ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གླེང་བ།

༄༅། །སྐུ་ཚེ་ཧྲིལ་པོ་རང་གི་རྩ་བའི་བླ་མའི་སྲི་ཞུར་བཏང་གནང་བའི་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་གལ་ཆེའི་མཛད་རྣམ་གླེང་འདོད་པ་ཁ་ཤས་ཁོལ་དུ་ཕྱུང་བ་མཛུབ་མོས་རི་སྟོན།

གཅིག        གླེང་སློང་བ།

༄༅། །འཇིགས་མེད་སྟོབས་བཅུའི་དཔལ་མངའ་རྒྱལ་བའི་སྲས།  །
ལུང་དང་རིགས་པའི་འཆད་རྩོད་རྩོམ་པའི་རྩལ།  །
ཡོངས་རྫོགས་གནས་ལྔ་རིག་པའི་པཎྜི་ཏ། །
ཀུན་མཁྱེན་བློ་གྲོས་བཟང་པོའི་ཞབས་ལ་འདུད། །

༄༅། །བདག་ཅག་གི་འདྲེན་མཆོག་དམ་པ།   གནམ་བསྐོས་ཕག་མོ་གྲུ་བའི་ལུང་གིས་ཨེརྡྷི་ནི་ནོ་མོ་ཧན་ཝང་ཧོ་ཐོག་ཐུར་བསྔགས་པ་རྒྱལ་མཁན་སྤྲུལ་བའི་སྐུ་ཡུལ་མདོ་སྨད་ཀྱི་རྒྱ་ཆེན་གནས་ལྔ་རིག་པའི་པཎྜི་ཆེན་པོ་དཔལ་ཚེ་ཏན་ཞབས་དྲུང་ངམ་༧རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་སམ།   ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་དཔལ་བཟང་པོ་མཆོག་ནི།  ཕྱི་ལོ་༡༩༡༠-༡༩༨༥ བར་དགུང་གྲངས་དོན་དྲུག་ཙམ་མི་ཡུལ་དུ་བཞུགས་ཤིང་།  ཁོང་ནི་བོད་ནང་གི་དུས་རབས་ཉི་ཤུ་པའི་བོད་ཀྱི་མཁས་པ་མི་གསུམ་ནང་གི་གཅིག་ཡིན་པར་ཡོངས་སུ་གྲགས་ལ། བོད་དུ་དུས་འགྱུར་བྱུང་སྟེ།  བོད་ཕྱི་ནང་གཉིས་སུ་ཁ་གྱེས་རྗེས་ལོ་རབས་བདུན་ཅུ་པའི་དུས་མཇུག་ནས་བོད་དུ་ཅུང་ཟད་ལྷོད་ཡངས་བྱུང་བའི་སྐབས་དེར།  བཙོན་དུ་ལོ་མང་བཞུགས་དགོས་ཐུག་པའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་ལྷན་དུ།  བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་དུ་གཏོང་བའི་ཐད།  ས་གནས་མང་པོའི་སློབ་གྲྭ་ཁག་དང་།   དགོན་སྡེ་དང་དམངས་ཁྲོད་སྤྱི་ཚོགས་བཅས་སུ་འབུར་དུ་ཐོན་པའི་ཕྱག་རྗེས་བླ་ན་མེད་པ་བཞག་པའི་བཀའ་དྲིན་ཅན་ཞིག་ཡིན།   སྐབས་དེར་མདོ་དབུས་ཁམས་གསུམ་གྱི་བཀའ་དྲིན་ཅན་རྒན་རབས་པ་སྐོར་ཞིག་གིས་ཕྱོགས་དང་སྒོ་མང་པོ་ནས་སྐུ་ངལ་ཁྱད་བསད་གནང་ཡོད་ལ།     ཁོང་ནི་བཙོན་ཁང་ནང་མི་ལོ་བཅུ་གཉིས་སུ་བཀག་ཅིང་།  བཙོན་གྲོལ་བཏང་རྗེས་སུ་འཇིག་རྟེན་དུ་མི་ལོ་བདུན་ཙམ་ལས་བཞུགས་མེད་ནའང་།   ལོ་རབས་བརྒྱད་ཅུ་པ་ནས་དངོས་སུ་ཕྱག་ལས་གནང་མགོ་བཙུགས་ཏེ་བོད་གངས་ཅན་གྱི་མཁས་པའི་ཁྱུ་མཆོག་ཅིག་དང་།   རྒྱ་བོད་སྐད་གཉིས་སྨྲ་བ་ལ་ཐོགས་པ་མེད་པའི་རྩོད་མེད་ཀྱི་གངས་ཅན་མཁས་པ་ཀུན་གྱི་གཙུག་རྒྱན་ཞིག་ཡིན་པ་ཡོངས་གྲགས་ཆགས་ཡོད། ༧རྗེ་བཙུན་བླ་མ་དམ་པ་འདིའི་རྣམ་པར་ཐར་པ་སྤྱི་སྡོམ་གྱི་སྡེ་ཚན་ཆེན་པོ་བཞིར་དྲིལ་རིགས་ཏེ།    གཅིག  ཕྱི་ལོ་༡༩༡༠ ཟླ་༤ ཚེས་༢༢ ཉིན་སྐུ་འཁྲུངས་པ་ནས་ལོ་གསུམ་གྱི་དུས་སུ་༧རྒྱལ་བ་བཅུ་གསུམ་པའི་ཡོངས་འཛིན་༧རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་གྱིས་ཚེ་ཏན་ཞབས་དྲུང་འཇིགས་མེད་ཐུབ་བསྟན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་། དགུང་ལོ་དྲུག་པའི་ཚེ་མ་དགོན་ཚེ་ཏན་དགའ་ལྡན་བཤད་སྒྲུབ་གླིང་གི་ཁྲིར་བཀོད་པ་དང་། དགུང་ལོ་བདུན་གྱི་དུས་སུ་མཐུ་བ་དགོན་དུ་༧རྗེ་གསེར་རི་བ་མ་ཎི་པཎྜི་ཏ་སྐུ་ཕྲེང་ལྔ་པ་དགེ་འདུན་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་དང་བར་མ་རབ་བྱུང་། དགེ་ཚུལ་གྱི་སྡོམ་པ་ཞུས།   དགུང་ལོ་བཅུ་ལ་སླེབས་སྐབས་༧རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་གསུང་བཀོད་ལྟར་ལམ་ཁྲིད་མྱུར་ལམ་བློ་རྒྱུགས་འབུལ་བཞེས་དང་།  དགུང་གྲངས་བཅུ་བཞི་པ་(ཕྱི་ལོ་༡༩༢༣ ) ནས་ལྟག་རྡོ་རི་ཁྲོད་དུ་༧རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞལ་སྔ་ནས་དགུང་ལོ་ཉེར་དྲུག་ལ་ཕེབས་པའི་དྲུང་དུ་གཏན་འཇགས་བཞུགས་ཏེ་གསན་བསམ་མཐར་ཕྱིན་གནང་བའི་སྐབས་དང་། གཉིས་པ།     ཁོང་དགུང་གྲངས་༢༥ པ་ཕྱི་ལོ་༡༩༣༤  ལོ་ནས་རྡོ་རྗེ་འཆང་༧རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་གྱི་ཤིང་པར་གསར་སྐྲུན་དབུ་འཛུགས་ཀྱིས་ལོ་ཉེར་གཅིག་གི་རིང་གསུང་འབུམ་པོ་ཏི་བཅོ་ལྔ་གཙོར་བྱས་པའི་སྣ་རིང་ཐུང་གི་གླེགས་བམ་ཉི་ཤུ་བརྒལ་བ་བརྐོས་ནས་པར་ཁང་བཀྲ་ཤིས་ཆོས་མཛོད་སྒོ་བརྒྱ་བཞེངས་པ་དང་དགུང་ལོ་ཞེ་དགུ་སོན་གྱི་བར་དུ་ཞུས་དག་གིས་གཙོས་པའི་གསུང་རབ་འཕྲུལ་པར་དུ་བཞེངས་པའི་ལས་དོན་ནི།  ཁོང་གི་གསུང་ལས།  བདག་གི་བྱ་བ་ཐམས་ཅད་ཀྱི་ནང་ནས་རབ་དང་ཕུལ་དང་རྩེ་མོ་དང་གྱ་ནོམ་པར་གྱུར་ཏོ། །ཞེས་གསུངས་པ་ལྟར་ཁོང་གིས་རང་གི་བླ་མའི་གསུང་གི་འཕྲིན་ལས་འཇིག་རྟེན་དུ་ཡུན་གནས་ཆེད།  གསུང་འབུམ་པོད་བཅོ་ལྔ་བོ་དེ་དག་ཕྱོགས་བསྒྲིགས་དང་།  ཞུས་དག  ། ད་དུང་མཐུ་བ་དགོན་དུ་དེ་དག་དཔར་སྐྲུན་ཆེད་པར་ཁང་གསར་འཛུགས་གནང་ཞིང་།   ཕྱི་ལོ་༡༩༦༥ ཟླ་༦ པ་ཡས་མས་སུ་པར་ཁང་མེས་འཚིག་རྗེས་སུ་གསུང་འབུམ་པོད་ཆེན་པོ་དེ་དག་གི་ཤིང་པར་སླར་ཡང་བརྐོས་པའི་བར་གྱི་རྣམ་པར་ཐར་བ་དང་།  གསུམ་པ།   དགུང་གྲངས་ང་དྲུག་པ་ཤིང་སྦྲུལ་ཕྱི་ལོ་༡༩༦༥ ལོའི་བཅུ་པའི་ལྔ་མཆོད་ཉིན་ནས་བཟུང་དགུང་ལོ་རེ་བདུན་པ་མེ་འབྲུག་ཕྱི་ལོ་༡༩༧༦ ལོའི་དྲུག་པའི་བཅུ་གསུམ་བར་རིག་གནས་གསར་བརྗེའི་དུས་འགྱུར་དང་འབྲེལ་མི་ལོ་བཅུ་གཉིས་ཀྱི་རིང་ཉེས་མེད་བཙོན་དུ་བཞུགས་དགོས་བྱུང་བ་(འདིའི་སྐོར་ཆེད་མངགས་རྣམ་ཐར་ཁ་གསབ་ཅིག་ཡོད་ན་ཁྱོན་ཡོངས་ལ་དགེ་མཚན་ཆེ་བ་ཡོད་ཀྱང་རང་རྣམ་དང་ཁ་སྐོང་གང་དུའང་འདིའི་སྐོར་གྱི་ས་བོན་རྙེད་སོན་དཀའ་བར་གྱུར་ཡོད་པས་ཞིབ་འཇུག་དོན་གཉེར་ཅན་དག་གིས་འདིའི་ཐད་དམིགས་བཀར་རྩོམ་ཡིག་རེ་འབྲི་ཐུབ་ན་སྐབས་དེའི་གནས་ཚུལ་མང་པོ་ཞིག་གསལ་བོ་ཡོང་བ་ལ་ཕན་ཐོགས་ཆེ་སྙམ།  ) དང་།  བཞི་པ།   དགུང་གྲངས་རེ་དགུ་པ་ས་རྟ་ཕྱི་ལོ་༡༩༧༨ ལོའི་བརྒྱད་པའི་དཀར་ཕྱོགས་ཀྱི་བཟང་བ་དང་པོའི་ཉིན་ཉེས་མེད་དཀར་འདོན་གྱིས་བཙོན་གྲོལ་བཏང་བ་མཚོ་སྔོན་བརྡ་འཕྲིན་དང་།  རླུང་འཕྲིན་དག་ལས་ཁྱབ་བསྒྲགས་བྱས་པ་ནས་ཕྱི་ལོ་༡༩༨༥ བར་གྱི་ལོ་ངོ་བདུན་ནི།  ༧རྗེ་བཙུན་བླ་མ་དམ་པ་འདི་ཉིད་ཀྱི་ཆེས་གནད་འགག་ཅན་དང་།  རྩ་ཆེ་ཞིང་འཆད་རྩོད་རྩོམ་གསུམ་གྱི་ཕྱག་རྗེས་བླ་ན་མེད་པ་བཞག་པའི་དུས་རིམ་ཞིག་ཡིན།  ཁོང་གི་རྣམ་ཐར་རྒྱས་པ་ནི།  རྗེ་ཉིད་ཀྱིས་མཛད་པའི་རང་རྣམ་དང་།   རང་རྣམ་ཁ་སྐོང་མེ་ཏོག་བཞད་པའི་འཁྲི་ཤིང་།  ཡང་རང་རྣམ་ཁ་སྐོང་བཅས་གསུང་འབུམ་གླེགས་བམ་པོད་དང་པོའི་ནང་གསལ་བ་ལྟར་ཤེས་པར་བྱ་ཞིང་།    འདིར་གླེང་འདོད་པ་འགའ་ཞིག་ཁོལ་དུ་ཕྱུང་སྟེ་མཛུབ་མོས་རི་སྟོན་གྱི་ཚུལ་དུ་འཆད་པར་འདོད་དོ། །

གཉིས་པ།   སྐུའི་ན་ཚོད་ཕྲ་མོའི་དུས་ནས་པཎྜིཏའི་མཚན་གནས་བཞེས་པ།

༧རྗེ་བཙུན་བླ་མ་དམ་པ་འདི་ཉིད་ཕྱི་ལོ་༡༩༡༠ ཟླ་༤ ཚེས་༢༢ ཉིན་ད་ལྟའི་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་ཟ་ལར་རང་སྐྱོང་ལྗོངས་ཁོངས་ད་ལྟའི་ཆར་རྒྱ་སྐད་ཀྱི་མིང་ཅི་ཧྲི་གྲོང་ཞེས་པར་ཡབ་གཡང་ཀྲིའམ་བློ་བཟང་བཀྲ་ཤིས་དང་།  ཡུམ་ལྷ་མོ་ཐར་གཉིས་ཀྱི་བྱིས་པ་བརྒྱད་ཀྱི་ཐ་ཆུང་གཉིས་པར་སྐུ་འཁྲུངས།  ལོ་གསུམ་གྱི་དུས་སུ་༧རྒྱལ་བ་བཅུ་གསུམ་པའི་ཡོངས་འཛིན་༧རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་གྱིས་ཚེ་ཏན་ཞབས་དྲུང་འཇིགས་མེད་ཐུབ་བསྟན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད།  རྙིང་མའི་བླ་མ་ཨ་ལགས་ནམ་མཁའ་ཚང་ལ་ཞུས་པས་མཚན་ལ་བློ་བཟང་ཆོས་འཕེལ་ཞེས་བཏགས། དགུང་ལོ་དྲུག་པའི་ཚེ་མ་དགོན་ཚེ་ཏན་དགའ་ལྡན་བཤད་སྒྲུབ་གླིང་གི་ཁྲིར་བཀོད། འདི་ལོ་ཤིང་ཡོས་ཕྱི་ལོ་༡༩༡༥ རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དགུང་གྲངས་བཅོ་བརྒྱད་པར།  རྟོགས་བརྗོད་གདུང་སེལ་སྨན་གྱི་ལྗོན་པ་(ཤོག་ངོས་༩༩) ལས། ཆུ་སྟོད་ཀྱི་ཉ་ལ་ཆིབས་བསྒྱུར་ཏེ་རྒྱ་ཞུར་ནས་མཐུ་དགོན་དུ་བྱོན།  དེར་ཕེབས་ལམ་རྨ་ཀླུང་ཆེན་པོའི་འགྲམ་ནས་ཚེ་རབས་གཏན་གྱི་སྐྱབས་གནས་ཉག་གཅིག་བཀའ་དྲིན་ཟླ་མེད་བླ་མ་རིན་པོ་ཆེ་འདི་གའི་དགྱེས་པའི་འཛུམ་ཞལ་ཕྲན་བུ་ལོ་དྲུག་ཏུ་སོན་པས་ཐོག་མར་མཇལ་ཏེ་ཕྱག་དབང་གི་བྱིན་རླབས་ཐོབ་ཅེས་པ་ལྟར་ཡབ་སྲས་འདི་གཉིས་ཐོག་མར་མཇལ་ཡོད་པ་ཤེས།   ལྟག་རྡོ་རི་ཁྲོད་དུ་༧རྗེ་འཇིགས་མེད་པཎྜི་ཏ་དང་།  ཡོངས་འཛིན་བློ་བཟང་དཔལ་བའི་ཞལ་མཇལ་གསུང་ཐོས་ཀྱིས་བག་ཆགས་ཁྱད་པར་བ་སད་ཅིང་། མཐུ་བ་དགོན་དུ་འཇིགས་བྱེད་དཔའ་གཅིག་གི་དབང་བཞི་སོགས་གསུང་ཆོས་མང་དུ་ཐོབ། དགུང་ལོ་བདུན་གྱི་དུས་སུ་མཐུ་བ་དགོན་དུ་༧རྗེ་གསེར་རི་བ་མ་ཎི་པཎྜི་ཏ་སྐུ་ཕྲེང་ལྔ་པ་དགེ་འདུན་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་དང་བར་མ་རབ་བྱུང་། དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ་མཚན་ལ་དགེ་འདུན་བཤད་སྒྲུབ་རྒྱ་མཚོར་གསོལ།  ཀློག་སློབ་པའི་རྩ་བའི་སློབ་དཔོན་ནི་༧རྗེ་ངག་དབང་ཆོས་འཛིན་ཡིན་ལ།  དགུང་ལོ་བརྒྱད་པའི་ཚེ་དགེ་བའི་བཤེས་གཉེན་བློ་བཟང་ཟླ་བ་ལས་ཆོས་སྤྱོད་ཁག་བསླབས། ལོ་བཅུ་པ་ལ་སླེབས་སྐབས་༧རྗེ་ཨ་བྷྱའི་ཞབས་ཀྱིས་གསུང་བཀོད་ལྟར་ལམ་ཁྲིད་མྱུར་ལམ་བློ་འཛིན་བྱས་ཏེ་རྒྱུགས་འབུལ་ཀྱང་ཞུས་པ་ནི། ཕྱིས་སུ་བྱང་ཆུབ་ལམ་གྱི་རིམ་པ་འཇིག་རྟེན་དུ་གསལ་བར་བྱེད་པའི་རྟེན་འབྲེལ་སྐུ་ན་ཤིན་ཏུ་ཕྲ་མོའི་དུས་ནས་ཀྱང་གཟིགས་པར་མངོན།

དགུང་ལོ་བཅུ་གཅིག་པར་༧རྗེ་ངག་དབང་ཆོས་འཛིན་ལས་བསྡུས་གྲྭ་སྦྱོང་བའི་དབུ་བཙུགས། དགུང་ལོ་བཅུ་བཞི་པ་ཕྱི་ལོ་༡༩༢༣ ནས་ལྟག་རྡོ་རི་ཁྲོད་དུ་༧རྗེ་འཇིགས་མེད་ཞབས་དགུང་ལོ་ཉེར་དྲུག་ལ་ཕེབས་པའི་དྲུང་དུ་གཏན་འཇགས་བཞུགས།  དེ་དུས་རྩོད་ཡིག་འཇིགས་མེད་རིགས་པའི་གད་རྒྱངས་བརྩམས་རིམ་བཞིན་དོ་རུ་མཁན་སྤྲུལ་གྱིས་ཡི་གེར་འབེབས་པ་དང་།  དབུའི་མཆོག་ལྷ་དང་སུམ་རྐང་གི་ལཉྫ་པ་ཏྲ་སོགས་ཀྱི་རི་མོ་གང་མཛེས་སོགས་གནང་བ་མཇལ། སྤྱིར་༧རྗེ་ཨ་བྷྱའི་ཞབས་ཀྱི་གསུང་འབུམ་ལས་ཕལ་མོ་ཆེར་ལུང་དང་བཤད་ལུང་སོགས་ཀྱི་རྒྱུན་ཡོད་ཀྱང་།   རྩོད་ཡིག་འཇིགས་མེད་རིགས་པའི་གད་རྒྱངས་ལ་བཤད་ལུང་སོགས་ཀྱི་རྒྱུན་མེད་པ་གང་ཡིན་ཞེས་ཕྲན་གྱིས་དཔལ་ལྡན་བྱ་ཁྱུང་དུ།   བདག་ཅག་གི་འདྲེན་པ་བླ་ན་མེད་པ་རྡོ་རྗེ་འཆང་༧སྐྱབས་རྗེ་ཤར་གདོང་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་ཞལ་སྔ་ནས་ལས་༧རྗེ་དེ་ཉིད་ཀྱི་གསུང་འབུམ་གྱི་ལྗགས་ལུང་ཞུ་སྐབས་ཞུས་པར།  ཁོང་གིས་འོ་དེ་ཁོང་རྡོ་རྗེ་འཆང་ནས་རྩོད་ཡིག་དེ་གསར་བུ་ཡིན་དུས་གསར་རྟགས་བསྟན་ནས་བྲིས་བཞག་པ་ཞིག་རེད།  ཕྱིས་སུ་བསམས་ན་ངོ་ཚ་བོ་འདྲ་ཞིག་རེད།  དེ་གསུང་འབུམ་གྲས་སུ་མ་བཞག་ན་བསམས་ཀྱང་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་ནས་ཀ་རིང་དུ་བཞུགས་པའི་པར་ཤིང་མཐུ་བ་དགོན་པའི་གསུང་འབུམ་པར་ཤིང་གྲས་སུ་བཞག་པ་རེད་ཅེས་ཕེབས་པ་དང་།   སྐབས་དེར་འགའ་རེས་རྩོད་ཡིག་དེ་རྒན་ཡོངས་འཛིན་རིན་པོ་ཆེས་བྲིས་ནས་ངའི་མིང་བརྒྱབ་པ་རེད་ཟེར་སྐད་ཀྱང་དེ་མིན།   ཞེས་ང་ལ་དངོས་སུ་གསུངས་མྱོང་ཞེས་ཕེབས།   ཡོངས་འཛིན་པཎྜི་ཏ་ལས་དབྱངས་ཅན་དགྱེས་གླུ་དང་།  བདུད་རྩིའི་མཆོད་ཡོན་ལྟོ་སྤྲད་ནས་ཁྲིད་ཅིང་དཔེར་བརྗོད་ཀྱང་བཞག། །དགུང་ལོ་༡༥ པ་ཕྱི་ལོ་༡༩༢༤ ལོར་ཚེ་འདིའི་ཞུ་འཕྲིན་ཐོག་མ་རང་གི་རྩ་བའི་བླ་མར་ཕུལ་བའི་ལན་དུ།  རྡོ་རྗེ་འཆང་༧རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས།  ཆོས་རབ་ཏུ་རྣམ་འབྱེད་ཀྱི་མཁྱེན་རབ་མེ་ལྟར་འབར་བའི་སློབ་བུ་ཚེ་ཏན་ཞབས་དྲུང་ཞེས་དང་། དགུང་ལོ་བཅུ་དྲུག་པའི་ཚེ་སྒིས་སྟེང་ཡོངས་འཛིན་བློ་བཟང་དཔལ་ལྡན་ཞལ་སྔ་ནས།  ཕྱག་བྲིས་གནང་བའི་ནང་།  ལྷན་སྐྱེས་ཀྱི་ཤེས་རབ་མེ་ལྟར་འབར་བ་ལེགས་པར་བཤད་པའི་བདུད་རྩིས་ཅི་ཡང་བསྐྱངས་པས་རང་གི་ཆོས་ཀྱི་བུར་གྱུར་བ། དཔལ་ཚེ་ཏན་ཞབས་དྲུང་པཎྜིཏ་ཆེན་པོ་ཞེས་འབོད་པ་གནང་ཡོད་ལ།  སྐབས་རེར་རིག་གནས་རྒྱ་མཚོའི་མངའ་བདག་ཆེན་པོ་ཞེས་ཀྱང་ཕྱག་འཕྲིན་ནང་བསྐུར་ཡོད་པ་གསུང་འབུམ་ཁག་ཏུ་གསལ།  ཕྱི་ལོ་༡༩༢༦ ཟླ་༡༠ ནང་མཐུ་བ་དགོན་དུ་ཡོངས་འཛིན་བློ་བཟང་དཔལ་བའི་མདུན་ནས་དབུ་མའི་སྐོར་དང་གྲུབ་མཐའི་སྐོར་ཁྲིད་སྐབས།   ༧རྗེ་འཇིགས་མེད་ཞབས་ཀྱིས་གཟིམ་ཁང་དབུས་མའི་དྲ་མའི་མ་ཐེམ་ལ་ཐུགས་གཞིགས་མཛད་ནས་ཤིང་རྟ་རྣམ་བདུན་གྱི་རིགས་པས་དཔྱད་པའི་མཐར་སྲིད་པ་ཧྲུལ་པོར་བྱེད་པའི་དབུ་མའི་ལྟ་བ་ཚེགས་མེད་དུ་བརྙེས་སྐོར་ཕྱིས་གསང་རྣམ་ཚིགས་བཅད་མར་ཟུར་ཙམ་གསལ།

དགུང་གྲངས་༡༩ པ་རབ་རྒྱལ་ས་འབྲུག་(ཕྱི་ལོ་༡༩༢༨ ) ལོར་རྗེ་འཇིགས་མེད་ཞབས་ཀྱིས་རང་རྩོམ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོའི་བཤད་སྦྱར་བརྡ་སྤྲོད་རིག་པའི་སྙིང་པོ་མཁས་བསྡུས་མང་པོར་གནང་སྐབས་པཎྜིཏའི་མཚན་གནས་བཞེས་སྐོར།  གླེགས་བམ་དང་པོའི་རང་རྣམ་ཤོག་(ངོས་༡༢༤) ལས།  རྡོ་ཕུག་ནས་དཔྱིད་ཀར་ཟླ་བ་ཕྱེད་དང་གཉིས་ཀྱི་རིང་།  མཚན་སྒྲོགས་སྤྲུལ་པའི་སྐུ།  བྱ་བཏང་སྡེ་སྣོད་འཛིན་པ་རྣམས་དང་ཕྲན་ཅག་ལ་ད་ངྷི་ཨཱ་ན་ཡ་ཞེས་པའི་སྐབས་སུ་ཞོ་དཀར་ཡོལ་གང་འབུལ་བའི་ཕྱག་ལེན་དང་བཅས།  བླ་མ་རིན་པོ་ཆེས་སྒྲ་དབྱངས་ཅན་མ་རྩ་འགྲེལ་སྦྲགས་པའི་ས་རིས་ཡོངས་སུ་རྫོགས་པ་དང་།  རྗེ་ཉིད་ཀྱིས་མཛད་པའི་སྒྲ་དབྱངས་ཅན་མའི་བཤད་སྦྱར་གྱི་བཤད་ལུང་།  ཀུན་མཁྱེན་བླ་མའི་མགྲིན་པའི་ལྕགས་སྒྲོག་རང་འགྲོལ་གྱི་གོ་དོན།  ཨཀྱ་ཡོངས་འཛིན་གྱི་ཡིག་ཆའི་སྟེང་ནས་སྡེབ་སྦྱོར།  སྣར་ཐང་སཾ་གྷ་ཤྲཱིའི་ཡིག་ཆའི་སྟེང་ནས་སྔགས་བཀླག་ཐབས་བཅས་སྒྲ་རིག་པའི་ཡན་ལག་ཏུ་གྱུར་བ་རྣམས་ཞིབ་ཁྲིད་བཀའ་དྲིན་བསྐྱངས།  ཀུན་བཤད་ཀྱི་མིང་འདོགས་སྐབས།  བདག་ལ་གནང་བའི་ཚིགས་བཅད་ནི་འདི་ལྟར།  ངག་གི་དབང་ཕྱུག་དབྱངས་ལྡན་རྒྱལ་བའི་ཡུམ། །བྱིན་རླབས་སྙེ་མ་ཁྱོད་ལ་དུད་པ་ལས། །རིག་པའི་གནས་ཀུན་མཐོང་བའི་པཎྜིཏར། །གྲུབ་པས་འགྲོ་ལ་ཕན་བདེའི་འདོད་པ་འཇོ། །ཞེས་པ་ཕྱག་བྲིས་དངོས་ལ་ཐམ་ག་བཏབ་པ་གནང་སྟེ་པཎྜི་ཏའི་ཆོ་ལོ་འདི་དུས་ཐོབ་པ་ཡིན་ནོ། །པཎྜིཏ་བསྒྱུར་ན་ལྔ་རིག་པ་སྟེ།  སྒྲ་དང་ཚད་མ་བཟོ་དང་གསོ་བ་ནང་དོན་རིག་པ་སྟེ་རིག་གནས་ཆེན་པོ་ལྔ་ལ་མཁས་པའི་ཆ་ནས་བཏགས་པ་ཡིན། ཞེས་གསུངས་པ་ལྟར་ན།  གོང་གསལ་ལྟར་དགུང་གྲངས་བཅོ་ལྔ་ཙམ་ནས་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དང་།  སྒིས་སྟེང་ཡོངས་འཛིན་བཀའ་དྲིན་ཅན་སོགས་ནས་ཕྱག་འཕྲིན་གནང་སྐབས་པཎྜིའི་མཚན་ནས་འབོད་གནང་གི་ཡོད་ནའང་།  དངོས་གཞིའི་པཎྜིཏའི་ཆོ་ལོ་ནི་དགུང་གྲངས་བཅུ་དགུ་པར་གནང་སྐོར་ཁོང་གིས་དངོས་སུ་གསུངས་འདུག

ཕྱི་ལོ་༡༩༢༨ ལོར་ཨ་རོལ་གོང་མའི་གཟིམ་ཁང་དུ་ཁྲུམས་ཟླའི་ཚེས་གཅིག་ཉིན། ༧རྗེ་འཇིགས་མེད་ཞབས་ཀྱིས་མཁན་སློབ་སྦྲགས་མ་དང་།  སྒིས་སྟེང་ཡོངས་འཛིན་རིན་པོ་ཆེས་གསང་སྟོན།  ཡོངས་འཛིན་རྒན་པ་ཚང་སོགས་བཅུ་ཚོགས་སྒོས་དགེ་བསྙེན་ནས་བཟུང་གཞི་ནས་བར་མ་རབ་བྱུང་། དགེ་ཚུལ། དགེ་སློང་གི་སྡོམ་པ་ཡོངས་སུ་རྫོགས་པ་མནོས་པའི་མཚན་ལ་འཇིགས་མེད་རིགས་པའི་བློ་གྲོས་ཞེས་གསོལ།  དགུང་ལོ་ཉི་ཤུ་ཙམ་ནས་༧རྗེ་འཇིགས་མེད་ཞབས་ཀྱི་དུས་དབང་དང་།  རིན་འབྱུང་བརྒྱ་རྩའི་རྗེས་གནང་སོགས་ལ་མཆོད་གཡོག་པའི་གཙོ་འགན་བཞེས་པས་ཕྱག་ལེན་གྱི་རིམ་པ་ཆེ་ཕྲ་ཀུན་ལ་ནང་བྱན་ཆུད་ཅིང་།  ཤིང་ཁྱི་ཕྱི་ལོ་༡༩༣༤  ལོར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཆེན་བཏང་། ཞལ་ནས་ལོ་རེ་བཞིན་གཞུང་ཆེན་མོ་རྣམས་ཀྱི་དཔེ་ཁྲིད་མ་ཆག་པར་ཞུས་པ་དང་།  དཔེ་ལྟོས་ཀྱི་འབད་པ་རེ་ཡང་བྱས་མོད།  བླ་མ་ཡབ་སྲས་ཀྱི་ཐུགས་ཟིན་ངེས་ཀྱི་གོ་བ་ཞིག་མ་ཆགས་ཤིང་།  རིག་གནས་ཙམ་ལས་གཞུང་ཟབ་མོ་ལ་ཤེས་རབ་དེ་ཙམ་གཏིང་ཚུགས་པ་མི་ཡོང་བ་འདྲ་སྙམ་པ་རང་ལ་འཆར་བ་ཞིག་ཡིན་ཞེས་ཁེངས་བསྐྱུང་གི་གསུང་ཕེབས་བཞིན་ཡོད་ཀྱང་། ཚུལ་བསྟན་ལ་བསྙེན་ཆེན་བཏང་བ་ནས་མཁྱེན་རབ་མེ་ལྟར་འབར་བར་གྱུར་སྐོར་རང་རྣམ་ནང་གསལ།  ཁོང་གི་གསུང་འབུམ་གླེགས་བམ་དང་པོའི་(ཤོག་ངོས་༡༥༩ ) ལས།  བླ་མ་རིན་པོ་ཆེས་དམ་པ་གོང་མ་སོ་སོའི་རྣམ་ཐར་དང་།  ལོ་རྒྱུས་གང་དང་གང་ཐུགས་ཐོག་ནས་འཆད་ཚེ་གཞུང་དེ་དང་དེ་ཁ་ཕྱེ་བ་ལྟ་བུ་ཡིན་ཙ་ན།  བདག་ལ་ཡང་རྣམ་ཐར་དང་ལོ་རྒྱུས་དེབ་ཐེར་སོགས་ཁོམ་སྐབས་ནམ་ཡོད་ལ་ཆེད་དུ་གཏད་ནས་བལྟར་འཇུག་པ་ལ།  མགོ་རྔ་ཁ་ཚང་བ་ཞིག་བལྟས་པའི་མཐར་དཔེ་ཆའི་ཁ་བསུམས་ཚེ་ལྷུ་འགྲིག་མོ་ཞིག་གཏན་ནས་མི་ཤོད།  དེར་མ་ཟད་ཐོ་ཆུང་རེ་བཏབ་ན་ཡང་མཁོ་ཆེ་བ་གང་དང་། མི་ཆེ་བ་གང་ཡིན་སོ་སོའི་དབྱེ་འབྱེད་དཀའ་བས་གསུང་འཕྲོས་ལ་བློ་གྲོས་དང་ཁྱོད་ཚོ་ལོ་རྒྱུས་སྨྲ་བ་ཞིག་ཡོང་དཀའ་བ་འདྲ་ཞེས་ཐུགས་མ་ཁེངས་པའི་རྣམ་པ་ཡང་ཡང་མཛད། ངེས་པར་དེ་དུས་རྣམ་ཐར་ལོ་རྒྱུས་ལྟ་མ་ཤེས་པར་འདུག  །ཕྱིས་སུ་བླ་མ་རིན་པོ་ཆེ་དགོངས་པ་རྫོགས་པའི་རྗེས་ཙམ་ནས་རྣམ་ཐར་ལོ་རྒྱུས་སྔར་དང་མི་འདྲ་བའི་ལྟ་ཚུལ་གྱི་གོ་བ་ཞིག་རྙེད་པར་མ་ཟད།  ཟིན་བྲིས་སུ་འདེབས་ཚུལ་ཡང་སྔར་དང་མི་འདྲ་བའི་བྱེད་ཐབས་ཤིག་རྙེད་ཅེས་གསུངས་འདུག  །

