་ལོང་སྤྱོད་ཀུན་གྱི་གཏེར་སྒོ་ཕྱེས།    །འཁོར་ལོའི་བསྒྱུར་འདྲ་ཁྱེད་ལ་གསོལ་བ་འདེབས”། །[1]ཞེས་པའི་བསྟོད་ཚིག་འདི་བྱུང་། ཁོང་གིས་གཙུག་ལག་ཁྲ་འཁྱིལ་མའི་ས་འདུལ་མཛད་ཅིང་དེ་ཉིད་ཇི་ལྟར་བཞེངས་ཚུལ་གྱི་ཞལ་བཀོད་ཡིག་ཆའང་བྲིས་ནས་བཞག་མཛད་པ་རེད།

དེ་རྗེས་ཁྲི་རབས་གཉིས་པ་ཆོས་སྐུ་ཨོ་རྒྱན་མགོན་པོས་(༡༢༩༣—༡༣༦༦)སངས་རྒྱས་དབོན་གྱི་བཀའ་ཤོག་གཞིར་བཟུང་ནས་སྤྱི་ལོ ༡༣༢༧ ལོར་བཀྲ་ཤིས་ལྷུན་པོ་འཛམ་གླིང་རྒྱན་ནམ་གཙུག་ལག་ཁྲ་འཁྱིལ་མ་ལེགས་པར་གྲུབ་པ་དང་། སངས་རྒྱས་དབོན་གྱིས་བཞེངས་པའི་སྐུ་གསུང་ཐུགས་རྟེན་གཙོ་ཆེ་བ་རྣམས་གཙུག་ལག་ཁང་གི་ནང་རྟེན་དུ་གདན་དྲངས་ཤིང་། ༡༣༢༨ ལོར་ཕྱིའི་གཙུག་ལག་ཁང་དང་ནང་གི་རྟེན་གསུམ་བཅས་ལ་རབ་གནས་དང་བཀྲ་ཤིས་གསེར་སྟོན་གྱི་མཛད་སྒོ་ལྷན་གཅིག་ཏུ་སྤེལ།

མཛད་སྒོ་དེའི་སྐབས་སུ་ཐོག་མར་ཡར་ལྷ་སྲུང་ལ་མཆོད་བསྟོད་དང་། བཟོ་བོ་རྣམས་ལ་ཡོན་དང་སྟོན་མོའི་དགའ་སྟོན་རྒྱ་ཆེར་བྱས་ཤིང་། ཡུལ་མི་དག་གིས་གནའ་བོའི་བྲོ་ཆེན་དང་རས་པའི་ཞབས་བྲོ་སོགས་འཁྲབ་སྟེ་རིག་རྩལ་སྣ་ཚོགས་ཀྱི་ལྟད་མོ་བསྟན།  བཟོ་བོ་རྣམས་ནས་ཡོན་འཁྱེར་མ་ཐུབ་པ་རྣམས་ཉིན་དུ་མའི་བར་ཚོང་འདུས་སུ་བཤམས་པ་ལས། རི་བོ་ཆེ་པ་གཙོ་བོར་གྱུར་པའི་ནང་ཆེན་དང་། སྟེང་ཆེན། ལྷོ་རོང་། དཔའ་ཤོད། ཆབ་མདོ་སོགས་ཉེ་འཁོར་གྱི་ས་གནས་ཁག་གི་ཚོང་པ་དང་ལྟད་མོ་བ་མང་པོ་འདུས་ཤིང་། ལས་བཟོ་བའི་ནང་དུའང་རྒྱ་ནག་དང་རྒྱ་གར། བལ་ཡུལ། སོག་པོ། དབུས་གཙང་ཁམས་གསུམ་གྱི་མི་སྣའང་མང་པོ་ཡོད་པ་ཡིན་ཕྱིར་མི་རིགས་མང་པོ་ལྷན་དུ་འདུས་པའི་ཚོང་འདུས་དམིགས་གསལ་བ་ཞིག་ཏུ་གྱུར། དེ་ནས་བཟུང་ལོ་རེ་བཞིན་ཆད་མེད་དུ་སྤེལ་ཏེ་དར་རྒྱས་རྒྱུན་གནས་བྱུང་བ་ལས།       དབུ་ཚུགས་པའི་དུས་ཚོད་ཀྱི་ཆ་ནས་དྲུག་པའི་བཅོ་ལྔ་དང་། བྱུང་བའི་ཆ་ནས་སྒྲུབ་མཆོད་ཆེན་མོ། རྣམ་པའི་ཆ་ནས་སྒྲུབ་མཆོད་ཚོང་འདུས་ཆེན་མོ་སོགས་སུ་འབོད་པའི་དུས་ཆེན་ཞིག་ཏུ་གྱུར།

ལོ་རྒྱུས་ཐོག་ཁམས་ཕྱོགས་སུ་འདི་ལྟ་བུའི་རྒྱུན་རིང་ལ་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པའི་དུས་ཆེན་ཞིག་བྱུང་མྱོང་མེད་པའི་ཚོད་དུ་ཡོད་ལ།  ད་ལྟའི་ཆེར་དུས་ཆེན་འདི་ཉིད་ ༢༠༡༦ ལོར་གྲོང་ཁྱེར་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་གྲལ་དུ་ཚུད་པ་དང་། ༢༠༢༦ལོའི་ཟླ་༤པའི་ནང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབས་ཀྱི་གྲས་སུ་ཚུད་པ་རེད།

འོག་ནས་སྒྲུབ་མཆོད་ཚོང་འདུས་ཆེན་མོའི་བྱེད་སྒོ་ཁག་གི་ངོ་སྤྲོད་མདོར་བསྡུས་རེ་བྱ་རྒྱུ་ཡིན་པས། དེ་དག་ལ་ཞིབ་པར་གཟིགས་ན། དུས་ཆེན་འདིའི་བྱ་བའི་རིམ་པ་དང་། སྒྱུ་རྩལ་གྱི་རྣམ་གྲངས་སོགས་ལ་རྒྱུས་ལོན་རག་ཙམ་ཡོང་རྒྱུར་ཕན་ཐོག་ཡོད།

ཀ།  སྒྲུབ་མཆོད་ཚོང་འདུས་ཆེན་མོའི་སྔོན་འགྲོ་སྟེ་རི་བསྟོད།

དེ་ཡང་ ༡༣༢༨ ལོར་གཙུག་ལག་ཁང་ཁྲ་འཁྱིལ་མ་ལེགས་གྲུབ་ཀྱི་བྱེད་སྒོར། རི་བོ་ཆེའི་སྐྱ་སེར་ཐུན་མོང་ནས། དང་པོ་རི་བོ་ཆེའི་ཡུལ་གྱི་སྲིད་པའི་ལྷ་སྲུང་དམག་དཔོན་དབྱི་རྒྱལ་རིན་ཆེན་ནམ་དབྱི་ཆེན་རབ་རྔེ་[2]གཙོ་བོར་བྱས་ཏེ། བོད་ཁམས་ཀྱི་ཡུལ་ལྷ་རྣམས་ལ་བསང་གསོལ་དང་ལྷ་མཆོད་ཀྱི་ཆོ་ག་རྒྱས་པ་ཞིག་བྱས་པར་གྲགས་ཤིང་། རི་བོ་ཆེ་པའི་མི་རྣམས་ནས་འདི་ལ་རི་བསྟོད་ཅེས་ཟེར། དེ་ནས་བཟུང་སྟེ་ད་ལྟའི་བར་དུ་རི་བསྟོད་ཀྱི་ཆོ་ག་འདིའང་ཆད་མེད་དུ་སྤེལ་རྗེས། གཞི་ནས་ལོ་རྒྱུས་རིང་བའི་རི་བོ་ཆེའི་སྒྲུབ་མཆོད་ཆེན་མོ་དངོས་སུ་དབུ་འཛུགས་པ་ཡིན་སྟབས། འོག་ནས་རི་བསྟོད་དང་འབྲེལ་བའི་གྲ་སྒྲིག་གི་སྐོར་ངོ་སྤྲོད་ཉུང་བསྡུས་ཤིག་ཞུ་རྒྱུ་ཡིན།

༡ གཏོར་སྐུ།

གཏོར་སྐུ་ནི། ཤུག་པ་སོགས་ཤིང་ལེབ་མི་གཟུགས་ཙམ་པ། རྩེ་མོ་ཟུར་གསུམ་དང་།  མདུན་ངོས་སུ་ནོར་བུ་དང་། ཉི་ཟླ། འབྲུག། སེང་གེ། ཁྱུང་། གཟི། སྟག་སྒམ་དང་གཟིག་སྒམ། ཤ་གནའ་སོགས་རི་དྭགས། རྟ་གཡག་སོགས་སྒོ་ཕྱུགས། སྟག་སོགས་གཅན་གཟན། མདའ་མདུང་ཁྲབ་རྨོག་གོ་མཚོན་སོགས། མཆོད་རྫས་དང་བསྐང་རྫས་སྣ་ཚོགས་ཀྱི་རི་མོས་བརྒྱན་པ་དང་། རྒྱབ་ངོས་སུ་ཡུལ་ལྷ་སོ་སོའི་གཟུང་སྔགས་དང་བདེན་བདར་གྱི་ཚིག་རྣམས་བྲིས་པ་ཞིག་ཡིན་ལ།  སྲུང་མའམ་གཞི་བདག་དེ་ཉིད་ལྷ་ཀླུ་གཉན་གསུམ་གང་གི་རིགས་སུ་གཏོག་པ་ཡིན་ན་དེ་དང་འཚམ་པའི་མཆོད་རྫས་དང་བསྐང་རྫས་འབྲི་སྲོལ་ཡོད།