གསུམ་པ།  རང་གི་རྩ་བའི་བླ་མའི་བཀའ་འབུམ་རིན་པོ་ཆེ་པར་སྐྲུན་གྱི་སྲི་ཞུ་བསྒྲུབས་པ།

ཁོང་གི་མཛད་པ་གཙོ་བོ་གཅིག་ནི།    ཁོང་དགུང་ལོ་༢༥ པ་ཕྱི་ལོ་༡༩༣༤ ནས་དབུ་འཛུགས་ཀྱིས་༧རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་གྱི་ཤིང་པར་དང་པར་ཁང་གསར་སྐྲུན་བྱས་པ་འདི་ཡིན།  དེའི་ཐད་གླེགས་བམ་དང་པོའི་རང་རྣམ་ (ཤོག་ངོས་༡༦༣ ) ལས།  ལོ་ཉེར་གཅིག་གི་རིང་གསུང་འབུམ་པོ་ཏི་བཅོ་ལྔ་གཙོར་བྱས་པའི་སྣ་རིང་ཐུང་གི་གླེགས་བམ་ཉི་ཤུ་བརྒལ་བ་བརྐོས་ནས་པར་ཁང་བཀྲ་ཤིས་ཆོས་མཛོད་སྒོ་བརྒྱ་ཇི་ལྟར་བཞེངས་ཚུལ་རྣམས་ནི།  བཀའ་འབུམ་ཇི་ལྟར་པར་དུ་བསྒྲུབས་པའི་གཏམ་དོན་བཟང་ཛམ་བུའི་ཆུ་གསེར་ཞེས་བྱ་བར་གསལ་ཚུལ་གསུངས་ཏེ། དེ་ཡང་བཀའ་འབུམ་གླེགས་བམ་གཉིས་པའི་ནང་བཞུགས་པ་དེར་གསལ་བར་བཀོད་འདུག།།

གང་ལྟར་འདི་ནས་བཟུང་དགུང་ལོ་ཞེ་དགུ་སོན་གྱི་བར་དུ་ཞུས་དག་གིས་གཙོས་པའི་གསུང་རབ་འཕྲུལ་པར་དུ་བཞེངས་པའི་ལས་དོན་ནི།  བདག་གི་བྱ་བ་ཐམས་ཅད་ཀྱི་ནང་ནས་རབ་དང་ཕུལ་དང་རྩེ་མོ་དང་གྱ་ནོམ་པར་གྱུར་ཏོ། །ཞེས་གསུངས་ཡོད། ཁོང་གིས་རང་གི་རྩ་བའི་བླ་མའི་གསུང་གི་འཕྲིན་ལས་འཇིག་རྟེན་དུ་ཡུན་གནས་ཆེད།  གསུང་འབུམ་པོད་བཅོ་ལྔ་བོ་དེ་དག་ཕྱོགས་བསྒྲིགས་དང་།  ཞུས་དག  །ད་དུང་མཐུ་བ་དགོན་དུ་དེ་དག་དཔར་སྐྲུན་ཆེད་པར་ཁང་གསར་འཛུགས་གནང་བ་ཕྱི་ལོ་༡༩༦༥ ཟླ་༦ པ་ཡས་མས་སུ་པར་ཁང་མེས་འཚིག་རྗེས་སུ་གསུང་འབུམ་པོད་ཆེན་པོ་དེ་དག་གི་ཤིང་པར་སླར་ཡང་བརྐོས་ཤིང་། གསུང་འབུམ་པོད་དགུའི་ཤིང་པར་རྣམས་ད་ལྟ་ཡང་མཐུ་བ་དགོན་དུ་ཡོད་སྐད།  མ་ཟད་གསུང་འབུམ་རིན་པོ་ཆེའི་ལུང་དང་བཤད་ལུང་ཁྲིད་སོགས་ཀྱི་རྒྱུན་གང་ཡོད་བསྟན་པའི་གསོས་སུ་ཁྱབ་སྤེལ་གནང་ཐུབ་པ་བྱུང་ཡོད།

ས་གསུམ་ན་རྙེད་པར་དཀའ་བའི་༧རྗེ་ཨ་བྷྱའི་ཞབས་ཀྱི་གསུང་འབུམ་རིན་པོ་ཆེ་འཇིག་རྟེན་མུན་སེལ་གྱི་སྒྲོན་མེར་བཞུགས་པའི་ཆེད་དུ།  དཔལ་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་སྐུ་ངལ་ཅི་ཙམ་བསྐྱོན་གནང་སྐོར་རྣམ་ཐར་ཆེན་མོ་དང་།  ༧རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་རང་རྣམ་དང་།  ལྷག་པར་དུ་བཀའ་འབུམ་པར་བསྒྲུབས་ཀྱི་གཏམ་ཛམ་བུའི་ཆུ་གསེར་གླེགས་བམ་གཉིས་པའི་ནང་བཞུགས་པར་གསལ་ཞིང་།  ཞུས་དག་སོགས་ཀྱི་དབང་གིས་སྤྱན་ལ་གནོད་སྐྱོན་བྱུང་སྐོར་དཔེར་ན།  དེ་ཉིད་(ཤོག་ངོས་༤༦༩ ) ལས།  ཞུས་དག་ཐད་ལ་ཕལ་ཆེར་བླ་མ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་རགས་གཟིགས་རེ་མཛད་གྲུབ་ནའང།  མ་ཕྱིར་གཏུགས་པའི་དོན་དུ་དགེ་བའི་བཤེས་གཉེན་བློ་གྲོས་རྒྱ་མཚོ་དང་།  རང་དབོན་འཇིགས་མེད་སྤྱོད་འཇུག་གཉིས་ཀྱིས་སྔ་ཕྱིར་རམ་བཏེགས་ལ། གཟབ་ཞུས་ལ་ནི་པར་རྐོན་བཅའ་ཡིག་རང་དུ་གསལ་བ་ལྟར།  བཀའ་འབུམ་ཐོག་མར་བརྐོ་བའི་དུས་ནས་བཟུང་གླང་ཁལ་བྱི་བས་འཁུར་བར་མོས་པའི་ཚུལ་གྱིས་རང་གཅིག་པུས་འབད་པ་ཆེས་ཆེར་བསྟེན་པ་ཞིག་གོ། དེ་ཡང་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་༧རྗེ་སུ་ངྷཱིཿ ཞབས་ཡབ་སྲས་ཀྱི་གསུང་གི་བདུད་རྩིར་ངོམས་མེད་དུ་སྤྱད་པའི་བྱིན་གྱིས་སུམ་རྟགས་དག་གསུམ་གྱི་འགྲོ་ཕྱོགས་ལ་ཧ་ཅང་འུ་ཐུག་པ་ཞིག་མིན་རློམ་ཆེ་སྟབས།  མིང་བརྡ་ཕྲ་མོ་ཚུན་ལའང་ཁྱི་དང་གློ་འཕྲད་ཀྱི་རྗེས་སུ་མ་འབྲངས་པར་གཞུང་ཁུངས་མ་དང་བསྟུན་ཅི་ཐུབ་ཀྱིས་དཔེ་མང་གང་འཛོམས་ཀློག་པའི་ངལ་བ་བསྟེན་ཅིང་། རྒྱུད་འགྲེལ་དང་། དྲང་ངེས།  རིམ་ལྔ་སོགས་ལ་ཕལ་ཆེར་རང་བློ་དང་འཚམ་པའི་ལྗགས་ཁྲིད་གནད་སྨིན་སྩལ་རིམ་ལྟར་ཞུས་དག་གང་ཞིབ་དང་། སླད་ནས་བརྡ་དག་གི་དཔེ་མང་ཀློག་པའི་ངལ་བ་སྤོང་བ་དང་། རང་གི་བརྗེད་བྱང་ཁོ་ནར་དམིགས་ནས་དགུང་ལོ་སོ་ལྔ་པ་ཤིང་སྤྲེལ་ཕྱི་ལོ་༡༩༤༤ ལོར་དག་ཡིག་ཐོན་མིའི་དགོངས་རྒྱན་རྩ་འགྲེལ་ལྷན་ཐབས་བཅས་རྩོམ་པའི་དབུ་བཙུགས།  གཙོ་བོ་སྣུམ་ནག་གི་སྒྲོན་མེའི་ཁ་ནས་པཎྜི་ཏའི་ཡིག་ཆུང་གི་ཚུལ་དུ་བྲིས་པ་ཤུགས་ཆེ་བར་བརྟེན་མིག་ལ་ཧ་ཅང་གནོད་དེ་རིམ་གྱིས་རྒྱང་མིག་དེ་ཙམ་མི་གསལ་བར་གྱུར།  ལོ་ཕྱི་མའི་དབྱར་ཐོག་དེར་གྲུབ་པར་མཛད།  དག་ཡིག་ཐོན་མིའི་དགོངས་རྒྱན་ཅེས་བྱ་བ་འདི་ཕྱིས་ཀྱི་དག་ཡིག་གང་བྱུང་རྣམས་ལ་དག་ཐེར་ཅི་ཐོན་དང་། སྔོན་གྱི་བརྡ་དག་རྩོད་མེད་རྣམས་ལ་ཁུངས་བཅོལ་གསལ་བར་བྱས་པའི་དག་ཡིག་རྒྱས་པ་རྩ་འགྲེལ་ལྷན་ཐབས་བཅས་ལེ་ཚན་གསུམ་མིག་ལ་གནོད་སྐྱོན་བྱུང་བྱུང་གི་བར་བརྩོན་པ་ཆེན་པོས་ཕྱོགས་བསྡེབས་ཀྱིས་བརྩམས་པ་ནས་བཟུང་ཞུས་དག་ལའང་སྟབས་བདེ་བྱུང་། ཞེས་སོགས་གསལ་བར་གསུངས་འདུག །དག་ཡིག་ཐོན་མིའི་དགོངས་རྒྱན་ལྷན་ཐབས་དང་བཅས་པ་འདི་གསུང་འབུམ་གླེགས་བམ་ལྔ་པའི་ནང་རྒྱ་བོད་ཤན་སྦྱར་བཀོད་ཡོད་པ་ལྟར་ཏེ།  དག་ཡིག་འདི་ནི།  ཐ་སྙད་རེ་རེར་ཁུངས་དང་བཅས་པ་ཞིབ་ཚགས་བཀོད་དེ་ཡིད་རྟོན་འཕེར་ངེས་ཀྱི་མིང་མཛོད་ཅིག་ཏུ་ཀུན་གྱིས་བརྩི་བཞིན་པ་དེ་ལྟར་རོ། །

ཕྱི་ལོ་༡༩༣༦ ཁོང་དགུང་ལོ་༢༧  སྐབས་ཡོངས་འཛིན་རིན་པོ་ཆེ་རོང་པོ་ནས་ཕེབས་ཏེ་རྩོད་ཡིག་འཇིགས་མེད་རིགས་པའི་གད་རྒྱངས་ལ་དཔྱད་པ་བསྐལ་པའི་མེ་དཔུང་གི་དགག་ལན་ཆུའི་འཁྲུལ་འཁོར་བརྩམས་གྲུབ་པ་ཡབ་སྲས་ལྷན་རྒྱས་ནས་ཞུས་དག་གནང་རིམ་བཞིན་དཔལ་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་ནས་ཉིན་རེར་མདའ་ཚད་མ་བཅུ་རེ་ཨ་མདོའི་དབུ་མེད་ཀྱི་བར་བྲིས་དག་ཐོན་དུ་བྲིས་པ་ལོ་དེར་བིས་མདོའི་གསེར་ཁ་རིན་པོ་ཆེ་ལྷ་སར་ཕེབས་དུས་བསྟན་པའི་དག་ཐེར་གྱི་ཐུགས་དགོངས་ཟབ་མོས་འབྲས་སྤུངས་ཀླུ་འབུམ་ལྷ་རམས་པ་མཁས་པའི་དབང་པོ་པྲ་ཛྙཱའི་མཚན་ཅན་ལ་བསྐུར་གནང་མཛད།

བཞི་པ།  རྒྱ་ཡིག་ལ་སློབ་གཉེར་གནང་བ།

དགུང་ལོ་ཉེར་དགུ་པ་ཕྱི་ལོ་༡༩༣༨ ལོར་ཀ་རིང་ཨེ་ཝཾ་དགའ་ཚལ་གསར་སྐྲུན་སྐབས།  རང་རྣམ་(ཤོག་ངོས་༡༨༧) ལས།  དཔའ་རིས་ཕྱོགས་ཀྱི་རྒྱ་མི་གཡང་ཌིའི་གུར་ཁང་ཟེར་བ་ཞིག་བོད་ཡིག་སློབ་ཕྱིར་འོངས་པའི་གམ་ནས་༧རྗེ་ཨ་བྷྱའི་ཞབས་ཀྱིས་བཀས་བསྐུལ་ལྟར།  རྒྱ་ཡིག་གི་དཔེ་ཆའི་སྟེང་ནས་ཤེར་སྙིང་དང་སྒྲོལ་མ།  སྨན་མདོ་བརྒྱད་བརྒྱ་པ།  བདེ་བ་ཅན་གྱི་ཞིང་མདོ་བསྡུས་པ་རྣམས་བསླབས་ནས་རྒྱ་ཡིག་ལ་ངོ་བྱང་དང་།  པིར་སྨྱུག་གིས་རྒྱ་ཡིག་འབྲི་ཚུལ།  རྒྱ་ཡིག་གི་དག་ཡིག་ལས་ཡི་གེ་འཚོལ་ཚུལ་བཅས་རྟ་རྒྱུགས་པའི་ཞོར་ལ་མེ་ཏོག་གཅོད་པའི་དཔེ་དང་མཚུངས་པར་ཡུད་ཙམ་ཞིག་བསླབས།  རིམ་པས་རྒྱ་ཡིག་གི་རྡོར་གཅོད་སྟེང་ནས་སྟོང་ཚར་ཁ་ཏོན་དུ་བཀླགས།  ཐང་སང་བླ་མས་བསྒྱུར་བའི་རྒྱ་ཡིག་གི་སྨན་མདོ་དང་བསྡུར་ན་བོད་ཀྱི་འགྱུར་ལ་ཆད་སྐྱོན་ཡོད་སྐོར་གཟིགས།

སྤྱིར་རྒྱ་ཡིག་ནི་ཐོག་མར་དངོས་པོ་གང་དང་གང་གི་དབྱིབས་གཟུགས་གཞིར་བཟུང་ནས་བཟོས་པ་ཡིན་ཞིང་།  སྨྱུག་ཁ་མང་ཤོས་ལ་སུམ་ཅུ་རྩ་སྟོད་ཡོད་པས་ཡིད་ལ་འཛིན་དཀའ་བ་དང་།  གྲངས་ཀྱང་ཁྲི་ཕྲག་བརྒལ་བ་བཅས་ན་སོ་ཡར་སོན་པ་ཞིག་གིས་སློབ་དཀའ་བ་དང་།  ཕྱིས་སུ་དགུང་ལོ་ཞེ་བཞིར་སོན་དུས་རྒྱ་བོད་ཀྱི་ཡིག་རིགས་རྩོམ་བསྒྱུར་བྱེད་དགོས་པའི་གོ་སྐབས་ལ་བརྟེན་ད་ལྟ་རྒྱ་ཡིག་གི་བརྒྱ་ཆའི་བརྒྱད་ཅུ་ཙམ་འདོན་ཤེས་ཤིང་།  དོན་རགས་པ་རེ་རྟོགས་མོད།  འབྲི་བའི་རྩོལ་བ་ནི་བྱེད་རྒྱུ་མ་བྱུང་ངོ་། །ཞེས་རྒྱ་ཡིག་སྦྱངས་ཚུལ་གསལ་བར་གསུངས།

དགུང་ལོ་སུམ་ཅུ་པ་ས་ཡོས་ཕྱི་ལོ་༡༩༣༩ ལོར་༧རྗེ་འཇིགས་མེད་ཞབས་ཀྱིས་ཆེད་དུ་ཞུས་པ་ལ་མ་ལྟོས་པར་འཕྲོ་ནས་ཁོང་གི་རྣམ་ཐར་སོགས་རྩོམ་པ་མང་པོ་བྱེད་པའི་དོན་དུ་ཁྱོད་ལ་སྙན་ངག་ཞིབ་མོ་ཞིག་ཁྲིད་པ་གལ་ཆེ་གསུངས་པ་དང་བསྟུན་ཐུགས་ཁོམ་ནམ་ཡོད་དུ་སྙན་ངག་མེ་ལོང་།  དགྱེས་གླུ་དང་དཎྜིའི་དགོངས་རྒྱན།  གྲགས་ཆེ་བའི་དཔེར་བརྗོད་གཉིས་བཅས་ཁྲིད་གཞུང་དང་།  ཞྭ་དམར་པཎྜི་ཏའི་མདུན་ནས་གཟི་ལུང་པ་མཁས་དབང་བློ་བཟང་དགེ་འདུན་གྱིས་བཏབ་པའི་སྙན་ངག་སྐོར་གྱི་ཟིན་བྲིས་དང་།  འབྲུག་ཁམས་སྤྲུལ་དང་འཇུ་མི་ཕམ་པའི་སྙན་འགྲེལ་ལེགས་ཆས་བརྒྱན་ནས་ཁྲིད་རིམ་བཞིན་ལེའུ་གསུམ་གར་རྩོམ་རྒྱུགས་ཕུལ་བར་ཞལ་ཚགས་ཅི་དྲག་གནང་བའི་བཀའ་དྲིན་དཔེ་ཟླ་མེད་པ་ཐོབ།   ཕྱི་ལོ་༡༩༤༤ ལོར་ཡོངས་འཛིན་ཐམས་ཅད་མཁྱེན་པ་༧རྗེ་བློ་བཟང་དཔལ་ལྡན་དགུང་ལོ་རེ་བཞིའི་ཐོག་ཞི་དབྱིངས་སུ་གཞོལ།  དགུང་ལོ་སོ་བདུན་པ་མེ་ཁྱི་ལོ་ཕྱི་ལོ་༡༩༤༦ ལོར་༧རྗེ་འཇིགས་མེད་རྡོ་རྗེ་འཆང་གི་ཞབས་དྲུང་དུ་རང་རྣམ་(ཤོག་ངོས་༢༡༦) ལས།  ལྷ་ས་ནས་ཕུར་ལྕོག་བྱམས་པ་རིན་པོ་ཆེས་ཁོང་ལ་སྙན་ངག་གི་ལམ་ནས་དྲངས་པའི་གསུང་འཕྲིན་འབྱོར་བ་ལ་ཞིབ་མཇལ་དང་།  རྡོ་བྲག་དགེ་འདུན་ཆོས་འཕེལ་གྱིས་ཀྱང་ཞུ་ཡིག་རྒྱས་པ་དང་།  རྒྱ་གར་གྱི་མེ་ཏོག་དང་ལྗོན་པའི་ལོ་འདབ་སྐམ་པོ་སོགས་རིག་གནས་ལ་མཁོ་བའི་འདྲ་དཔེ་མང་དག་བསྐུར་བ་ལ་ཞིབ་བལྟས་དང་།  སྔར་ཡོངས་འཛིན་རིན་པོ་ཆེ་ལ་རྡོ་སྦིས་དགེ་བཤེས་རིན་པོ་ཆེས་རྩོད་ཡིག་བསྐལ་བའི་མེ་དཔུང་བསྐུར་དུས་རྡོ་བྲག་གིས་མཚམས་སྦྱོར་གྱི་ཡི་གེ་ཞིག་བསྐུར་བའི་རྒྱབ་བྱང་ན་སྒིས་སྟེང་ཚོན་པོ་ཉིན་པར་ཟས་མི་ཟ་བ་ལ་རྡོ་བྲག་སྐམ་པོ་མཚན་མོ་ཆུ་མི་འཐུང་བས་ཕུལ་ཅེས་པའི་ཚིགས་བཅད་རིང་པོར་ཚིག་རྩུབ་དང་ཟུར་ཟའི་ཚེར་མ་རྣོན་པོ་མང་དག་ཡོད་སྟབས།  ད་རེབ་ཁོང་གི་ཞུ་ཡིག་ནང་དུ་ཡོངས་འཛིན་རིན་པོ་ཆེ་དག་ཞིང་ལ་ཕེབས་པ་ཡང་གོ་འདུག  སྔར་ཚིག་རྩུབ་ཅན་གྱི་ཡི་གེ་བསྐུར་བ་དེར་སྙིང་ཐག་པ་ནས་འགྱོད་སེམས་ཀྱི་སྒོས་བླ་མ་རིན་པོ་ཆེ་ལ་སྐྱབས་འཇུག་གནད་སྨིན་ཞུས་ཡོད་པ་ལ་བདག་ཅག་གིས་རྣམ་དཔྱོད་ཅན་ཡིན་པའི་རྟགས་བསྟན་འདུག་སྙམ་དུ་བསམས།  ཡོངས་འཛིན་རིན་པོ་ཆེའི་དངུལ་རྭའི་ཧྲེ་བོའི་དགག་ལན་གྱི་ཡི་གེར།  རྡོ་བྲག་སྐམ་པོས་བླ་བྲང་དུ་ཐ་སྙད་གྲྭ་ཚང་ཟེར་བའི་ཚོགས་པ་ཟུར་བ་ཞིག་བཙུགས་པ་ལ་ཁྱོད་ཚོས་སུས་ཀྱང་ཁ་ཡ་མ་ཡོང་བ་མིན་ནམ།  ཞེས་པ་ཞིག་གསུངས་ཡོད་པ་དེས་དེ་དུས་རྡོ་བྲག་ལ་ཅུང་ཟད་ཕོག་པ་ཙམ་ལས་གནོད་རྐྱེན་གཞན་གང་ཡང་ཡོད་དོགས་མེད། ཅེས་གསལ། རྗེ་འདི་ཉིད་དགུང་གྲངས་སོ་བདུན་པ་ཕྱི་ལོ་༡༩༤༦ ལོའི་ཧོར་ཟླ་དགུ་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོ་ཉི་མ་ནུབ་རིའི་རྩེར་གཞོལ་ཏེ་གཟིམ་ཁང་ལ་གྲིབ་སོ་བབས་པའི་དུས་སུ་རྗེ་འདིའི་རྩ་བའི་བླ་མ་༧རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དགུང་གྲངས་ཞེ་དགུ་པར་གཟུགས་སྐུའི་བཀོད་པ་བསྡུས་པར་སྲི་ཞུ་ཇི་ལྟར་ཞུས་སྐོར་གཞན་དང་གཞན་དུ་གསལ་བ་ལྟར་རོ། །

ལྔ་པ།  རང་གི་རྩ་བའི་བླ་མའི་གསུང་འབུམ་གྱི་ཆོས་རྒྱུན་སྤེལ་པ།

དགུང་ལོ་སོ་བརྒྱད་པ་ཕྱི་ལོ་༡༩༤༧ ལོར་ཡོངས་འཛིན་རྒན་པ་བདག་ཉིད་ཆེན་པོ་རྫོང་དཀར་སྤྱན་སྔ་པ་དཀོན་མཆོག་ཕུན་ཚོགས་དཔལ་བཟང་པོའི་རྟོགས་པ་བརྗོད་པ་ལེགས་ཚོགས་སྒོ་བརྒྱ་ཕྱེ་བའི་བདེན་གཏམ་དང་།  རོང་པོ་མཁན་ཆེན་ཚང་གི་རྣམ་ཐར་འཕྲོ་ཅན་དུ་ལུས་པ་རྣམས་ལས།  སྔགས་རིམ་ཚིགས་བཅད་མ་ལ་སྐུལ་མཁན་མེད་པར་བག་ཆགས་འཇོག་པའི་དོན་དུ་ཁ་སྐོང་བའི་བརྩོན་པ་བསྐྱེད།  ཡོངས་འཛིན་རྒན་པ་ཚང་གི་རྟོགས་བརྗོད་ལ་ཕྱིས་སུ་ཉེ་གནས་དམ་པ་གཡུང་དྲུང་གིས་བསྐུལ་བ་ལྟར་ཁ་བསྐངས་ནས་མཇུག་གྲུབ་པར་བྱས།  མཁན་ཆེན་ཚང་གི་རྣམ་ཐར་ལ་གོང་ས་སྐལ་ལྡན་རིན་པོ་ཆེས་བཀའ་གནང་ཞིང་མཁན་ཆེན་ཚང་གི་སྐུ་དབོན་རབ་གསལ་གྱིས་ཉེ་བར་བསྐུལ་ནས་མཇུག་གྲུབ་པར་བརྩམས་ཏེ་པར་འགོད་ཀྱི་གྲས་སུ་བཅུག་པ་དང་།  གསུམ་པའི་ནང་དཔལ་ལྡན་བྱ་ཁྱུང་ནས་བྲག་ལུང་མཁན་རིན་པོ་ཆེ་དགེ་འདུན་ལུང་རྟོགས་རབ་རྒྱས་ཀྱི་དགོངས་བཞེད་ལྟར་སྒར་བའི་མཆོད་ཁང་དུ་ཚེས་བཅོ་ལྔ་ནས་ཆོས་སྡེ་ཆེན་པོའི་སྤྲུལ་བའི་སྐུ་བགྲེས་གཞོན་རྣམས་དང་། རྗེ་ཉིད་ཀྱི་ཐུགས་སྲས་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་༧རྗེ་ཤར་གདོང་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་སོགས་བླ་སྤྲུལ་དགེ་བཤེས་བགྲེས་གཞོན་བརྒྱ་ཕྲག་ཙམ་ལ་ཉིན་བཅུ་ལྷག་རིང་༧རྗེ་འཇིགས་མེད་ཞབས་ཀྱི་བཀའ་འབུམ་ལས་ཁྲིད་དང་བཤད་ལུང་། ལུང་རྐྱང་གི་རྒྱུན་གང་ཡོད་སྒྲ་དག་གསལ་གསུམ་ཚང་བའི་སྒོ་ནས་རྒྱུན་སྤེལ།  ལུང་རྒྱུན་འདི་ཕྱིས་སུ་ཡབ་རྗེ་བླ་མ་ཤར་གདོང་རིན་པོ་ཆེར་སྙན་བརྒྱུད་གདམས་པའི་མཛོད་འཛིན་གཡེར་གཤོང་ཆོས་པ་རིན་པོ་ཆེ་༧རྗེ་འཇམ་དབྱངས་དགེ་འདུན་རྒྱ་མཚོས་ཞུས་པ་ལྟར།  རྗེ་ཉིད་ཀྱི་གདན་ས་དཔལ་ལྡན་བྱ་ཁྱུང་གི་འདུ་ཁང་གསར་བ་ལེགས་པར་གྲུབ་པའི་དགའ་སྟོན་དུ།  ཕྱི་ལོ་༡༩༩༤ ལོའི་ཧོར་ཟླ་༧ ཚེས་གཅིག་ནས་ཧོར་ཟླ་བརྒྱད་པའི་ཚེས་གཅིག་བར་གནང་བར་མ་ཟད།  ཕྱིས་སུ་ཕྱི་ལོ་༡༩༩༦ ཧོར་ཟླ་དྲུག་པའི་ཚེས་བཞི་ནས་རོང་པོ་དགོན་ཆེན་དུ་གསེར་ཁྲི་ཁ་སོ་རིན་པོ་ཆེས་ཞུས་པ་ལྟར།  གསེར་ལྗོངས་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་༧སྐྱབས་མགོན་བརྒྱད་པ་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་འཇིགས་མེད་སྐལ་ལྡན་གྱིས་གཙོས་ཚེ་ཏན་ཞབས་དྲུང་སྤྲུལ་བའི་སྐུ་འཇམ་དཔལ་ནོར་བུ་སོགས་བླ་སྤྲུལ་དགེ་བཤེས་དང་སྐྱ་སེར་མང་པོར་རྒྱུད་འགྲེལ་ཆེན་མོ་དང་།  སྒིས་སྟེང་ཡོངས་འཛིན་རིན་པོ་ཆེའི་གསུང་འབུམ་ལས་ཆོས་རྒྱུན་གང་ཡོད་བཅས་ཚེས་༢༧ བར་གནང་སྟེ།   ཞལ་ནས་དེ་སྔོན་ཡོངས་འཛིན་ཚང་རྫོང་དཀར་དུ་སྐུ་སྙུན་བཞེས་སྐབས་ཨ་ལགས་ཚེ་ཏན་ཚང་སྐུ་མདུན་དུ་བཅར་བར།  ངའི་གསུང་འབུམ་དུམ་པ་གཉིས་པོ་འདི་ཁྱེད་ལ་གཏད་པ་ཡིན།  ཞེས་གསུངས།  ཁོང་ནས་འོ་ན་གསུང་འབུམ་པར་ལ་འཁོད་ན་ཇི་སྙམ་ཞེས་ཞུས་པར།  ད་པར་ལ་མ་བཀོད་ནའང་ཆོག   གཙོ་བོ་རྡོ་རྗེ་འཆང་གི་གསུང་འབུམ་པར་ལ་འགོད་རྒྱུ་གལ་ཆེ་ཞེས་གསུང་གི་ཐ་མ་སྩལ་སྐོར་དང་།  ཡོངས་འཛིན་ཚང་གི་གསུང་འབུམ་གྱི་ལུང་འདི་ལུང་གཡོན་ཐང་ནས་ཨ་ལགས་རིན་པོ་ཆེས་གནང་སྐབས་ཉན་མཁན་ཉི་ཤུ་ཙམ་ལས་མེད།  ད་སྐབས་ང་མ་གཏོགས་གཞན་པ་ཐམས་ཅད་འདས་ཚར་འདུག  །ད་སྤྱིར་ན་མདོ་སྨད་ཀྱི་རྒྱན།  སྒོས་སུ་རེབ་གོང་རིག་པ་འབྱུང་བའི་ཞིང་གི་རྒྱན་དུ་བདག་གིས་སྤེལ་ཐུབ་པ་བྱུང་བ་སྐལ་བ་བཟང་ཞེས་དང་།   གཟིམ་ཆུང་དུ་ལྷོད་བཞུགས་སྐབས་ད་རེས་ཆོས་རྒྱུན་གང་འཚམ་བདག་པོ་ལ་འཕྲོད་ཡོད་ཅེས་གུས་པར་གསུངས་པ་དེ་ལྟར་དང་།  དེའི་མཇུག་ཏུ་རྩེ་ཁོག་ལ་ཡང་ཆོས་རྒྱུན་གང་འཚམ་གནང་བ་ལྟར་རོ། །

དྲུག་པ།  པེ་ཅིན་དུ་རྩ་ཁྲིམས་གསར་བསྒྱུར་དང་༧རྒྱལ་བའི་ཞལ་མཇལ།

དགུང་ལོ་ཞེ་ལྔ་པ་ཤིང་རྟ་ཕྱི་ལོ་༡༩༥༤ ལོའི་དབྱར་མཇུག་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་བསྒྱུར་སླད་པེ་ཅིན་དུ་ཕེབས་ཏེ་ཟླ་བ་འགའི་རིང་ལ་ལོ་ཙཱ་བའི་གྲས་སུ་ཞུགས། དེ་དུས་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་ཞལ་མཇལ་ཞིང་གསུང་གི་བདུད་རྩིའི་ཆ་ཤས་བཞེས། ཁྲུམས་ཟླའི་ཚེས་ཉེར་གཉིས་ཉིན་ཡུང་ཧྭ་ཀུང་གི་རྗེ་སྐུའི་ལྷ་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་བཅུ་བཞི་པ་ལས་ལམ་རིམ་སྤྱིའི་བཤད་པ་དང་།  དགའ་ལྷ། ལམ་གཙོ། ཡོན་ཏན་གཞིར་གྱུར་མ། རྒྱལ་བ་མ་ལུས་མ་བཅས་ཀྱི་ལུང་།  གཟིམ་ཆུང་ནས་གྲུབ་རྒྱལ་ཚེ་དབང་གསུང་བཤད་རྒྱས་པ་ཅན་དང་།  སྐྱབས་འགྲོ་དང་དགའ་ལྷའི་ལུང་བཅས་དགྱེས་བཞིན་སྩལ།  འདི་དུས་ཡོངས་འཛིན་མཁས་པའི་དབང་པོ་ཁྲི་བྱང་རིན་པོ་ཆེས་རྡོ་རྗེ་འཆང་༧རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོའི་སྐུ་ཡོན་ལ་བསྔགས་བརྗོད་རྒྱ་ཆེར་མཛད་ཅིང་།  གསུང་རྩོམ་གྱི་ཕྱོགས་ནས་རྒྱུད་འགྲེལ་ལ་ཚད་མེད་པའི་བསྔགས་བརྗོད་དང་།  ལྷག་པར་དྲང་ངེས་དཀའ་འགྲེལ་ཆེན་མོ་ལ་དཔེ་ཟླ་དང་བྲལ་བའི་བསྔགས་བརྗོད་མཛད།  ཤིང་ལུག་ཕྱི་ལོ་༡༩༥༥ ལོར་དབྱར་ཐོག་པེ་ཅིན་དུ་ཚོགས་འདུ་ཆེན་མོའི་རྩོམ་བསྒྱུར་གྱི་བྱ་བར་ཞུགས། ལོ་འདིའི་དབྱར་ཐོག་ཏན་ཏིག་དཀར་ཆག་དོན་ལྡན་ངག་གི་རྒྱུད་མངས་ཞེས་བྱ་བ་ཁ་དྲུག་ཏུ་སྔ་ན་མེད་པའི་ལག་རྗེས་དང་ལྡན་པའི་ལོ་རྒྱུས་ཀྱི་ཡི་གེ་རྒྱས་པ་དེབ་ཉིས་བརྒྱར་ཉེ་བ་དེ་བརྩམས།

དགུང་ལོ་ཞེ་བརྒྱད་པ་ཕྱི་ལོ་༡༩༥༧ ལོར་ཀ་རིང་གི་སྐལ་བཟང་ལྷ་ལྡན་དུ་འགྲོ་བའི་ལག་བརྒྱུད་བླ་མ་རིན་པོ་ཆེའི་བཀའ་འབུམ་ཆ་ཚང་གླེགས་ཐུམ་གདོང་དར་བཅས་ངོས་གཙང་བ་དང་།  སྐྱབས་ཞུའི་འཕྲིན་ཡིག་བཅས་གྲུ་འཛིན་ཞིང་གི་བདག་པོ༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོར་ཆེད་འབུལ་ཞུས་ཤིང་། རང་གི་མོས་འདོད་ལྟར་དཔལ་ལྡན་དམག་ཟོར་རྒྱལ་མོའི་རྟེན་ཐང་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་༧རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་ཕྱག་ཐམ་ཅན་སྤྱི་བོའི་རྒྱན་དུ་ཐོབ།

བདུན་པ།  ཐོན་མིའི་དགོངས་རྒྱན་དང་ཞལ་ལུང་སོགས་ཇི་ལྟར་བརྩམས་པ།

འདི་ལོར་སྔོན་ཆད་ཕྱི་ལོ་༡༩༤༤ ལོར་དབུ་བརྩམས་པའི་དག་ཡིག་ཐོན་མིའི་དགོངས་རྒྱན་རྩ་འགྲེལ་ལྷན་ཐབས་ལེ་ཚན་གསུམ་ཡོད་པ་དེ་སྲིད་གཞུང་གི་བཀས་རྒྱ་བོད་སྐད་གཉིས་ཤན་སྦྱར་དུ་བཀོད་ནས་པར་དུ་བསྐྲུན་ཏེ་ཁྱབ་གདལ་དུ་བཀྲམ་ཞིང་།  མཁས་དབང་གསུང་རབ་རྒྱ་མཚོ་སོགས་དང་བསྡེབས་ནས་གླིང་གེ་སར་གྱི་སྒྲུང་གི་བསྟན་བཅོས་པར་འགོད་ཀྱི་དོན་དུ་ལེགས་སྒྲིག་དང་ཞུས་དག་གང་དགོས་གཏོང་རོགས་གནང་།  ཞིང་ཆེན་མི་རིགས་སློབ་གྲྭའི་དགེ་རྒན་རྣམ་པའི་རེ་འདོད་ལྟར་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་སྐྱེས་རབས་སོ་བཞི་པའི་སྟེང་ནས་སྟོན་པའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་བདུད་རྩི་ཆལ་ཆིལ་དུ་འབབ་པའི་ཚིག་ཕྲེང་རྨད་དུ་བྱུང་བ་དག་ལྗགས་ཐོག་ཏུ་ལེན་ཞོར་སྙན་ངག་ཚིག་རྒྱན་གྱི་སྐོར་རགས་ཁྲིད་རེ་དང་།  སུམ་རྟགས་ཀྱི་རྣམ་གཞག་གོ་སླ་བའི་ཞིབ་བཤད་ཐོན་མིའི་ཞལ་ལུང་ཞེས་བྱ་བ་དགག་སྒྲུབ་ཀྱི་རོལ་ཆ་སྙན་དགུར་འཁྲོལ་བ་ཞིག་རྩོམ་པའི་གཞི་བཏིངས་ནས་སུམ་ཅུ་པ་ཧ་ལམ་ཚར་ལ་ཁད་པ་ཞིག་བརྩམས་རིམ་བཞིན་ངོ་སྤྲོད་ཞིབ་མོ་རེ་ཡང་བྱས།  ཕྱིས་སུ་ཕྱི་ལོ་༡༩༧༩ ཟླ་༣ ཚེས་ནས་གཞུང་དེར་ཁ་བསྐངས་ཚུལ་ནི།  རྒྱ་ཆེན་གནས་ལྔ་རིག་པའི་དབང་ཕྱུག་ཤར་ཡོངས་འཛིན་ཨ་ཁུ་འཇིགས་མེད་ཐེག་མཆོག་ཚང་གིས་བརྩམས་པའི་རང་རྣམ་ཁ་སྐོང་སྐལ་བཟང་མེ་ཏོག་བཞད་པའི་འཁྲི་ཤིང་། ( ཤོག་ངོས་༩༢ ) ལས།  བོད་གངས་ཅན་གྱི་མཁས་དགུའི་མེས་པོ་བླ་ན་མེད་པ་སློབ་དཔོན་ཐོན་མིའི་སུམ་རྟགས་ཀྱི་རྒྱ་ཆེར་འགྲེལ་བ་སྔར་བྱུང་མ་མྱོང་བའི་ལེགས་བཤད་ཐོན་མིའི་རང་འགྲེལ་ལྟ་བུ་དེ་ཉིད་རྩོམ་པའི་དབུ་བརྩམས།  འགྲེལ་བ་འདི་སྔར་རྗེ་ཉིད་མཚོ་སྔོན་མི་རིགས་སློབ་གྲྭར་བཞུགས་སྐབས་སུམ་ཅུ་བའི་ཐད་ཟིན་ཐོའི་ཚུལ་དུ་གནང་བ་ཞིག་ཡོད་པ་ཕྱག་སོན་བྱུང་བ་གཞིར་བྱས་ཏེ།  རྟགས་འཇུག་ཟུར་རྒྱན་དང་བཅས་བསྣན་ནས་ཆ་ཚང་བར་མཛད་པ་ཁ་ཏི་ཁའི་དགོན་ལག་ནོར་བ་པ་སྙུག་ཐོགས་སངས་རྒྱས་དོན་འགྲུབ་ནས་འབྲི་མགོ་ཚུགས་ཤིང་།  བླ་བྲང་ཙ་ཡུས་འཇམ་དབྱངས་ཚུལ་ཁྲིམས་རྒྱ་མཚོས་ཀྱང་ཚན་པ་གསུམ་འབྲི་རོགས་བྱས་ཏེ་དང་པོ་སྣུམ་དཔར་དུ་བཏབ།   དེ་ནས་རིམ་བཞིན་ཀན་སུའུ་དཔེ་སྐྲུན་ཁང་ནས་ཞན་པར་དུ་བཏབ་སྟེ་ཕྱོགས་ཡོངས་ལ་འགྲེམ་སྤེལ་བྱས་པ་ན།  ཕྲག་དོག་གིས་གཞན་དབང་དུ་གྱུར་པའང་འགའ་ཞིག་བྱུང་བར་མངོན། སྔར་གུང་ཐང་འཇམ་པའི་དབྱངས་ཀྱིས་སི་ཏུའི་འགྲེལ་ཆེན་ལ་དགག་པ་གནང་བ་ཞིག་བླ་བྲང་དུ་ཡོད་ཅེས་ཟེར་ཡང་ཕྱག་ཏུ་མ་བྱུང་།  སྔོན་བྱོན་མཁས་པས་མཛད་པའི་འགྲེལ་བ་དག་ལ་ཕྱོགས་སུ་མ་བཟུང་བར།  གཟུར་གནས་སྒོས་དགག་བཞག་གང་འགབ་རེ་གནང་སྟེ།  དག་ཕུད་མཛད་པ་འདི་འདྲ་ངོ་མཚར་དུ་མི་འཛིན་པའི་བློ་ལྡན་སུ་ཞིག་མཆིས་ཏེ།  ཡིད་འཕྲོག་པའི་བསྟོད་བསྔགས་ཀྱི་ང་རོ་ལྷོ་ཕྱོགས་མཐའ་ལ་ཁྱབ་པ་འདི་སུས་འགོག་ནུས། ཞེས་དང་།  འདི་སྐབས་ཐོན་མིའི་ཞལ་ལུང་སྣུམ་པར་སྤུས་དག་བཞེངས་གྲུབ་བྱུང་སྟེ་ཐོག་མར་རྨ་ལྷོ་བྱང་གིས་གཙོས་པའི་མདོ་སྨད་ཀྱི་བུ་སློབ་རྣམ་དཔྱོད་ཅན་དང་།  མཁས་པ་སྙན་གྲགས་ཅན་རྣམས་ལ་དཔེ་ཆ་ཆ་ཚང་རེ་བསྐུར།  རིམ་བཞིན་བོད་སོག་གི་ཡུལ་ན་སྙན་པའི་བ་དན་བསྐྱོད་པའི་རྒྱུས་ཡོད་དག་ལ་སུམ་རྟགས་འགྲེལ་ཆེན་དང་།  ལཉྫའི་མ་ཕྱི།  ཝ་རྟིའི་མ་ཕྱི།  ལོ་རྒྱུས་སྐོར་གྱི་གསུང་རྩོམ་གང་མང་།  རྒྱ་རྩིས་གོ་དོན།  བོད་ཡིག་གི་མ་ཕྱིའི་སྐོར།  སྙན་ངག་སྤྱི་དོན།  རྒྱ་བོད་མགྱོགས་རྩིས་སྐོར་སོགས་གསུང་རྩོམ་ལེགས་བཤད་ཀྱི་སྣང་བ་འཁྱིལ་བ་པདྨའི་ཚལ་ལ་ཉི་ཟེར་ཕོག་པ་ལྟར་གཅིག་སྣེར་གཅིག་འཐུད་ཀྱིས་བསྐུར་བར་མཛད་པ་དང་། སྲིད་གཞུང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ་ལ་བརྟེན་ནས་ས་སྐྱ་པཎ་ཆེན་གྱིས།  སྒྲ་བ་ང་ཡིན་རྟོག་གེ་བ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། །སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། །དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་མཚུངས་མེད་ང་། །འདི་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན། །ཞེས་ས་སྐྱའི་ང་བརྒྱད་མར་གྲགས་པ་ལ་འདོན་པ་བསྒྱུར་ཏེ།  འདི་འདྲ་འཇིགས་མེད་རིགས་པའི་བློ་གྲོས་མཁས་པ་གཞན་རྣམས་གཟུགས་བརྙན་ཡིན། །ཞེས་པའི་ཆོ་ལོ་ཞིག་ངེས་པར་འོས་སོ་ཞེས་ཀྱང་གླེང་ངོ་། །ཞེས་གསུངས་པ་ལྟར་དང་། བརྒྱད་པའི་ཚེས་བཅུ་བཞི་ནས་སློབ་གྲྭའི་དགེ་སློབ་རྣམས་ལ་ཐོན་མིའི་ཞལ་ལུང་གི་མཛུབ་ཁྲིད་ཟླ་ངོ་གཅིག་ལྷག་ལ་ཆུ་ཚོད་རེ་བཞིའི་རིང་གནང་།  དོན་གཉེར་ཅན་དག་གིས་ཕྱོགས་སོ་སོ་ནས་མོས་བློ་ཆེར་བསྐྱེད་ཀྱིས་ཚངས་དབྱངས་དལ་གྱིས་ལྡིར་བའི་ལེགས་འདོམས་གསུང་སྒྲ་འཕྲུལ་གྱི་འཁོར་ལོར་ཕབ་པ་སའི་མཐའ་ལ་ཐུག་གི་བར་རྩོལ་མེད་དུ་བསྒྲགས་པ་ལས་དབྱངས་ཀྱི་ཡན་ལག་ས་སྟེང་འདིར་ཉམས་པ་མེད་པར་གྱུར་ཞེས་གསུངས།

གཞན་དེང་རབས་དང་མཐུན་པའི་སྙན་ངག་གི་སྤྱི་དོན་སྡེབ་ལེགས་རིག་པའི་འཆར་སྒོ་ཞེས་བྱ་བ་དང་།  ཡིག་བསྐུར་རྣམ་གཞག་བསྡུས་པ་ལྷག་བསམ་པདྨོ་འཛུམ་པའི་ཉིན་བྱེད་ཅེས་བྱ་བ་སྔ་ཕྱིར་བརྩམས་ནས་པར་དུ་བཀོད། དགུང་ལོ་ལྔ་བཅུ་པ་ས་ཕག་ཕྱི་ལོ་༡༩༥༩ ལོར་གལ་ཆེ་བའི་ཡིག་ཆ་འགའ་རེ་རྩོམ་བསྒྱུར་དང་། ཞུས་དག་གི་དོན་དུ་ཀྲུང་དབྱང་མི་རིགས་དཔེ་སྐྲུན་ཁང་གིས་གདན་ཞུས་གནང་བ་ལྟར་པེ་ཅིན་དུ་ཕེབས།  དེར་བླ་བྲང་གི་མཁས་པའི་དབང་པོ་ཨ་ཁུ་དམུ་དགེ་བསམ་གཏན་ཚང་དང་ཁོང་རྣམ་པ་གཉིས་ཁང་མིག་གཅིག་ཏུ་ཟླ་ངོ་གསུམ་ཙམ་གྱི་ཡུན་ལ་ལྷན་ཅིག་ཏུ་བཞུགས།  ཁོང་ཐུགས་རྒྱུད་འཇམ་ཞིང་མཁྱེན་རྒྱ་ཆེ་བ་ཅན་ཞིག་ཡིན་པས་དོན་དང་ལྡན་པའི་འབེལ་གཏམ་ཅི་རིགས་ཀྱིས་དུས་འདའ་བ་བྱུང་། དེའི་སྐབས་སུ་ལྕང་སྐྱ་རོལ་བའི་རྡོ་རྗེས་གྲུབ་མཐའི་རྣམ་གཞག་གི་རྩོམ་པ་མཛད་པའི་གནས་ཞང་ཧྲན་ཏེ།  སྤོས་ངད་ལྡན་པ་ཉེ་འཁོར་དང་བཅས་པ་དང་།  སྟོན་པ་མྱང་འདས་མའི་ལྷ་ཁང་།  དགྲ་བཅོམ་པ་ལྔ་བརྒྱའི་ལྷ་ཁང་།  སྟོན་པའི་ཚེམས་དང་ཐང་སང་གི་དབུ་ཐོད་བཞུགས་པའི་ལྷ་ཁང་སོགས་སུ་མཇལ་སྐོར་དུ་ཕེབས་སྐོར་རང་རྣམ་དུ་གསུངས།  གཞན་ཡང་།  དེའི་རྗེས་སུ་ཕྱི་ལོ་༡༩༧༨ ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་བཞུགས་སྐབས།  རྡོ་སྦིས་སུ་བཞུགས་དུས་གདན་འདྲེན་ཞུས་ཡོད་པ་ལྟར།  ཁྲིན་འདུའི་མི་རིགས་དོན་བྱེད་ལས་ཁུངས་ཀྱི་འགོ་ཁྲིད་འོག་ས་གནས་སོ་སོའི་མཁས་པ་མང་ཙམ་འཚོགས་ནས་བོད་རྒྱ་ཚིག་མཛོད་ཆེན་མོ་ཞེས་པའི་དཔེ་དེབ་གསར་རྩོམ་ལ་གཟིགས་སྐྱོང་གནང་བར་ཕེབས་དགོས་པའི་ཕོ་ཉར་རིགས་པ་སྨྲ་བ་བློ་གྲོས་རྒྱ་མཚོ་མངགས་པ་ལྟར་ཟི་ཁྲོན་གྱི་གྲོང་ཁྱེར་ཆེན་པོར་ཕེབས་ཏེ།  དེར་སྔོན་ནས་འདྲིས་ཆ་ཡོད་པའི་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་དང་དངོས་ཕྲད་བྱུང་ཞིང་ལྔ་རིག་གཞུང་གི་གསུང་གླེང་ཉིན་མང་པོའི་བར་དུ་གནང་།  ཚིག་མཛོད་རྩོམ་སྒྱུར་བྱེད་མཁན་སུམ་ཅུ་ཚོགས་དབུས་རྩོམ་བསྒྱུར་ཐད་ཞལ་གསུང་དང་།  བསླབ་བྱ་གནང་བར་དེར་འཁོད་ཚང་མ་ཧ་ལས་པ་བྱུང་།   འདིའི་སྐོར་མཁས་དབང་དམུ་དགེ་བསམ་གཏན་ཚང་གི་གསུང་འབུམ་པོད་དང་པོའི་ནང་རྩོམ་པ་པོ་རང་གི་བྱུང་བ་བརྗོད་པ་རང་གསལ་ཨཱ་དར་ཤ་ཞེས་པ་(ཤོག་ངོས་༥༨༧ ) ལས།  རབ་རྒྱལ་ས་མོ་ཕག་ཕྱི་ལོ་༡༩༥༩ ལོ་དགུང་ལོ་ཞེ་དྲུག་ཐོག་ལུགས་རྙིང་གི་ལོ་སར་ནས་གཟན་ཤམ་མི་ཕུད་ཀ་མེད་བྱུང་། ལོ་དེའི་སྤྱི་ཟླ་ལྔ་བར་པེ་ཅིན་དུ་རྒྱ་བོད་ཤན་སྦྱར་ཚིག་མཛོད་དང་། མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་དེབ་དང་པོ་བསྒྱུར་བར་ཞུས་དག་བྱེད་དུ་ཤོག་ཟེར་བ་དེར་སོང་། རྗེས་སུ་ཚེ་ཏན་ཞབས་དྲུང་ཚང་ཕེབས། ཁང་མིག་གཅིག་གི་ནང་དུ་མཉམ་དུ་བསྡད།  ཁོང་ཐུགས་རྒྱུད་འཇམ་ཞིང་བོད་རང་གི་རིག་གནས་ལ་ཤ་ཞེན་ཆེ་བས་ངེད་གཉིས་ཡིད་མཐུན་པོ་བྱུང་སྟེ།  ཟ་མ་ཟ་བ་དང་།  འཁྱམས་འཁྱམས་ལ་འགྲོ་བ་སོགས་མཉམ་འགྲོ་མཉམ་འདུག་བྱས་པས་སྐྱིད་པོ་བྱུང་། ཞེས་དང་།   ད་དུང་ཁོང་གིས་རྗེ་འདི་ལ་གངས་ཀྱི་སེང་གེ་ལྟ་བུའི་མཁས་དབང་ཚེ་ཏན་ཞབས་དྲུང་ཞེས་གདེངས་འཇོག་ཆེན་པོ་བྱས་སྐོར་གསལ།

བརྒྱད་པ།  ཤིན་ཏུ་རྩ་ཆེ་བའི་མི་ལོ་བཅུ་གཉིས་བཙོན་དུ་བཞུགས་པ།

རང་རྣམ་ལས།   དགུང་ལོ་ང་དྲུག་པ་ཤིང་སྦྲུལ་ཕྱི་ལོ་༡༩༦༥ ལོའི་བཅུ་པའི་ལྔ་མཆོད་ཉིན་ནས་བཟུང་།   དགུང་ལོ་རེ་བདུན་པ་མེ་འབྲུག་ཕྱི་ལོ་༡༩༧༦ ལོའི་དྲུག་པའི་བཅུ་གསུམ་བར་ལོ་ངོ་བཅུ་གཉིས་ཀྱི་རིང་ལ་རྒྱལ་པོའི་ཆད་པའི་ལས་ཀྱི་འཇིགས་པ་ཐོག་ཏུ་བབས་ནས་ཕྱི་མཚམས་དང་ནང་མཚམས་རིམ་གྱིས་བསྡམས་པའི་ཚུལ་ལྟར་ཁྲི་མོན་དུ་གནས་འཆའ་དགོས་བྱུང་ཞིང་། སྐབས་དེར་འཚོ་བྱེད་དབང་བོ་བོ་ངྷི་ས་ཏྭའི་ས་བོན་དང་ལྡན་པ་ཞིག་གིས་ལུས་ཁམས་ལ་ནད་ཆེ་རིགས་ཡོད་མེད་ཞིབ་རྟོག་བྱས་པར་གཅིག་ན་ལོ་ཚོད་མཐོ་རུ་ཕྱིན་པ་དང་།  གཉིས་ན་ཁྲག་རླུང་སྟོད་འཚངས་ཚབས་ཆེ་བ་ཞིག་བྱུང་བ་བཅས་ལ་བརྟེན།  སྲིད་གཞུང་གིས་དགོངས་པ་གློད་དེ་ཁྲི་མོན་གྱི་བཅད་རྒྱ་ལས་གྲོལ་བར་མཛད།  ལོ་རབས་མང་པོ་ཞིག་གི་སྔོན་ནས་བསྟན་རྩིས་རེའུ་མིག་རྒྱས་པ་ཞིག་འབྲི་རྩོམ་གྱིས་དེབ་ཐོག་ཏུ་ཐོ་འགོད་བྱས་པ་ལོ་སྔ་ཕྱི་འདིར་བསྟན་བཅོས་ལུགས་སུ་བྲིས་ཏེ་མགོར་གླེང་གཞི་དང་།  མཇུག་ཏུ་སྦྱར་བྱང་།  རྒྱབ་ཡིག་ཏུ་མཉམ་མེད་ཤཱཀྱའི་དབང་པོ་འདས་འཁྲུངས་ཀྱི་ལོ་ཚིགས་གཙོ་བོར་གྱུར་བའི་བསྟན་རྩིས་ལོ་སུམ་སྟོང་ཙམ་གྱི་རེའུ་མིག་རྣམ་གཞག་མཐོང་བ་ཀུན་ལས་བཏུས་པ་ཞེས་བྱ་བ་སྟེ།  ལོ་སྟོང་ཕྲག་གསུམ་ཙམ་གྱི་རེའུ་མིག་ཅན་རྒྱ་དཀར་ནག་སིངྒ་ལ་འབར་མ་བལ་བོ་རྣམས་ཀྱི་ལོ་རྒྱུས་ཀྱི་ཡི་གེ་ལས་ཉེར་མཁོ་རྣམས་དང་།  རང་རེ་བོད་ཀྱི་བསྟན་རྩིས་སྐོར་དང་།  རྣམ་ཐར་ལོ་རྒྱུས་མཐོང་ཚད་ལས་བཏུས་ཏེ་རེའུ་མིག་གཞི་ཆེ་བ་རྣམས་ལོ་འདིར་བྲིས་ཚར་བའི་ཁུལ་དང་།  ད་དུང་གང་མཐོང་ཇི་སྲིད་འཚོ་ཡི་བར་བྲིས་ནས་སྣོན་པའི་རླབས་ཆེ་བའི་བསམ་པ་ནི་དབྱར་མཚོའི་དཔལ་ལ་འགྲན་པ་བཞིན་མཆིས་ཏེ།  ནམ་ཞིག་གྲུབ་ཚར་བ་ན་གངས་ཅན་བྷོ་ཌའི་ལོ་རྒྱུས་དང་།  རིག་གཞུང་གི་བང་མཛོད་དུ་སྔ་ན་མེད་པའི་གཅེས་པའི་ནོར་གྱི་ཕུང་པོ་ཞིག་བསྐྲུན་པའི་རློམ་སེམས་གདའོ། །ཞེས་གསལ་བ་ལྟར་གྱི་བསྟན་རྩིས་ཀུན་བཏུས་འདི་གསུང་འབུམ་གླེགས་བམ་བདུན་པར་བཞུགས་ཤིང་།   འདི་ཉིད་གཞི་ལ་བཞག་སྟེ།  དུང་དཀར་ཚིག་མཛོད་ཆེན་མོ་འཁྲུངས་པ་མཁས་པ་དག་གིས་བརྟགས་ན་ཤེས་སོ། །

དགུ་པ།  བཙོན་གྲོལ་རྗེས་ཀྱི་མི་ལོ་བདུན།

དགུང་ལོ་རེ་དགུ་པ་ས་རྟ་ཕྱི་ལོ་༡༩༧༨ ལོའི་གྲོ་ཞུན་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཉིན་ཀན་སུའུ་ཞིང་ཆེན་ནས་ནུབ་བྱང་མི་རིགས་སློབ་གྲྭའི་བོད་ཡིག་སློབ་དཔོན་ངག་དབང་ཆོས་དར་ཞེས་བྱ་བ་ཁོང་ལ་ཆོས་འབྲེལ་དང་མཛའ་འབྲེལ་གཉིས་ཀ་ཡོད་པ་དེས་སླེབས་ཏེ།  སློབ་གྲྭ་དེར་ཡོན་ཏན་ཆེ་བའི་དགེ་རྒན་ཞིག་དགོས་པས་ཁྱེད་དངོས་སུ་ཕེབས་པའི་རེ་འདུན་ཁོ་ཚོ་དགེ་སློབ་ཀུན་ལ་ཆེ་ཚུལ་ནང་སྦྱར་ལུགས་སུ་མོལ་བའི་ལན་དུ་ཞལ་བཞེས་གནང་། བརྒྱད་པའི་དཀར་ཕྱོགས་ཀྱི་བཟང་བ་དང་པོའི་ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ནས་གདན་ཞུས་ལྟར་ཕེབས་ཏེ།  ཁྲི་མོན་དབང་འཛིན་པ་རྣམས་ཀྱིས་ད་ནས་བཟུང་ཁྱོད་ལ་མཐར་ཕྱིན་པའི་བཙོན་གྲོལ་བཏང་བར་མ་ཟད།  སྤྱི་འབངས་ཀྱི་དབང་ཆ་ཡོད་ཚད་ལག་ཏུ་གཏད་ཅིང་རང་ལུས་རང་ལ་དབང་བའི་བྱ་དགའ་སྤྲད་པ་ཡིན་ཞེས་པའི་ཁྱབ་བསྒྲགས་མཚོ་སྔོན་བརྡ་འཕྲིན་དང་རླུང་འཕྲིན་དག་ལས་བསྒྲགས།

དགུང་གྲངས་རེ་དགུ་བཞེས་པའི་མགོ་ཟླའི་ཚེས་༢ ཉིན་སྐུ་དབོན་དམ་པ་འཇིགས་མེད་ལེགས་བཤད་སྒྲ་དབྱངས་དང་ལྷན་ལན་གྲུའི་ནུབ་བྱང་མི་རིགས་སློབ་གྲྭས་གདན་ཞུས་ལྟར་ཁང་བཟང་མཐོན་པོ་ཞིག་ཏུ་གཞི་ཕབ།  དགུང་གྲངས་བདུན་ཅུ་པ་ཕྱི་ལོ་༡༩༧༩ ལོའི་ཤོལ་ཟླ་དྲུག་པའི་ཚེས་༡  ཉིན་གུང་ཐང་རིན་པོ་ཆེ་འཇིགས་མེད་བསྟན་པའི་དབང་ཕྱུག་ཕེབས་ཏེ་ཐུགས་ཡིད་གཅིག་འདྲེས་ཀྱི་གསུང་གླེང་འཕེལ་ཞིང་།   ཡོངས་འཛིན་རྒྱ་ཡག་ཚང་དང་།   གུང་ཐང་རིན་པོ་ཆེ།  ཀུན་མཁྱེན་རིན་པོ་ཆེ་དང་ཆུ་བཟང་ཚང་།  སྡེ་ཁྲི་རིན་པོ་ཆེ་སོགས་སྐབས་ཐོག་དེའི་མདོ་སྨད་ཀྱི་བླ་ཆེན་མི་ཆེན་དང་མཁས་པའི་དབང་པོ་མང་པོ་ལོ་སར་གྱིས་མཚོན་པའི་གནས་སྐབས་མང་པོར་ཚུར་མཇལ་ཁར་ཕེབས་ནས་མཉེས་གཤིན་གསུང་གི་སྒོ་མོ་དུས་རྟག་ཏུ་ཕྱེས།

བཅུ་པ།  ༧དགུང་གི་ཉི་ཟླ་གཉིས་དང་ཕན་ཚུན་འབྲེལ་ལམ།

དྲུག་པའི་ཚེས་༣༠ ཉིན་འཕགས་ཡུལ་ནས་༧གོང་ས་ཕྱག་ན་པདྨོའི་སྐུ་མཆེད་བློ་བཟང་བསམ་གཏན་དང་། སྐུ་ཚབ་ཐུབ་བསྟན་རྣམ་རྒྱལ་སོགས་སྐུ་ངོ་དྲུག་ཕ་ཡུལ་ཕྱོགས་སུ་ལྟ་གཟིགས་སུ་ཕེབས་པ་རྣམས་དང་ཞལ་འཛོམས་མཇལ་ཕྲད་གནང་།  བཀའ་མོལ་ཡུན་རིང་མཛད་ཅིང་སྐུ་པར་ཡང་བསྒྲོན།  དེ་ནས་སྐུ་ངོ་རྣམ་པ་དང་འཇམ་དབྱངས་བཞད་པ་རིན་པོ་ཆེ།  གུང་ཐང་བསྟན་པའི་དབང་ཕྱུག་སོགས་བླ་ཆེན་དཔོན་ཆེན་མང་པོ་དང་མཉམ་དུ་གསོལ་སྟོན་བཞེས།  བདུན་པའི་ཚེས་དགུ་ཉིན་སྐུ་མགྲོན་དག་བོའུ་ཆོན་གནས་རིའི་བྲག་རྩའི་ཆུ་མིག་བར་དགའ་སྐྱེལ་ཞུས།  གནས་དེར་བཞུགས་པའི་གོའུ་བླ་མས་གདན་དྲངས་པ་ལྟར་གུང་ཚིགས་གནང་།   ལྕགས་སྤྲེལ་ཕྱི་ལོ་༡༩༨༠ ཟླ་༥ ཚེས་༥ ནི།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མ་བསྒྲིགས་རང་འགྲིག་གིས་༧གོང་ས་མཆོག་གི་སྐུ་སྲིང་རྗེ་བཙུན་པདྨ་དང་།  སྐུ་ཟླ་བསོད་ནམས་རབ་བརྟན། ལྷ་མགོན་སྤྲུལ་སྐུ་བློ་བཟང་བསྟན་འཛིན་བཅས་རྗེ་ཉིད་ཀྱིས་སྙན་ངག་སྤྱི་དོན་བཀའ་ཁྲིད་གནང་བཞིན་པའི་ཆོས་རར་ཕེབས་ཏེ།  ཕན་ཚུན་མཇལ་འཕྲད་དང་སྐུ་ངོ་རྣམས་ཀྱང་གསུང་གི་བདུད་རྩི་སྩོལ་བ་སྐར་མ་བཅུ་ལྷག་ལ་གསན་ནས་དད་གུས་མཛད། ཕྱི་དྲོ་སྐུ་ངོ་རྣམས་བླ་མ་རིན་པོ་ཆེའི་གཟིམ་ཁང་ནང་ཆེད་དུ་ཕེབས་པར་རྒྱ་བོད་གཉིས་སྲོལ་ཀྱི་བཞེས་སྟོན་དྲངས། བཀའ་མོལ་ཞིབ་རྒྱས་མཛད་དེ་སྐུ་སྲིང་མཆོག་ནས་༧རྒྱལ་དབང་མཆོག་གི་མཛད་རྣམ་གྱི་དཔེ་དེབ་གནང་བ་སོགས་བྱུང་བས་ཐུགས་རབ་ཏུ་དགྱེས་ཤིང་།  རྟེན་འབྲེལ་གྱི་གནད་ཆེ་བར་དགོངས།  རྗེས་སོར་བསྟན་རྩིས་ཀུན་བཏུས་ཀྱི་ནང་དུའང་མཛད་རྣམ་གྱི་བཞེད་ཕྱོགས་གཙིགས་ཆེན་དུ་འགོད་པར་མཛད།  ལྔ་བའི་ཚེས་བཅུ་དགུ་ཉིན་སྙན་ངག་སྤྱི་དོན་ལེའུ་དང་པོ་ཁྲིད་ཚར་ནས་སྔ་ཕྱིར་ལེའུ་དང་པོ་ཐེངས་བརྒྱད་ལ་ཁྲིད།  ཕྱི་ལོ་༡༩༨༠ ལོའི་བརྒྱད་པའི་ཚེས་བཅུ་དགུ་ཉིན་སློབ་གྲྭའི་ནང་སྙན་ངག་ལེའུ་གཉིས་པ་དང་། སྒྲའི་མིང་ལེ་ཁྲིད།  ཚེས་བཅུ་དགུའི་ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨར་ཏི་ཎི་ཆོས་ཀྱི་རྒྱལ་མཚན་མཆོག་ལན་གྲུའི་སློབ་གྲྭའི་ནང་གདན་དྲངས་པ་ལྟར་ཕེབས་བསུ་དང་། ཀུན་གཟིགས་མཆོག་གིས་རྗེ་ཉིད་ཀྱི་རླངས་འཁོར་ནང་ཕྱག་གིས་ཁྲིད་དེ་གསོལ་སྟོན་གནང་། དགུ་པའི་ཟླ་མཇུག་ཏུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཀ་རིང་རྒྱ་ཞུར་འཁྲུངས་གཞིས་བཅས་སུ་གདན་དྲངས་པ་ལྟར་ཕེབས་པ་ལ་ཉེ་བས་ཀ་རིང་ཨེ་ཝཾ་དུ་ཞབས་བསྐྱོད་གནང་སྟེ་སྟོན་འཁོར་གདན་དྲངས།  རྨ་ལྷོ་བྱང་གི་བླ་ཆེན་དཔོན་ཆེན་ཚང་མ་གདན་ཞུས་གནང་བར་མ་ཟད།  དེ་ནས་སྟོན་པ་ལྷ་བརྒྱའི་དྲེགས་ལྡན་དེ་ཉིད་བླ་མ་རིན་པོ་ཆེའི་འཁྲུངས་གཞིས་སུ་བྱོན་པ་ལ་མཆོད་བཀུར་མངོན་པ་དང་མི་མངོན་པས་སྲི་ཞུ་ཡང་དག་པར་མཛད་པའི་རྣམ་ཐར་ཁག་ནི།  རྟོགས་བརྗོད་དངུལ་གྱི་མེ་ཏོག་ཏུ་གསལ་བ་ལྟར་རོ། །

རྟོགས་བརྗོད་དེ་ཉིད་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་ཕུལ་བའི་ལན་དུ།  ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནས།   ཞྭ་སེར་བསྟན་པའི་རྒྱན་མཆོག་ཚེ་ཏན་ཞབས་དྲུང་ལ། སྟབས་སྤེལ། བསྟན་འགྲོ་སྤྱི་དང་ཡང་སྒོས་རང་བསྟན་དར་སྤེལ་དང་མི་རིགས་ཀྱི་རིག་གཞུང་གོང་སྤེལ་ལ་བརྩོན་པ་གནང་མུས་སུ་ཡོད་པ་ཡི་རང་གི་གནས་སུ་ཆེ།  བདག་ཀྱང་བླ་མ་མཆོག་གསུམ་ཐུགས་རྗེས་ཕྱི་ནང་གི་འགལ་རེག་གང་ཡང་མེད་པར་བདེ།  གང་ཉིད་ནས།  བདག་མཚོ་སྔོན་ཕྱོགས་སུ་བསྐྱོད་པའི་སྤྱི་སྒོས་བྱ་བྱེད་ཐད་ལ་སྙན་ཚིག་གི་བསྟོད་དབྱངས་རྨད་དུ་བྱུང་བ་ཞིག་ཆེད་རྩོམ་གནང་བ་འབྱོར་ཞིང་དགའ་བའི་ཆུ་སྐྱེས་གཞོན་ནུའི་འདབ་བརྒྱ་འཛུམ་པར་གྱུར།  མ་མཇལ་རིང་སྐུ་གཟུགས་ཐུགས་བཅགས་གནང་ངོས་ནང་གནས་ཆུ་བོའི་རྒྱུན་བཞིན་ཡོད་པ་ནས་རིང་མིན་མཇལ་བའི་སྨོན་ལམ་བཅས། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ནས་ཕུལ། ཞེས་ཕྱག་རིས་ཕེབས་པ་འབྱོར་བས་ཐུགས་དགྱེས། ཡང་ལོ་དེའི་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ལོ་སར་ཕྱག་རྟེན་དང་འབྲེལ་ཆེད་དུ་ཐུགས་བསྐུལ་གྱི་འཕྲིན་ཕུལ་བ་ནི་འདི་ལྟར།