སྔར་དུས་གོ་མཚོན་སོགས་དངོས་སུ་འབུལ་བའི་སྲོལ་ཡོད་པས། ད་ལྟ་ཡང་གསས་མཁར་འགྲམ་གྱི་རྫ་གསེབ་དག་ནས་ཁྲབ་བྱང་སོགས་རྙེད་དུ་ཡོད་མོད། དེང་སང་གཏོར་སྐུའི་ངོས་ཀྱི་རི་མོ་དང་གཟུགས་སོགས་ཀྱིས་མཚོན་པར་བྱེད་པ་ཡིན། གཏོར་སྐུ་ནི་འབྱོར་མཁན་རྣམས་ནས་སོ་སོས་ཁྱེར་ནས་ཡོང་ཡང་ཆོག་ཅིང་། གསས་མཁར་ཁ་གསོའི་སྐབས་རྟེན་དུ་འཛུགས་རྒྱུ་ཡིན།

གཏོར་སྐུའམ་དེའི་ངོས་ཀྱི་རི་མོ་དང་ཡི་གེ་རྣམས་ཀྱི་དགོས་དམིགས་ནི། ཡུལ་ལྷ་རྣམས་ལ་གང་དགོས་པའི་མཆོད་པ་དང་། བསྐང་བ། གཟེངས་བསྟོད། དམ་ཚིག་བགོ་བ་སོགས་ཀྱི་ཕྱིར་ཡིན་ཞིང་། སྔར་གྱི་རྒྱལ་པོ་རྣམས་ལ་དཔྱ་ཁྲལ་དུ་འབུལ་དགོས་པ་རྣམས། ད་ལྟ་གསོལ་ཆོག་རྣམས་སུ་བྲིས་ནས་གསོལ་མཆོད་ཀྱི་ཆོ་གའི་རྣམ་པར་གྲུབ་པ་ཞིག་ཡིན།

༢ གཏེར་བུམ།

གཏེར་བུམ་ནི། རྫ་དང་དཀར་ཡོལ་སོགས་ཀྱིས་གྲུབ་པའི་བུམ་པ་ཟླུམ་དབྱིབས་ཅན་ཞིག་ཡིན་ལ། ནང་དུ་ཟས་ཀྱི་སྙིང་པོ་འབྲུ་སྣ་དང་། རྩི་ཤིང་གི་སྙིང་པོ་སྨན་སྣ། གཏེར་གྱི་སྙིང་པོ་རིན་པོ་ཆེའི་རིགས། གོས་ཀྱི་སྙིང་པོ་དར་ཟབ། ཆོས་ཀྱི་སྙིང་པོ་གཟུང་སྔགས་སོགས་ཀྱིས་བསྐངས་ཤིང་། ཕྱི་ངོས་སུ་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་སོགས་ཀྱི་རི་མོས་ལེགས་པར་བརྒྱན་རྗེས། ཁ་དར་གྱིས་བཏུམ་ནས་ཡོད་པ་ཞིག་ཡིན། དེ་ཡང་ཡུལ་ལྷ་སོ་སོ་དང་ཆོ་ག་སོ་སོའི་དབང་གིས་གཏེར་བུམ་ལ་ཡང་ཅུང་ཟད་མི་འདྲ་བ་སྣ་ཚོགས་ཡོད།

གཏེར་བུམ་ལ་གནོད་སྦྱིན་བུམ་པ་དང་། ས་བདག་བུམ་པ། ཀླུ་བུམ་སོགས་ཡོད་པ་ལས། རི་བསྟོད་སྐབས་ཀྱི་གཏེར་བུམ་ནི་རིག་གཉིས་ཏེ།  ས་ནོར་སྦྲག་མ་དང་། ཀླུ་བུམ་གཉིས་ཡིན།

གཏེར་བུམ་དེ་རི་བསྟོད་སྐབས་གསས་མཁར་ནང་དུ་སྦ་བ་དང་། མཚོ་བསྟོད་སྐབས་མཚོ་ནང་དུ་གཏོང་བ་སོགས་བྱེད་ཅིང་།  དེ་ནི་ས་བཅུད་ཡུལ་བཅུད་ཉམས་པ་གསོ་བ་དང་། བྲི་བ་སྐོང་བ། མི་ཉམས་ཡུན་དུ་གནས་པའི་ཆེད་དུ་ཡིན།

གཏེར་བུམ་དང་དེའི་ནང་གི་བུམ་རྫས་རྣམས་བསྡུ་རུག་བྱེད་པ་དང་ནང་དུ་བླུག་པའི་སྐབས་ཀྱི་ཆོ་གའི་གོ་རིམ་ཚང་བར་བྱས་ཏེ།   གཏོར་སྐུ་གཏེར་བུམ་མཉམ་དུ་སྒྲུབ་པ་སོགས་དཔྱིད་དུས་སྔ་ཙམ་ནས་རི་བསྟོད་ཀྱི་གྲ་སྒྲིག་ཚགས་སུ་ཚུད་པ་བྱེད་དགོས།

༣ དར་ཐག།

དར་ཐག་ནི་བལ་དཀར་བསྒྲིམས་པའི་ཐག་གུ་བཞི་འདོམ་བཅུ་ཡར་མར་ཙམ་དང་། བལ་ཐག་གི་རྒྱུད་དུ་བལ་ཚལ་སྣ་ཚོགས་བཏགས་ནས་ཁྲ་སིང་སིང་དུ་བྱས་པ་ཞིག་ཡིན་ལ། རི་བསྟོད་སྐབས་འདི་གསས་མཁར་ལ་དཀྲིས་ཏེ་རང་རང་གི་ཡུལ་ཕྱོགས་སུ་འཐེན་པར་བྱེད། གལ་ཏེ་འཐེན་པ་བཟང་ནས་གསས་མཁར་གྱི་རྩེ་མོ་རང་རང་གི་ཡུལ་ཕྱོགས་ཡོ་བ་བྱུང་ན། ལོ་དེར་ཡུལ་ཕྱོགས་དེར་བཀྲ་ཤིས་བདེ་ལེགས་འབྱུང་བར་ལྟ། དེ་ལྟའི་དར་ཐག་ནི་དམུ་ཐག་གི་དོན་དང་འདྲ་ལ། ལྷ་དང་མིའི་འབྲེལ་ཟམ་དུ་གོ་བ་ཡིན།

སྔ་ལོའི་དར་ཐག་རྙིང་པ་རྣམས་སོ་སོའི་ཁྱིམ་དུ་ཁྱེར་ནས་མདུད་པ་བཏབ་ཏེ་སྒོ་ཕྱུགས་སོགས་ལ་བཏགས་ན་གཡང་འཁོར་བར་བཤད་ཅིང་། དེ་བཞིན། གསས་མཁར་ཟུར་གྱི་ཁྲབ་བྱང་དང་། བླ་རྡོ་ཞེས་པ་རྡོ་ནག་པོ་ཟུར་གསུམ་རྩེ་མོ་གསུམ་པ་ཅན་སོགས་རྙེད་ན་ཁྱིམ་དུ་ཁྱེར་ནས། ཁྲབ་བྱང་ལུས་ལ་བཏགས་ནས་རྐྱེན་ངན་དང་བར་ཆད་མི་འབྱུང་བ་དང་། རྡོ་མར་སྒམ་དུ་བཞག་ན་དཀར་དང་ནོར་འཕེལ་བར་བཤད། གསེས་མཁར་ནང་དུ་ཡང་རྒྱུན་བཞུགས་བླ་རྡོ་དེ་འདྲ་ཅུང་ཆེ་བ་ཞིག་ཡོད་ལ། རི་བསྟོད་སྐབས་ཆོ་ག་དང་བཅས་གསེས་མཁར་ལས་བཏོན་ནས་གཞི་བཤམས་སར་བཞུགས་རྗེས། ཆོ་ག་གྲུབ་པ་དང་སླར་གསས་མཁར་དུ་བཞུགས་སུ་གསོལ་བ་ཡིན།