ཀུན་གཟིགས་ཐམས་ཅད་མཁྱེན་པའི་སྙན་དྲུང་དུ། གུས་ཞུ།  ཐམས་ཅད་མཁྱེན་པ་ཉིད་ནས་རང་རེ་བོད་གངས་ཅན་གྱི་མི་རིགས་སྤྱི་དང་།  ཁྱད་པར་མཚོ་སྔོན་དང་།  ཀན་སུའུ།  ཟི་ཁྲོན་གསུམ་གྱི་ཞིང་ཆེན་ན་འཁོད་པའི་ཨ་མདོ་བོད་རིགས་རྣམས་སྔོན་ཐོན་མི་རིགས་རྣམས་དང་འདྲ་བར་རིག་གནས་ཀྱི་ཡོན་ཚད་མཐོ་རུ་བཏེགས་ནས་ཚན་རིག་ལག་བསྟར་བྱ་ཐུབ་པ་དགོས་ན།  བོད་རང་རྐྱང་གི་སློབ་གྲྭ་ཞིག་ངེས་པར་འཛུགས་དགོས།  དེ་མིན་ནུབ་བྱང་མི་རིགས་སློབ་གྲྭ་དང་།  མཚོ་སྔོན་མི་རིགས་སློབ་གྲྭ་ལྟ་བུ་ཡིན་ན།  རྒྱ་རིགས་རྣམས་ཀྱིས་དབང་བཟུང་བའི་འོག་ཏུ་གཟུགས་བརྙན་ཁོ་ན་ལས་བོད་རང་གི་སྐད་ཡིག་གོང་འཕེལ་དུ་འགྲོ་ཐབས་མེད།  དཔེར་ན།  དགེ་རྒན་རྒྱ་མི་བོད་ཡིག་ཅུང་ཟད་ཤེས་ལ་བོད་སྐད་ཀྱི་གདངས་མི་ཐོན་པ་དག་གིས་འབྲོག་ཕྲུག་ཚོར་ཀ་ཁ་དང་སུམ་རྟགས་སློབ་པ་ལྟ་བུ་སྟེ།  དེ་ནི་ཚུལ་དང་མཐུན་པ་ཞིག་ག་ལ་ཡིན།  འདི་འདྲའི་སྣང་ཚུལ་ཞིབ་པར་ཞུས་ན་ཚིག་ཉུང་ངུ་ཞིག་གིས་ཞུས་པས་མི་ཚར།  དེ་དོན་ཐུགས་ལ་ངེས་པར་བསྣམ་རྒྱུ།   ཞེས་རང་རེ་བོད་གངས་ཅན་གྱི་རིག་གཞུང་ལ་ཤ་ཞེན་ཆེ་བའི་དགེ་སྦྱོང་རྒན་པོ་ཚེ་ཏན་ཞབས་དྲུང་ནས་སྙིང་ལ་བརྣགས་པའི་ཞུ་ཚིག་སྤྱི་ལོ་བརྒྱད་ཅུ་ཐམ་པ་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ལ་ཕུལ།  ཅེས་པ་འདི་ཕུལ།  ༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་ནས་ཀྱང་ཡུལ་མདོ་སྨད་ཀྱི་མཁས་པའི་དབང་པོ་ཞེས་གཟིགས་རྩིས་མཐོ་བར་མཛད། དགུང་གྲངས་དོན་གཉིས་པ་ཕྱི་ལོ་༡༩༨༢ ཟླ་༤ ཚེས་༡༣ ཉིན་སློབ་གྲྭའི་གཞུང་ནས་སློབ་ཕྲུག་འགའ་དབུས་གཙང་ཕྱོགས་སུ་གནས་སྐོར་དུ་འཁྲིད་རྒྱུའི་བཀོད་སྒྲིག་དང་བསྟུན་མེ་འཁོར་དུ་བཞུགས་ཏེ་ཁྲིན་འདུར་བརྒྱུད་གནམ་གྲུར་བཞུགས་ཏེ།  ཚེས་༡༨ ཉིན་ལྷ་སར་འབྱོར།  ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་དུ་ཞིབ་མཇལ་སྐབས་རྗེ་ཉིད་ཀྱིས་སྔོན་༸རྒྱལ་བའི་དབང་པོ་མཆོག་ལ་ཕུལ་བའི་ཁོང་རྡོ་རྗེ་འཆང་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་གླེགས་ནོན་འཇའ་བསྒྲིགས་ཀྱིས་ངོས་ཟིན་གསུངས།  ང་ཕོད་དང་།  སྐལ་བཟང་དབང་འདུས།  འཇམ་དབྱངས་དཔལ་མོ་རྣམས་དང་འཕྲད་དེ་ཞལ་བརྡ་ཞིབ་མོ་གླེང་། གཙུག་ལག་ཁང་དང་།  པོ་ཏ་ལ། སེ་འབྲས་དགེ་གསུམ།  ས་སྐྱ་དང་གཙང་བཀྲ་ཤིས་ལྷུན་པོ་སོགས་གནས་ཆེན་དང་གདན་ས་ཁག་ལ་གནས་མཇལ་དང་།  མཆོད་བཀུར་སྐྱབས་ཐོ།  དབུས་གཙང་ཕྱོགས་ཀྱི་ཡོངས་གྲགས་སྐྱེས་བུ་ཆེན་པོ་དང་མཁས་དབང་དག་དང་གསུང་གླེང་།  གྲོང་ཁྱེར་བོད་རིགས་སློབ་གྲྭས་གདན་ཞུས་ལྟར་ཕེབས་ཏེ་དགེ་རྒན་བརྒྱ་ཕྲག་ལྷག་ལ་ཁོང་ཚོའི་རེ་བ་ལྟར།  བོད་ཡིག་ཐོག་མར་བཟོ་མཁན་དང་།  བོད་ཡིག་སློབ་ཁྲིད་བྱེད་སྟངས་ཀྱི་ཤེས་བྱ།  བོད་ཀྱི་སྒྲ་དང་སྙན་ངག་རིག་པའི་འགྲོ་སྟངས་སོགས་རིག་གནས་ལྔའི་རྣམ་གཞག་བོད་ཀྱི་སྔོན་བྱུང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་སྦྱར་ཏེ་ངོ་སྤྲོད་དང་འབྲེལ།  དབུས་གཙང་གཙོ་བོར་བྱས། མཚོ་སྔོན།  ཀན་ལྷོ།  ཟི་ཁྲོན་སོགས་ཀྱི་བོད་རིགས་མང་པོ་འདུས་སྡོད་སློབ་གྲྭ་རྣམས་སུ་རང་གི་རིག་གནས་ལོ་རྒྱུས་ཀྱི་མཐོ་རླབས་ཤིག་འཕྱུར་འོངས་པ་ལ་ཉམས་ཞན་པ་འདི་བློ་ཕམ་པའི་གནས་ཚུལ།  ཕྱིན་ཆད་དབུས་གཙང་གི་ཕྱོགས་ནས་ཁྱེད་རྣམ་པས་དབུ་ཁྲིད་དེ་རིག་གཞུང་རྙིང་པའི་རྒྱུན་མི་ཉམས་དར་སྤེལ་གྱི་སྟེང་ནས།  མི་རིགས་གཞན་སོ་སོའི་སྐད་ཡིག་དང་རིག་གསར་གྱི་ཡོན་ཏན་རྣམས་བསླབས་ཏེ།  འབྱོར་མཐུན་རིག་གསུམ་འཛོམས་པའི་བོད་ཁམས་གསར་བ་འཛུགས་སྐྲུན་བྱེད་རྒྱུར་བློ་རྒྱ་བསྐྱེད་པ་ལྷོད་མེད་གནང་དགོས་པ་སོགས་དང་།  བོད་རང་གི་ལོ་རྒྱུས་ཆ་ཚང་བ་ཕྱོགས་ཞེན་གྱི་དབང་དུ་མ་སོང་བ། སུས་བལྟས་ཀྱང་ཁས་ལེན་པ་རེ་རྩོམ་གལ་ཆེ་ལུགས།  སྔར་བྱུང་རྣམས་ཀྱི་ཁྲོད་མ་དག་པ་རྣམས་ལ་སྤོབས་པ་ཆེན་པོས་རྔ་ཕྱགས་གཡུགས་ཏེ་འཁྲུལ་སེལ་བྱེད་དགོས།  གྲུབ་མཐའ་དང་ལྟ་བ་རང་རང་གི་སེམས་ངོར་གནས་པའི་ཆོས་ཤིག་ཡིན་པས་དགག་སྒྲུབ་བྱེད་དགོས་དོན་མེད་ཚུལ།  གང་ལྟར་ན་བོད་མི་རིགས་རང་ལ་འདི་ཕྱིར་ཕན་པའི་བསམ་པ་དཀར་ཞིང་ཡངས་པ་ཞིག་བྱེད་རྒྱུ་གལ་ཆེ་ཚུལ་སོགས་གསུངས། ཚེས་དྲུག་ཉིན་ལྷ་སར་ཕེབས་སྐབས་༧རེབ་གོང་༧སྐྱབས་མགོན་སྐུ་ཕྲེང་བདུན་པའི་སྐུ་མཆེད་ཁྲི་ཆེན་འཇམ་དབྱངས་འཕྲིན་ལས་དབང་པོ་རྒྱ་གར་ནས་རང་ཡུལ་དུ་ཕེབས་པ་དང་མཇལ་བའི་དོན་སྙིང་དུ། སྐུ་དབོན་མཆོག་ནས་དེ་སྔ་འཕྲིན་ལམ་ནས་༧གོང་ས་༧རྒྱལ་བའི་དབང་པོར་ཕུལ་བའི་བླ་མ་རིན་པོ་ཆེ་སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་གསོལ་ཞུས་པའི་ལན།  བརྟན་གསོལ་མོས་གུས་བདེན་དབྱངས་གསུང་བསྐུར་སྤྱི་གཙུག་ཏུ་འབྱོར་བ་དང་། དེ་ཡང་པོ་ཏ་ལའི་མདུན་དུ་ཁེལ་བྱུང་བ་རྟེན་འབྲེལ་ལེགས།  གོང་ས༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་ནས་སྔར་ཡང་ཁོང་རྡོ་རྗེ་འཆང་གི་བཀའ་འབུམ་གྱི་པར་བྱང་སྨོན་ཚིག་དང་།   ཐེངས་འདིར་བླ་མ་རིན་པོ་ཆེའི་བརྟན་གསོལ་དང་། ད་ལྟ་ཡང་རྗེ་ཉིད་ཀྱི་གསུང་འབུམ་པར་བྱང་གསུངས་པ་ནི།  བླ་མ་རྡོ་རྗེ་འཆང་ཡབ་སྲས་ཀྱི་ལེགས་བཤད་རྣམས་བསྟན་འགྲོར་ཕན་ངེས་སུ་དགོངས་པར་ཤིན་ཏུ་གསལ།

དེ་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་ནས་བཀའ་རྩོམ་བརྟན་གསོལ་མོས་གུས་བདེན་དབྱངས་ནང་འདི་ལྟར།   ཨོཾ་སྭ་སྟི།  སྤྲོས་བྲལ་ཞི་བའི་དབྱིངས་ལས་གཡོ་མེད་པར། །འགྲོ་ཁམས་རྒྱ་མཚོ་དེ་སྙེད་གཟུགས་ཀྱི་སྐུས། །དོན་བཞིན་སྟོན་པས་གདུལ་བྱ་འདྲེན་མཛད་པ། །ཀུན་མཁྱེན་ཤཱཀྱའི་གཙོ་བོས་འགྲོ་འདི་སྐྱོངས། །བྷོ་ཌའི་ལྗོངས་འདིར་ཐུབ་བསྟན་སྲོག་གི་ཟུངས། །འཛིན་ལ་ཐུགས་བསྐྱེད་སྨོན་ལམ་མཐུ་གྲུབ་པའི། །འཕགས་དང་སྐྱེ་བོའི་ཚོགས་མཆོག་གང་བཞུགས་པ། །ཞབས་ཟུང་ཡུན་བརྟན་བཞེད་པ་འགྲུབ་གྱུར་ཅིག །མི་འཇིགས་དམ་བཅའ་བཞི་ཡིས་རྒོལ་བ་གཞན། །ཟིལ་གནོན་མི་ཡི་སེང་གེ་སྐྱེ་དགུའི་གཉེན། །གཉིས་མེད་གསུང་བ་དོན་ཀུན་གྲུབ་པའི་བསྟན། །འཛིན་པའི་སྐྱེས་མཆོག་ཁྱེད་ཞབས་ཡུན་བརྟན་གསོལ། །རིགས་ཚུལ་གསུམ་གྱི་སྣང་བ་ལེགས་བཀྱེ་ནས། །ཡང་དག་ལམ་བཟང་འགྲོ་ལ་གསལ་མཛད་པས། །ཕྱོགས་འདིར་སྟོན་པའི་གདུང་འཚོབ་ཆེར་གྱུར་བ། །མགོན་ཁྱོད་ཕྱི་མཐའི་བར་དུ་བརྟན་བཞུགས་མཛོད། །གང་བློ་ཤེས་བྱའི་མཐའ་ཡས་རྒྱ་མཚོ་ཆེར། །ཐོགས་མེད་འཇུག་པའི་མཐུ་ལ་འཇམ་དབྱངས་ཉིད། །གྲོས་ཀྱི་གྲོགས་སུ་ཉིན་བཞིན་བསྟེན་པ་བཞིན། །མཁས་པའི་མཆོག་ཁྱེད་ཞབས་པད་ཡུན་བརྟན་གསོལ། །ལྷག་པར་སྙིགས་ལྔའི་མཁའ་གླང་ཆེར་གཡོ་བས། །རྒྱལ་བསྟན་ཉིན་བྱེད་བསྒྲིབས་འདིར་ཉེར་དགོངས་ལ། །ཕྱིར་ཞིང་ཐུགས་བསྐྱེད་དམ་བཅའ་བརྟན་བཟུང་ནས། །བསྟན་འགྲོའི་ཕན་བདེ་སྤེལ་སླད་རྟག་བཞུགས་གསོལ། །འཆད་པས་རྒྱལ་བའི་དབང་པོ་ཇི་བཞིན་གསལ། །རྩོད་པས་མ་རྟོགས་ལོག་རྟོག་ཐེ་ཚོམ་འཇོམས། །རྩོམ་པས་གདུལ་བྱའི་རེ་བ་རྟག་སྐོང་བའི། །མཛད་པ་སྐྱོང་བཞིན་ཞིང་འདིར་བརྟན་བཞུགས་ཤོག །མཆོག་གསུམ་བདེན་བྱིན་བསླུ་བ་མེད་པའི་སྟོབས། །སྟོང་བཞིན་སྣང་བ་རྟེན་འབྲེལ་ཟབ་མོ་དང་། །དད་ལྡན་སློབ་མའི་མོས་གུས་མཐུ་བཙན་པོས། །སྨོན་གནས་གེགས་མེད་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་པ་འདི་ནི་གངས་ལྗོངས་མདོ་སྨད་ཀྱི་མཁས་པ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་སྐུ་ཚེ་བརྟན་པའི་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་གང་གི་རིགས་དབོན་གསེར་རིའི་དགོན་པའི་མ་ཎི་སྐྱེ་སྤྲུལ་པས་རྒྱང་རིང་པོ་ནས་ལྷ་རྫས་བཅས་ནན་ཆེར་བསྐུལ་བའི་ངོར།  ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས་འཕགས་ཡུལ་དྷརམ་ས་ལའི་ཐེག་ཆེན་ཆོས་གླིང་གི་གནྔྷོ་ལ་དང་ཟུང་དུ་འབྲེལ་བའི་བསྟི་གནས་སུ་སྦྱར་བའོ། །ཞེས་པ་ཕེབས།  རྡོ་རྗེ་དངོས་གྲུབ་དང་།  ཕུན་ཚོགས་དབང་རྒྱལ་ལྷན་རྒྱས་ཀྱིས་གུང་ཚིགས་དྲངས་ཐོག་གསུང་གླེང་དང་། འབྲོག་མི་བྱམས་པ་བློ་གྲོས་དང་།  ཧོར་ཁང་བསོད་ནམས་དཔལ་འབར་སོགས་དང་ཞིབ་མོལ་གནང་།  ལན་གྲུར་ཕེབས་རྗེས་བཅུ་བའི་ཡར་ངོ་ནས་སློབ་གྲྭ་ལ་རྗེའི་གསུང་གི་རྟག་ཏུ་ངུའི་རྟོགས་བརྗོད་འཁྲིད་དབུ་བཙུགས་ཤིང་།  རྗེས་སུ་སྒྲ་ཕབ་འཁོར་ལོ་ཕྱོགས་མེད་དུ་བཀྲམས།

དགུང་གྲངས་དོན་གསུམ་པ་ཕྱི་ལོ་༡༩༨༢  ལོའི་ལྔ་བའི་ཚེས་བརྒྱད་ལ་ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་མཆོག་ལ་ཕེབས་བསུ་དང་།    ཀ་ཅུ་ནས་པཎ་ཆེན་རིན་པོ་ཆེར་ཞལ་མཇལ་གྱིས་སྤྱི་སྒོས་ཀྱི་ཞལ་གསུང་མང་པོ་གསན།  ལན་གྲུའི་སློབ་གྲྭར་ཕེབས་ཏེ་ཐོན་མིའི་ཞལ་ལུང་གཟའ་འཁོར་བཅུ་གསུམ་རིང་ཁྲིད།  ཡོངས་འཛིན་བཀའ་དྲིན་ཅན་གྱི་ཆབ་ཤོག་སྐོར་དང་།  རང་རྩོམ་བསྟན་རྩིས་ཀུན་བཏུས་ལ་ཞུས་དག་བྱས་ཏེ་ཞན་པར་དུ་དཔར་རྒྱུ་གནང་།  བསྟན་རྩིས་འདི་འདྲ་ད་སྔ་ཡན་ཆད་མ་བྱུང་བས་བོད་ཀྱི་ལོ་རྒྱུས་ཀྱི་བང་མཛོད་ཀྱི་ཁ་བྱང་ལྟ་བུ་ཞིག་ཡིན།  ཞིབ་འཇུག་སློབ་མ་རྣམས་མཐར་ཕྱིན་པ་ལ་གསུང་བཤད་ཀྱི་སྙིང་པོར།  བོད་མི་རིགས་འདི་ལ་སྔར་སློབ་གྲྭ་མ་དར།  ཉུང་ཤས་ཤིག་མ་གཏོགས་དམངས་ཀྱིས་ཡོན་ཏན་མི་སྦྱོང་བས་གང་ས་གང་དུ་རྗེས་ལུས་ཀྱི་རྣམ་པ་ཆེ།  དེས་ན་བོད་མི་རིགས་ལ་བྱས་རྗེས་ཤིག་འཇོག་རྒྱུ་མ་གཞི་དགེ་རྒན་ཚོ་ལ་རག་ལས་པས། ངེས་པར་སྤོབས་པ་ཆེར་བསྐྱེད་ཀྱིས་འབད་པ་བྱེད་དགོས་ཚུལ་གསུངས།  ཕྱི་ལོ་༡༩༨༣ དབོ་ཟླའི་ཚེས་གསུམ་ལ་གདན་ཞུས་ལྟར་ཟི་ལིང་དུ་བྱོན་ཏེ་རྒྱང་བསྒྲགས་ལས་ཁུངས་སུ་ཕེབས་ཏེ།  སྙན་ངག་སྤྱི་དོན་གྱི་དཔེ་ཁྲིད་སྒྲར་བླངས་ནས་ཁ་བསྐངས།  སྐབས་འདི་སྔ་ཕྱིར་མཚོ་སྔོན་མི་རིགས་སློབ་ཆེན་དུ་ནང་ཐུགས་ཀྱི་སྲས་གཅིག་པུ་མཁས་གྲུབ་ཆེན་པོ་ཤར་གདོང་རིན་པོ་ཆེའི་གཟིམ་ཤག་ནང་གདན་དྲངས་ཏེ་དངོས་འབུལ་བཅས་བྱ་ཁྱུང་གདན་རབས་རྩོམ་སྐུལ་ཞུས་པ་དང་དུ་བླངས། ཚེས་བརྒྱད་ལ་ལན་གྲུར་བྱོན།  བཅུ་གསུམ་ལ་བྱ་ཁྱུང་གདན་རབས་རྙེད་པའི་མཚན་མ་གསལ་བར་བྱུང་བ་ལྟར་གློ་བུར་དུ་ཟི་ལིང་དུ་བྱོན།  དེར་མགོ་འདྲེན་ཚོས་བཀུར་བཟོས་བཅས་སྔ་རྩོམ་བྱ་ཁྱུང་གདན་རབས་དང་།  བེ་ཟིའི་རྣམ་ཐར། དན་ཏིག་དཀར་ཆག་སོགས་རིག་གསར་སྐབས་གཞུང་བཞེས་བྱས་པའི་ཕྱག་དཔེ་པོད་འགའ་དང་འཚོ་བའི་ཞལ་སྣོན་ལ་དམངས་སྒོར་ཆིག་སྟོང་དྲུག་བརྒྱ་བཅས་བསྟབས་ཏེ་བཟོད་གསོལ་ཞུས།   ཚེས་༢༤ ཉིན་སྐུ་དབོན་མཆོག་དང་རེབ་གོང་འཇམ་དབྱངས་གྲགས་པ་བཅས་མེ་འཁོར་དུ་ཞུགས་ཏེ་པེ་ཅིན་དུ་ཕེབས།  སྣང་བ་མཐའ་ཡས་ཀྱི་དྲུང་དུ་ཞལ་མཇལ་ཐོག་སྤྱི་སྒོས་ཀྱི་བཀའ་མོལ་རྒྱུན་རིང་གནང་ནས་ཐམས་ཅད་མཁྱེན་པས་ཀྱང་བཀུར་གཟོ་དང་གཟིགས་པ་ཆེན་པོས་བསྐྱངས།  བཞེས་སྟོན་གནང་སྟེ་སྐུ་དོན་མཐའ་དག་ལ་ཐུགས་དགྱེས་ཚོར་ཆེན་པོ་གནང་།  རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་འཛིན་གནང་སྟེ་ཚོགས་འདུར་ཞུགས་ཐོག  ཏིན་ཞའོ་ཕིན་དང་ཏིན་དབྱིན་ཁྲོ། ཀྲོ་ཙི་དབྱང་སོགས་ལ་ཐུག་འཕྲད་དང་དྲན་རྟེན་གྱི་སྐུ་པར་ཡང་བསྒྲོན།  སྐབས་འདིར་ལིས་ཞན་ཉན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པའི་སྐབས་ཡིན།  མི་རིགས་བརྙན་པར་ཁང་ནས་སྤྱོད་ལམ་སྣ་ཚོགས་ཀྱི་སྒོ་ནས་པར་བླངས་ཏེ་བརྙན་པར་སྟེང་བཀོད།  ཆེ་བརྗོད་སྤེལ་ཞིང་ཀོང་མིན་གསར་འགྱུར་སྟེང་རྗེ་ཉིད་ཀྱི་སྐུ་པར་དང་རྣམ་ཐར་གྱི་བསྔགས་བརྗོད་མང་པོ་སྦྱོར་འཇགས་བྱས།  མཁས་དབང་དམུ་དགེ་བསམ་གཏན་གྱིས་རང་གི་བཞུགས་གནས་སུ་གདན་དྲངས་ཏེ།  སྲིད་གཞུང་གིས་ཆོས་ལུགས་བསྒྱུར་བཅོས་ཟེར་བ་ལ་མི་འཐད་པའི་སྐོར་སོགས་གླེང་མོལ་ཞིབ་པ་དང་།  པཎ་ཆེན་ཐམས་ཅད་མཁྱེན་པའི་ཡོངས་འཛིན་རྒྱ་ཡག་ཚང་དང་།  བླ་མ་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་སུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བཞུགས་ནས་སྐུ་པར་ཆེད་དུ་བསྒྲོན་པར་མཛད་པ་དེང་སང་མཇལ་དུ་ཡོད་པ་དེ་ལྟར་རོ།།  མི་རིགས་སློབ་གྲྭ་ཆེན་མོ་ནས་གདན་ཞུས་ལྟར་ཕེབས་ཏེ་དུང་དཀར་ཚང་གཙོ་བྱས་པའི་དགེ་སློབ་བརྒྱ་ཕྲག་ལྷག་ལ་ལོ་རྒྱུས་དང་བཅས་པའི་རིག་གནས་ལྔའི་སློབ་ཁྲིད་ཆུ་ཚོད་གཅིག་ལྷག་གནང་།  ལྔ་བའི་བཅོ་ལྔ་ཉིན་སྣང་བ་མཐའ་ཡས་ཀྱི་དྲུང་དུ་ཐོན་ཕྱག་ཞུ་བར་ཕེབས་ནས་གང་ཅིའི་ཐད་ཐུགས་ཁུར་བཞེས་པ་བཀའ་དྲིན་ཆེ་ཞུས་པར།  ཐམས་ཅད་མཁྱེན་པས་འོ་བཀའ་དྲིན་ཆེ་ཟེར་མི་དགོས།  ང་རང་སྐྱེས་པ་ཡང་བསྟན་འགྲོའི་དོན་ཡིན་པར་ཁྱེད་ཅག་གིས་འདོད།  ད་ཤི་ན་ཡང་རྒྱལ་བའི་བསྟན་པ་དང་རང་གི་མི་རིགས་ཀྱི་དོན་དུ་སེམས་ཐག་རྦད་ཆོད་ཡིན་ལ་ངའི་བབ་ཀྱང་ཡིན།  སྔར་ཁོ་བོའི་ཡི་གེ་ཁྲི་བདུན་མ་སོགས་ཀྱི་ཐད་ནས་ཁྱེད་ཀྱིས་སྡུག་མྱངས་པ་ག་ལ་བརྗེད་སྲིད།  མ་གཞི་ལུགས་གཉིས་ཀྱི་བདེ་རྩ་ལ་དམིགས་པའི་སྒོ་ནས་རིག་གནས་བཅུའི་དཔེ་ཁྲིད་དང་།  ལོ་རྒྱུས་དང་བསླབ་བྱ།  དམངས་ཡོངས་ལ་ཕན་པའི་ཆོས་ཕྱོགས་ཀྱི་གསུང་རྩོམ་སོགས་གང་ཅིའི་ཐད་དུ་ཁྱེད་ལ་རེ་བ་བྱེད་ཀི་ཡོད་པས་སེམས་ལ་ཟུངས།  སྒྲ་དབྱངས་ཀྱི་རྣ་བ་ཡང་ཁོ་བོ་འདིར་སྡོད་རིང་ནམ་འོངས་ན་སེམས་ལ་འཛིན།  ཞེས་ཐམས་ཅད་མཁྱེན་པ་ཁོང་གི་ཇོ་བོ་རྣམ་གཉིས་ཀྱི་མདུན་དུ་བཞུགས་པའི་སྐུ་དཔར་སོགས་རྟེན་འགའ་གནང་ནས་ཞལ་གྱེས།  གསུང་བབ་འདི་དག་གིས་རྗེ་འདི་ཉིད་ཀྱིས་པཎ་ཆེན་ཐམས་ཅད་མཁྱེན་པའི་གསུང་རྩོམ་གྲགས་ཅན་ཡིག་འབྲུ་ཁྲི་བདུན་མ་འབྲི་བསྒྱུར་སྐབས་ཞབས་ཞུ་ཞུས་པ་དང་།  དེའི་དབང་གིས་བཙོན་ཁང་དུ་སྐུ་ངལ་བཞེས་སྐོར་གསལ།

དེ་ཡང་ཕྱི་ལོ་༡༩༨༣ ལོའི་ཟླ་༡༠ ཚེས་༢༦ ཉིན་པེ་ཅིན་དུ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་འདུར་ཕེབས་སྐབས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་ཞལ་མཇལ་ཞུས་སྐབས་བསྟན་རྩིས་གསར་བརྩམས་ཕུལ་བར།  ཆོས་ཕྱོགས་ནས་གཏིང་དཔག་དཀའ་བའི་ནང་གཏམ་དང་།  བཀའ་སློབ་མང་པོ་གནང་།  བླ་མ་རིན་པོ་ཆེས་ཀྱང་གདོང་མཆི་མ་དང་བཅས་ཏེ་སྤྱི་སྒེར་འདི་ཕྱི་ལུགས་གཉིས་ཀྱི་སྐྱབས་འཇུག་དོན་ལྡན་ཞུས་མཐར།  ཐམས་ཅད་མཁྱེན་པས་སྐུ་ཉིད་ཀྱི་བཞུགས་འཁོར་སྟེང་ནས་བཞུགས་གནས་སུ་བསྐྱལ།  བཅུ་གཅིག་པའི་ཚེས་༢ ནས་ཚོགས་འདུར་ཞུགས།  བཀའ་གྲོས་སྐབས་ཀུན་མཁྱེན་འཇམ་དབྱངས་བཞད་པས་ནང་བསྟན་བླ་མའི་སྤྲུལ་སྐུ་བཙལ་ཆོག་དགོས་པའི་གསུང་བཤད་གནད་ཅན་གནང་བ་ལ། བླ་མ་རིན་པོ་ཆེ་དང་།  རྒྱལ་ཚབ་རིན་པོ་ཆེ་རྣམ་གཉིས་ནས་དེར་མཐུད་དེ་རྟིང་གནོན་རྒྱས་པར་མཛད།  དེར་བརྟེན་དེར་བཞུགས་ཐམས་ཅད་ཀྱི་སེམས་ན་ཡོད་ཀྱང་བཤད་མ་ཐུབ་པའི་རྒྱུས་ཁོང་རྣམ་པ་གསུམ་ལ་ཡི་རང་གི་མེ་ཏོག་འཐོར།  བྱིས་པ་ལོ་གསུམ་བཞི་ཙམ་ཁྲི་ཁར་དར་གྱིས་བཏུམས་ཏེ་འཇོག་རྒྱུ་ཞིག་ཚོལ་བ་ལས།  ལོ་བཅུ་གཉིས་ཡན་དང་བཅོ་ལྔའི་མན་ནས་ཤེས་རིག་ཀུན་སྤྱོད་སོགས་ཆ་རྐྱེན་འཛོམས་གྲས་ཤིག་ཟན་བསྒྱུར་སོགས་བྱས་ཏེ་ཐག་གིས་བཅད་ན་བཟང་རབ་དང་ཆོག་རབ་ཀྱི་རྒྱུ་མཚན་ཞིབ་པར་གསུངས་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་གསན་ནས་བསྔགས་བརྗོད་དང་བཅས་ཁོ་བོ་ཡང་སྐད་ཆ་འདིའི་རྒྱབ་རྩ་ལ་གནའ་ནས་ཡིན་ཚུལ་གསུངས་པ་དང་། ཚོགས་པ་ཐམས་ཅད་ཀྱིས་ཀྱང་ས་ཆ་རེ་ལ་སྤྲུལ་སྐུ་ཡོན་ཏན་ཅན་རེ་འགའ་བཙལ་ན་ལུགས་གཉིས་ཀར་ལེགས་ལམ་ཆེ་ཚུལ་མང་པོ་གླེང་བར་བརྟེན།  ཐམས་ཅད་མཁྱེན་པ་ཉིད་ནས་ནང་བསྟན་དོ་དམ་སྐོར་གྱི་འགྲིག་ཡིག་མཛད་དེ་བླ་གྲྭ་གཉིས་ཆར་ནས་མང་མི་གཙོ་གྲུང་གཙོ་བ་སོགས་ཀྱི་བཀའ་ཁྱབ་ཕྱོགས་སུ་བསྒྲགས།