༤ རྩེ་རྒྱན།

རྩེ་རྒྱན་ནི། གསར་དུ་བཅད་པའི་ཤུག་རློན་མི་གཟུགས་གཅིག་གཉིས་ཙམ་པ་ཞིག་ཡིན་ལ། དེའི་སྟེང་དུ་དར་གོས་དང་བལ་ཚར་སོགས་བཏགས་ནས་གསས་མཁར་གསོ་སྐབས་གཏོར་སྐུ་མཉམ་དུ་གཞུག་རྒྱུ་གཙོ་བོའི་གྲས་ཡིན་པས། རི་བསྟོད་དུ་ཡོང་མཁན་རྣམས་ཀྱིས་རང་རང་གི་ཡུལ་དང་རི་འདབས་སོགས་ནས་བཏུས་ཏེ་འཁྱེར་ཡོང་དགོས་པ་ཡིན།

༥ བསང་ཤུག།

བསང་ཤུག་ནི། ཤུག་པའི་ལོ་མ་སྟེ། རི་བསྟོད་ཀྱི་ཆོ་གའི་དབུ་ཚུགས་པ་ནས་མཇུག་ཡོངས་སུ་གྲུབ་པའི་རྗེས་ཀྱི་བར་དུ་གཏོང་དགོས་པ་ཡིན། དེ་ཡང་ངེས་པར་དུ་གསར་པ་དང་གཙང་མ། ལམ་ལྟག་ནས་བཏུས་པ་ཞིག་ཡིན་དགོས་ལ། གཡུ་ཤུག་གི་ལོ་མ་བདུག་པའི་དྲིས་ལྷ་འབོད་པ་དང་། མནོལ་དང་གྲིབ་བསང་བར་བྱེད་པ་ཡིན་ཞེས་ཟེར།

༦ ཇ་ཕུད་འོ་ཕུད་དང་ཆང་ཕུད།

ཇ་ཕུད་ནི། ཇ་བསྐོལ་བའི་ཁུ་བ་དང་པོ་ཚྭ་མ་བཏབ་པ་ཞིག་ཡིན་ལ། འོ་ཕུད་ནི། བཞོས་པའི་འོ་མ་ལས་བླངས་པའི་དང་པོ་ཡིན།  ཆང་ཕུད་ནི།  ཆང་བསྲིང་བའི་དང་པོ་ཡིན་ལ་དེ་རྣམས་བཏུང་བའི་ཚབ་ཀྱི་མཆོད་རྫས་ཡིན།

༧ ཡོས་བཀྲ།

ཡོས་བཀྲ་ནི། ནས་བརྔོས་པའི་ཡོས་ཁྲ་བོ་དང་། བསྲེགས་ནས་ནག་པོར་སོང་བ་གཉིས་བསྲེས་པ་ཞིག་ཡིན་ལ། མིང་གཞན་ལ། ཤེལ་ཚིག་ཀྱང་ཟེར། འདི་དང་། ཇ་ཆང་འོ་ཕུད། བསང་ཤུག།  ཕྱེ་མར།   འབྲུ་སྣ་བཅས་ནི་བསང་མེར་གཏོང་རྒྱུའི་བསང་རྫས་ཀྱི་གྲས་ཡིན། ཡིག་ཆ་རྣམས་སུ་འདི་དག་ལ་བསང་རྩིའང་ཟེར།

8.གྲ་སྒྲིག་ཚོ་ཆུང་དང་བླ་གྲྭ་གདན་ཞུ།

གྲ་སྒྲིག་ཚོ་ཆུང་ནི། ད་ལྟའི་ཁྲ་མོ་གླིང་ཡུལ་ཚོའི་དུང་རི་མའི་སྡེ་པ་ཐུན་མོང་ནས་ཡིན་ཞིང་། གྲོང་པ་ཆུང་ངུ་གཉིས་རེ་དང་རེ་རེ་བྱས་ཏེ་རེས་འཁོར་གྱིས་དུད་མི་རེ་འགྲོ་དགོས་ཤིང་། བོད་ཟླ་ ༦ ཚེས་ ༡༡ ཉིན་ནས། ལོ་དེའི་གྲ་སྒྲིག་ཚོ་ཆུང་ནས་དབྱི་རྒྱལ་རིན་ཆེན་གྱི་རི་སྐེད་དུ་སྒར་འདེབས་པ་དང་། ཆུ་ལེན་པ། བསང་ཤུག་འཐུ་བ་སོགས་བྱེད་ལ། ཚེས༡༢ཉིན་རི་བོ་ཆེ་དགོན་གྱི་བླ་གྲྭ་བཅུ་ཁ་ཡར་མར་སྒར་ཐོག་ཏུ་འདན་འདྲེན་དང་། སྒར་འདེབས། དབྱི་རྒྱལ་རི་རྩེར་སང་ཉིན་གྱི་ཆོ་ག་བྱེད་པའི་གྲ་སྒྲིག་ཚགས་སུ་ཚུད་པ་བྱེད་དགོས་ཤིང་།  དབྱི་རྒྱལ་རིན་ཆེན་གྱི་ནང་བློན་གཙོ་བོ་ཨ་མགོན་མིའུ་ཐུང་ཡང་ཕྱི་དྲོ་དེར་བསྟོད་སྲོལ་ཡོད།

  9.རི་བསྟོད་དངོས།

རི་བསྟོད་ཀྱི་དབུ་དངོས་ནི། སྒྲུབ་མཆོད་ཚོང་འདུས་ཆེན་མོ་དངོས་སུ་མ་ཚུགས་པའི་སྔོན་ཏེ། ལོ་རེའི་བོད་ཟླ་དྲུག་པའི་ཚེས༡༣ཉིན་དང་། རི་བསྟོད་ཀྱི་ནང་ནས་གཙོ་བོ་བསྟོད་དགོས་པ་ནི་དབྱི་རྒྱལ་རིན་ཆེན་ཡིན་པས། ཉིན་དེའི་ནམ་མ་ལངས་གོང་ནས་། བླ་གྲྭ་དང་གྲ་སྒྲིག་ཚོ་ཆུང་རྣམས་ཀྱིས་ཆོ་གར་དགོས་པའི་ཅ་ལག་རྣམས་ཁྱེར་ཏེ་དབྱི་རྒྱལ་གྱི་རི་རྩེར་འཛེགས་པ་དང་། བླ་གྲྭ་རྣམས་ནས་ཆོ་གའི་གཏོར་མ་དང་གཞི་སོགས་སྒྲིག་པ་དང་། གྲ་སྒྲིག་ཚོ་ཆུང་ནས་ཞོགས་ཇ་སྐོལ་བ་དང་དེ་དག་ལ་གང་དགོས་ལག་རོགས་ཀྱིས། རྩེ་མོ་གནམ་ལ་ཟུགས་པའི་རི་རྩེར། བསང་དུད་ལང་ལོང་འཕྱོ་བའི་འོག་ནས་<སྟག་ལུང་བསང་ཆེན་>[3]གྱི་འདོན་རྟ་རྔ་རོལ་གྱི་དབྱངས་རྟ་དང་འགྲོགས་ནས་ཆོ་གའི་དབུ་དངོས་སུ་འཛུགས་པ་དང་།  རི་བོ་ཆེའི་ཕྱོགས་གང་ས་ནས་རི་བསྟོད་དུ་འབྱོར་བའི་མགྲོན་པོ་རྣམས་ནས་ཀྱང་། འོ་ཕུད་དང་། བསང་ཤུག། དར་ཐག། རྩེ་རྒྱན་སོགས་ཁྱེར་ནས་གཅིག་རྗེས་གཉིས་མཐུད་ཀྱིས་རི་རྩེར་སླེབས་ཡོང་།

གྲ་སྒྲིག་རུ་ཁག་གིས་སྔ་མོ་ནས་རི་བོའི་མགུལ་སྐེད་དུ་ཇ་གར་མོ་བསྐོལ་ནས། ཕྱོགས་ཀྱི་མགྲོན་པོ་རྣམས་ལ་ཚ་འབོགས་རྒྱག་ས་གྲ་སྒྲིག་གནང་ཡོད་ལ། སྔར་དུས་ཡིན་ན། འདི་རུ་གྲ་སྒྲིག་ཚོ་ཆུང་གིས་ལུག་བཤས་ཏེ། ཤ་རྒྱུས་མགྲོན་པོ་རྣམས་ལ་གསོལ་བ་གྲ་སྒྲིག་བྱེད་སྲོལ་ཡོད་པར་བཤད་ཅིང་། སྒང་ཁ་འདིའི་མིང་ལའང་གསོལ་ཐབ་སྒང་ཞེས་འབོད། འོན་ཀྱང་ད་ཆར་ལུགས་སྲོལ་དེ་དག་མེད་ནའང་། ཇ་གར་མོ་འཐུང་རྒྱུ་ཡོད་པས་མགྲོན་པོ་རྣམས་ནས་འདིར་དབུགས་ངལ་གསོས་རྗེས་གསས་མཁར་གྱི་ཕྱོགས་སུ་འཛེགས་ཆོག་པ་ཡིན།

བླ་གྲྭ་རྣམས་ཀྱིས་ཆོ་ག་འདོན་ཅིང་། རི་བསྟོད་པ་གཞན་རྣམས་ནས་བསང་སྐོར་བྱེད་པ། ཁྲབ་བྱང་དང་བླ་རྡོ་འཚོལ་བ། རི་ལྟས་ལྟ་བ་སོགས་བྱེད། ཉིན་གུང་ཡོལ་ཙམ་ན། ཆོ་ག་ཕལ་ཆེར་གྲུབ་ཅིང་། དར་ཐག་འཐེན་པ་དང་། གཏོར་མ་འགྱོགས་པ། ཕྱེ་མར་མཆོད་པ་དང་ཟ་བ་སོགས་བྱས་རྗེས་ཆོ་ག་གྲོལ།  དགོང་མོ་སྒར་ཐོག་ཏུ་ལོག།

ཉིན་འདི་ནས་རི་བོ་ཆེའི་ཡུལ་སོ་སོའི་སྲུང་མ་ཕལ་མོ་ཆེ་ཡང་ཡུལ་སོ་སོས་བསྟོད་ཅིང་། རི་རྩེ་ནས་བལྟས་ན་ག་ས་གང་ནས་བསང་དུད་ཀྱི་དུ་བ་སྔོ་རྒྱང་ངེར་གནམ་ལ་ཟུག་པ་མཐོང་རྒྱུ་ཡོད།

རི་བསྟོད་ཀྱི་ཆོ་ག་འདི་གནའ་བོའི་བོན་གྱི་ལུགས་སྲོལ་ལ་ནང་ཆོས་ཀྱི་སྲོག་སྙིང་ཞུགས་པའི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཡིན་པས་འདི་ལ་བན་བོན་ཟུང་འབྲེལ་གྱི་ཁྱད་ཆོས་ཕུན་སུམ་ཚོགས་ཤིང་ས་བཅུད་ཡུལ་བཅུད་གསོ་བ་དང་ཚེ་བསོད་དབང་ཀླུང་དར་བའི་ནང་དོན་ཆེན་པོ་ལྡན་ཡོད།

དེ་ནས་ཚེས༡༤ཉིན། དབྱི་རྒྱལ་གྱི་བཙུན་མོའི་བླ་མཚོ་མཚོ་བཀྲ་མ་དང་། ཆིབ་རྫི་མ་སོགས་རིམ་བཞིན་བསྟོད། གཡས་རིའི་ཕྱོགས་ཀྱི་གོ་པའམ་སྒོད་པད་གཡག་ཟེ་ནི། མཚོ་བཀྲ་མའི་ཞོལ་གྱི་གསས་མཁར་ལས་མདུན་བསྟོད་བྱེད། ཉིན་འདིའི་དགོང་མོར་བླ་གྲྭ་རྣམས་དགོན་པར་སྐྱེལ་བ་དང་། གྲ་སྒྲིག་པ་རྣམས་ཀྱང་སོ་སོའི་ཡུལ་དུ་ལོག་ནས། དྲུག་པའི་བཅོ་ལྔའི་རི་སྐོར་དང་སྒྲུབ་མཆོད་ཆེན་མོ་དངོས་སུ་དབུ་འཛུགས་ཀྱི་བྱེད་སྒོར་ཞུགས་པའི་གྲ་སྒྲིག་བྱེད་དགོས།

ཁ།  སྒྲུབ་མཆོད་ཆེན་མོ་དངོས་སུ་དབུ་འཛུགས་པ།

༡ རི་སྐོར།

ཚེས ༡༥ ཉིན་ནི། རི་བོ་ཆེའི་ཐག་ཉེ་རིང་གི་མི་ཚོགས་ཆེས་མང་པོ་མཉམ་དུ་འདུས་པའི་དུས་ཚོད་ཅིག་སྟེ། ཉིན་འདི་ནི་རི་བོ་ཆེའི་སྒྲུབ་མཆོད་ཆེན་མོ་དངོས་སུ་དབུ་འཛུགས་པའི་ཉིན་མོ་ཡང་རེད།  ཉིན་འདིར་བྱེད་སྒོ་གལ་ཆེན་གསུམ་ཡོད་པ་ནི།  རྒྱབ་རི་བསྐོར་བ་དང་།    རྒྱབ་རི་བསྟོད་པ།   བྲོ་ཆེན་འཁྲབ་པ་གསུམ་རེད།

ཉིན་དེའི་ཞོགས་པ་སྔ་མོ་ནས་ཉིན་ཕྱེད་ཡོལ་བའི་བར་དུ་རི་སྐོར་འགྲོ་མཁན་རྒྱུན་ཆད་པ་མེད་ཅིང་། རི་སྐོར་དུ་འགྲོ་ས་ནི། མར་ཐང་རི་བོ་ཆེ་དགོན་གྱི་རྒྱབ་རི་བདེ་མཆོག་ཕོ་བྲང་ངམ། རི་བོ་ཆེ་ཞེས་གྲགས་པའི་གནས་རི་དེ་ཡིན།

གནས་རི་འདི་རྗེ་བཙུན་སངས་རྒྱས་དབོན་གྱིས་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་བཞུགས་གནས་སུ་ངོས་འཛིན་གནང་ཞིང་ཐོག་མར་གནས་སྒོ་ཕྱེས།  རྟ་ལོ་ལ་གནས་མགྲོན་ཡིན་ཞིང་དྲུག་པའི་བཅོ་ལྔ་ཉིན་རི་བསྐོར་ལ་སོང་ན་ལོ་གཅིག་གི་རྐྱེན་སྐག་བར་ཆད་ཞི་བའི་བཤད་སྲོལ་ཡོད་པ་ལྟར་ཚང་མས་གལ་ཆེན་དུ་འཛིན།

བསྐོར་ལམ་ནང་དུ་སྟག་ཤམ་གླིང་པས་གཏེར་ནས་བཞེས་པའི་སངས་རྒྱས་ཀྱི་ཞབས་རྗེས་དང་ངོ་མཚར་བའི་རང་བྱུང་དང་ཕྱག་ཞབས་ཀྱི་རྗེས་མང་པོ་མཇལ་རྒྱུ་ཡོད།  བསྐོར་ལམ་ནང་གི་ཁྲུས་ཆུ་ཁག་ལས་ཁྲུས་བྱེད་པ་དང་མ་ཎི་དབྱངས་ལ་འཐེན་པ། ཀྭི་བསོ་ལྷ་རྒྱལ་འབོད་པ་སོགས་སྲོལ་རྒྱུན་གྱི་བྱ་བ་མང་པོ་བསྒྲུབ་སྟེ་ཚེ་བསོད་དབང་ཐང་རླུང་རྟ་དར་བའི་རྟེན་འབྲེལ་སྣ་ཚོགས་བསྒྲིགས་སྲོལ་ཡོད།

༢ རི་བསྟོད།

རྒྱབ་རི་བསྟོད་སར་གྲ་སྒྲིག་ཚོ་ཆུང་ནི་སྟག་སྒོ་གྲོང་ཚོ་ཡིན་ལ།  དུད་ཚང་ཁག་རེས་མོས་ཀྱིས་རྟ་སོགས་གྲ་སྒྲིག་བྱེད་དགོས།   རི་བསྟོད་བླ་གྲྭ་རྣམས་ཀྱང་ཚེས་ ༡༤ དགོང་མོ་ཆུ་མིག་དཀར་མོར་སྒར་བབས་ཏེ་གཏོར་མ་བཅའ་བ་སོགས་སྟ་གོན་ཁག་བསྒྲུབ་དགོས། ༡༥ ཉིན་ཆུ་མིག་དཀར་མོའི་འགྲམ་དུ་སྟག་ལུང་བསང་ཆེན་འདོན་པ་དང་། གཏོར་སྐུ་འཛུགས་པ། གཏེར་བུམ་སྦས་པ།  དར་ཐག་འཐེན་པ།   བཀྲ་ཤིས་སྨོན་ལམ་བརྗོད་པ་སོགས་དང་།

བླ་གྲྭ་འགའ་ཞིག་རྒྱབ་རིའི་རྩེར་ཕེབས་ཏེ་བསང་གསོལ་གྱི་ཆོ་ག་དང་།  གཏོར་སྐུ་གཏེར་བུམ་དར་ཐག་སོགས་ཀྱི་ཆོ་ག་རྣམས་བསྒྲུབ་དགོས།  དེ་དག་ཕལ་ཆེར་གྲུབ་པ་དང་།  སྒྲུབ་མཆོད་ཆེན་མོ་དངོས་སུ་དབུ་འཛུགས་ཀྱི་བྱེད་སྒོ་སྟེ།   རི་བོ་ཆེའི་བྲོ་ཆེན་རྡུང་བའི་དུས་ལ་ཁེལ་གྱིན་ཡོད།

༣ བྲོ་ཆེན།

སྤྱིར་རི་བོ་ཆེ་ལ་སྒྲུབ་མཆོད་དུས་ཆེན་དང་འབྲེལ་ཏེ་འཚོ་གནས་བྱུང་བའི་གནའ་བོའི་བྲོ་ཆེན་མང་དག་ཡོད་པ་ལས། <འཛོམ་བྲོ་དང་། བྲོ་གདན། བྲོ་མཆོད། དངོས་གཞིའི་བྲོ། བཀྲ་ཤིས་བྲོ་རྡུང་། > རྣམས་རིམ་བཞིན་འཁྲབ་སྟེ་སྒྲུབ་མཆོད་ཀྱི་སྒོ་མོ་དངོས་སུ་འབྱེད་པར་བྱེད།