དགུང་ལོ་དོན་ལྔ་པ་ཤིང་བྱི་ཕྱི་ལོ་༡༩༨༤ བཞི་པའི་ཚེས་༡༠ ཉིན་སྐུ་དབོན་མཆོག་དང་ལྷན་པེ་ཅིན་དུ་བྱོན།  དབུས་ཀྱི་བྱམས་པ་འཕྲིན་ལས་དང་།  འབའ་པ་བཀྲ་ཤིས་ཚེ་རིང་རྣམས་དང་ཐུག་འཕྲད་གླེང་མོལ་འཕེལ། ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་པོར་མཇལ་ཞིང་ཚོགས་འདུ་གྲོལ་ཁར་སྐུ་མདུན་རང་ནས་གསོལ་སྟོན་གཟབ་རྒྱས་གནང་བ་བཞེས།   ལན་གྲུ་དང་སྐུ་འབུམ།  རོང་པོ།   ལྷག་པར་བྱ་ཁྱུང་སོགས་སུ་ཕེབས་ནས་བསྟན་སྲིད་ཀྱི་ཕྱག་ལས་རྒྱ་ཆེར་གནང་། ལོ་སྔ་ཕྱི་འདི་ཙམ་ལ་བོད་ཡིག་གི་མ་ཕྱི་གང་ལ་བྱས་མིན་ཐད་ལབ་གླེང་མང་ཙམ་བྱུང་དང་འབྱུང་བཞིན་ཡོད་པས།  རྨ་ལྷོ་ཁུལ་གྱི་དགེ་རྒན་སློབ་གྲྭ་ལ་བསུ་བཀུར་ཚད་མེད་ཀྱིས་ཞུས་སྐབས་དགེ་སློབ་བརྒྱ་ཕྲག་མང་པོར་ཤིང་གི་བསྟན་བཅོས་དང་།  ས་སྐྱའི་ལེགས་བཤད་ཀྱི་དབུ་ནས་དཔེ་ཁྲིད་དང་།  བོན་དགག་སོགས་ཀྱི་འབེལ་གཏམ་གནང་སྟེ་བསྟན་འགྲོར་སྨན་པའི་ལེགས་མཛད་བསྐྱངས། ༧རྗེ་བཙུན་བླ་མ་དམ་པ་འདི་ཉིད་ལོག་པར་སྨྲ་བ་ཚར་གཅོད་པ་ལ་དགག་བཞག་གི་རྩོད་པ་མཛད་རྒྱུར་སྤོབས་པ་དང་ཐུགས་མཉེས་པོ་ཡོད་ཅིང་།  ལོ་རྒྱུས་དང་།  རྩིས།  གཞན་ཡང་རྩོམ་རིག་དང་།  བརྡ་སྤྲོད་སོགས་ཀྱི་བརྩམས་ཆོས་མང་པོར་ལོག་རྟོག་འཇོམས་པའི་ལུང་རིགས་རབ་འབྱམས་ཀྱི་སྤྲོས་པ་མང་པོ་གནང་སྐོར་རྗེ་ཉིད་ཀྱི་གསུང་འབུམ་གླེགས་བམ་དྲུག་པས་གཙོས་པའི་གསུང་རྩོམ་ཁག་ལ་རྒྱུས་ཡོད་ཅིག་ཡིན་ན་ཕྱོགས་ཙམ་སྨོས་པ་ཙམ་གྱིས་མཁྱེན་པར་འགྱུར་རོ།  །བྱ་ཁྱུང་དུ་འཁོར་འདུས་པ་བཞི་བརྒྱ་ལྷག་ལ་ཆོས་བཀའ་རྒྱ་ཆེར་གནང་སྐབས་ཉིན་མོ་མ་ཟད་མཚན་མོ་ཡང་འཇའ་ཚོན་སྣ་ཚོགས་ཤར་བ་སོགས་ཡ་མཚན་བསམ་གྱིས་མི་ཁྱབ་པའི་བཀོད་པ་འབྱམས་སུ་ཀླས་སྐོར་མཚུངས་མེད་གནས་ལྔ་རིག་པ་གམ་བཅར་འཇིགས་མེད་སྤྱོད་འཇུག་གིས་བརྩམས་པའི་རང་རྣམ་ཁ་སྐོང་ནང་གསལ་བ་ལྟར་རོ།  །བཅུ་བའི་ཚེས་བཅུ་དྲུག་ལ་རོང་བོ་བདེ་ཆེན་ཆོས་འཁོར་གླིང་གི་ཆོས་ཀྱི་ཁྲི་ལ་ཕེབས་ཏེ།  དྲང་ངེས་དཀའ་འགྲེལ་ཆེན་མོ་དང་།  རྟོག་བདུན་འགྲེལ་ཆེན་རྣམ་གཉིས་ཀྱི་བཤད་ལུང་རྒྱས་སྩོལ་གྱི་དབུ་དུས་གཅིག་ཏུ་བཙུགས་ཏེ་རྟེན་འབྲེལ་གྱི་རྨང་བཅོས། བདེ་གསང་འཇིགས་གསུམ་དང་ལམ་རིམ་ཆེན་མོའི་བཤད་ལུང་གི་རྒྱུན་སོགས་ལྗོངས་འདིའི་སྤྱི་རྫས་དཀར་དཀར་དུ་བཞག་ཡོད་པ་རྣམས་ཀྱི་བརྒྱུད་འདེབས་གསོལ་འདེབས་སོགས་ལ་ངོ་ཤེས་པའི་སྒོ་ནས་འཛིན་སྐྱོང་བྱེད་དགོས་ལུགས་སོགས་ཀྱི་བསླབ་བྱ་གནད་ལ་རེག་པ་གནང་བས་མང་པོ་ཞིག་གདོང་མཆི་མས་གཡོགས་པའང་བྱུང་བ་དེ་དུས་ཁོ་བོ་ཅག་ཀྱང་གསུང་ཆོས་ཉན་རྒྱུའི་སྐལ་བཟང་བྱུང་།  རོང་བོ་གྲྭ་ཚང་ཐོས་བསམ་གླིང་ནས་ཁོང་རྡོ་རྗེ་འཆང་གི་བཀའ་འབུམ་གྱི་ལུང་དང་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ནས་བརྒྱུད་པའི་ཕྱག་ཆེན་གྱི་ཁྲིད།  ལམ་རིམ་བརྗེད་བྱང་སྙིང་པོའི་བཤད་ལུང་སོགས་ཞུས།    དགུང་ལོ་དོན་དྲུག་པ་ཕྱི་ལོ་༡༩༨༥ ལོ་སར་ཚེས་པ་བཅོ་བརྒྱད་ནས་བཟུང་བིས་མདོ་གྲྭ་ཚང་དུ་མདོ་བརྒྱད་སྟོང་པ་ནས་བཟུང་བཀའ་འགྱུར་གྱི་ལྗགས་ལུང་གནང་མགོ་ཚུགས་པའི་ཉིན་གསུམ་པར་འཕགས་ཡུལ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་བཅུ་བཞི་པ་ཆེན་པོ་མཆོག་ནས་བཀའ་ཡིག་ཕེབས་གསལ་ནང་།  ལྔ་རིག་སྨྲ་བའི་དབང་པོ་ཚེ་ཏན་ཞབས་དྲུང་གང་དེར།  འབུལ་འབྲས།  བོད་ལྗོངས་སུ་བར་ལམ་རང་རིགས་ཀྱི་ཆོས་དང་ཤེས་རིག་ཉམས་པ་སླར་གསོའི་གོ་སྐབས་ཅུང་ཟད་འབྱུང་བའི་སྐབས་འདིར།  གང་ཉིད་ནས་ཕྱོགས་གང་ཅིར་ཐུགས་ཁུར་ལྷོད་མེད་ཐོག་འབྲེལ་ཡོད་གཞན་དག་ལའང་སྐབས་བསྟུན་སྐུལ་ལྕག་གནང་འོས་དགོངས་འཇགས་མཛོད།  སྦྱོར་བ་ཚད་ལྡན་གྱིས་གསར་བསྐྲུན་རིན་ཆེན་རཏྣ་བསམ་འཕེལ་དང་མང་སྦྱོར།  བཙོ་གྲུ་ཟླ་ཤེལ་སོ་སོ་ནས་རྡོག་བདུན་རེ་བཅས་རྒྱ་གར་འཕགས་པའི་ཡུལ་ནས།  ཏཱ་ལའི་བླ་མས་(༡༩༨༤ ) ཟླ་༡༢ ཚེས་༢༧ བཟང་པོར་ཞེས་པ་ཕྱག་ཐམ་ཅན་འབྱོར་བས་ཐུགས་དགྱེས་ཚོར་ཆེན་པོ་གནང་།  ཟླ་བ་གཉིས་པའི་ཚེས་༡༩  ཉིན་པེ་ཅིན་ནས་པཎ་ཆེན་ཆོས་ཀྱི་རྒྱལ་བོས་བཀའ་ཡིག་ཕེབས་གསལ་ནང་།  བསྟན་པའི་མཛེས་རྒྱན་དམ་པ་ཚེ་ཏན་ཞབས་དྲུང་མཆོག་ལ།  ཆེད་སྤེལ།  བར་མ་མཇལ་རིང་སྐུ་ཁམས་བདེ་བ་དང་།  སྙིགས་མ་ལྔ་བདོའི་དུས་སུ་ཡང་དར་གྱི་བསྟན་པའི་ཆེད་དུ་རང་རིགས་ཀྱི་རིག་གནས་ལོ་རྒྱུས་སོགས་ལ་མཛད་རྗེས་མང་པོ་འཇོག་བཞིན་ཡོད་པ་བཀའ་དྲིན་ཆེ་ཞིང་།  ངས་ཁྱོད་ལ་རྟེན་འབྲེལ་དང་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།  ད་ལམ་ཁྱེད་ལ་འོས་སུ་བབ་པ་ཞིག  ང་ཚོའི་གྲུབ་མཐའ་འགའི་འདྲ་ཐང་བརྙན་པར་དུ་བསྐྲུན་ཏེ་སྤེལ་རྩིས་ཡོད་ན།  དེ་དག་གི་གཤམ་དུ་གསོལ་འདེབས་ཤིས་བརྗོད་གང་ལེགས་རེ་ཕྱག་བྲིས་གནང་སྟེ་བསྐུར་རྒྱུ་ནས་སླད་མར་ཡང་།  གང་ཉིད་ཀྱི་སྐུ་གཟུགས་ལ་ཐུགས་བཅགས་གང་གཟབ་ངོས།  འདི་ཕྱོགས་སུ་གསུང་འོས་གང་ཡོད་ཆུ་བོའི་རྒྱུན་བཞིན་དགོངས་འཇགས་འཚལ།  པཎ་ཆེན་གྱིས་(༡༩༨༥། ༣། ༢༢ ལ།) ཞེས་པའི་ཡིག་རྒྱ་ཅན་ཕེབས།  འདི་དག་ལ་དགོངས་ནས་བླ་མའི་རྣལ་འབྱོར་ལས།  གངས་ཅན་འགྲོ་བའི་གཙུག་རྒྱན་ཡབ་སྲས་ཀྱིས།  མདོ་སྨད་མཁས་པ་ལྔ་རིག་སྨྲ་མཁས་དང་། །བསྟན་པའི་མཛེས་རྒྱན་དམ་པ་ཞེས་བྱ་སོགས།  །རིན་ཐང་གཞལ་མེད་གསུང་གིས་བསྔགས་བརྗོད་མཛད། །ཅེས་གསུངས་པ་ལྟར་རོ། །བཞི་པའི་ཚེས་བཅུ་གཅིག་ཉིན་ཀ་རིང་ལུང་ཁོག་གིས་གསོལ་བ་བཏབ་པའི་ངོར་ཨེ་ཝཾ་དུ་ཚོགས་པ་སུམ་སྟོང་བརྒལ་བར་གདུགས་དཀར་ལྷ་མང་གི་དབང་གི་སྟ་གོན་མཛད།  ཕྱི་ཉིན་དཀྱིལ་འཁོར་གྱི་ཁྲི་ལ་བཞུགས་ཏེ།  ཞལ་གྱི་མདངས།  གསུང་གི་གདངས།  བརྩེ་བའི་ཉམས་སོགས་བརྗོད་མི་ཤེས་པའི་གཟི་བྱིན་ལྷམ་མེར་འབར་བའི་ངང་ནས་སྦྱོར་དངོས་རྗེས་གསུམ་གྱི་ཕྱག་བཞེས་ཆ་ཚང་བའི་ངོས་ནས་དངོས་གཞིའི་དབང་དང་།  བཀྲུ་བྱབས་སྲུང་གསུམ།  བཀའ་སྡོད་མཆེད་གསུམ་གྱི་རྗེས་གནང་།  པཎ་ཆེན་གྱི་ཟློག་ཆེན།  རྡོ་རྗེ་འཆང་གི་བཟློག་ཆུང་གི་ལུང་བཅས་གནང་སྐབས་མཎ་བཤད་སྟོང་འབུལ་ཕུལ་བ་ལས་ཚོན་སྐུད་ཙམ་མ་གཏོགས་ཕྱིར་བསློགས་ཏེ་ཆོས་བྱས་པ་ལ་རིན་མི་ལེན་པ་བླ་མ་རྡོ་རྗེ་འཆང་ཡབ་སྲས་ཀྱི་ཕྱག་ལེན་དང་།  སྟོན་པས་ཆོས་འཁོར་བསྐོར་ཚུལ་ཡིན་སོགས་གསུངས་པ་དེ་དུས་ཁོ་བོ་ཅག་ཀྱང་དབང་ཞུ་བར་བཅར་བས་དུས་དེང་སང་ཡང་སེམས་ལ་གསལ་ལེར་དྲན་པར་འདུག །

སྔ་ཕྱིར་མཛད་པའི་ཐ་མ་སྟོན་པའི་དུས་ལ་བབ་པར་དགོངས་ནས་གསུང་གནད་འགག་ཅན་མང་པོ་ཕེབས་ཤིང་།   ལྔ་བའི་ཚེས་བདུན་ཉིན་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་མཆོག་ཉིད་དངོས་སུ་ཕེབས་པ་དང་ལྷན་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས།  བླ་བྲང་དགོན་གཞུང་དང་བླ་བྲང་སོ་སོ་ནས་བསྙེན་བཀུར་དཔག་ཏུ་མེད་པ་མཛད།  དེ་ལྟར་ཕྱི་ལོ་༡༩༨༥ ཧོར་ཟླ་༥ ཚེས་བཅུ་གསུམ་ཉིན་གྱི་ནངས་མོ་ཆུ་ཚོད་ལྔ་དང་སྐར་མ་ལྔ་བཅུའི་སྟེང་།  གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་བའི་ཕྱིར་འབོལ་ཁྲི་ལ་བཟང་པོའི་བཞུགས་སྟངས་མཛད་དེ།   སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པས་འབྲེལ་ཡོད་དགོན་གྲོང་དང་།  བླ་སྤྲུལ་དགེ་བཤེས་དང་དད་ལྡན་མང་ཚོགས་བཅས་ཀུན་ཀྱང་མྱ་ངན་གྱི་མུན་འོབས་སུ་ལྷུང་བའི་གནས་སུ་གྱུར་ཏོ། །

བཅུ་གཅིག་པ།  རང་གི་རྩ་བའི་བླ་མའི་རྩོམ་འཕྲོ་ཁ་སྐོང་དང་ཞུས་དག་སོགས་ཇི་ལྟར་བགྱིས་པ་སྤྱིར་བསྟན་པ།

༧རྗེ་བཙུན་བླ་མ་དམ་པ་འདི་ཉིད་ཀྱི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་འགྲན་གྱི་ཟླ་མེད་པ་ནི།   གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་༧རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོའམ་མི་ཕམ་དབྱངས་ཅན་དགེས་པའི་རྡོ་རྗེ་ཡིན་ལ།   ༧རྗེ་དེ་ཉིད་ལ་ད་ཡོད་གསུང་འབུམ་གྱི་རིམ་པ་པོད་བཅོ་ལྔ་བཞུགས་པའི་ནང་།    རྗེ་འདི་ཉིད་ཀྱིས་རྩོམ་འཕྲོ་ཁ་སྐོང་དང་། རྩོམ་སྐུལ།  ཞུས་དག་དང་།   ཡི་གེ་བ་སོགས་བགྱིས་པའི་རིམ་པ་ཕྱོགས་ཙམ་གླེང་ན་འདི་ལྟར།

ཀ༽   ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་བཀའ་དྲིན་མཚུངས་མེད་༧རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་པོའི་གསང་གསུམ་རྨད་དུ་བྱུང་བའི་རྟོགས་པ་བརྗོད་པ་གདུང་སེལ་སྨན་གྱི་ལྗོན་པ།  (ཤོག་གྲངས་༢༨༧)

གླེགས་བམ་འདི་ཚེ་ཏན་ཞབས་དྲུང་༧རྗེ་འཇིགས་མེད་རིགས་པའི་བློ་གྲོས་སམ་མིང་གཞན་དབྱངས་ལྡན་རིག་པའི་འདོད་འཇོས་དགུང་ལོ་ཉེར་དྲུག་པ་ཤིང་ཕག་ཕྱི་ལོ་༡༩༣༥ ནས་བཟུང་༧རྗེ་རང་ཉིད་ཀྱི་རྣམ་ཐར་རྗེ་འདི་ཉིད་ཀྱིས་བྲིས་ན་འགབ་ཚུལ་འཕྲོས་ནར་བསྩལ་བ་ལྟར་ཐོ་འགོད་བྱས་ཤིང་།  མེ་ཁྱི་ལོའི་(ཕྱི་ལོ་༡༩༤༦ ) མགོ་ཟླ་བའི་མར་ངོ་མཁའ་འགྲོ་འདུ་བའི་དུས་ཚེས་ནས་ལོ་གཅིག་འདས་པ་རབ་རྒྱན་མེ་ཕག་(ཕྱི་ལོ་༡༩༤༧ ) ལོའི་ཧོར་ཟླ་དགུ་པའི་འདས་མཆོད་ཆེན་མོའི་ཉིན་མཇུག་གྲུབ་པར་བྱས་འདུག།

ཕ་རྒོད་རྡོ་རྗེ་འཆང་མི་ཕམ་དབྱངས་ཅན་དགེས་པའི་རྡོ་རྗེ་དཔལ་བཟང་པོའི་སྐུའི་རིང་བསེལ་སྙིང་པོར་བཞུགས་པའི་མཆོད་སྡོང་དཀར་ཆག་གདུང་སེལ་སྨན་གྱི་དྲི་བསུང་།( ཤོག་གྲངས་༣༦)  ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོས་ས་གླང་ལོའི་(ཕྱི་ལོ་༡༩༤༩ ) སྨིན་ཟླའི་དཀར་ཕྱོགས་ཀྱི་བཟང་བ་གཉིས་པར་མཇུག་རྫོགས་པར་སྦྱར།

རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཕ་གཅིག་རིན་འབྱུང་སྒེག་པའི་རྡོ་རྗེ་དཔལ་བཟང་པོའི་གསང་རྣམ་གསོལ་འདེབས་རིན་ཆེན་དང་པོའི་སྦྲམ་བུ། (ཤོག་གྲངས་༦) དེབ་འདི་རིག་པ་འཛིན་པ་སྣང་མཛད་བཞད་པའི་རྡོ་རྗེས་ ལྕགས་ཡོས་(ཕྱི་ལོ་༡༩༥༡ ) དགུང་ལོ་ཞེ་གཉིས་པར་བརྩམས།

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཞལ་སྐྱིན་བཀའ་དྲིན་མཚུངས་མེད་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་གང་ལ་བསྟོད་པའི་རབ་ཏུ་བྱེད་པ་ལེགས་ཚོགས་རླབས་ཕྲེང་བཞད་པའི་ཆུ་གཏེར།  (ཤོག་གྲངས་༦) ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོས་བརྩམས།

བཀའ་དྲིན་མཚུངས་མེད་ཕ་རྒོད་རྡོ་རྗེ་འཆང་ཨ་བྷྱའི་ཞབས་ཀྱི་འཁྲུངས་རབས་གསོལ་འདེབས་དད་པའི་འཁྲི་ཤིང་། (ཤོག་གྲངས་༣) ཚེ་ཏན་ཞབས་དྲུང་གིས་བརྩམས།

རབ་འབྱམས་རྒྱལ་བའི་གདུང་འཚོབ་ཁྱབ་བདག་མི་ཕམ་དབྱངས་ཅན་དགེས་པའི་རྡོ་རྗེ་དཔལ་བཟང་པོའི་བཀའ་འབུམ་ཇི་ལྟར་པར་དུ་བསྒྲུབས་པའི་གཏམ་དོན་བཟང་ཛམ་བུའི་ཆུ་གཏེར། (ཤོག་གྲངས་༢༣) གསུང་འབུམ་པར་གཞི་འདི་བཞིན་རབ་རྒྱལ་ཤིང་ཁྱི་ལོའི་(༡༩༣༤ ) སྟོན་ཀར་དབུ་བརྩམས་ཤིང་ལོ་ཉེར་གཅིག་གི་ཡུན་ལ་འབད་པ་ཆེན་པོས་བསྒྲུབས་ཏེ་རབ་རྒྱན་ཤིང་རྟ་ལོའི་( ༡༩༥༤ ) བཅུ་པའི་ཚེས་༢༡ ཉིན་མཇུག་གྲུབ་པའི་སྟོན་མོ་བྱས་ཚུལ་གསལ།

ཁ༽  རྫོགས་ལྡན་ཕྱི་མའི་དགའ་བ་ཉམས་སུ་མྱོང་བའི་ཆོ་ག་ལ་ཡང་དག་པར་བསམས་ནས་ཚངས་དབང་ཚིག་གི་མཆོད་སྦྱིན་དུ་སྤྲོས་པ་སྡེ་བཞི་རྒྱ་མཚོར་འཇུག་པའི་འབབ་སྟེགས་ཞེས་བྱ་བ་རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱི་རྟོགས་པ་བརྗོད་པ།  (ཤོག་གྲངས་༧༧)  ༧རྗེ་འཇིགས་མེད་ཞབས་དགུང་གྲངས་ཉེར་བདུན་པ། ཤིང་བྱི་ཕྱི་ལོ་༡༩༢༣ ལོར་རྡོ་རྗེ་རྫོང་དུ་བརྩམས་པ་འདི་ལ།  རྟོགས་བརྗོད་གདུང་སེལ་སྨན་ལྗོན་(ཤོག་ངོས་༡༣༩ ) ལས། ཡབ་སྲས་རྣམས་ལྷན་ཅིག་ཏུ་གདན་འཛོམས་པ་འདི་རེས་རྫོགས་ལྡན་ཕྱི་མའི་ཆོས་ཀྱི་དགའ་སྟོན་ལ་ཐུགས་རིངས་པའི་ཚུལ་གྱིས་ཞིང་སྦྱོང་ཐུགས་སྨོན་གྱི་རིམ་པའང་ཆེས་ངོ་མཚར་བ་མཛད་པའི་བཀའ་བགྲོས་པར་གྲགས་སོ། །དེའི་མཇུག་ཐོགས་སུ་སློབ་དཔོན་དང་གྲོགས་དམ་པ་རྣམས་ཀྱིས་བསྐུལ་བས་མཚམས་སྦྱར་བར་བརྟེན་རིགས་ལྡན་ཉེར་ལྔ་པའི་རྟོགས་བརྗོད་སྡེ་བཞིའི་རྒྱ་མཚོར་འཇུག་པའི་འབབ་སྟེགས་ཞེས་བྱ་བའི་སྙན་ངག་གི་བསྟན་བཅོས་ཆེན་པོ་རྩོམ་པའི་དབུ་བཙུགས་ཤིང་།  དེར་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱི་བསྟན་པ་དར་བའི་ཚེ་༧རྗེ་བཙུན་བླ་མ་ཆེན་པོ་ཉིད་ཤམ་བྷ་ལའི་ཞིང་དུ་རིག་པ་འཛིན་པ་རྣམས་ཀྱི་གཙུག་གི་ཅོད་པཎ་འཇིགས་མེད་ཟིལ་གནོན་སྒྲ་དབྱངས་ཞེས་བྱ་བའི་རྣམ་པར་བྱོན་ཏེ།  སྐུ་ཚེ་དེ་ལ་ཟུང་འཇུག་མཛད་པའི་ཞལ་བཞེས་ཀྱི་བདེན་ཚིག་དག་གནང་གདའ་སྟེ།  རྗེས་འཇུག་སྐལ་བ་དང་ལྡན་པ་རྣམས་ཀྱིས་དེའི་གསུང་གི་བདུད་རྩིས་སྨིན་ཅིང་གྲོལ་བའི་སྐལ་བ་ཅན་དུ་འགྱུར་བའི་ཐབས་ལ་ད་ལྟ་ནས་འབད་པ་ཡོད་རྒུས་བརྩོན་པར་བྱའོ། །ཞེས་གསུངས་པ་ལྟར་ཏེ།   རིགས་ལྡན་རྟོགས་བརྗོད་ཆེན་མོར་གྲགས་པ་འདི་ནི་༧མ་ཧཱ་པཎྜི་ཏ་༧རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་སྙན་ངག་གི་ཚབ་མཚོན་བསྟན་བཅོས་ལྟ་བུར་བགྲང་། གཞུང་འདི་རྣམ་དཔྱོད་ཤིན་ཏུ་རྣོ་བོ་མེད་ན་རྟོགས་དཀའ་བར་གཟིགས་ནས་རིགས་ལྡན་རྟོགས་བརྗོད་ཆེན་མོའི་དོན་ཟབ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་པ་ཨ་ལགས་ཚེ་ཏན་ཚང་གིས་བརྩམས་པ་གསུང་འབུམ་གླེགས་བམ་གཉིས་པའི་ནང་(ཤོག་ངོས་༤༧༧_༤༩༡ བར་བཞུགས། )

ཕྱག་ན་པདྨོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐྱེས་རབས་ཀྱི་རྒྱུད་གསང་གསུམ་སྣང་བའི་སྒྲོན་མེ།(ཤོག་གྲངས་༡༧༢) པར་བྱང་སྨོན་ཚིག་རོང་པོ་ནོ་མིན་ཧན་སྐལ་ལྡན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ་ལ་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་ཞུས་པ་ལྟར་སྦྱར།

དཔལ་བྷེ་ར་ཝ་དང་གཉིས་སུ་མེད་པ་བླ་མ་གྲུབ་པའི་དབང་པོ་འཇིགས་མེད་བསམ་གཏན་པའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པ་ཟུང་འཇུག་གྲུབ་པའི་བདེན་གཏམ།( ཤོག་གྲངས་༡༡༥) འདིའི་པར་བྱང་ཚེ་ཏན་ཞབས་དྲུང་གིས་སྦྱར།

ག༽   བདག་ཉིད་ཆེན་པོ་རྫོང་དཀར་སྤྱན་སྔ་པ་དཀོན་མཆོག་ཕུན་ཚོགས་དཔལ་བཟང་པོའི་རྟོགས་པ་བརྗོད་པ་ལེགས་ཚོགས་སྒོ་བརྒྱ་ཕྱེ་བའི་བདེན་གཏམ།  རྩོམ་འཕྲོར་ལུས་པ་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་མཇུག་གྲུབ་པར་བྱས། (ཤོག་གྲངས་ ༡༧)

ང་།༽  བླ་ན་མེད་པའི་ཡོན་ཏན་གྱི་དབང་ཕྱུག་ཏུ་གྲུབ་པ་ཡབ་གཅིག་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་བ་ཐུན་མོང་དུ་བསྒྲགས་པ་རྗེས་སུ་གནང་བ་ལེགས་མཛད་གཏམ་གྱི་སྙིང་པོ་སྐལ་བ་བཟང་པོའི་རྣ་ཆ།  (ཤོག་གྲངས་༢༣༩)  པར་བྱང་སྨོན་ཚིག་ཀྱང་དཔལ་ཚེ་ཏན་ཞབས་དྲུང་ཚང་གིས་བརྩམས།

ཅ༽  དཔལ་ལྡན་བླ་མ་དམ་པ་མཆོག་ནས་ཟབ་རྒྱས་གདམས་པའི་ཆོས་རྒྱུན་གསན་བཞེས་མཛད་ཚུལ་ཉུང་ངུའི་ཚིག་ཏུ་འགོད་པ་དད་པའི་རྫིང་བུ་འཕེལ་བའི་ཟླ་ཟེར། (ཤོག་གྲངས་ ༢༠༦)

འཇིགས་མེད་རིགས་པའི་བློ་གྲོས་སམ་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོས་རབ་རྒྱལ་ཤིང་རྟ་ལོའི་( ༡༩༥༤ ) དཔྱིད་དང་དགུན་གྱི་ཟླ་བ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱི་ལྗོངས་ཀྱི་སའི་སྙིང་པོ་ཟི་ལིང་གྲོང་ཁྱེར་གྱི་ཕོ་བྲང་ཆེན་པོའི་གར་འདུག་ཐེག་ཆེན་ཆོས་ཀྱི་ཕོ་བྲང་དུ་ཆ་ཚང་སྦྱར། འདི་གླེགས་བམ་བཅུ་གསུམ་པའི་ནང་དུ་བཀོད་འདུག

ཏ༽  བྱང་ཆུབ་ལམ་རིམ་ཆེན་མོའི་བསྡུས་དོན་བླ་མའི་ཞལ་ཆབ་བཞིན་བཀོད་པ་ཉམས་རྟོགས་རྒྱ་མཚོ་སྤེལ་བའི་ཟླ་ཟེར།  (ཤོག་གྲངས་ ༧༠) དུས་ཕྱིས་བསྡུས་དོན་འདི་ཉིད་གསུང་འབུམ་བྱིངས་གྲས་སུ་པར་དུ་འགོད་སྐབས་༧ཕ་རྒོད་རྡོ་རྗེ་འཆང་བཀའ་དྲིན་མཚུངས་མེད་དེ་ཉིད་ཀྱི་ལྗགས་བཀོད་ལྟར་ཕྲན་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་སྤྱོད་པ་སྤྱི་བསླབ་ཡན་ལམ་རིམ་ཆེན་མོ་དང་ཞིབ་བསྡུར་ངོས་ཞུས་དག་དང་།  མཚམས་འབྱེད་མཆན་བཅས་བཀོད་པ་སྤྱན་ཕབ་ཞུས་ཤིང་། སླད་དུ་ཕར་ཕྱིན་ཐ་མ་གཉིས་ཀྱི་བསྡུས་དོན་ཀྱང་སྟོད་ཆའི་བབ་དང་བསྟུན་ཏེ་བརྩོན་པ་ཆེན་པོས་ཞུས་དག་ལེགས་པར་གྲུབ་པར་བགྱིས་པའོ་ཞེས་གསལ་བ་འདི་གླེགས་བམ་གསུམ་པའི་ནང་བཀོད་འདུག །

རང་གཞན་གྱི་གྲུབ་པའི་མཐའ་མ་ལུས་པའི་གནད་དོན་ཚིགས་བཅད་དུ་བསྡེབས་པ་གྲུབ་མཐའ་རྒྱ་མཚོའི་འཇུག་ངོགས་ལ།  (ཤོག་གྲངས་ ༢༠) ཡི་གེ་བ་ནི། གནམ་བསྐོས་ཕག་མོ་གྲུ་བའི་ལུང་གིས་ཨེརྡྷི་ནི་ནོ་མོ་ཧན་ཝང་ཧོ་ཐོག་ཐུར་བསྔགས་པ་རྒྱལ་མཁན་སྤྲུལ་བའི་སྐུ་འཇིགས་མེད་རིགས་པའི་བློ་གྲོས་སོ་ཞེས་སྦྱར་བྱང་དུ་གསལ།

ཕ༽  ཀུན་བཟང་འཁོར་ལོ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། (ཤོག་གྲངས་ ༡༥) རིག་བྱེད་སྨྲ་བ་ཚེ་ཏན་ཞབས་དྲུང་དབྱངས་ལྡན་རིག་པའི་འདོད་འཇོ་ཞེས་འབོད་པས་ཡིག་དོན་ཞུས་ཏིག་སོགས་གསལ།

བརྡ་སྤྲོད་པ་དབྱངས་ཅན་གྱི་མདོའི་བཤད་སྦྱར་བརྡ་སྤྲོད་རིག་པའི་སྙིང་པོ་ལ། (ཤོག་གྲངས་ ༣༩)  མཚན་སྒྲོགས་ཧོ་ཐོག་ཐུའམ་ཚངས་སྲས་རོལ་པའི་ཐིག་ལེའམ་མཚན་སྒྲོགས་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་དང་། ཚེ་ཏན་ནོ་མིན་ཧན་ཞབས་དྲུང་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་སོགས་སྤྲུལ་པའི་སྐུ་དང་།  མཁས་བསྡུས་མང་པོ་ལ་གཙུག་ལག་འདིའི་མཇུག་ཁྲིད་སྐབས་རྟོག་འཇུག་བདེ་བའི་ཕྱིར་བརྩམས་ཚུལ་གསལ།

རྫོགས་ལྡན་ཕྱི་མའི་བསྟན་པ་དང་མཇལ་བའི་སྨོན་ལམ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། (ཤོག་གྲངས་ ༥)  ཡི་གེ་བ་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོའོ།།ཞེས་གསལ།

བཅུ་གཉིས་པ།  བྱེ་བྲག་ཏུ་རྒྱུད་འགྲེལ་དང་དྲང་ངེས་ཆེན་མོ་སོགས་བསྟན་བཅོས་ཆེན་པོ་དག་ལ་སྲི་ཞུ་གནང་ཚུལ།

ཆ༽   སྔགས་རིམ་སྙིང་པོ་རིག་འཛིན་བྱེ་བའི་འབྱུང་གནས།  རྩོམ་འཕྲོར་ལུས་པ། ཨ་ལགས་ཚེ་ཏན་ཞབས་དྲུང་༧རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་སྐུལ་བའི་རྐྱེན་ལ་མ་ལྟོས་པར་ཁ་སྐོང་གནང་། (ཤོག་གྲངས་ ༥༧) གླེགས་བམ་བཅུ་གཅིག་པའི་ནང་ཆ་ཚང་བཀོད་འདུག