བྲོ་པ་ནི་རི་བོ་ཆེའི་གྲོང་རྡལ་སྟག་སྒོ་གྲོང་ཚོའི་བྲོ་པ་རྣམས་ཡིན་ལ། རྒྱབ་རིའི་གཡོན་ལོགས་ཀྱི་ལྷ་ལུང་འབྲོག་པ་ཁའི་མར་ཞོལ། མཁའ་འགྲོའི་བྲོ་ར་ཞེས་པའི་སྤང་ཁུག་ཅིག་ཏུ། ཚིག་དང་དབྱངས་རྟ། གར་དང་སྟངས་སྟབས་སོགས་ཆེས་གནའ་ཉམས་དོད་པའི་བྲོ་ཆེན་དེ་རྣམས་རིམ་གྱིས་རྡུང་བ་དང་། བྲོ་ཆེན་དེ་དག་རེ་རེ་ལའང་རྡོག་བྲོ་མི་འདྲ་བ་རེ་རེ་དང་།  རྡོག་བྲོ་རེ་རེ་ལ་བྲོ་གླུ་མི་འདྲ་བ་རེ་རེ་ཡོད་པ་དེ་རྣམས་ལྟད་མོ་བ་དག་གིས་ཉམས་སུ་མྱོང་བ་ཙམ་གྱིས་ལུས་སེམས་ཀྱི་ངལ་བ་སངས་ཤིང་སྤྲོ་སྣང་གིས་ཁེངས་པར་བྱེད་པ་སྟེ། དེ་ལྟར་དྲུག་པའི་བཅོ་ལྔ་ཉིན་རིག་རྩལ་སྤྲོ་ཚོགས་ཀྱིས་སྣ་དྲངས་པའི་སྒྲུབ་མཆོད་ཚོང་འདུས་ཆེན་མོ་དངོས་སུ་དབུ་ཚུགས་པ་ཡིན་པས། འོག་ནས་བྲོ་ཆེན་ཁག་གི་ངོས་སྤྲོད་མདོར་བསྡུས་ཤིག་ཞུ།

དང་པོ། འཛོམས་བྲོ།

འཛོམ་བྲོའི་བྲོ་ཚིག་ནང་དུ་ཨ་སྔོན་གནམ་ལ་ཉི་ཟླ་སྐར་གསུམ་འཛོམས་ཤིང་སྐར་ཚོགས་མང་པོས་མཐའ་ནས་བསྐོར་ཏེ་དར་ཞིང་རྒྱས་ཚུལ་དང་།  གངས་ལ་སེང་གེ་འཛོམས་ཤིང་དེ་ལ་གཡུ་རལ་རྒྱས་ཚུལ།  ནགས་ལ་རྒྱ་སྟག་འཛོམས་ཤིང་འཛོམ་དྲུག་རྒྱས་ཚུལ།  ཆུ་ལ་གསེར་ཉ་འཛོམས་ཤིང་གསེར་གཤོག་རྒྱས་ཚུལ།  ཁྲོམ་ལ་སྟག་ཤར་དང་མ་སྲུ་མོ་སྨན་འཛོམས་ནས་དེ་ལ་དགའ་སྤྲོ་ལོངས་སྤྱོད་རྒྱས་ཚུལ་སོགས་ཕྱི་སྣོད་ནང་བཅུད་གཉིས་རྟེན་འབྲེལ་ལྷུན་གྲུབ་ཀྱི་ངང་ནས་འཛོམས་ཤིང་རྒྱས་པའི་ནང་དོན་དེ་ཉིད་དབྱངས་རྟ་སྙན་མོ་དང་སྦྱར་ཏེ་ལུས་ངག་གི་སྒྱུ་རྩལ་གྱི་ལམ་ནས་བྲོ་པ་བྲོ་མ་དང་ཁྲོམ་པ་མང་ཚོགས་རྣམས་དགའ་སྐྱིད་སྤྲོ་དགའི་དཔལ་ལ་ལྷན་དུ་འཛོམས་དགོས་པར་བསྐུལ་བའི་ཐོག་མའི་བྲོ་དེ་ལ་འཛོམས་བྲོ་ཟེར།

གཉིས་པ། བྲོ་གདན།

བྲོ་གདན་ནི་བྲོ་ལ་གཟིགས་མོར་ཕེབས་པ་རྣམས་གདན་ལ་བཞུགས་ཏེ་བག་ཕེབས་ཀྱིས་གཟིགས་དགོས་པར་བསྐུལ་བ་སྟེ།   བྲོ་ཚིག་ནང་དུ་གསེར་ཁྲི་སེར་པོ་དང་།  དངུལ་ཁྲི་ཁམ་པ།  སྟག་གཟིག་གདན་སོགས་རིམ་གྱིས་འབྱུང་ལ།  དེར་ལྷ་ཀླུ་གཉན་གསུམ་དང་།  མི་ཆེན་དཔོན་པོ།  ཕ་ཁུ་རྣམ་གསུམ་སོགས་བཀུར་བར་འོས་པ་རྣམས་གདན་དུ་འཁོད་ནས་ལྷོད་ལ་བབས་ཏེ་བྲོ་ལ་གཟིགས་དགོས་ཚུལ་གྱི་ནང་དོན་དང་དེ་རྣམས་ལ་གུས་བཀུར་གྱི་རྣམ་པ་མཚོན་བཞིན་ཡོད་ལ།  ཞོར་དུ་ལྟད་མོ་བ་རྣམས་ལ་ལྷིང་འཇག་བག་ཕེབས་ཀྱི་ངང་ནས་བྲོ་ལ་ལོངས་སུ་སྤྱོད་དགོས་པའི་དྲན་བསྐུལ་བྱེད་བཞིན་ཡོད།

གསུམ་པ། བྲོ་མཆོད།

བྲོ་མཆོད་ཀྱི་བྲོ་ཚིག་ནང་དུ་ལྷ་ཀླུ་གཉན་གསུམ་དང་སྐྱབས་མགོན་རྗེ་འཕགས་ཞབས་གསུམ་ཕ་ཁུ་མ་སྲུ་རྣམས་ལ་མཆོད་པ་འབུལ་བའི་ནང་དོན་འབྱུང་ཞིང་།  དེ་རྣམས་ལ་མཆོད་འབུལ་བཀུར་བསྟི་བྱེད་པ་ནི་དད་མོས་དང་ཡ་རབས་ཀྱི་ཀུན་སྤྱོད་དུ་བརྩི་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་བསམ་བློའི་ཆ་ཤས་ཡིན། བྲོ་འཁྲབ་པ་ནི་སྒྱུ་རྩལ་གྱི་ལམ་ནས་དཀོན་མཆོག་གསུམ་དང་སྐྱབས་མགོན་རྣམ་གསུམ་ཕ་ཁུ་མ་སྲུ་སོགས་གཙོ་བོར་གྱུར་པའི་གཟིགས་མོ་བ་རྣམས་ལ་མཆོད་པ་འབུལ་བའི་ལས་སུ་ངོས་འཛིན་བྱེད་ཅིང་བྲོ་པ་བྲོ་མ་རྣམས་ཀྱིས་ཀྱང་དེ་ལྟར་ཡིད་ལ་སྒོམ་ཞིང་འཁྲབ་པར་བྱེད།

བཞི་པ། དངོས་གཞིའི་བྲོ།

འཛོམས་བྲོ་དང་བྲོ་གདན། བྲོ་མཆོད་བཅས་འཁྲབ་ཟིན་པ་དང་བྲོ་ཡི་དངོས་གཞི་འཁྲབ་པར་བྱེད།  དེ་ལ་བྲོ་སྣ་མང་པོ་ཡོད་པ་ལས་《དགའ་རི་བོ་ཆེ་》ཞེས་པ་རི་བོ་ཆེའི་རི་ཆུ་ནགས་གསུམ་གྱི་དགེ་མཚན་བརྗོད་དེ་རང་བྱུང་ཁམས་ཆེན་མོ་ལ་བཀའ་དྲིན་མཚོན་པའི་བྲོ་དང་། 《བྲོ་ཡག་སེ་བྲོག་ཡག་》ཅེས་པ་ནང་བཅུད་སེམས་ཅན་སྣ་ཚོགས་ཀྱི་དགེ་མཚན་དང་ཆེ་བ་བརྗོད་དེ་ཕན་ཚུན་བྱམས་བརྩེ་མཉམ་གནས་ཀྱི་བསམ་བློ་མཚོན་པ་དང་།   《བྲོ་དང་པོ་རྡུང་བ་ཤར་ནས་རྡུང་》ཞེས་པ་རྒྱལ་བ་རིགས་ལྔའི་ཤིས་བརྗོད་དང་འབྲེལ་ནས་སྣོད་བཅུད་གཉིས་ཆར་ལ་བྱིན་རླབས་ཀྱི་གཟི་བྱིན་འབར་བར་བྱེད་པའི་བྲོ་ལ་སོགས་པ་མདོར་གནམ་གཤིས་དང་བསྟུན་ཏེ་བྲོ་ཡི་ཁ་ཚར་མང་པོ་འདོགས་སྲོལ་ཡོད།

ལྔ་པ། བཀྲ་ཤིས་བྲོ་རྡུང་།

བཀྲ་ཤིས་བྲོ་རྡུང་ལ་བྲོ་སྣ་མང་པོ་ཡོད་པ་ལས་ངེས་པར་བརྡུ་དགོས་པ་གཅིག་ནི་《དགའ་རི་བོ་ཆེ་》ཞེས་པ་དེ་ཡིན་ལ། 《དགའ་རི་བོ་ཆེ་》ཞེས་པའི་བྲོ་སྣ་མང་པོ་ཡོད་པ་ལས་བཀྲ་ཤིས་བྲོ་རྡུང་ནང་གི་དགའ་རི་བོ་ཆེའི་བྲོ་ཚིག་ནང་དུ།

“དགའ་རི་བོ་ཆེ་ཡི་ས་ཆ་དེ་ཟེར་འོ་ལེ།
འོ་རྒྱལ་ཁམས་ཡོངས་ལ་ཁྱབ་པར་ཤོག་ཟེར་འོ་ལེ།
དེ་རིང་བཀྲ་ཤིས་ཉི་མ་ལ་ཟེར་འོ་ལེ།
འོ་ངས་བསམ་པ་བཟང་པོས་སྨོན་ལམ་འདེབས་ཟེར་འོ་ལེ།
ས་ཐག་རིང་བའི་གྲོགས་པོ་རྣམ་པ་ཚོ་ཟེར།
མི་ལ་ན་ནད་མེད་པ་དེ་ཟེར་འོ་ལེ།
འོ་ལྷ་ཚེ་དཔག་མེད་ཀྱིས་མགོན་སྐྱོབས་མཛོད་ཟེར་འོ་ལེ།” ཞེས་སོགས་ཡོད།

བཀྲ་ཤིས་བྲོ་རྡུང་གི་སྨོན་ཚིག་འབྲེལ་མཇུག་སྒྲིལ་བ་དང་བྲོ་པ་རྣམས་ཀྱིས་“བཀྲ་ཤིས་བདེ་ལེགས་”ཞེས་སྐད་སང་མཐོན་པོས་འབོད་པར་བྱེད་ཅིང་།   ལྟད་མོ་བ་རྣམས་ཀྱིས་“བཀྲ་ཤིས་བདེ་ལེགས་”དང་“ཀྭི་བསོ་ལྷ་རྒྱལ་”བརྗོད་དེ་མུ་མཐུད་བསྐོར་ལམ་དུ་ཞུགས།

༤ རས་པ།

 ཚེས་བཅོ་ལྔའི་ཕྱི་དྲོ་དགོན་པའི་མར་ནང་གི་པད་ཟེ་ཁའམ་པོ་ཚེ་ཁ་ཟེར་བའི་སྤང་ཐོག་ཏུ་ལྟད་མོ་བ་རྣམས་ཀྱིས་སྒུག་ཡོད་ལ་དེར་སླར་ཡང་བྲོ་ཆེན་མང་པོ་འཁྲབ་སྲོལ་ཡོད།  ཁྱད་པར་དུ་དེར་རས་པའི་ཞབས་བྲོ་འཁྲབ་སྲོལ་ཡོད།   རས་པའི་ཞབས་བྲོ་འདི་གཙུག་ལག་ཁང་ཐོག་མར་བཞེངས་སྐབས་ཀྱི་རིག་རྩལ་གལ་ཆེན་ཞིག་ཡིན་པར་བཤད་ཅིང་།  འཁྲབ་མཁན་ནི་ལོ་རྒྱུས་ཐོག་སྟེང་ཆེན་གྱང་སྔོན་ཨོ་ཐོ་[4]རས་པའི་རྒྱུད་འཛིན་པ་རྣམས་རེད།    རས་པའི་ཞབས་བྲོ་ནང་གི་ཨོ་ཐོ་རས་པ་འདི་གནའ་སྔ་མོ་སྒྲུབ་མཆོད་ཚོང་འདུས་ཆེན་མོའི་སྐབས་ཁོ་ན་ལ་འཁྲབ་པའི་ཞབས་བྲོ་ཞིག་ཡིན་ཕྱིར་དུས་ཆེན་རས་པ་ཞེས་ཁམས་ཁུལ་ན་སྙན་གྲགས་ཆེ་ལ།  རི་བོ་ཆེའི་དུས་ཆེན་སྐབས་ཁོ་ན་མ་གཏོག་འཁྲབ་མི་རུང་བའི་ཞབས་བྲོ་ཡིན་ཕྱིར་རས་པའི་ཞབས་བྲོ་ནང་ནས་དམིགས་གསལ་མཐོང་ཆེན་བྱེད་པའི་ཞབས་བྲོ་ཞིག་རེད།

ག།   སྒྲུབ་མཆོད་ཚོང་འདུས་ཆེན་མོའི་དངོས་གཞི་གཞུང་སྲིང་བ།

༡ རིག་རྩལ་སྣ་ཚོགས།

ཚེས་བཅུ་དྲུག་ནས་བཟུང་གཟའ་འཁོར་གཅིག་ཙམ་ལ་ཕྱོགས་སོ་སོ་ནས་འདུས་པའི་སྒྱུ་རྩལ་པ་རྣམས་ཀྱིས་<དམངས་གླུ་ལེན་པ་དང་།> <འབྲས་དཀར་བཤད་པ།> <བྲོ་ཆེན་འཁྲབ་པ།> <རས་པའི་ཞབས་བྲོ།> <ཤེད་རྩལ་འགྲན་པ།> <རྟ་རྒྱུགས་པ་>སོགས་ཀྱི་རྩེད་རིགས་སྣ་ཚོགས་ཡོད།   དེ་དག་རེ་རེ་ལའང་གྲ་སྒྲིག་དང་གོ་རིམ།  ནང་དོན།   ཐབས་རྩལ་སོགས་གནའ་ནས་བརྒྱུད་ཡོང་བའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད་ཅིང་། རིག་རྩལ་དེ་དག་ཤར་ལྷ་བྱ་ཐང་ངམ་དམར་ཡ་ཐང་དང་།   ནུབ་འཇམ་ཐང་ངམ་འདྲ་ཐང་གཉིས་སུ་རེས་མོས་ཀྱིས་ཚེས་སྲོལ་ཡོད།  དེ་དག་ལ་ཞུགས་མཁན་ནི་རི་བོ་ཆེ་རྫོང་ཁོངས་ཀྱི་ཡུལ་ཚོ་ཁག་གི་རིག་རྩལ་པ་རྣམས་དང་ཕྱོགས་གཞན་པ་ནས་ཕེབས་པའང་མང་པོ་ཡོད།

༢ ཚུར་ཉོ་བ།

སྒྲུབ་མཆོད་དུས་ཆེན་གྱི་ཐོག་མཐའ་བར་གསུམ་དུ་ཆེས་འདུ་ལོང་རྒྱས་པའི་བྱ་བ་གཙོ་བོ་ནི་ཉོ་ཚོང་རེད།   རི་བོ་ཆེའི་མི་རྣམས་ཀྱིས་སྤྱིར་བཏང་གི་འཚོ་བའི་མཁོ་ཆས་དང་བྱེ་བྲག་རྒྱན་ཆའི་རིགས་དང་རིན་ཐང་ལྡན་པའི་རིགས་རྣམས་སྒྲུབ་མཆོད་དུས་ཆེན་སྐབས་སུ་ཉོ་བར་བྱེད།   དེ་ནི་སྔོན་གྱི་དུས་སུ་རྗེ་སངས་རྒྱས་དབོན་དང་ཆོས་སྐུ་ཨོ་རྒྱན་མགོན་པོ་རྣམ་གཉིས་ཀྱིས་བཟོ་བོ་རྣམས་ལ་ཡོན་རྫོང་མཛད་སྐབས་ཡོན་གྱི་དངོས་པོ་དེས་བདག་པོའི་མི་ཚེའི་ནང་དུ་བཀྲ་ཤིས་ཤིང་ནད་མེད་ཚེ་རིང་བདེ་སྐྱིད་ལྡན་པ། ཕྱི་མ་བྱང་ཆུབ་ཐོབ་བའི་རྒྱུ་རྐྱེན་དུ་འགྱུར་ཐུབ་པའི་ཐུགས་བསྐྱེད་སྨོན་ལམ་ཟབ་རྒྱས་མཛད་པའི་བྱིན་རླབས་ཀྱིས། སྒྲུབ་མཆོད་སྐབས་སུ་ཉོས་པའི་ཅ་ལག་གང་ཞིག་ཡིན་ཡང་ཅ་ལག་གཞན་ལས་རིན་ཐང་ཆེ་བར་བརྩི་བའི་དད་མོས་དང་འབྲེལ་བའི་སྲོལ་རྒྱུན་གྱི་བསམ་བློ་ཁྱད་པར་བ་ཞིག་འདྲེས་ཡོད་པས་ཡིན།   དེར་བརྟེན་འཚོ་བའི་མཁོ་ཆས་སོགས་ཆེ་ཕྲ་གང་ཞིག་ཡིན་ཡང་སྒྲུབ་མཆོད་སྐབས་སུ་ཉོ་བར་བྱེད་ལ་སྒྲུབ་མཆོད་སྐབས་སུ་མ་མཐའ་མི་རེས་ཅ་ལག་སྣ་རེ་མ་ཉོས་ན་མི་རུང་བའི་བསམ་བློ་ཚང་མ་ལ་ཡོད།