རིམ་ལྔ་གསལ་སྒྲོན་གྱི་དཀའ་གནད་བརྗེད་བྱང་དུ་བཀོད་པ་ཟབ་དོན་སྣང་བའི་ཉི་མ། (ཤོག་གྲངས་ ༡༩༧)  དེ་ལྟར་ན་རྣམ་འདྲེན་བླ་མ་མཆོག་གི་གསུང་ལས་སྐྱེས་པའི་བུ་སློབ་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་དང་།  སྤོང་བ་པ་རྒན་པོ་རྣམས་ནས་བྱི་བས་གླང་ཁུར་འདེགས་པའི་དཔེ་དང་བླངས་ཀྱིས་བླ་མའི་གསུང་གི་འཕྲོ་མཐར་འབྱིན་པའི་ཁུལ་བགྱིས་ཟིན་ཏེ།  འདི་མན་ཆད་ཕ་རྒོད་རྡོ་རྗེ་འཆང་ཁྱབ་བདག་ཨ་བྷྱའི་ཞབས་ཉིད་ཀྱིས་མཛད་པ་ལགས་སོ། །ཞེས་པ་ལྟར།   འདིའི་པར་བྱང་སྨོན་ཚིག་ཀྱང་དཔལ་ཚེ་ཏན་ཞབས་དྲུང་ཚང་གིས་གནང་བའོ། །འདིའི་སྐོར་ལ་ཤིང་བྱ་ཕྱི་ལོ་༡༩༤༥ ལོར་ཨ་ལགས་ཚེ་ཏན་ཚང་དགུང་ལོ་སོ་དྲུག་ཐོག་རང་རྣམ་(ཤོག་ངོས་༢༡༠ ) ལས།  ཤིང་བྱ་ཆོ་འཕྲུལ་ཟླ་བའི་ཡར་ཚེས་ལ་བླ་མ་རིན་པོ་ཆེས་རིམ་ལྔའི་དཀའ་འགྲེལ་དང་བསྡུས་དོན་རྩོམ་པའི་དབུ་ཚུགས་པ་དང་མཉམ་དུ་གྲོགས་སྡེ་སྣོད་འཛིན་པ་རྣམས་དང་བདག་ཅག་ལ་རིམ་ལྔ་གསལ་སྒྲོན་གྱི་དཔེ་ཁྲིད་གང་གཟབ་མཛད།  དཔེ་འདིའི་ཁྲིད་སྟངས་ནི།  ཐོག་མར་གསལ་སྒྲོན་གྱི་གཞུང་གང་འཚམ་རེ་བཀླགས་ནས་ཐད་ཀ་སོ་སོར་འཕྲོས་པ་གང་ཞིབ་དང་།  རྒྱ་གཞུང་ལུང་འདྲེན་གང་ཡོད་སྡེ་དགེའི་པར་མར་མེད་པ་སྣར་ཐང་བསྟན་འགྱུར་ཚུན་ལས་བཙལ་ཏེ་གཟིགས་རྟོག་དང་། ཤར་བླ་བྲང་གི་ཕྱག་དཔེ་རྙིང་པའི་སྐོར་ལས་བཤད་རྒྱུད་རྡོ་རྗེའི་ཕྲེང་བ་གནའ་བྲིས་དང་།  སྤྱོད་བསྡུས་སྒྲོན་མེ་འགོས་འགྱུར་དཔེ་རྙིང་དང་བཅས་ལ་གཏུགས་ནས་ལུང་འདྲེན་སྐོར་ལ་ཞུས་དག་དང་། འགོས་ཁུགས་པ་ལྷས་བཙས་ཀྱི་གསང་འདུས་སྟོང་ཐུན་སོགས་བོད་སྔ་རབས་པའི་འདུས་པའི་གཞུང་གི་དཔེ་འཛོམས་ཚད་ལ་ཞིབ་གཟིགས་དང་འབྲེལ་གསལ་སྒྲོན་གཞུང་ལ་བསྡུས་དོན་ཞིབ་འགོད་དང་།  དཀའ་འགྲེལ་ཟིན་བྲིས་ཞལ་ནས་གསུངས་རིམ་བཞིན་དྲུང་ཆེན་བློ་རྒྱམ་པས་ཡི་གེར་འབེབས་ཚུལ་གྱིས་དཔེ་དང་བཤད་ལུང་བསྟན་བཅོས་རྩོམ་པ་རྣམས་གཅིག་འཐུས་སུ་གནང་བ་འདིས་ནི་བདག་ཅག་ལ་རང་མལ་ནས་ལན་བརྒྱར་བལྟས་པ་ལས་ཀྱང་བག་ཆགས་ཟབ་མོ་ཐེབས་པའི་ཐབས་དམ་པར་སྣང་ངོ་། །ཞེས་གསུངས་པ་ལྟར་དང་། ཕྱི་ལོ་༡༩༤༦ པ་ལ་རང་རྣམ་(ཤོག་ངོས་༢༡༧ ) ལས།  སྣྲོན་ཟླའི་ཚེས་དགུ་བར་དུ་རིམ་ལྔའི་དཔེ་ཁྲིད་མཛད་བཞིན་པ་ལ་ཉིན་དེར་ཐུགས་ཅུང་ཟད་ཁྲོས་པའི་ཚུལ་བསྟན་པ་དང་།  མཉམ་དུ་རིམ་ལྔའི་མཇུག་ཀྱང་བཙན་ཆོད་ཀྱིས་གསུང་བཞེད་མེད་པར་གྱུར།  ཅེས་དང་། མེ་ཕག་ཕྱི་ལོ་༡༩༤༧ ལོའི་དགུན་ཐོག་རིམ་ལྔའི་ཟིན་བྲིས་ཀྱི་མཇུག་དགེ་བའི་བཤེས་གཉེན་བློ་གྲོས་རྒྱ་མཚོས་ཁ་བསྐངས་པ་ལ་བདག་གིས་ཡང་བསྐྱར་ཞུས་དག་སྒོས་མཁོ་ཆེ་བའི་མཆན་བུ་ཅུང་ཟད་བཀོད་ཅེས་གསུངས་འདུག

ཇ༽   བཅོམ་ལྡན་འདས་འཇམ་དཔལ་ཁྲོས་པའི་རྒྱལ་པོ་རྡོ་རྗེ་འཇིགས་བྱེད་ཀྱི་རྩ་བའི་རྒྱུད་རྟོག་པ་བདུན་པའི་རྒྱ་ཆེར་བཤད་པ་རྡོ་རྗེ་ཚིག་གི་སྒོ་འབྱེད།  སྟོད་ཆ།( ཤོག་གྲངས་ ༣༢༡)

ཉ༽  བཅོམ་ལྡན་འདས་འཇམ་དཔལ་ཁྲོས་པའི་རྒྱལ་པོ་རྡོ་རྗེ་འཇིགས་བྱེད་ཀྱི་རྩ་བའི་རྒྱུད་རྟོག་པ་བདུན་པའི་རྒྱ་ཆེར་བཤད་པ་རྡོ་རྗེ་ཚིག་གི་སྒོ་འབྱེད།  སྨད་ཆ།  (ཤོག་གྲངས་༣༣༦)   པོད་འདི་གཉིས་ཀྱི་སྦྱར་བྱང་དུ།   སྡེ་སྲིད་ཕག་མོ་གྲུ་བའི་ལུང་གིས་ཨེརྡྷི་ནི་པཎྜི་ཏ་ཝང་ཧོ་ཐོག་ཐུར་བསྔགས་པ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་སོགས་ཀྱིས་བསྐུལ་ནས་རང་ལོ་སོ་དགུ་པ་( མེ་བྱི་ཕྱི་ལོ་༡༩༣༦ ) ལ་མཇུག་རྫོགས་པར་སྦྱར་ཞེས་དང་། པར་བྱང་སྨོན་ཚིག་ནང་།  ངག་དབང་དབྱངས་ལྡན་རིགས་པའི་འདོད་འཇོ་ཡིས། །གཞན་གྱི་སྙིང་སྟོབས་དཔུང་བས་ལེན་པ་ལྟ། །ལེན་འདོད་རྨི་ལམ་དུ་ཡང་མི་སྤོབས་པ།  །ཞུས་དག་བཀོད་འདོམས་ཞིབ་ཚགས་མ་ལྷོད་བསྒྲུབས།  །ཞེས་དང་།  བཅུ་ཕྲག་རིག་པའི་གནས་ལ་གཏུགས་པ་མེད་པའི་མཁྱེན་རབ་ཀྱི་ནོར་དང་ལྡན་པ་ཚེ་ཏན་ཞབས་དྲུང་སྤྲུལ་བའི་སྐུ་འཇིགས་མེད་རིགས་པའི་བློ་གྲོས་ནས་པར་གསར་སྐྲུན་གྱི་འགན་ཐམས་ཅད་བསྣམས་ཤིང་།  ཞུས་དག་འཕར་བལྡབ་མང་པོའི་བརྩོན་པ་བསྐྱེད་དེ།  ཞེས་སོགས་གསུངས།)  གླེགས་བམ་དང་པོའི་(ཤོག་ངོས་༡༢༦ ) ལས། ས་འབྲུག་ལོ་༡༩༣༨ སྒིས་སྟེང་དགོན་པར་ཕེབས་ཏེ། ༧གོང་ས་ཤར་མཆོག་གི་སྤྲུལ་བའི་སྐུ་ཕེབས་ནས་བསྡུས་གྲྭ་གསན་སྦྱོང་གི་དབུ་ཚུགས་ཞེས་པ་ནས་བླ་མ་རིན་པོ་ཆེས་ཉིན་བཅུ་གཅིག་གི་རིང་ལ་འཇིགས་བྱེད་རྟོག་བདུན་གྱི་བཤད་ལུང་གནང་བའི་མཇུག་ནས་གོང་ས་རིན་པོ་ཆེས་དབུ་བཞུགས་ཀྱིས་གསན་མཁན་རྣམས་ནས་འཇིགས་བྱེད་རྒྱུད་འགྲེལ་གྱི་རྩོམ་སྐུལ་ཞུས།  ཞེས་གསལ་བ་དང་།  རྟོགས་བརྗོད་གདུང་སེལ་སྨན་ལྗོན་(ཤོག་ངོས་༡༧༨ ) ལས།  གོང་ས་རིན་པོ་ཆེ་དང་།  སྒིས་སྟེང་བླ་གྲྭ་སོགས་མང་ཙམ་ལ་ཉིན་བཅུ་གཅིག་རིང་འཇིགས་བྱེད་རྟོག་བདུན་བཤད་ལུང་གཟབ་རྒྱས་སུ་སྩལ་བའི་མཇུག་ཏུ་གོང་ས་རིན་པོ་ཆེས་གཙོས་གཞི་བྱེས་ཀྱི་གསན་མཁན་ཐུན་མོང་ནས་རྟོག་བདུན་རྒྱུད་འགྲེལ་ཆེན་མོ་ལྗགས་རྩོམ་མཛད་པའི་སྙན་སྐུལ་ཞུས།  ཞེས་གསུངས་པ་ལྟར་ན།  ༧རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དགུང་གྲངས་སོ་གཅིག་གི་སྐབས་ནས་རེབ་གོང་༧སྐྱབས་མགོན་སྐུ་ཕྲེང་བདུན་པ་སྐུ་ན་གཞོན་པའི་སྐབས་སུ་རྒྱུད་འགྲེལ་རྩོམ་སྐུལ་ཞུས་ཡོད་པ་གསལ། མེ་བྱི་ཕྱི་ལོ་༡༩༣༦  ཁོང་དགུང་ལོ་ཉེར་བདུན་ཐོག་རང་རྣམ་(ཤོག་ངོས་ ༡༦༧) ལས།  སྟོན་ཀ་ནས་བཟུང་བླ་མ་རིན་པོ་ཆེས་རྟོག་བདུན་འགྲེལ་ཆེན་བརྩམས་ཟིན་པ་དང་།  མཉམ་དུ་ཞུས་དག་དང་འབྲེལ་རྗེས་སུ་འབྲངས་པའི་སྡེ་སྣོད་འཛིན་པ་རྣམས་ལ་བཤད་ལུང་གི་གོ་ཆོད་པ་མཛད་ནས་གནང་བཞིན་པ་ལ་ཕྲན་བུར་དབུ་ནས་ཅུང་ཟད་ཆད་པ་སྐུ་ཚེགས་ལ་མ་འཛེམས་པར་ཁ་གསབ་མཛད།  རྒྱུད་རྟོག་བདུན་གྱི་གཏོར་མའི་ལས་བྱའོ། །ཞེས་པའི་མཚམས་སུ་སློབ་མ་སྣོད་ལྡན་དྲུག་ལ་སྲད་དབེན་ཡིག་ཆ་རྣམས་སྦྲགས་པའི་སྟེང་ནས་ལྕགས་མཁར་གྱི་ཁྲིད། རྟོག་གསུམ་མཇུག་ཏུ་འཇིགས་བྱེད་སྔགས་བཏུའི་རྗེས་གནང་། རྟོག་པ་དྲུག་པར་སླེབས་མཚམས་དབལ་མང་གི་བདུད་རྩིའི་རྫིང་བུའི་སྟེང་ནས་སྦྱིན་སྲེག་གི་ཁྲིད་བཅས་གནང་བ་དང་། ཁྱད་པར་དུ་ཕྲན་ཆིག་རྐྱང་ལ་མགོ་ཟླའི་ཚེས་གཉིས་ནས་ཉ་ཡི་བར་ཉིན་གྲངས་ཞེ་བཞིའི་རིང་ལ་ལྕགས་མཁར་དང་།  རྒྱལ་ཟླའི་ཉེར་དགུ་ནས་མེ་བྱིའི་(ཕྱི་ལོ་༡༩༣༦ ) དབོ་ཟླའི་ཚེས་དགུ་བར་ཉིན་གྲངས་བཞི་བཅུའི་རིང་ལ་འཁྲུལ་འཁོར། ནག་ཟླའི་ཉི་ཤུ་ནས་ཉེར་དགུ་བར་སྦྱིན་སྲེག་སྟེ་མན་ངག་རྣམ་གསུམ་གྱི་གདམས་པ་ཡོངས་སུ་རྫོགས་པ་དང་།  དེའི་ཆ་ལག་ཏུ་གྱུར་བ་ཆོས་རྒྱལ་གཏོར་ཆེན། ཡ་སྐུལ།  སྲོག་འཁོར།  ལིངྐ།  འཇིགས་བྱེད་ཕྱག་མཚན་ལས་ཚོགས། ཡི་གེ་བཞི་པའི་གསད་ཟློག་བཅས་ཀྱི་གཟབ་ཁྲིད་སྲད་དབེན་སོ་སོའི་སྙན་བརྒྱུད།  ཡབ་རྗེ་བླ་མ་དང་ཀུན་མཁྱེན་བླ་མའི་གསུང་བཤད་ཀྱི་ཟུར་མ་ཉམས་པ་བཅས་བུམ་པ་གང་བྱོའི་བཀའ་དྲིན་བསྐྱངས།ཞེས་དང་།  ས་ཟླའི་ཉ་ལ་རྒྱུད་འགྲེལ་ཆེན་མོའི་བཤད་ལུང་གྲུབ་པའི་མཇུག་ཏུ་འགྲེལ་དབང་བསྐུར་བ་དང་།  དཔའ་བོའི་སྟོན་མོ་གང་རྒྱས་དང་།  མཐའ་རྟེན་དུ་ཆོས་རྒྱལ་ཕྱི་སྒྲུབ་ཀྱི་རྗེས་གནང་བཅས་ཟླ་མེད་པའི་བཀའ་དྲིན་ཐོབ་ཅེས་གསལ།

དཔྱི་ས་ཨ་ཁུ་བློ་གྲོས་ཚང་གི་རྣམ་ཐར་སྐལ་ལྡན་གདུལ་བྱའི་འཇུག་ངོགས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་མ་(ཤོག་ངོས་༡༡༧ ) ལས།  གདུང་སེལ་སྨན་ལྗོན་ལས། ས་གའི་བཅུ་གཅིག་ལ་རྒྱུད་འགྲེལ་ཆེན་མོའི་བཤད་ལུང་གི་མཇུག་དོན་ལ་སླེབས་མཚམས་ཕྱག་ལེན་བཞིན་འགྲེལ་དབང་བསྐུར་བ་དང་།  དཔའ་བོའི་སྟོན་མོ་རྒྱ་གང་ཆེ་མཛད།  བཅོ་ལྔའི་ཉིན་མཇུག་ལེགས་པར་གྲུབ་ཅེས་དངོས་བསྟན་ལྟར་ན་བཤད་ལུང་སྩལ་བའི་མཇུག་གྲུབ་པ་འདྲ་ཞིག་སྣང་མོད།  སྔར་ལོའི་ཤིང་ཕག་ལོའི་མར་ངོའི་ཚེས་བཅུ་ནས་འགྲེལ་གཏོར་དང་མཆོད་པ་རྒྱས་པར་བཤམས་ཤིང་རྒྱུད་འགྲེལ་གྱི་རྩོམ་པ་ཕལ་ཆེར་གྲུབ་པའི་སྟེང་ནས་ཞེས་གསུངས་པའི་ཕལ་ཆེར་གྱི་ཚིག་ནུས་ལ་དཔགས་ན།  མེ་བྱི་ལོ་འདིར་ཡོངས་རྫོགས་བརྩམས་ཟིན་པ་དང་།  ཞུས་དག་ཀྱང་གྲུབ་པ་ཡིན་ཏེ།  རྒྱུད་འགྲེལ་ཆེན་མོའི་མཇུག་ན།  ཤིང་ཕག་(༡༩༣༥ ) ལོའི་སྟོན་ཕལ་ཆེར་གྲུབ་པར་བྱས་ཤིང་།  རང་ལོ་སོ་དགུ་པ་མེ་བྱི་(༡༩༣༦ ) ལོའི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོའི་ཉི་ཤར་འབྲུག་གི་དུས་སུ་བིས་མདོའི་ཡུལ་གྱི་དབེན་དགོན་རྡོ་རྗེ་ཕུག་གི་གཙུག་ལག་ཁང་དུ་བཅུ་གསུམ་ལྷའི་འཁོར་ལོའི་དཀྱིལ་འཁོར་བསྒྲུབས་ཤིང་མཆོད་དེ་བདག་ཉིད་འཇུག་པ་སྔོན་དུ་འགྲོ་བའི་སྒོ་ནས་མཇུག་ཡོངས་སུ་རྫོགས་པར་སྦྱར་ཚུལ་བཀོད་འདུག། །

སྤྱིར་ན་རྗེ་འཇིགས་མེད་ཞབས་འདི་ཉིད་སྐུའི་ན་ཚོད་ཤིན་ཏུ་ཕྲ་མོའི་དུས་ནས་སྔགས་ཕྱོགས་ལ་གསན་སྒོམ་མཛད་བཞེད་ཆེ་ཞིང་དཀའ་གནས་རྣམས་ལའང་གོ་ཟབ་གཞན་དང་མི་འདྲ་བས་ཞལ་ནས་ཀྱང་ཚེ་སྔ་མ་ཞིག་ཏུ་གསང་སྔགས་ཀྱི་བག་ཆགས་ཅུང་འཇོག་པའི་སྐལ་བ་བྱུང་བས་ཡིན། ཞེས་གསུང་གིན་ཡོད་པ་དང་།  སྒིས་སྟེང་ཡོངས་འཛིན་བཀའ་དྲིན་ཅན་ནས་ཀྱང་རྗེ་འདི་ལ།  ཁྱོད་རང་སྔོན་སྦྱངས་བག་ཆགས་ཆེ་སྟབས་སྔགས་ལ་གོ་ཕུལ་ང་བས་མི་ཚད་ཅེས་ཡང་ཡང་བསྔགས་སྐོར་རྟོགས་བརྗོད་གདུང་སེལ་སྨན་ལྗོན་(ཤོག་ངོས་༩༧) ལས་གསལ་བར་འབྱུང་བ་ལྟར་རོ། །

ན༽  དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་བསྡུས་དོན་དྲང་ངེས་ལྟ་བའི་མིག་འབྱེད་ལ། (ཤོག་གྲངས་ ༡༥)    དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་དོན་མཐའ་དག་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་འཇུག་ངོགས།  སྟོད་ཆ།  (ཤོག་གྲངས་ ༣༥༦)

པ༽  དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་དོན་མཐའ་དག་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་འཇུག་ངོགས།  སྨད་ཆ།( ཤོག་གྲངས་ ༢༩༩) སྦྱར་བྱང་དུ།  ལྷན་སྐྱེས་ཀྱི་མཁྱེན་རབ་ཟླ་དང་བྲལ་བ་ཚེ་ཏན་ཞབས་དྲུང་སྤྲུལ་བའི་སྐུ་འཇིགས་མེད་རིགས་པའི་བློ་གྲོས་ནས་གང་ཅིའི་ཐུགས་འགན་བཞེས་ཏེ་ཞུས་དག་འཕར་བལྡབས་མང་པོ་བགྱིས་ཏེ་གྲུབ་པའོ། །ཞེས་གསལ།

དེ་ཡང་ས་འབྲུག་ཕྱི་ལོ་༡༩༢༨ རྗེ་ཨ་བྷྱའི་ཞབས་དགུང་གྲངས་སོ་གཅིག་པ་ལ།   རྟོགས་བརྗོད་གདུང་སེལ་སྨན་ལྗོན་(ཤོག་ངོས་༡༨-༢ ༠) ལས། ཡོངས་འཛིན་མ་ཧཱ་པཎྜི་ཏ་རྗེ་སུ་ངྷཱིའི་ཞབས་ལས་ཞེས་པ་ནས་དྲང་ངེས་ཀྱི་བསྟན་བཅོས་ལེགས་བཤད་སྙིང་པོ་ཞེས་བྱ་བ་སྔོན་མེད་པའི་ཆོས་ཀྱི་གཏམ་ཆེན་པོ་དེ་ཉིད་ཀྱི་དཔེ་ཁྲིད་གཟབ་རྒྱས་སུ་ཞུ་བའི་དབུ་བརྩམས་པ་ནས་བཟུང་།  སྔོན་བྱོན་མཁས་པ་མཐའ་དག་གི་བཞེས་སྲོལ་གསལ་བར་ཕྱེ་ཞིང་།  དགག་སྒྲུབ་ཀྱིས་གཏན་ལ་ཕབ་པ།  གཞུང་གི་དགོངས་དོན་ཕྱིན་ཅི་མ་ལོག་པའི་སྙིང་པོ་རང་ལུགས་དམར་རྗེན་དུ་སྟོན་པའི་དྲང་ངེས་བརྗེད་བྱང་ཆེན་མོ་ཐོ་འགོད་ཀྱི་གཞི་བཏིངས་ཤིང་།   སྔ་རྟིང་ཅི་རིགས་སུ་དྲང་ངེས་སྐོར་གྱི་ཡིག་ཆ་བཞི་བཅུ་ཙམ་དང་།  ལོ་ཁྱུད་དུ་མར་ལེགས་བཤད་སྙིང་པོའི་གླེགས་བམ་དབུ་སྔས་མ་བྲལ་བར་གཟིགས་རྟོག་ཞིབ་པར་གནང་བས་མི་རིང་པ་ན་མཁས་པ་ཕལ་མོ་ཆེའི་སྤྱོད་ཡུལ་དུ་མ་གྱུར་བའི་རྗེ་ཐམས་ཅད་མཁྱེན་པའི་མདོ་ཕྱོགས་ཀྱི་ལེགས་བཤད་ཟབ་ཅིང་བརླིང་བའི་མཐར་ཐུག་ལྕགས་མདའ་ལྕགས་གཞུ་ཞེས་མཚན་དུ་གསོལ་བ་དེ་ཉིད་ཡི་གེ་ན་གཅིག་ཀྱང་ལུས་པ་མེད་པར་དགོངས་སོ།  །ཞེས་དང་།  ས་ཡོས་ཕྱི་ལོ་༡༩༣༩ ལོར།  ཡང་(ཤོག་ངོས་༢༧༢) ལས། སྣྲོན་ཟླའི་བཅུ་གཅིག་ནས་ལོ་བཞིའི་ངོ་མཐོང་རིང་ཐུགས་ཁོམ་ནམ་བྱུང་ལ་གྲོགས་སྡེ་སྣོད་འཛིན་པ་ཆོས་ཀྱི་སྤྱན་ལྡན་རྣམས་དང་ལྷན་དུ་འབེལ་གཏམ་གྱི་འཕྲོས་པ་དང་བཅས་སྔར་གྱི་དྲང་ངེས་བརྗེད་བྱང་ཆེན་མོ་གཞིར་བཞག་ལ་སྣོན་ཕྲི་ཅི་རིགས་པས་ཞིབ་རྩོམ་གྱི་དབུ་བརྩམས། ཞེས་དང་ཡང་།  ཤིང་སྤྲེལ་ཕྱི་ལོ་༡༩༤༤ ལོའི་བདུན་པའི་ཉེར་དྲུག་ལ་དྲང་ངེས་བརྗེད་བྱང་ཆེན་མོ་ཞིབ་རྩོམ་མཛད་པ་ལེགས་གྲུབ་ཀྱི་མཇུག་ཏུ་གྲོགས་སྡེ་སྣོད་འཛིན་པ་དྲུག་ལ་ཌཾ་བཅུ་རེ་དང་།  ཁ་བཏགས་གསུམ་རེ་ཕུལ་ཏེ་བཟང་སྤྱོད་དང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཤིང་།  རྗེ་ཐམས་ཅད་མཁྱེན་པའི་ལྕགས་མདའ་ལྕགས་གཞུ་ཞེས་བསྔགས་པའི་ལེགས་བཤད་ལ་ཕྱག་རྗེས་ཟླ་མེད་པ་ཞིག་བསྐྲུན་པར་ཐུགས་ཚོར་གྱིས་དུས་འདས་ཞེས་རྟོགས་བརྗོད་གདུང་སེལ་སྨན་ལྗོན་(ཤོག་ངོས་༣༡༩ ) ལས་འབྱུང་བ་ལྟར་བརྩམས་པའི་ལེགས་བཤད་དེ་ཉིད་ནི།  ཤིང་སྤྲེལ་ཕྱི་ལོ་༡༩༤༤ ལོར་ཨ་ལགས་ཚེ་ཏན་ཚང་དགུང་ལོ་སོ་ལྔའི་ཐོག་འདིའི་སྐོར་ལ་རྣམ་ཐར་(ཤོག་ངོས་༢༠༨) ལས།  མགོ་ཟླའི་ཉི་མ་ཡར་ལྡོག་ཚེས་བརྒྱད་ནས་བཟུང་རིང་མིན་པར་འགོད་ཀྱི་ཞུས་དག་བསྐྱར་མ་དང་།  ཕྲན་ཅག་ལ་དཔེ་ཁྲིད་ཀྱི་སྒོ་ནས་བཤད་ལུང་གི་རྒྱུན་གནང་བ་གཅིག་འཐུས་སུ།    རྗེ་ཐམས་ཅད་མཁྱེན་པའི་ལྟ་བའི་ལེགས་བཤད་ལྔའི་ཡ་གྱལ་དམ་པ་གོང་མ་རྣམས་ཀྱིས་ལྕགས་མདའ་ལྕགས་གཞུ་ཞེས་མཚན་གྱིས་བསྔགས་པ་ལེགས་བཤད་སྙིང་པོ་གཙོར་བཟུང་།   ཉིད་ཀྱིས་མཛད་པའི་དྲང་ངེས་འགྲེལ་ཆེན་དང་།  བསྡུས་དོན་ཁྲིད་གཞུང་དུ་མཛད་ནས་དཔེ་ཁྲིད་གཟབ་རྒྱས་སྩོལ་བའི་དབུ་ཚུགས།  རང་ནས་ཀྱང་གཙོ་བོ་དབུ་སེམས་ཀྱི་ལྟ་བའི་གཞུང་དོན་ཟབ་མོ་ཅུང་ཟད་རེ་ཨེ་གོ་སྙམ་ནས་བརྩོན་པ་བསྟེན་པའི་ཚུལ་གྱིས་ལེགས་པར་ཉན་ཅིང་དཔེ་ལྟོས་ལ་ཆིག་དྲིལ་དུ་འབད།   ཅེས་མེ་ཁྱི་ཕྱི་ལོ་༡༩༤༦ ལོར་རང་རྣམ་(ཤོག་ངོས་༢༡༨ ) ལས།  ཆུ་སྟོད་ཚེས་ནས་ཕྲན་ལ་དྲང་ངེས་པོད་གཉིས་པའི་གཟབ་ཁྲིད་ཀྱི་དབུ་ཚུགས།  སྐུ་ཁམས་ཅུང་མི་བདེ་བའི་ཉམས་དང་བཅས་ཞེས་པ་ནས་ཉིན་འགའ་ལ་དྲང་ངེས་ཀྱི་དཔེ་ཁྲིད་གནང་བ་ཐལ་འགྱུར་བའི་ལུགས་ལ་ཆོས་དང་གང་ཟག་གི་ཐ་སྙད་འཇོག་ཚུལ་ལས་གང་ཟག་མ་དཔྱད་པར་འཇོག་ཚུལ་གྱི་གཞུང་ཚང་བར་གསུངས་ནས་ཆོས་མཚམས་མཛད་དེ།  ཕྱིས་སུ་སྐུ་བསྙུན་ལྕི་བའི་སྐབས་སུ་ཡང་དྲང་ངེས་ཐ་སྙད་ཚད་གྲུབ་ནས་བཞག་པ་མ་བརྗེད་ཅེས་ལན་འགའ་འདོམས་པར་མཛད།  ཅེས་གསུངས།  མེ་ཕག་ཕྱི་ལོ་༡༩༤༧ ལོར་རང་རྣམ་(ཤོག་ངོས་༢༢༢) ལས།  ལུང་རྒྱུན་འགའ་རེ་ཉན་པའི་དོན་དུ་རྫོང་དཀར་རྡོ་རྗེ་འཛིན་པ་དགེ་འདུན་དོན་གྲུབ་བརྒྱུད་དེ་དགེ་བའི་བཤེས་གཉེན་བློ་གྲོས་རྒྱ་མཚོ་ལས་རིམ་ལྔའི་དཀའ་འགྲེལ་གྱི་ཁ་སྐོང་དང་།  དྲང་ངེས་དཀའ་འགྲེལ་གྱི་སྨད་ཆ།  སྨན་གྱི་རྒྱུད་བཞི་བཅས་དང་།  ལྕང་ལུང་ཁྲི་སྤྲུལ་འཇམ་དབྱངས་འཕྲིན་ལས་དབང་པོ་ལས་ཁོང་གི་གསུང་རྟགས་རིགས་སྤྱི་དོན་བཅས་ཀྱི་ལུང་རྒྱུན་རྣམས་བླངས་པ་བདག་གིས་ཁོམ་པ་ནམ་ཡོད་དུ་ཉན།  ཅེས་གསུངས་འདུག་པས་དྲང་ངེས་སྨད་ཆ་རྗེ་འཇིགས་མེད་ཞབས་ལས་ཆ་ཚང་གསན་མ་ཐུབ་ནའང་རྫོང་དཀར་རྡོ་རྗེ་འཛིན་པ་དགེ་འདུན་དོན་གྲུབ་ལས་གསན་ནས་ཆ་ཚང་བར་བྱས་སྐོར་གསལ་བས་ཨ་ལགས་ཚེ་ཏན་ཚང་ལ་དྲང་ངེས་དཀའ་འགྲེལ་ཆེན་མོའི་བཤད་ལུང་གི་ཆོས་རྒྱུན་ཡོད་མེད་དོགས་པ་དང་ཐེ་ཚོམ་གང་ཡང་མི་དགོས་སོ།།

རྗེ་ཡབ་སྲས་ཀྱི་ཕར་ཕྱིན་ཡིག་ཆའི་བཞེད་མཚམས་གསལ་བར་བཀོད་པ་དགོངས་མཛོད་འབྱེད་པའི་ལྡེ་མིག  སྦྱར་བྱང་དུ།   ཡི་གེ་བ་ནི། གནམ་བསྐོས་ཕག་མོ་གྲུ་བའི་ལུང་གིས་ཨེརྡྷི་ནི་པཎྜི་ཏ་ཝང་ཧོ་ཐོག་ཐུར་བསྔགས་པ་རྒྱལ་མཁན་སྤྲུལ་བའི་སྐུ་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོས་བགྱིས་པའོ། །ཞེས་གསལ།

རང་རྣམ་(ཤོག་ངོས་༡༦༨)  ལས།  ལེགས་པར་བཤད་པ་འདིའི་ཡི་གེ་བའི་ཞབས་འདེགས་ཀྱང་བདག་གིས་ཞུས་ཞེས་གསལ།

གོང་གསལ་འདི་དག་ནི་སྦྱར་བྱང་དུ་གསལ་བ་གཞིར་བཟུང་བཤད་པ་ཡིན་ལ།  སྤྱིར་རྗེ་འཇིགས་མེད་ཞབས་ཀྱི་གསུང་འབུམ་གྱི་བསྟན་བཅོས་ཡོངས་རྫོགས་ཕལ་ཆེར་ཡི་གེ་ན་གཅིག་ཀྱང་མ་ཆད་པར་སྤྱན་བཤེར་ཞིབ་གཟིགས་ཀྱིས་ཞུས་དག་བྱས་སྐོར་གཞན་དང་གཞན་དུ་གསལ་བ་དེ་ལྟར་རོ། །

(སྤྱིར་རྗེ་འཇིགས་མེད་ཞབས་ཀྱི་གསུང་འབུམ་རྒྱུད་འགྲེལ་ཆེན་མོ་དང་དྲང་ངེས་ཆེན་མོ་ཙམ་མ་ཡིན་པར་གཞུང་གང་ཡིན་གྱི་བརྗོད་དོན་ལ་མཁས་པའི་ཡན་ལག་ཏུ་ཤེས་པར་བྱ་བའི་གནས་ཕུན་སུམ་ཚོགས་པ་རྣམ་ཐར་ཁག་དང་།  སྦྱར་བྱང་།  བར་སྐབས་ཚིགས་བཅད་ཁག་སོགས་དང་སྦྱར་ནས་འཆད་དགོས་པ་མང་དུ་འདུག་ནའང་འདིར་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་ནས་རང་གི་རྩ་བའི་བླ་མར་སྲི་ཞུ་ཇི་ལྟར་ཞུས་ཚུལ་འཆད་པ་སྐབས་སུ་བབ་པས་འབྲེལ་ཡོད་ཀྱི་འཕྲོས་མང་པོ་བསྐྱུངས་ཅི་ཐུབ་ཞུས་པའང་དགོངས་པར་མངའ་འཚལ་ཞུ།)

རྒྱལ་དབང་ཐམས་ཅད་མཁྱེན་པའི་ལྗགས་བསྒྲིགས་མཛད་པའི་པར་བྱང་སྨོན་ཚིག་ལ། (ཤོག་གྲངས་༣) དེ་ཡང་ཕྱི་ལོ་༡༩༥༥ ལོར་མཐུ་བ་དགོན་དུ་གསུང་འབུམ་པོད་བཅོ་ལྔ་པར་དུ་བརྐོས་པ་གྲུབ་སྐབས་རང་རྣམ་ལས་རྣམ་འདྲེན་རྒྱལ་བའི་དབང་པོར་བླ་མ་རིན་པོ་ཆེའི་བཀའ་འབུམ་པར་ཤིང་སྨོན་ཚིག་ཞུས་པ་རེ་འདོད་བཞིན་གྲུབ་པ་བྱུང་། ཞེས་གསལ་བ་ལྟར་ཏེ།  གླེགས་བམ་གཉིས་པ་བཀའ་འབུམ་རིན་པོ་ཆེ་པར་བསྒྲུབས་ཀྱི་གཏམ་ཛམ་བུའི་ཆུ་གསེར་(ཤོག་ངོས་༤༧༡) ལས། ༧རྒྱལ་བ་རིན་པོ་ཆེ་སྐུ་འབུམ་དུ་ཕེབས་དུས་ཆེད་གཉེར་གྱིས་ཞུས་དོན་ལྟར་བཀའ་འབུམ་གྱི་པར་བྱང་སྨོན་ཚིག་དགྱེས་བཞིན་དུ་སྩལ་བའང་པོད་ཐ་མའི་གཤམ་དུ་བཞུགས་པར་བྱས་སོ། །ཞེས་འབྱུང་ལ།  ༧རྒྱལ་བ་བཅུ་བཞི་པས་མཛད་པའི་པར་བྱང་སྨོན་ཚིག་དེའི་ནང་ཚིགས་སུ་བཅད་པ་བཅུ་བཞི་ཡོད་ལ་ཡིག་ཆུང་ནང་གསལ་བ་ལྟར་ན།   ཅེས་མདོ་སྨད་བསྟན་པའི་སྣང་བྱེད་དམ་པ་༧རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་པོ་ཏི་ཚེས་ཀྱི་གྲངས་ལྡན་རྣམས་གང་གི་ཞབས་རྡུལ་ལོ་ཉེར་བཞིའི་རིང་མཉེས་པ་གསུམ་གྱིས་ཡུན་དུ་བསྙེན་པའི་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ནས་བསྟན་འགྲོ་ཡོངས་ལ་སྨན་ཕྱིར།  ལོ་ངོ་ཉེར་གཅིག་གི་བར་འབད་པ་དུ་མའི་སྒོ་ནས་པར་དུ་བསྐྲུན་པའི་དགེ་བསྔོའི་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་ལྷ་གོས་དང་གོས་ནོར་ཆབ་དམར་པོ་ཡུག་ཚང་གི་རྟེན་དང་བཅས་ཏེ་ཇི་ལྟར་བསྐུལ་བ་ལྟར།  པད་དཀར་འཆང་བའི་སྐྱེ་མིང་ཤཱཀྱའི་དགེ་སྦྱོང་༧ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེར་འབོད་པས་སྨོན་པའི་མཚམས་སྦྱོར་དང་བཅས་ཏེ་སྦྱར་བ་དགེ་ལེགས་འཕེལ།  ཞེས་པ་བཀའ་དྲིན་དུ་བསྐྱངས་འདུག  ཕྱི་ལོ་༡༩༨༠  ནང་ད་དུང་ཁོང་གིས་ངའི་མི་ཚེ་འདི་ལ་བླ་མ་རྡོ་རྗེ་འཆང་གི་གསུང་འབུམ་གྱི་ལས་ཀ་ལོ་སུམ་ཅུའི་རིང་བསྒྲུབས། བསྟན་པའི་ཆག་འཇིག་གི་དུས་ད་དུང་སླར་ཡང་ཤིང་པར་དུ་འདེབས་རྩིས་མ་ཟད་དམ་བཅའ་ཡོད་པས་ཤིང་པར་གྱི་ཐད་ལ་ཞབས་འདེགས་གང་ལེགས་ཞུ་དགོས་ཞེས་གསུང་གླེང་གནང་གི་ཡོད་པ་དང་།  ཨ་ལགས་ཆུ་དམར་ཚང་ནས་བརྙན་པར་དུ་འདེབས་རྒྱུ་བཤད་ཀྱི་ཡོད་པས་རྗེས་སོར་དེ་འདྲ་ཐུབ་ན་ཤིན་ཏུ་ལེགས། ཞེས་དང་།  ཡང་ཨེ་ཝཾ་དུ་བཀའ་ཆོས་ཤིག་གི་སྐབས་གསུང་འབུམ་ལྕགས་པར་དང་བརྙན་པར་གང་རུང་ཞིག་ལ་འདེབས་རྒྱུའི་ན་དམངས་སྒོར་ཁྲི་གཅིག་གི་མ་རྩ་ངས་ཕུལ་ཆོག་ཅེས་གསུངས་པ་དང་།  ངའི་ཚེ་རྔ་འདིར་བྱ་བ་ལྕི་མོ་ཞིག་ལ་མཐུ་བ་དགོན་དུ་གསུང་འབུམ་པར་སྐྲུན་གྱི་རྟེན་འབྲེལ་བསྒྲིགས་ཟིན་པ་འདི་འགྲུབ་རྒྱུ་དེ་རེད།  ཅེས་ཕེབས་འདུག།།

རྡོ་རྗེ་འཆང་༧རྗེ་ཨ་བྷྱའི་ཞབས་ཀྱི་གསུང་འབུམ་འདི་བསྟན་པ་སྤྱི་བྱེའི་སྤྱི་སྨན་དུ་གཟིགས་ཤིང་།  ལྷག་པར་གསེར་ལྗོངས་རིག་པ་འབྱུང་བའི་གྲོང་ཁྱེར་ལེ་ལག་དང་བཅས་པའི་ཕ་ཆོས་དཀར་དཀར་དུ་གཟིགས་ནས་ཕྱི་ལོ་༡༩༩༤ ལོར་རེབ་གོང་རོང་པོ་དགོན་ཆེན་དུ་ཚོགས་ཆེན་ཁྲི་ཟུར་ཁ་སོ་བློ་བཟང་འཇིགས་མེད་འཕྲིན་ལས་ཀྱིས་པར་ཁང་ཆོས་ཆར་འདོད་འཇོ་གླིང་གསར་དུ་བཙུགས་ཏེ།  ཕྱི་ལོ་༢༠༠༣ ལོའི་དགུན་ཐོག་ཏུ་གསུང་འབུམ་པོད་བཅོ་ལྔའི་པར་ཤིང་བཞེངས་སྐྲུན་ལེགས་གྲུབ་བྱུང་བའི་པར་བྱང་སྨོན་ཚིག་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེས་ལོ་དེ་རང་ལ་སྦྱར་ཡོད་པ་དེའོ།།

བཅུ་གསུམ་པ།  དམིགས་བཀར་བཙོན་གྲོལ་རྗེས་ཀྱི་ལོ་བདུན་ནང་མདོ་སྔགས་ཀྱི་བསྟན་བཅོས་ཆེན་པོ་གཉིས་ཇི་ལྟར་བརྩམས་པ།

བཙོན་གྲོལ་རྗེས་ཀྱི་ལོ་བདུན་པོ་དེ་ནི་པཎྜི་ཏ་ཆེན་པོ་འདི་ཉིད་དགུང་གྲངས་བདུན་ཅུར་ཕེབས་ཟིན་ནའང་རྒྱལ་བསྟན་སྤྱི་དང་།  བྱེ་བྲག་བོད་ཀྱི་ཆོས་དང་རིག་གཞུང་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཕྱག་རྗེས་རླབས་པོ་ཆེ་བཞག་པའི་ཤིན་ཏུ་རྩ་ཆེ་བའི་དུས་ཚོད་ཅིག་ཡིན་ལ།   དུས་སྐབས་དེའི་ནང་དུའང་ཁོང་གིས་རང་གི་རྩ་བའི་བླ་མ་རྡོ་རྗེ་འཆང་༧རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོའི་སྐུ་ཚེའི་མཛད་འཕྲིན་མཁའ་ཁྱབ་ཏུ་སྤེལ་བ་དང་འབྲེལ་བའི་ཕྱག་ལས་ཆེ་ཕྲ་བྱ་དཀའ་ལ་གྲངས་མང་བ་ཞིག་གནང་བ་མ་ཟད།   བཞེད་དགོངས་གལ་ཆེན་གཉིས་དང་འབྲེལ་བའི་བསྟན་བཅོས་ཆེས་རྨད་དུ་བྱུང་བ་གཉིས་འཇིག་རྟེན་ཏུ་བཞག་ཡོད།   ཁོང་གི་རྗེས་འཇུག་ཏུ་ཁས་འཆེས་པ་དག་གིས་ཐོས་བསམ་སློབ་གཉེར་དང་ཉམས་བཞེས་གནང་རྒྱུར་ཐུགས་སྣང་ཆེར་བསྐྱེད་གནང་དགོས་རྒྱུའི་བསྟན་བཅོས་དེ་གཉིས་ནི།  གསུང་འབུམ་དཔར་སྒྲིག་མི་སྣ་བཀའ་དྲིན་ཅན་མང་པོས་འབད་བརྩོན་བྱས་ཏེ།  ཕྱི་ལོ་༢༠༠༧ ལོར་མི་རིགས་དཔེ་སྐྲུན་ཁང་ནས་གསུང་འབུམ་གླེགས་བམ་བཅུ་གསུམ་གྱི་བདག་ཉིད་ཅན་ཞིག་དཔར་སྐྲུན་འགྲེམ་སྤེལ་བྱས་པའི་ཁྲོད་ཀྱི་གླེགས་བམ་དགུ་པ། བཅུ་པ། བཅུ་གཅིག  བཅུ་གཉིས་བཅས་ཡིན་པ་དང་།  དང་པོ་གསུམ་ནི།  ལམ་རིམ་ཆེན་མོའི་བརྗེད་བྱང་གི་སྙིང་པོ་ཀུན་ལས་བཏུས་པ་དང་།  ཕྱི་མ་ནི།  འཕགས་ཡུལ་གདན་ས་ཁག་དང་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་བཅས་སུའང་ཡོངས་ཁྱབ་དཔེ་ཀློག་རྒྱུགས་ཆེ་བའི་སྔགས་ཕྱོགས་སྟོང་ཐུན་ལས་རྣལ་འབྱོར་བླ་མེད་སྐོར་གྱི་ཁ་སྐོང་གསང་ཆེན་ཉི་ཟླའི་དཀྱིལ་འཁོར་ཞེས་པ་དེ་གཉིས་ཡིན།   གཞུང་ཆེན་དེ་གཉིས་ཇི་ལྟར་བརྩམས་པའི་རིམ་པ་ཕྱོགས་ཙམ་བཤད་ན།

ཀ༽   ལམ་རིམ་ཆེན་མོའི་བརྗེད་བྱང་གི་སྙིང་པོ་ཀུན་ལས་བཏུས་པ།

ལམ་རིམ་ཆེན་མོའི་བརྗེད་བྱང་གི་སྙིང་པོ་ཀུན་ལས་བཏུས་པ་ནི། རྟོགས་བརྗོད་གདུང་སེལ་སྨན་གྱི་ལྗོན་པ་(ཤོག་ངོས་༡༢༧) ལས་གསུངས་པ་ལྟར།  རྗེ་འཇིགས་མེད་ཞབས་ཡབ་སྲས་ཀྱིས་ཐུགས་ཀྱི་དགོངས་པར་འཇམ་མགོན་ཆོས་ཀྱི་རྒྱལ་པོས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བཅུད་བསྡུས་པའི་ཉིང་ཁུ།  བྱང་ཆུབ་ལམ་རིམ་ཆེན་མོ་ལ་འཆད་ཉན་རྒྱ་ཆེ་བ་ཞིག་དང་།  མདོ་སྔགས་ཀྱི་ལམ་ཡོངས་སུ་རྫོགས་པའི་ཉམས་བཞེས་རྡོ་རུས་ཐུག་པ་ཞིག་ཅི་ནས་ཀྱང་མཛད་པར་བྱའོ་སྙམ་དུ་དགོངས་ནས་བརྒྱད་པའི་ཉི་ཤུ་ལ་ཡབ་སྲས་རྣམས་ཞོ་བོང་ལུག་ར་སྒར་གསར་པད་དཀར་ཆོས་གླིང་དུ་གཞི་ཕབ།  ཉེར་དགུ་ནས་སྐུ་མཚམས་དམ་པོར་མཛད་དེ།  ཟླ་ཕྱེད་རིང་འཆད་ཉན་དང་སྒོམ་སྒྲུབ་ཀྱི་རྐྱེན་སེལ་དུ་སྒེར་དམིགས་ཀྱིས་ཡི་དམ་དང་ཆོས་སྐྱོང་ཐུན་མོང་མིན་པ་སྦྲགས་པའི་བསྙེན་པ་བསྐྱལ།  དགུ་པའི་ཉ་ནས་བཟུང་བཅུ་གསུམ་མའི་སྙིང་པོའི་གཞི་བསྙེན་ཆེན་མོའི་ལྗགས་བཟླས་ཀྱི་ངང་།  ཡོངས་འཛིན་ཐམས་ཅད་མཁྱེན་པར་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ལྟར།  སྣྲོན་ཟླ་ཤོལ་དང་བཅས་པའི་ཆུ་ཁྱི་ལོ་རིལ་པོ་དང་།  ཆུ་ཕག་ཆོ་འཕྲུལ་ཉའི་བར་ཟླ་བ་རིལ་པོ་བཅུ་བདུན་དང་།  ཞག་ལྔ་བརྒྱ་ང་གསུམ་གྱི་བར་ཉིན་རེར་དུས་ཆུང་ཕྱེད་དང་གསུམ་གྱི་ཡུན་ལ་ཆོས་སྐོར་རེ་རེ་བཞིན་བསྡུས་དོན།  ཚིག་འགྲེལ།  ལུང་རིགས་དཔེ་གསུམ་གྱི་རྒྱ་ཆེར་བཤད་པ།  དོགས་གཅོད།  ལག་ཏུ་ལེན་ཚུལ་ཏེ་ལམ་རིམ་ལ་སྔོན་མེད་པའི་འཆད་ཐབས་ལྔ་སྦྱར་ནས་མདོ་ཕྱོགས་ཀྱི་བཀའ་བསྟན་དང་རྗེ་ཡབ་སྲས་ཀྱི་ལེགས་བཤད།  ལམ་རིམ་བློ་སྦྱོང་གི་ཡིག་སྣ་བརྒྱ་ཕྲག་བརྒལ་བ།  ཀུན་མཁྱེན་བླ་མའི་ལེགས་བཤད་གཙོ་བོར་གྱུར་བའི་བཀའ་པོད་ཀྱི་ཡིག་ཆ་སོ་སོ་རྣམས་ཞིབ་སྦྲགས་ཀྱི་སྤྱོད་པ་སྤྱི་བསླབ་ཡན་གྱི་དཔེ་ཁྲིད་ཤིན་ཏུ་རྒྱས་པ་ཇི་ལྟར་གསུངས་རིམ་བཞིན་བརྗེད་བྱང་ཕྱིས་སུ་ལེགས་པར་གྲུབ་པ་བཅས་མདའ་ཚད་ཕྲེང་བརྒྱད་མ་དེབ་དྲུག་བརྒྱ་ང་གཅིག་ལོངས་པ་ཡིག་གཟུགས་ཕྲ་ཞིང་རྒྱུས་མེད་ཀྱིས་ཆོད་དཀའ་བའི་སྐུང་ཡིག་གིས་བཅིངས་པ་ཕྱག་བསྟར་གྱིས་བྲིས་ཤིང་།  ཕྱིས་འབྱུང་རྣམས་ཀྱིས་བལྟ་བདེ་བའི་ཕྱིར་ཐོག་མར་མཁོ་བའི་སྙན་སྒྲོན་བཅུ་གསུམ་ཚང་བའི་ཤོག་བྱང་ཞིག་ཀྱང་གནང་བས་མཚོན་བྱང་ཆུབ་ལམ་རིམ་ཆེན་མོར་དུས་ཐོག་དེར་མདོ་དབུས་སུ་མ་གྲགས་པའི་གསན་བསམ་ཕུ་ཐག་ཆོད་པ་མཛད་དོ། །དེ་ལ་ཁྲི་ཆེན་མཉྫུ་རྡོ་རྗེ་འཆང་གིས།  འཇམ་མགོན་ཐུགས་བཅུད་ལམ་རིམ་ཆེན་མོ་ཞེས། །དགེ་ལྡན་བསྟན་འཛིན་ཡོངས་ཀྱི་སྤྱི་ནོར་དེ། །ཕྱིས་སུ་རྡུལ་མང་བརྩེགས་པའི་གོས་གྱོན་ནས། །ཆོས་ཁྲིའི་མལ་དུ་དུ་ལྡང་བ་མེད་པར་མནལ། །གང་གི་ངོ་མཚར་མཁྱེན་རབ་དབྱུ་གུ་ཡིས། །གཟབ་བཤད་གསེར་གྱི་རྔ་ཆེན་བརྡུངས་པའི་སྒྲས།  །གཡོ་མེད་ཏིང་ངེ་འཛིན་ལས་སླར་བཞེངས་ཏེ། །སྐལ་བཟང་བློ་གསལ་བྱེ་བའི་དཔལ་དུ་གྱུར། །ཅེས་ཡོངས་འཛིན་བླ་མ་མཆོག་ལ་ཆེད་དུ་བརྗོད་པ་ལྟར་དོན་དང་ལྡན་པ་བྱུང་ངོ་ཞེས་གསལ་བ་ལྟར་ཏེ།  དེ་ཡང་གསལ་བར་བཤད་ན།   ༧ རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ་གླེགས་བམ་དགུ་པ།   ལམ་རིམ་བརྗེད་བྱང་ཆེན་མོར་གཟིགས་རྟོག་མཛད་མཁན་རྣམས་ཀྱིས་ཐོག་མར་ངེས་དགོས་པའི་སྙན་སྒྲོན་ལེ་ཚན་གྱི་དབུ་ཕྱོགས་(ཤོག་ངོས་༡ ) ལས།  རྒྱ་ཆེན་གནས་ལྔ་རིག་པའི་མ་ཧ་པཎྜི་ཏ་༧བློ་བཟང་དཔལ་ལྡན་ནས་རབ་ཚེས་ལྕགས་བྱ་ལོའི་ཟླ་བ་དགུ་བའི་ཚེས་བཅོ་ལྔ་ནས་སྣྲོན་ཟླ་ཤོལ་དང་བཅས་པའི་ཆུ་ཁྱི་ལོ་རིལ་བོ་དང་།  ཆུ་ཕག་(༡༩༢༣ ) ཆོ་འཕྲུལ་ཉའི་བར་ཟླ་བ་རིལ་བོ་བཅུ་བདུན་ལ་ཉིན་ལྔ་བརྒྱ་དང་གསུམ་གྱི་བར།   ཉིན་རེ་བཞིན་དུས་ཆུང་ཕྱེད་དང་གསུམ་ལ་ཆོས་ཐུན་དུ་བཅད་དེ་ཉིན་གཅིག་ཀྱང་མ་ཆད་པར་ལམ་རིམ་ཆེན་མོ་སྤྱོད་པ་སྤྱི་བསླབ་རྫོགས་པའི་བར་གྱི་བཤད་ལུང་བཀའ་དྲིན་བསྐྱངས་ཞེས་གསུངས་པ་ལྟར་ན། རབ་ཚེས་ལྕགས་བྱ་ལོ་ནི།  ཕྱི་ལོ་༡༩༢༡ ལོ་ཡིན་པ་དང་།   དེ་དུས་༧རྗེ་བློ་བཟང་དཔལ་ལྡན་དགུང་ལོ་༤༡ ཙམ་དང་།  གསུང་སྒྲོས་ཟིན་བྲིས་སུ་འདེབས་མཁན་༧རྗེ་དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་༧རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དགུང་ལོ་༢༤ ཙམ་ཡིན་པ་རེད་འདུག། ཟིན་བྲིས་བརྗེད་བྱང་དུ་འདེབས་མཁན་ཁོང་ཐུན་མོང་སྣང་ངོར་དགུང་གྲངས་ཞེ་དགུ་ཙམ་ལས་འཇིག་རྟེན་འདིར་བཞུགས་མེད་ན་ཡང་ཁོང་གིས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བཤད་ཚར་ལྔ་བཅུ་རྩ་གཉིས་གནང་ཡོད་སྐོར་རྣམ་ཐར་ཆེན་མོ་གདུང་སེལ་སྨན་གྱི་ལྗོན་པར་གསལ་ཞིང་། རྗེ་བླ་མ་འདི་དང་།  ཁོང་གི་ཡོངས་འཛིན་༧རྗེ་བློ་བཟང་དཔལ་ལྡན།   ཁོང་ཡབ་སྲས་ཀྱི་བླ་མ་དམ་པ་༧རྒྱལ་བ་བཅུ་གསུམ་པའི་ཡོངས་འཛིན་ཞྭ་དམར་པཎྜིཏ་རྗེ་དགེ་འདུན་བསྟན་འཛིན་ཡིན་ལ་ཁོང་གིས་ལམ་ཁྲིད་དགེ་ལེགས་འོད་སྣང་འགྱེད་པའི་ཉིན་བྱེད་དམ་ཡོངས་གྲགས་ཞྭ་དམར་ལམ་ཁྲིད་མཛད་པ་སོགས་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་འདི་དག་གི་བླ་མ་སློབ་བརྒྱུད་ནི།   ཇོ་བོ་བཀའ་གདམས་པའི་རྣམ་ཐར་གཙང་མ་ལ་གནས་ཤིང་།  བྱང་ཆུབ་ལམ་གྱི་རིམ་པའི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཇིག་རྟེན་དུ་གསལ་བར་བྱེད་པ་ཤ་སྟག་ལགས།  ལམ་རིམ་ཆེན་མོའི་བརྗེད་བྱང་སྐོར་ལ།  གླེགས་བམ་གཉིས་པའི་ནང་།   བཀའ་འབུམ་རིན་པོ་ཆེ་པར་བསྒྲུབས་ཀྱི་གཏམ་ཛམ་བུའི་ཆུ་གསེར་(ཤོག་ངོས་༤༦༨ ) ལས།  ཁྱད་པར་ལམ་རིམ་ཆེན་མོའི་བརྗེད་བྱང་ཤིན་ཏུ་རྒྱས་པ་ཡོངས་སུ་མ་གྲགས་པའི་སྐུང་ཡིག་གིས་བཅིངས་ཤིང་།  ལུང་འདྲེན་རིགས་ཀུ་རུ་ཁའི་རྟགས་ཀྱིས་ཕྱེ་བའི་ཕྱག་བྲིས་ཤིན་ཏུ་ཕྲ་མོ་བརྒྱད་ཐིག་ཅན་དེབ་དྲུག་བརྒྱ་དང་ང་གཅིག་ལོངས་པ་ཉིད་བཀའ་འབུམ་དཀྱུས་ཀྱི་ཚད་ལྟར་པར་དུ་འཁོད་ཚེ་པོད་བདུན་བརྒྱད་ནང་དུའང་མི་འདུམ་པ་ཞིག་བཞུགས་ནའང་།  དེ་ནི་དང་པོ་ཉིད་ནས་ཧ་ཅང་མང་དྲགས་པས་ད་ལྟའི་གདུལ་བྱ་རྣམས་ལ་ཕན་དུ་མི་ཆེ་བར་དགོངས་ཏེ་པར་དུ་འགོད་པའི་ཐུགས་བཞེད་མེད་པ་ལྟར་བགྱིས་ཤིང་།  འོན་ཀྱང་དེའི་དོད་ལྟ་བུའི་ལམ་རིམ་ཆེན་མོའི་ས་གཅོད་རྒྱས་པ་དེ་ག་དང་།  ལྷག་མཐོང་ཐད་ཀྱི་ཚིག་དོན་ཕལ་ཆེར་དྲང་ངེས་འགྲེལ་ཆེན་གྱི་སྐབས་གང་འབྲེལ་དུ་བཀོད་པས་འཐུས་པར་མཛད།  ཅེས་གསུངས།

བརྗེད་བྱང་ཆེན་མོ་འདི་རྩོམ་པའི་དབུ་ཚུགས་པ་ནས་ལོ་ངོ་༥༨ ཙམ་ཕྱིན་པ་ན། བདག་ཅག་གི་འདྲེན་མཆོག་དམ་པ་རྒྱ་ཆེན་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་དཔལ་ཚེ་ཏན་ཞབས་དྲུང་༧རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་རང་ལོ་བདུན་ཅུ་པ་ལ་ལམ་རིམ་བརྗེད་བྱང་ཆེན་མོའི་སྙིང་པོ་བསྡུས་པའི་དབུ་བཙུགས་ནས་ལོ་ངོ་བཞིའི་རིང་གྲུབ་པར་བྱས་པ་སྟེ།  དེ་ཡང་། གསུང་འབུམ་གླེགས་བམ་དགུ་པ།   ལམ་རིམ་བརྗེད་བྱང་ཆེན་མོར་གཟིགས་རྟོག་མཛད་མཁན་རྣམས་ཀྱིས་ཐོག་མར་ངེས་དགོས་པའི་སྙན་སྒྲོན་ལེ་ཚན་གསུམ་པ་(ཤོག་ངོས་༦) ལས། དེ་ལ་བཀའ་དྲིན་མཚུངས་མེད་བླ་མ་རིན་པོ་ཆེས་གནང་བའི་བརྗེད་བྱང་ཆེན་མོ་འདི་ཉིད་བསྟན་བཅོས་ཀྱི་ལུགས་ཀྱིས་གླེགས་བམ་དུ་འཁོད་པ་བྱུང་ན་ནི་པོ་ཏི་བཅུ་ལྷག་ཙམ་འབྱུང་ངེས་པ་ཡིན་ལ།  དེ་འདྲ་བ་ནི་ད་ལྟའི་དུས་ན་བསྒྲུབ་དཀའ་བ་དང་།  དོན་དུ་འགྱུར་བ་ཡང་ཆ་མ་འཚལ་བས་བཀའ་འབུམ་གྲས་སུ་པར་དུ་འགོད་རྒྱུར་དང་པོ་ནས་ཞལ་བཀོད་མ་གནང་ཞིང་།  དེའི་དོད་ལ་ལམ་རིམ་ཆེན་མོའི་ས་བཅད་རྒྱས་པ་དེ་ཙམ་གྱིས་ཆོག་པར་མཛད་དོ། །སྤྱིར་བླ་མ་རིན་པོ་ཆེས་ཕྱག་བྲིས་གནང་བའི་ཞི་ལྷག་དང་བཅས་པའི་ལམ་རིམ་བརྗེད་བྱང་ཆ་ཚང་བ་ནི།  མདའ་ཚད་ཕྲེང་བརྒྱད་མ་དེབ་དྲུག་བརྒྱ་ལོངས་པ་པོ་ཏི་གཉིས་བཞུགས་ཚུལ་རྣམ་ཐར་ཆེན་མོར་གསལ་བ་ལྟར་ལ།  དེབ་འདི་ལས་གཞན་ཟླ་བ་བཅུ་བདུན་གྱི་རིང་གསན་སྦྱོང་ལྷན་ཅིག་ཏུ་མཛད་མཁན་ལས་རྐ་སར་བྱ་བཏང་བ་དགེ་འདུན་རྒྱ་མཚོ་དང་།  དགུ་རོང་བློ་བཟང་འཕྲིན་ལས་རྣམ་རྒྱལ་གཉིས་ཀྱིས་ཞི་ལྷག་ཡན་ཆད་ཆ་ཚང་བར་འཕྲལ་འཕྲལ་དུ་བུ་བཤུས་མཛད་དེ་དཔེ་རྒྱུན་སྤེལ་བ་དང་། ཕྱིས་རོང་བོ་རྒྱུད་གྲྭ་བ་དཀོན་མཆོག་ཚང་གིས་ཕྱག་དཔེ་དངོས་མ་གཡར་བོ་ཞུས་ནས་པོ་ཏི་གཉིས་པོ་ཤོག་དྲིལ་གྱི་ཚུལ་དུ་ཆ་ཚང་བར་བྲིས་སོ། །ཞེས་པའི་གཏམ་རྣ་ལམ་དུ་སོན་ཏོ། །དུས་ཕྱིས་བསྟན་པ་ལ་ཉམས་འགྲིབ་ཆེན་པོ་བྱུང་བའི་སྐབས་སུ་གོང་སྨོས་མ་དཔེ་དང་བུ་དཔེ་རྣམས་བྱ་སྤུ་རླུང་གིས་གཏོར་བའི་དཔེར་གྱུར་ན་ཡང་།   རབ་རྒྱལ་ས་ལུག་(ཕྱི་ལོ་༡༩༧༩) ལོར་འགར་རྩེ་བ་དགེ་འདུན་རྒྱ་མཚོའི་ལག་ཏུ་དོ་རུ་མཁན་སྤྲུལ་བློ་འཕྲིན་གྱིས་བྲིས་པའི་བསྡུ་དངོས་བཞི་ཙམ་མ་གཏོགས་སྤྱོད་པ་སྤྱི་བསླབ་ཡན་ཆད་ཀྱི་བརྗེད་བྱང་ཆ་ཚང་བར་བཞུགས་པ་ལ་བརྟེན།  རོང་བོའི་ཁོང་རྣམ་པ་འགས་བཀའ་བགྲོས་ཀྱིས་ང་ལ་སྤྲད་དེ་བརྗེད་བྱང་སྙིང་པོ་བསྡུ་བ་ཕྱི་རབས་པ་རྣམས་ཀྱིས་མཇལ་ཆོག་པ་ཞིག་རྩོམ་དགོས་ཞེས་སྐུལ་མ་དངོས་བརྒྱུད་གཉིས་ཆར་ནས་ནན་ཏན་བགྱིས་པ་ལ། རང་ངོས་ནས་ཀྱང་ལོ་ཚོད་མཐོ་བ་དང་། དཔེ་མང་མི་འཛོམས་པ་སོགས་ལ་ཁག་མ་བཞག་པར་ཚེའི་མཐའ་མཇུག་ལ་བླ་མའི་གསུང་རབ་རིན་པོ་ཆེ་འདི་ལ་ཞབས་འདེགས་ཤིག་ཞུ་རྒྱུ་བྱུང་ན་ཨེ་མ་སྐལ་བ་བཟང་ངོ་སྙམ་ནས་དཀའ་བའི་ཕྱོགས་ལ་མནོ་བསམ་མང་པོ་མ་བཏང་བར་འཕྲལ་དུ་ཁས་ལེན་ཞུས།  དེར་མ་ཟད་ད་ལྟའི་དུས་ན་བླ་མ་ཡབ་སྲས་ཀྱི་ཞབས་ཟིན་པའི་བུ་སློབ་གཅིག་རྗེས་གཅིག་འདས་ཀྱི་ཚུལ་དུ་རེ་གཉིས་ཙམ་ལས་ཞལ་མི་བཞུགས་པ་དང་།  ལྷག་པར་ལམ་རིམ་གྱི་ཆོས་སྐད་ལ་མ་བྱང་བ་ཞིག་ཡིན་ན་ནི་བླ་མ་རིན་པོ་ཆེའི་ཕྱག་བྲིས་ཇི་ལྟ་བ་བཞིན་བཤུས་པའི་ཡོངས་སུ་མ་གྲགས་པའི་སྐུང་ཡིག་རྣམས་ཀྱི་ངོ་ཆོད་པ་རང་གཅིག་པུ་ཙམ་དུ་གྱུར་བའི་མཐའ་ལ་སླེབས་པ་བཅས་ཡིད་ལ་ཤར་ཚེ་འདུག་མི་བཟོད་པའི་རྐྱེན་གྱིས་རང་སེམས་ལ་སྐུལ་ལྕག་དབང་མེད་དུ་ཐེབས་པར་བརྟེན། རབ་རྒྱལ་ས་ལུག་(༡༩༧༩ ) རང་ལོ་བདུན་ཅུ་ཐམ་པའི་ལོ་དེ་གའི་དབྱུག་ཟླའི་ཚེས་བཅོ་ལྔ་ནི།  བླ་མ་རིན་པོ་ཆེས་བརྗེད་བྱང་འདི་རྩོམ་པའི་དབུ་ཚུགས་པ་ནས་བརྩིས་པའི་ལོ་ང་བཅུ་རྩ་བརྒྱད་འདས་པའི་ཚེས་གྲངས་ལ་ཁེལ་བས་ན།  མ་བསྒྲིགས་རང་འགྲིག་གི་བཀྲ་ཤིས་པའི་ཉིན་དེར་བདག་གིས་ཀྱང་བརྗེད་བྱང་གི་སྙིང་པོ་ཀུན་ལས་བཏུས་པ་ལེགས་བཤད་འདོད་འཇོ་ཞེས་བྱ་བ་འདི་འབྲི་བའི་དབུ་བཙུགས་པ་ཡིན།  ཞེས་གསུངས་པ་ལྟར་རོ། །དེ་དག་གི་ཚུལ་རྒྱས་པར་ནི།  གླེགས་བམ་བདུན་པ། གསུང་བཤད་ཕྱོགས་བསྒྲིགས། (ཤོག་ངོས་༥༣༧ ) ལས།  ང་བརྒྱད་ནས་བཟུང་བསྟན་པ་ཉམས་འགྲིབ་ཆེན་པོ་བྱུང་སྟབས་གོ་སྐབས་རེ་ཡོད་ཚེ་ནར་འགྱངས་མེད་པར་ཆོས་རྒྱུན་སྤེལ་དགོས་པའི་དུས་ལ་སླེབས་པ་དང་།  དོན་དགུ་ལོ་ནས་རིམ་གྱིས་དགོན་པ་རྣམས་ཀྱི་ཆོས་སྒོ་འབྱེད་པར་རྩོམ་སྐབས་རོང་པོ་ནས་ལྷ་སྡེ་ཨ་ཁུ་དགེ་འདུན་བསྟན་འཛིན་དང་།  འགར་རྩེའི་དགེ་འདུན་རྒྱ་མཚོ་སོགས་ཀྱིས་མགོ་དྲངས་ནས་ཁོང་གིས་མཛད་པའི་ལམ་རིམ་བརྗེད་བྱང་གི་སྙིང་པོ་ཞིག་རྩོམ་རྒྱུའི་རྟིང་སྐུལ་བྱས་པ་དེ་ཡང་ཁས་ལེན་ཞུས།  ཁས་ལེན་བྱེད་དོན་སྤྱིར་བརྗེད་བྱང་ཆེན་མོ་དེ་གསུང་འབུམ་གྲས་སུ་པར་དུ་འགོད་རྒྱུའི་གསུང་བཀོད་མེད།  མེད་དོན་མང་ཆེས་པས་དོན་དུ་མི་འགྱུར་བ་ལ་དགོངས།  སྙིང་པོ་བསྡུ་རྒྱུ་ཞེས་པ་དེ་བླ་མའི་བྱིན་རླབས་ཀྱིས་ཁོ་ཚོའི་སེམས་ལ་ཤར་བ་མ་གཏོགས་གཞན་གྱིས་དྲན་མི་ཐུབ་པ་ཞིག་རེད། དེས་ན་སྙིང་པོ་ཞིག་བསྡུ་ཐུབ་ན་བླ་མའི་གསུང་ལ་བྱ་བ་ཞིག་བྱས་པ་རེད་བསམས་པ་ཡིན།   ཞེས་གསུངས།