ཅ་ལག་གཙོ་བོ་གྲུམ་ཙེ་སོགས་ཁ་གདན་གྱི་རིགས་དང་།  འབུད་རྡུང་དཀྲོལ་གསུམ་གྱིས་མཚོན་པའི་མཆོད་ཆས་ཀྱི་རིགས།   ཁྲོ་དང་ཟངས་མ་སོགས་སྣོད་ཆས་ཀྱི་རིགས།  གཟི་བྱུར་སོགས་རིན་ཆེན་རྒྱན་ཆའི་རིགས།   ཕྲུག་དང་ཚར་རུ་སོགས་གྱོན་པའི་རིགས།  རྟ་སྒ་ཆས་ཀྱི་རིགས་སོགས་འཚོ་བའི་དགོས་མཁོ་མ་ཚང་བ་མེད་པ་ཡོད། སྒྲུབ་མཆོད་སྐབས་སུ་ཚོང་པ་མང་བ་དང་ཅ་ལག་མང་བའི་རྐྱེན་གྱིས་ནམ་རྒྱུན་ལས་ཀྱང་གོང་ཚད་དམའ་བ་རེད།

༣ ཕར་འཚོང་བ།

རི་བོ་ཆེའི་ས་ཆ་ནས་ཐོན་སྐྱེད་བྱས་པའི་ཞིང་འབྲོག་གི་མཁོ་ཆས་སྣ་ཚོགས་དང་།  རྒྱན་ཆའི་རིགས་སྣ་ཚོགས།  མཆོད་ཆའི་རིགས་སྣ་ཚོགས།  འབུ་རྫ་ཡུང་ཤྭ་རྭ་གླ་རྩི་སོགས་འཚོལ་སྒྲུབ་བྱས་པའི་ཚོང་རྫས་སྣ་ཚོགས་རྣམས་མཛད་སྤྱོད་པ་གཞན་ལ་འཚོང་བའི་དུས་ཚོད་ཡིན།  གོང་གི་ཚོང་རྫས་དེ་རྣམས་སྒྲུབ་མཆོད་སྐབས་སུ་འཚོང་རྒྱུར་ཉར་ཚག་བྱས་ཡོད་ཕྱིར་སྒྲུབ་མཆོད་དུས་ཆེན་འདི་རི་བོ་ཆེའི་དཔལ་འབྱོར་ཡར་རྒྱས་འགྲོ་མིན་དང་ཐད་ཀར་འབྲེལ་བ་ཆགས་ཡོད།

    ༤ ཚོང་ལས་གཞན།

དམིགས་གསལ་གཅིག་ཡོད་པ་ནི། སྒྲུབ་མཆོད་སྐབས་ཚོང་ལས་གཉེར་མཁན་གྱི་ཁྲོད་དུ་བྱིས་པ་ལོ་རྒྱད་དགུ་ཙམ་ལོན་པ་མང་པོ་མཐོང་རྒྱུ་ཡོད། དེ་དག་ནི་དཔེར་ན་བཏུང་ཁུའི་རིགས་སྣ་ཚོགས་དང་།  ཇ་ཡི་རིགས་སྣ་ཚོགས།   བཟའ་བཅའི་རིགས་སྣ་ཚོགས།  རྩེད་མོའི་རིགས་སྣ་སོགས་ཀྱི་ལས་རིགས་ལ་ཞུགས་ཏེ་དཔལ་འབྱོར་བསྡུ་བཞིན་ཡོད་ལ།   ལས་ཀ་དེ་དག་ལ་བརྟེན་ནས་བྱིས་པ་ཡན་ཆོད་ལ་ཚོང་ལས་ཀྱི་གོམ་སྲོལ་བཟང་པོ་ཆགས་བཞིན་ཡོད།

   ༥ སྒྲུབ་མཆོད་ལ་འཛིན་པའི་བསམ་བློ།

གནའ་སྔ་མོར་རི་བོ་ཆེའི་ངག་རྒྱུན་དུ་“སྒྲུབ་མཆོད་དུས་ཆེན་མཇལ་དུ་འགྲོ་”ཞེས་དང་“སྒྲུབ་མཆོད་མཇལ་དུ་ཡོང་བ་ཡིན་”སོགས་དད་མོས་ཀྱི་བསམ་བློ་དང་འབྲེལ་བའི་ཐ་སྙད་‘མཇལ་’ཞེས་པ་འདི་བེད་སྤྱོད་གཏོང་སྲོལ་ཡོད།  དེ་ནི་རི་བོ་ཆེ་དགོན་པར་ལོ་གཅིག་གི་ནང་དུ་<སྟོན་མཆོད་ཆེན་མོ་དང་།> <དགུན་མཆོད་ཆེན་མོ།> <དཔྱིད་མཆོད་ཆེན་མོ།> <དབྱར་མཆོད་ཆེན་མོ།> <སྒྲུབ་མཆོད་ཆེན་མོ་>ཞེས་པའི་དུས་ཆེན་ལྔ་ཡོད་པ་ཚང་མའི་མཇུག་ཏུ་“མཆོད་”ཅེས་པའི་ཚིག་འདི་ཡོད་ཅིང་དེ་དག་ཚང་མ་མཆོད་པ་ཞིག་ལ་ངོས་འཛིན་བྱས་ཡོད་པ་རེད། གང་ལྟར་ནང་ཆོས་འདི་བོད་ཀྱི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཆུ་དང་འོ་མ་ལྟར་འདྲེས་ཏེ་ལོངས་སུ་སྤྱོད་བཞིན་ཡོད་པའང་གསལ་བོར་རྟོགས་ཐུབ།

   ༦.སྒྲུབ་མཆོད་ཀྱི་ནང་སྙིང་།

སྒྲུབ་མཆོད་དུས་ཆེན་ནི་རི་བོ་ཆེའི་མི་སྒེར་རེ་རེའི་ཚེ་བསོད་དབང་རླུང་དཔལ་འབྱོར་མངའ་ཐང་བདེ་སྐྱིད་ལོངས་སྤྱོད་སོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་རིག་གནས་གལ་ཆེན་ཞིག་ཡིན་ལ།  སྤྱི་ཚོགས་ཀྱི་དར་རྒུད་མཚོན་པའི་བརྡ་རྟགས་དམིགས་གསལ་བ་ཞིག་ཀྱང་ཡིན།

སྒྲུབ་མཆོད་དུས་ཆེན་ནི་རི་བོ་ཆེའི་ལོ་ངོ་སྟོང་ཕྲག་མ་ཟིན་ཙམ་གྱི་ལོ་རྒྱུས་དང་འགྲོགས་ནས་ཡོང་བ་ཡིན་ཕྱིར་དུས་ཆེན་འདི་རི་བོ་ཆེའི་ལོ་རྒྱུས་ཀྱི་སྙིང་པོ་ཡིན་ལ།  རི་བོ་ཆེས་སྒྲུབ་མཆོད་དུས་ཆེན་མཚོན་ལ་སྒྲུབ་མཆོད་དུས་ཆེན་གྱིས་རི་བོ་ཆེ་མཚོན་པ་སྟེ།  དེ་གཉིས་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་ངོ་བོར་གྲུབ་ཡོད།

སྒྲུབ་མཆོད་དུས་ཆེན་ནི་རང་བྱུང་ཁམས་ཆེན་མོའི་ལྷད་མེད་དྭངས་གཙང་གི་མཛེས་སྡུག་དང་འགྲོ་བ་མིའི་ལྷན་སྐྱེས་ལ་རང་བྱུང་ལྷུན་གྲུབ་ཀྱི་ཚུལ་དུ་ཡོད་པའི་དྭངས་གཙང་གི་བསམ་བློ་དེ་གཉིས་ངོ་བོ་དབྱེར་མེད་དུ་འདྲེས་པའི་རྟེན་འབྲེལ་གྱི་གསང་བ་ཟབ་མོ་ཞིག་ཡིན་ཕྱིར་ཐ་སྙད་ཀྱིས་མཚོན་མི་ཐུབ་པའི་མི་ཡུལ་གྱི་ལོངས་སྤྱོད་མཐར་ཐུག་དེ་ཡིན་ཞེས་བརྗོད་ཀྱང་མི་རུང་བ་མེད་སྙམ།