ཡང་།   གླེགས་བམ་བདུན་པ།  བསྟན་རྩིས་ཀུན་བཏུས་ལས། ས་ལུག  ལམ་རིམ་བརྗེད་བྱང་སྙིང་པོ་ལེགས་བཤད་འདོད་འཇོ་རྩོམ་པའི་དབུ་བཙུགས།   ཞེས་གསུངས་པའི་ས་ལུག་ནི། ཕྱི་ལོ་༡༩༧༩ ཡིན།  ཆུ་ཁྱི་ལོར་བརྗེད་བྱང་སྙིང་པོ་ལེགས་བཤད་འདོད་འཇོ་བརྩམས་གྲུབ། ཅེས་པའི་ཆུ་ཁྱི་ནི།  ཕྱི་ལོ་༡༩༨༢ ཡིན་པས་ལོ་ངོ་བཞི་འགོར་བ་ཡིན་ལ།   མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་ཟིན་པའི་གླེགས་བམ་བཅུ་གསུམ་ཡོད་པའི་ཁོངས་ནས་གླེགས་བམ་དགུ་པ་དང་།  བཅུ་པ། བཅུ་གཅིག་གསུམ་ནི་ལམ་རིམ་ཆེན་མོའི་བརྗེད་བྱང་གི་སྙིང་པོ་ཀུན་ལས་བཏུས་པ་འདི་ཉིད་ཡིན་ལ།   དེ་ཡང་།  གླེགས་བམ་བཅུ་གཅིག་པ།   ལམ་རིམ་ལེགས་བཤད་འདོད་འཇོའི་མཇུག་བྱང་དུ། དཔལ་ལྡན་བླ་མ་དམ་པ་བཀའ་དྲིན་འཁོར་མེད་ཡབ་སྲས་ཀྱི་སློབ་བུའི་གྲལ་མཐའ་བ།  སྟག་གྲུབ་ཆེན་བློ་བཟང་ཐུབ་བསྟན་སྙིང་པོའི་སྐྱེ་ཕྲེང་གི་མཚན་སྙན་འཛིན་པ།  ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་ལོ་ངོ་མཐོང་བཞིའི་རིང་ལ་འབད་པས་བྲིས་པ་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ང་དྲུག་པ་རྔ་ཆེན་ཞེས་པ་ཆུ་ཕོ་ཁྱིའི་(ཕྱི་ལོ་༡༩༨༢ ) དབོ་ཟླའི་ཡར་ཚེས་བརྒྱད་ཀྱི་སྔ་དྲོའི་ཆ་ལ་མཇུག་ལེགས་པར་གྲུབ་པར་བགྱིས་པ་སརྦ་བི་ཛ་ཡནྟུ།  ཞེས་འབྱུང་བས་སོ། །གཞུང་འདིའི་ཁྱད་ཆོས་བརྗོད་སྐབས།  མཇུག་གི་བར་སྐབས་ཚིགས་བཅད་ནང་།  འཇམ་མགོན་རྒྱལ་བ་གཉིས་པ་ཙོང་ཁ་པས། །ཉམས་བཞེས་ཐུགས་བཅུད་གླེགས་བམ་ངོས་ཤར་བ། །བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོ་གང་། །སྐལ་ལྡན་ཐར་བར་བགྲོད་པའི་ལམ་ཡིག་སྟེ། །ཆོས་སྐོར་ཆེ་ཕྲ་རེ་རེར་ཚིག་གི་འབྲེལ། །ལུང་རིགས་དཔེ་དང་སྔོན་བྱུང་དོགས་གཅོད་ཀྱིས། །གཏན་ཕབ་བརྗེད་བྱང་ཆེན་མོ་འདི་ལྟ་ཞིག །དུག་གསུམ་ཁེགས་པའི་གཞུང་ཆེན་གཅིག་པུར་འཁུམས། །ཞེས་དང་།  འདིར་ནི་ལོ་ཟླ་ཞག་ཏུ་འབད་པའི་མཐར། །སྙིང་པོ་ཡོངས་བསྡུས་ལེགས་བཤད་འདོོད་འཇོ་ཞེས། །དུས་ཀྱི་མཐའ་ན་བྱང་ཆུབ་ལམ་རིམ་ལ། །ཟླ་བྲལ་བྱས་རྗེས་མཆོག་ཅིག་བསྐྲུན་མིན་ནམ། །ཞེས་ཁ་གསལ་གཏིང་གསལ་དུ་གསུངས་འདུག་པ་འདིས་ཤེས་ཐུབ།     ལོ་བཞིའི་རིང་ལ་བརྩམས་ནས་དེབ་བརྒྱད་བརྒྱ་ལྷག་ཡོད།  ད་ལྟ་ཤིང་པར་དང་རྒྱ་དེབ་ལ་འགོད་བཞིན་པ་ཡིན།   ཞེས་གསུངས།   འདིའི་སྐོར་ལ་རང་རྣམ་ཁ་སྐོང་སྐལ་བཟང་མེ་ཏོག་བཞད་པའི་འཁྲི་ཤིང་(ཤོག་ངོས་༢༩༤) ལས།  དགུ་པའི་ཚེས་༡༥ ཉིན་ཐུབ་བསྟན་ཡོངས་རྫོགས་ཀྱི་ནང་མཛོད་གཅིག་ཏུ་བསྡུས་པའི་ནོར་བུ་ཡིད་བཞིན་དབང་གི་རྒྱལ་པོ།  འཇམ་མགོན་རྒྱལ་བ་གཉིས་པའི་རང་བསྟན་གྱི་ཆེ་བ་གསལ་བར་བྱེད་པའི་རྒྱན།  གངས་རིའི་ཁྲོད་ཀྱི་ངེས་དོན་ཆོས་ཀྱི་རྒྱལ་པོ་༧རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དང་། ཡོངས་འཛིན་ཀུན་མཁྱེན་བློ་བཟང་དཔལ་བ་ཡབ་སྲས་ཀྱི་ལེགས་པར་བཤད་པའི་སྡོམ།  ལམ་རིམ་ཆེན་མོའི་བརྗེད་བྱང་གི་སྙིང་པོ་ལེགས་བཤད་འདོད་འཇོ་ཞེས་བྱ་བ་རྩོམ་པའི་དབུ་ཚུགས།  ཚུལ་འདི་ནི་ཆོས་གྲྭ་ཆེན་པོ་རོང་པོ་དཔལ་གྱི་དགོན་ཆེན་གྱི་བླ་མ་ཁྲི་གདན་ཟུར་དང་བཅས་པའི་བུ་སློབ་ཆེ་ཁག་རྣམས་ཀྱིས་ལམ་རིམ་བརྗེད་བྱང་ཆེན་མོ་ད་ལྟ་ཞལ་མི་ཚང་བ་དང་།  ད་ལྟའི་གདུལ་བྱ་རྣམས་ཀྱིས་བློས་འཆུན་དཀའ་བས་དེའི་སྙིང་པོ་བསྡུས་པ་ཞིག་མྱུར་བ་གསུམ་ལྡན་གྱི་སྒོ་ནས་མཛད་དེ་གདན་ས་འདི་ཉིད་དུ་བཤད་ལུང་གནང་རྒྱུ་སོགས་ཞུས་པར་དགྱེས་པའི་ཞལ་བཞེས་གནང་མུར་ཉིན་རེར་ཤོག་བུ་མདའ་ཚད་མ་བཅུ་རེ་མ་ཆག་པར་ཕྱག་བྲིས་མཛད་སྐབས་གསུང་དོན།  ད་ཐེངས་ཀྱི་བྱ་བ་འདི་ལ་གློ་སྙིང་བྲང་གསུམ་གཏད་པའི་རྒྱུས་མིན་ན་འགྲུབ་པ་ཧ་ཅང་དཀའ། དང་པོར་བརྗེད་བྱང་གི་མ་ཕྱི་ཕྱག་རིས་ཕྲ་ཞིང་བསྐུངས་དྲག་པ་འདིའི་སྟེང་ནས་སྐབས་དེའི་བརྗོད་དོན་བློ་ལ་ངེས་པར་བྱེད་དགོས།  དེ་ནས་རྡོ་རྗེའི་ལྷུ་སྒྲིག་ལྟ་བུའི་ཚིག་བསྡུས་ཤིང་།  དོན་གསལ་བའི་ཁྱད་ཆོས་ཅན་ཞིག་ཡི་གེར་འགོད་དགོས་པས་ལོ་བདུན་ཅུའི་དུས་ཀྱི་ཁུར་ཞིག་གཏན་ནས་མིན་མོད།  འོན་ཀྱང་གློ་སྙིང་བྲང་གསུམ་གཏད་པའི་དད་སྟོབས་ཀྱིས་འགྲུབ་པར་ངེས།  ཞེས་གསུངས་སྐོར་དང་།  ལྕགས་སྤྲེལ་ཕྱི་ལོ་༡༩༨༠ ལོའི་བོད་ལོའི་ཚེས་མགོར་བརྗེད་བྱང་སྙིང་པོའི་སྐྱེས་བུ་ཆུང་ངུ་བརྩམས་ཚར་ནས་འབྲིང་གི་དབུ་བཙུགས།   ཕྱི་ལོ་༡༩༨༡ ལོའི་གསུམ་པའི་ཚེས་མགོར་བརྗེད་བྱང་སྙིང་པོའི་སྐྱེས་བུ་འབྲིང་བརྩམས་ཚར་ནས་སྐྱེས་བུ་ཆེན་པོའི་དབུ་ཚུགས། སྐབས་དེར་བུ་ཆེན་ཞིག་ལ་གནང་བའི་ཕྱག་བྲིས་ནང་།  ན་ཚོད་མཐོ་ཡང་གཞོན་པའི་བདེ་མྱུར་ལ། །ལད་མོ་བྱེད་འདོད་རྒྱུན་ཆགས་རྒན་པོ་ཡང་། །ཅོག་ཙེའི་གདེངས་ཀར་སྒུར་བའི་སྤྱོད་ལམ་གྱིས། །ཉིན་ནས་ཉིན་དུ་བྲེལ་བཞིན་བདེ་བར་བསྟི། ཞེས་གནང་བ་ལྟར་ཏེ།  དེ་དུས་སྐུ་དབོན་མ་ཎི་བ་ཉིད་ནས་ལན་ཁ་ཡར་ཕྱག་དཔེ་སོགས་འཕྲོག་སྟེ་ངལ་གསོར་འཇུག་པར་བྱས་ནའང་ངལ་བ་དང་སྐུ་རླུང་གི་རྣམ་པ་ནམ་ཡང་མེད་དོ། །

ཕྱི་ལོ་༡༩༨༡ བོད་ལོའི་ཟླ་མཇུག་ཏུ་ཞི་གནས་ཀྱི་ལེགས་བཤད་འདོད་འཇོ་ཡང་བརྩམས་གྲུབ།   ཕྱི་ལོ་༡༩༨༢ ལོ་སར་ཚེས་བཅུ་ནས་ལྷག་མཐོང་སྐོར་རྩོམ་པའི་དབུ་བཙུགས། གཉིས་པའི་ཚེས་བདུན་ཉིན་བྱང་ཆུབ་ལམ་རིམ་ཆེན་མོའི་དཀའ་འགྲེལ་རྣམས་བརྗེད་བྱང་དུ་མཛད་པའི་སྙིང་པོ་ལེགས་བཤད་འདོད་འཇོ་བརྩམས་པ་ཡོངས་སུ་རྫོགས་པར་གྲུབ་པ་དང་མཉམ་དུ་རྒྱུ་བླུགས་ཀྱི་བསྙུན་གཞི་སྔར་ནས་ཡོད་པའང་ལེགས་པར་གྲོལ་སྐོར་རང་རྣམ་ཁ་སྐོང་གཉིས་ཀའི་ནང་བར་མཚམས་རྣམས་སུ་གསལ་བར་བཀོད་འདུག་པ་ལྟར་རོ། །  (འབྲེལ་ཡོད་ཟུར་མཆན།   ཕྱི་ལོ་༡༩༨༧ ལོའི་ལུགས་རྙིང་ཟླ་བདུན་པའི་ཚེས་དགུ་ཉིན་པེ་ཅིན་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནས་ཕུགས་རྒྱང་རིང་པོར་གཟིགས་པ་ཆེན་པོས་མདོ་དབུས་ཁམས་གསུམ་གྱི་བླ་སྤྲུལ་སློབ་མ་རྣམས་ལ་བྱང་ཆུབ་ལམ་རིམ་ཆེན་མོ་དབུ་ནས་ཅུང་ཟད་ཁྲིད་མཚམས་བདག་ཅག་གི་འདྲེན་མཆོག་དམ་པ་ཡབ་རྗེ་ཆོས་ཀྱི་རྒྱལ་བོ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་ཞལ་སྔ་ནས་བཤད་པའི་རྒྱལ་ཚབ་ཏུ་དབང་བསྐུར་ཏེ།  བྱང་ཆུབ་ལམ་རིམ་ཆེན་མོ་ཁྲིད་གནང་སྐབས་སུའང་༧རྗེ་ཨ་བྷྱ་ཞབས་ཡབ་སྲས་ཀྱི་ལམ་རིམ་གྱི་ཁྲིད་རྒྱུན་ལྟར།  ལེགས་བཤད་རྨད་དུ་བྱུང་བ་འདི་གཞིར་བཟུང་ཕེབས་སྐོར་བླ་མ་རིན་པོ་ཆེའི་གསུང་འབུམ་པོད་གཉིས་པའི་ཕྱག་འཕྲིན་ཞིག་གི་ནང་འདི་ལྟར་འཁོད་འདུག་སྟེ།  འདིར་ལུགས་རྙིང་གི་ཟླ་༧ ཚེས་༩ ཉིན་རིན་པོ་ཆེས་ལམ་རིམ་ཆེན་མོའི་བཤད་པའི་དབུ་བཙུགས་ནས་ཤོ་ལོ་ཀ་གཉིས་ཚར་ཏེ། འཛམ་གླིང་རྒྱན། །ཞེས་པའི་མཚམས་སུ་བཞག  དེ་འཕྲལ་ངས་ལམ་རིམ་ཆེན་མོའི་བཤད་པ་མུ་མཐུད་བྱེད་བཞིན་ཡོད་ཅེས་པ་ནས་ངེད་ཀྱིས་བླ་མ་རྡོ་རྗེ་འཆང་གི་ལེགས་བཤད་འདོད་འཇོ་དང་སྦྲགས་ཏེ་ལམ་རིམ་ཆེན་མོའི་བཤད་པ་བྲག་ཐོག་ནས་ཆུ་འཕྱོ་བ་དང་།  ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུའི་བཤད་པ་བྱེད་བཞིན་ཡོད། རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས།  ང་ལ་ཤར་གདོང་རིན་པོ་ཆེ་ཞེས་ཕྱག་ཐལ་མོ་ཡང་ཡང་སྦྱོར་བ་གནང་།  སློབ་མ་རྣམས་ཀྱིས་ཀྱང་ཐུགས་འདུན་རྩེ་གཅིག་གིས་བཀའ་དྲིན་ཆེ་ཞེས་ཐལ་མོ་སྦྱོར་བ་ལས་བསམ་འཆར་ཅི་ཡང་མེད་ཅེས་སོགས་ཕེབས་པ་ལྟར་ཏེ།  སྐབས་དེའི་བཤད་པ་རྣམས་པཎ་ཆེན་རིན་པོ་ཆེས་ཐུགས་བཀོད་ལྟར་སྒྲར་བླངས་པ་ལས་ཕྱིས་སུ་ཁོ་བོ་རང་ལོ་ཉེར་བདུན་པར་རོང་པོ་དགོན་ཆེན་དུ་སྡོད་སྐབས་བཤད་པ་རྣམས་ཟིན་བྲིས་སུ་བཀོད་པ་རྗེ་བཙུན་བླ་མའི་གསུང་འབུམ་ནང་པོད་གསུམ་བྱས་ནས་བཀོད་པ་བོད་ཕྱི་ནང་དུ་ཀློག་མཁན་ཧ་ཅང་མང་སྐད་པ་དེའོ། །

ཁ༽ སྔགས་ཕྱོགས་སྟོང་ཐུན་ལས་རྣལ་འབྱོར་བླ་མེད་སྐོར་གསང་ཆེན་ཉ་ཟླའི་དཀྱིལ་འཁོར།

ཡང་༧རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་རྩོམ་གལ་ཆེ་བ་གཞན་ཞིག་ནི། སྔགས་ཕྱོགས་སྟོང་ཐུན་ལས་རྣལ་འབྱོར་བླ་མེད་སྐོར་གསང་ཆེན་ཉི་ཟླའི་དཀྱིལ་འཁོར་ཞེས་པའི་སྔགས་ཕྱོགས་ཀྱི་བསྟན་བཅོས་དེ་ཡིན་ཞིང་།  རྨད་དུ་བྱུང་བའི་ལེགས་བཤད་དེ་ནི། ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་རབ་ཚེས་བགྲང་བྱ་སོ་གསུམ་པ་ས་ཕག་(ཕྱི་ལོ་༡༨༩༩ )  ལོར་རྩོམ་པའི་དབུ་བཙུགས་ནས་མཛད་པའི་རྡོ་རྗེ་ཐེག་པའི་ལམ་གྱི་བསྡུས་དོན་གསང་ཆེན་བདུད་རྩིའི་སྙིང་པོ་ཞེས་པ་དེའི་དགོངས་འགྲེལ་སྔགས་ཕྱོགས་སྟོང་ཐུན་ཞེས་པ་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་བློ་བཟང་དཔལ་ལྡན་ཞལ་སྔ་ནས་ཀྱིས་དགུང་ལོ་ང་དགུའི་ཐོག་རབ་རྒྱལ་ས་ཡོས་(ཕྱི་ལོ་༡༩༣༩ ) ལོར་རྩོམ་པའི་དབུ་བཙུགས་ཏེ་རྩོམ་འཕྲོར་ལུས་ནས་ལོ་ཞེ་བཞི་འདས་པ་ན།  བདག་ཅག་གི་འདྲེན་པ་བླ་ན་མ་མཆིས་པ་དཔལ་ཚེ་ཏན་ཞབས་དྲུང་༧རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཞབས་ཀྱིས་ཁ་སྐོང་གནང་བ་ཡིན་ཏེ།   དེ་ཡང་རབ་རྒྱལ་ཆུ་ཁྱི་ལོ་(ཕྱི་ལོ་༡༩༨༢ ) ལོར་རྔ་ལྗོངས་ཆོས་སྡེ་ཆེན་པོ་དགེ་ལྡན་ལེགས་བཤད་གླིང་གི་འདུས་སྤྱི་ལྷན་རྒྱས་ནས་མི་སྣ་ཆེད་མངགས་གདོང་སྐུ་གསུང་ཐུགས་རྟེན།   དུང་དཀར་ཆ།  སྒོར་ཉིས་བརྒྱ།  བཀྲ་ཤིས་པའི་ལྷ་དར་བཅས་ནན་སྐུལ་ཆེ་བའི་ངོར་རྩོམ་འཕྲོ་ཁ་སྐོང་གི་དབུ་བརྩམས་ཏེ་ནུབ་བྱང་མི་རིགས་སློབ་ཆེན་དུ་བཞུགས་སྐབས་དགུན་ཐོག་གཉིས་ཀྱི་རིང་བརྩམས་ཏེ་ཤིང་ཕོ་བྱི་བའི་(ཕྱི་ལོ་༡༩༨༤ ) ལོའི་མགོ་ཟླ་བའི་ཚེས་༡༥ ལ་མཇུག་རྫོགས་པར་སྦྱར་ཚུལ་བསྟན་བཅོས་རང་གི་མཇུག་བྱང་དུ་གསལ་བ་ལྟར་ཡིན་ནོ། །

དེ་ཡང་རང་རྣམ་ཁ་སྐོང་མེ་ཏོག་བཞད་པའི་འཁྲི་ཤིང་(ཤོག་ངོས་༣༣༩ ) ལས།  ཆོས་གྲྭ་ཆེན་པོ་རྔ་བའི་དགོན་ཆེན་ནས་མི་སྣ་ཕེབས་ཏེ་བདག་ཅག་གི་སྐོམ་པ་ཆུ་འདོད་དང་།  ལོང་བ་མིག་འདོད་ལྟར་གསོལ་བ་བཏབ་པ་བཞིན།  སྔགས་བསྡུས་འགྲེལ་བ་སྟོང་ཐུན་ཁ་སྐོང་གི །ཞལ་བཞེས་ཐུགས་བརྩེ་བཀའ་གླེགས་བདུད་རྩིའི་ཕྲེང་། །མོས་གུས་སྙིང་གི་གདུང་སེལ་བཅུད་དུ་ཕེབས། །ཞེས་དང་། ཉེ་ཆར་སྐུ་མཆོག་སྨན་གྱི་ལྗོན་པ་ཆེ། །མཁའ་ཁྱབ་གཞན་ཕན་ཡལ་འདབ་ཕྱོགས་རྒྱས་ཤིང་། །ལྔ་ཕྲག་རྒུད་པའི་མུན་པ་དྲུངས་ནས་འབྱིན། །དེའི་ཕྱིར་རེ་འབྲས་ལེགས་བཤད་ཆར་དུ་སྙིལ། །ཞེས་སོགས་ཞུ་འཕྲིན་དང་། སྐུ་རྟེན་བྱིན་ལྡན། གསུང་རྟེན་པོ་ཏི། དམ་རྫས་རྡོར་དྲིལ།  ཆོས་དུང་ཆ།  སྒོར་ཌཾ་བརྒྱ་དང་ནང་མཛོད་བཅས་ཕུལ་ནས་སྔོན་ཡོངས་འཛིན་འཇམ་དབྱངས་བླ་མ་བློ་བཟང་དཔལ་ལྡན་གྱི་གསུང་ཀིརྟིའི་སྔགས་བསྡུས་ཀྱི་འགྲེལ་བ།  དོན་གྱིས་སྔགས་རིམ་ཆེན་མོའི་དཀའ་འགྲེལ་དུ་གྱུར་བ་སྔགས་ཕྱོགས་སྟོང་ཐུན་གྱི་ཁ་སྐོང་གསུང་རྒྱུའི་རྩོམ་སྐུལ་ཞུས་པར།  ཞལ་ནས་ཀྱང་།  བླ་མ་རྡོ་རྗེ་འཆང་ཡབ་སྲས་ཀྱིས་བདག་ཆུང་དུས་ནས་རྫིང་གི་པདྨོ་ལྟར་བསྐྱངས་པའི་བུ་ཞིག་ཡོད་པའི་དོན་སྒོ་ལ།  ཁོང་རྣམ་པའི་ལེགས་བཤད་མཐའ་དག་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས་ལོ་བདུན་ཅུའི་རྒན་པོ་ཞིག་ལ་མི་རན་པ་སྐྱེས་དང་སྐྱེ་བཞིན་ཡོད་གསུངས་པ་ལྟར་ཞལ་བཞེས་མཛད།  ཅེས་གསུངས།

དེ་འབྲེལ་རང་རྣམ་དུ་ཡང་།  ཡང་གྱ་གཅིག་ལོར་རྔ་བ་སྒར་གསར་གཞུང་ནས་མི་སྣ་མངགས་ཏེ།  སྐུ་གསུང་ཐུགས་རྟེན་གྱིས་དབུ་དྲངས་ཏེ།  སྔགས་ཕྱོགས་སྟོང་ཐུན་གྱི་ཁ་སྐོང་བར་བསྐུལ། འདི་ང་ཚོའི་ཡོངས་འཛིན་བཀའ་དྲིན་ཅན་གྱིས་བརྩམས་པ་སྟེ།  ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོས་མཛད་པའི་སྔགས་སྡོམ་གྱི་འགྲེལ་བ་རྒྱུད་སྡེ་འོག་མ་གསུམ་བརྩམས་ནས་བླ་མེད་སྐོར་རྩོམ་འཕྲོར་ལུས།  རང་ལ་དེ་འདྲའི་བློ་སྤོབས་གང་ན་ཡོད་མོད།  ང་ལ་མི་རན་པའི་གསུང་ནན་མོ་མདོ་དབུས་གཙང་གསུམ་ན་ཁྱོད་མིན་ཞུ་ས་མེད་ཚུལ་སོགས་ཁོང་ཚོའི་གསུང་ནན་དེ་འདྲ་བྱས་པར་འཕྲལ་དུ་ཁས་ལེན་ཞུ་མ་ཐུབ།  རང་ངོས་ནས་ཚེ་མཇུག་འདི་ལ་བླ་མའི་གསུང་གི་ཁ་སྐོང་ཐུབ་པ་རེ་བྱུང་ན་ཚེ་རབས་ཀུན་ཏུ་བླ་མས་རྗེས་སུ་འཛིན་ཐབས་དེ་ལས་ལྷག་ཅི་ཡོད་སྙམ་དེ་ལ་དམིགས་ནས་གླང་ཆེན་གྱི་ཁལ་བྱི་བས་ཁུར་སྤོབས་བསྐྱེད། བླ་མའི་མདུན་ནས་སྔགས་ཕྱོགས་ལ་ཐོས་བསམ་ཅུང་ཟད་རེ་བྱས་ཀྱང་གོ་བ་གཏིང་ཚུགས་པ་ཞིག་མེད་སྟབས།  བཤད་དུས་ལོ་གསུམ་ལ་དཔེ་ལྟོས་དང་། དེ་ནས་ལོ་གཉིས་ལ་བརྩམས་ནས་ལོ་ལྔའི་ནང་འགྲུབ་པར་བྱེད་ཅེས་ཞུས་པའི་ལན་གྱི་ཡི་གེ་ད་ལྟ་འདིར་བཞུགས་པའི་རྨ་ཆུ་ཞན་གྱི་ཨ་ལགས་བསྟན་འཛིན་རྒྱ་མཚོའི་ཕྱག་བརྒྱུད་རྔ་བའི་སྒར་གསར་ལ་བསྐུར་བ་ཡིན། དེས་ན་ལོ་གཅིག་གི་ནང་དཔེ་ཆ་རེ་བལྟ་ཁུལ་བྱས་པའི་རྗེས་ནས་བྲིས་ཏེ་གཞེས་ནིང་དང་ན་ནིང་གི་དགུན་གཉིས་ཟླ་བ་དྲུག་གི་རིང་ལ་བྲིས་ཏེ་བརྩམས་ཚར། དེབ་བརྒྱ་དང་བདུན་ཅུ་ལྷག་ཡོད་ཚོད་ཡིན།  ནོར་འཁྲུལ་ཅི་འདྲ་མེད་ཀི  སྟོད་ཆ་ལྟར།  ངག་དོན།  སྤྱི་དོན།  མཐའ་དཔྱད་པ་གསུམ་གྱི་ལད་མོ་བྱས་ཡོད།  འདི་དག་ཞུ་དོན་ངའི་བསམ་པའི་གནས་ཚུལ་འདི་འདྲ་ཞིག་རེད་ཅེས་ཞུས་པ་ཡིན།   ཞེས་གསུངས།     དེ་ཡང་རྩོམ་པའི་དུས་ཚོད་ནི།  ཕྱི་ལོ་༡༩༨༣ ལོའི་ཟླ་༡༠ ཚེས་༢༦ ཉིན་པེ་ཅིན་དུ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་འདུར་ཕེབས་སྐབས་ལམ་བར་མེ་འཁོར་ནང་སྔགས་ཕྱོགས་སྟོང་ཐུན་གྱི་མཆོད་བརྗོད་ནས་ད་ནི་དཀྱུས་ཀྱི་ས་བཅད་གསུམ་པ་ཞེས་པའི་བར་ཕྱག་རྩོམ་གནང་། བཅུ་གཅིག་པའི་ཚེས་༩ ཉིན་སླར་ཡང་ལན་གྲུར་ཕེབས་ཏེ་སྔགས་ཕྱོགས་སྟོང་ཐུན་རྩོམ་པའི་ཕྱག་ལས་གནང་སྐོར་དང་།  སྒྱུ་ལུས་ཀྱི་སྐོར་རྩོམ་པའི་མགོ་ཚུགས་པའི་མཚན་ལྟས་སུ་གཡང་ཌིའི་གདུ་བུ་ཆེ་ཚད་ཅིག་ཕྱག་གིས་བཞེས་པ་དང་།  རང་ཉིད་བུད་མེད་ཀྱི་གཟུགས་སུ་གྱུར་བ་ཞིག་བྱུང་བ་ནི།  ཐུགས་རྒྱུད་ལ་འཁྲུངས་པའི་རྟོགས་པའི་བརྡར་འཁུམས་ཞེས་རང་རྣམ་ཁ་སྐོང་ནང་གསལ།  དགུང་གྲངས་དོན་ལྔ་པ་ཕྱི་ལོ་༡༩༨༤ ལོའི་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཉིན་གྱི་སྔ་དྲོའི་ཆར་སྔགས་ཕྱོགས་སྟོང་ཐུན་ཉི་ཟླའི་དཀྱིལ་འཁོར་བརྩམས་པ་ཡོངས་སུ་གྲུབ་པའི་མཚམས་དན་དན་དུ།  ཁ་རྒྱ་སྟོད་པའི་བློ་བཟང་ཆོས་འཛིན་སོགས་ཀྱིས་དབུ་མ་འཇུག་པའི་གླེགས་བམ།  རྡོ་དྲིལ།  དྲིལ་གདན།  མ་ཎིའི་ཏོག  བཞེས་ཕོར་བཅུད་ཀྱིས་གང་བ།  ནང་མཛོད་ཐགས་སུ་བཀྲ་བ་རྣམས་ཕུལ་བས་རྟེན་འབྲེལ་ལྷས་བསྒྲིགས་པ་མི་ལ་འགྲིག་ཅེས་པ་རང་བྱུང་ངོ་། །དགུང་ལོ་དོན་དྲུག་པ་ཕྱི་ལོ་༡༩༨༥ ལོའི་བཞི་པའི་ཚེས་༢༧  ཉིན་སྔགས་ཕྱོགས་སྟོང་ཐུན་ཆེན་མོ་ལ་ཞུས་དག་དུས་འཁོར་བར་རྫོགས་པར་མཛད་དོ། །ཞེས་སོགས་གསལ་བ་ལྟར་རོ། །

མཇུག་བསྡོམས་ཞུ་སྙིང་།

ཡོངས་སུ་གྲགས་པའི་རྩོད་མེད་ཀྱི་པཎྜི་ཏ་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་བཀའ་དྲིན་ནི།  བསྐལ་བ་ཇི་སྲིད་བར་འཇིག་རྟེན་གྱི་སྒྲོན་མེར་གནས་ངེས་པ་དང་།  ལྷག་པར་དུ་སྐུ་ཚེ་གང་པོར་སྐུ་ངལ་བསྐྱོན་ནས་འཇིག་རྟེན་དུ་བཞག་པའི་རང་གི་རྩ་བའི་བླ་མ་༧རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་པོད་བཅོ་ལྔ་དང་།  ༧རྗེ་རང་ཉིད་ཀྱིས་བརྩམས་པའི་གསུང་འབུམ་པོད་བཅུ་གསུམ་པོ་འདི་དག་ནི།  རྒྱལ་བའི་བཀའ་དགོངས་འགྲེལ་དང་བཅས་པར་ལྟ་བའི་མིག་དང་།  དེ་དག་གི་དགོངས་དོན་ཇི་ལྟར་བདེ་བླག་ཏུ་ཉམས་སུ་ལེན་ཚུལ་གསལ་བར་བྱེད་པ་ལ་འགྲན་ཟླ་དང་བྲལ་བའི་སྤྱི་ཆོས་དང་།  བྱེ་བྲག་ཏུ་༧རྗེ་བཙུན་བླ་མ་དམ་པ་ཡབ་སྲས་འདི་དག་གི་རྗེས་འཇུག་ཏུ་ཁས་འཆེས་པ་རྣམས་ཀྱིས་གཞུང་ཆེན་མོ་འདི་དག་དཔེ་སྒྲོམ་དུ་མ་ལྷག་པར་ཀློག་པ་ཐོས་བསམ་དང་ཉམས་ལེན་དུ་སྦྱོར་བ་དང་།  རྒྱ་ཆེན་གནས་ལྔ་རིག་པའི་གཞུང་ལས་བྱུང་བའི་དྲི་བ་དྲིས་ལན་ཚུན་ཆད་དུའང་དཀའ་གནད་མདུད་བཀྲོལ་གྱི་ལེགས་བཤད་འཕྲུལ་གྱི་ལྡེ་མིག་གཅལ་དུ་བཀྲམས་ཡོད་པས་ནོར་བུས་ནོར་ཉམས་ཆོད་པ་ཞིག་དང་།  ལུང་ཁྲིད་མན་ངག་གི་རིམ་པ་ཇི་ཡོད་བར་མ་ཆད་དུ་ཆོས་རྒྱུན་སྤེལ་ཐབས་དང་།  བདག་སྐྱོང་གཅེས་སྤྲས་ཀྱིས་རང་གཞན་གཉིས་ཕན་གྱི་ཐབས་ལ་བརྩོན་པ་གང་ཡོད་བསྟེན་རྒྱུ་ནི།   ཤིན་ཏུ་ནས་གལ་ཆེ་ཞིང་ཁོ་བོས་བྲིས་པ་འདིའི་ནང་ཁོང་རྣམ་པ་ཡབ་སྲས་ཀྱི་ཕྱག་རྗེས་འབུར་དོད་རྒྱུགས་ཆེ་བ་འགའ་ཞིག་ཕྱོགས་ཙམ་ཟུར་དུ་བཏོན་པ་ལས་ཞིབ་ཕྲ་དཔྱད་ཞིབ་ཀྱི་དུས་ཁོམ་མ་གྱུར་ལ།   ཉེ་ལམ་ཟླ་ཤས་ནང་ཁོང་རྣམ་པ་ཡབ་སྲས་ཀྱི་གསུང་འབུམ་ཁག་བམ་ཀློག་རྟ་རྒྱུགས་ཀྱི་ཞོར་ལ་བཅད་པའི་མེ་ཏོག་གི་ཆུན་པོ་འདི་ཙམ་ཆོས་མཐུན་གྲོགས་པོ་དག་ལ་སྐྱེས་སུ་བསྟབས་ཤིང་།    དེ་ཡང་སྔ་ལོ་ནས་འབྲེལ་ཡོད་དུ་མས་ཡང་ནས་བསྐྱར་དུ་ནན་སྐུལ་གནང་ཡང་ལས་བྲེལ་གཡེང་བའི་དབང་གིས་དུས་ཚོད་ཀྱིས་མ་ལྕོགས་པས་དུས་ཐོག་འབུལ་མ་ཐུབ་པར་དགོངས་སེལ་དང་སྦྲགས།  ཕྲན་ཚེགས་འདི་ཙམ་བྲིས་པའི་དགེ་བས་༧རྗེ་བཙུན་བླ་མ་ཡབ་སྲས་འདི་དག་གི་གསུང་གི་འཕྲིན་ལས་ནམ་མཁའ་དང་མཉམ་པར་ཁྱབ་བརྡལ་དུ་སྤེལ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་བཅས་སེར་བྱེས་ལྷ་རམས་པ་རོང་པོ་རྒྱལ་བའི་མྱུ་གུར་འབོད་པས་འཕགས་ཡུལ་ལྷོ་ཕྱོགས་ཀྱི་ཆོས་གྲྭ་ཆེན་པོ་སེ་ར་ཐེག་པ་ཆེན་པོའི་གླིང་དུ་བོད་རྒྱལ་ལོ་༢༡༤༣ ཕྱི་ལོ་༢༠༡༦  བོད་ཟླ་༦ ཚེས་༤ ལ་མཇུག་རྫོགས་པར་སྦྱར་བའོ།།   །།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།