ག།  སྒྲུབ་མཆོད་ཅེས་པའི་ཚིག་གི་གོ་དོན་གླེང་སྟེ་མཇུག་བསྡུ་བ།

ཕ་ཡུལ་གྱི་ལོ་རྒྱུས་མཚོན་པའི་དུས་ཆེན་འདི་ལ་མེས་པོ་གོང་མ་རྣམ་པས་སྒྲུབ་མཆོད་ཅེས་མིང་བཏགས་ཡོད་ཅིང་། དེ་ནི་རིག་རྩལ་གྱི་བྱེད་སྒོ་་སྣ་ཚོགས་དང་། ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས། ཉོ་ཚོང་གི་འདུ་ལོང་སྣ་ཚོགས་རྒྱས་པའི་ཚོང་འདུས་འདིའི་སྤྱི་སྡོམ་ལྟ་བུར་ཆགས་ཡོད། དེས་ན་མཚམས་འདི་ནས་སྒྲུབ་མཆོད་ཅེས་པའི་ཐ་སྙད་ཀྱི་གོ་དོན་ཅུང་ཟད་གླེང་བའི་སྒོ་ནས་སྐད་ཆ་འདིའི་མཇུག་བསྡུ་རྒྱུ་ཡིན།

དེ་ལ་སྒྲུབ་མཆོད་ཅེས་པའི་ཐ་སྙད་འདི་ཉིད་གོ་དོན་མང་པོ་དང་སྦྱར་ཏེ་གླེང་ཆོག་པ་ལས་གཅིག་ནི་ཐོག་མར་ཚེས་བཅུ་གསུམ་སོགས་སུ་ལྷ་དང་སྲུང་མ་ལ་མངའ་གསོལ་མཆོད་བསྟོད་ཕྲིན་བཅོལ་གྱི་ཆོ་ག་སྣ་ཚོགས་སྒྲུབ་པ་དང་གསོལ་མཆོད་རྒྱ་ཆེན་པོ་སྤེལ་བའི་ཆ་ནས་སྒྲུབ་མཆོད་ཅེས་དང་། རྒྱབ་རི་བསྐོར་བ་དང་བསྟོད་པ་སོགས་ཀྱིས་དགེ་བ་རྒྱ་ཆེན་པོ་སྒྲུབ་པ་དང་དཀོན་མཆོག་གསུམ་དང་གནས་སྲུང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ལ་གསོལ་མཆོད་རྒྱས་པར་སྤེལ་བའི་ཆ་ནས་སྒྲུབ་མཆོད་ཅེས་དང་། ཚེས་བཅོ་ལྔ་ཉིན་མཁའ་འགྲོ་བྲོ་རར་གནའ་བོའི་བྲོ་ཆེན་འཁྲབ་པའི་རིག་རྩལ་གྱི་དབུ་ཚུགས་པ་ནས་བཟུང་ཉིན་དུ་མའི་རིང་ལ་རིག་རྩལ་ཀྱི་བྱེད་སྒོ་མང་པོ་སྒྲུབ་པ་དང་ཚོང་འདུས་ཀྱི་ལྟད་མོ་བ་རྣམས་ལ་གཟིགས་མོ་སྣ་ཚོགས་ཀྱི་མཆོད་པ་འབུལ་བའི་ཆ་ནས་སྒྲུབ་མཆོད་ཅེས་དང་། གོ་དོན་གཙོ་བོའི་ནང་གི་གཙོ་བོ་ནི་རི་བསྐོར་སོགས་ཀྱིས་ཕྱི་མའི་དོན་ཆེན་སྒྲུབ་པ་དང་ཚོང་ལས་ཀྱི་ལས་ཀ་སྣ་ཚོགས་ཀྱིས་ཚེ་འདིའི་དཔལ་འབྱོར་ཡར་རྒྱས་ཀྱི་བྱ་བ་སྒྲུབ་པ་དང་ལྷན་དུ་མཆོད་པའི་ངོ་བོར་གྱུར་པའི་ཆོས་ལུགས་ཀྱི་ཆོ་ག་དང་རིག་རྩལ་སྣ་ཚོགས་ལ་ལོངས་སུ་སྤྱོད་པའི་ཆ་ནས་སྒྲུབ་མཆོད་ཅེས་གོ་བ་བླངས་ན་ཤིན་ཏུ་འོས་ཤིང་འཚམ་པའི་གོ་དོན་ཞིག་ཡིན་པ་འདྲ།

གཞན་ཡང་མི་རིགས་མི་འདྲ་བ་དུ་མ་མཉམ་འདུས་ཀྱིས་རང་རང་གི་གོམས་སྲོལ་བཟང་པོ་དང་བསམ་བློ་བཟང་པོ་རྣམས་སྤེལ་རེས་ཀྱི་བྱ་བ་སྣ་ཚོགས་བསྒྲུབས་ཏེ་ཕན་ཚུན་རྒྱུས་ལོན་དང་གྲོགས་འདྲིས་བྱུང་བ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་ཡར་རྒྱས་ཀྱི་ནུས་པ་ཆེན་པོ་འདོན་བཞིན་པའི་ཆ་ནས་སྒྲུབ་མཆོད་ཅེས་འབོད་དུ་རུང་ཞིང་དོན་གྱིས་ཀྱང་དེ་ལྟར་གྲུབ་པ་ཞིག་རེད།

གསལ་བཤད།

[1] བསྟོད་ཚིག་འདི་སངས་རྒྱས་དབོན་གྱི་ཉེ་གནས་སྐུ་ཞང་ལྷ་བསོད་ནམས་དཔལ་གྱིས་མཛད་པའི་དབོན་གྱི་རྣམ་ཐར་གསོལ་འདེབས་ལས་འབྱུང་ཞིང་།  གསོལ་འདེབས་འདིའི་ནང་དུ་སངས་རྒྱས་དབོན་གྱི་སྐུ་ཚེ་ཧྲིལ་པོའི་ངོ་མཚར་བའི་མཛད་རྣམ་ཁག་ཕྱོགས་བསྡུས་བྱས་ཡོད།

[2] རི་བོ་འདིར་མཚོ་འཕགས་སྨི་5200ལྷག་ཡོད་པ་དང་། རི་བོ་ཆེའི་དཀྱིལ་སྙིང་ལྟ་བུར་ཆགས་ཡོད་ལ། བོད་ཀྱི་རླུང་ལྷ་སྡེ་བཞི་དང་སྡེ་ལྔ། དྲེགས་པ་སྡེ་བཞི་དང་སྡེ་ལྔ། མགུར་ལྷ་བཅུ་གསུམ་བཅས་ཀྱི་ནང་གསེས་ཀྱི་རི་བོ་ཞིག་ཀྱང་ཡིན། མིང་གི་རྣམ་གྲངས་ལ། དབྱི་ཆེན་རབ་སྡེ། དབྱི་ཆེན་རབ་རྔེ་། དམག་དཔོན། དབྱི་རྒྱལ་རིན་ཆེན་སོགས་ཡོད།

[3] <སྟག་ལུང་བསང་ཆེན>ནི། སྟག་ལུང་མར་ཐང་རི་བོ་ཆེའི་བླ་རབས་རིམས་བྱོན་རྣམས་ཀྱིས་བསྡུ་ཉར་དང་རྩོམ་སྒྲིག། གསར་རྩོམ་བཅས་ཀྱིས་གྲུབ་པའི་བསང་ཆོག་གླེགས་བམ་ཞིག་ཡིན་ལ། དེའི་ནང་ཡེ་ཤེས་པའི་ལྷ་སྲུང་དང་། དབྱི་རྒྱལ་རིན་ཆེན་དང་སྤྲག་བཙན་གཙོས་བོད་ཀྱི་ལྷ་སྲུང་རྣམས་ལ་བསང་ཆོག་བྱེད་ཐབས་རྒྱས་པར་བཀོད་ཡོད།

[4] ཨོ་ཐོ་ཞེས་པ་རུས་རྒྱུད་ཀྱི་མིང་ཡིན་ལ་སྟེང་ཆེན་གྱང་སྔོན་དུ་ཡོད། རུས་རྒྱུད་དེས་རྗེ་བཙུན་མི་ལ་རས་པ་ནས་བརྒྱུད་ཡོང་བའི་རས་པའི་ཞབས་བྲོ་ཞིག་ལོ་ངོ་སྟོང་ཕྲག་མ་ཟིན་ཙམ་ལ་བརྒྱུད་འཛིན་བྱས་པ་ལས་རས་པའི་མིང་ལའང་ཨོ་ཐོ་རས་པ་ཞེས་གྲགས། རས་པ་དེ་ད་ལྟ་ལྗོངས་རིམ་པའི་སྲུང་སྐྱོབས་ཀྱི་གྲལ་དུ་ཚུད་ཡོད།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།