སུམ་ཅུ་པའི་མཆོད་བརྗོད་གསུམ་པ་རྟག་ཞི་བ་ལ་དཔྱད་པ།

0
1792

དེ་ཡང་རང་རེའི་བོད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་པ་སུམ་ཅུ་པའི་མཆོད་བརྗོད་གསུམ་པ་རྟག་ཞི་པ་དེ་ཉིད་ངོས་འཛིན་གནང་སྟངས་ལ་རྩོད་སྤོང་ཤིན་ཏུ་ཆེ་ན་ཡང་། སློབ་དཔོན་ཐོན་མིས་རང་འགྲེལ་མཐོང་བར་མི་མངའ་བས་བརྡ་སྤྲོད་མཁས་པ་མང་པོས་ངོས་འཛིན་བྱེད་སྟངས་དང་འགྲེལ་བཤད་བྱེད་སྟངས་སོགས་མི་མཐུན་པ་ཧ་ཅང་མང་། གང་ལྟར་བོད་ཀྱི་བརྡ་སྤྲོད་མཁས་དབང་སྔ་ཕྱི་ཀུན་གྱི་བཞེད་དགོངས་གཞི་རུ་བཞག་ནས་མཁས་པ་རྣམས་ཀྱི་འདོད་ཚུལ་དང་རང་གི་ལྟ་ཚུལ། རྟག་ཞི་བ་བོད་ཀྱི་བརྡ་སྤྲོད་སྨྲ་བ་ཚོས་གང་ལ་ངོས་འཛིན་གནང་འདུག་པའི་སྐོར་དང་། སྡོམ་དང་བཅས་མཇུག་སྐྱོང་བ་སོགས་རྩ་དོན་གསུམ་གྱི་སྒོ་ནས་ཅུང་ཟད་ཅིག་གླེང་ན་ནི།

དང་པོ།  མཁས་པ་རྣམས་ཀྱིས་འདོད་ཚུལ་དང་རང་གི་ལྟ་ཚུལ།

མཆོད་བརྗོད་འདིའི་སྐབས་ཀྱི་འགྲེལ་བ་སྔ་མ་སོགས་དང་ཞྭ་རྣམ་པྲ་གསུམ་གཙོ་བོ་བྱས་ཏེ་སི་ཏུ་པཎ་ཆེན་སོགས་འགྲེལ་བ་རྣམས་ཀྱི་བཞེད་དགོངས་བཀོད་དེ་གླེང་ན་ནི། དབུས་པ་བློ་གསལ་གྱི་༼སུམ་ཅུ་པའི་འགྲེལ་པ་༽ལས། གང་གིས་མིང་གཞི་སྔོན་གསུངས་པ། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །མིང་ནི་དོན་གྱི་ངོ་བོ་ལ་བརྡ་སྤྲོད་པའོ། ། དེའི། རྒྱུ་ནི་གསལ་བྱེད་རྣམས་ཡིན་ལ། དེ་ནི་སྔོན་དབང་ཕྱུག་གིས་བྱས་པར་གྲག་གོ ། འདི་ལྟར་ཤི་ཏ་ཞེས་པའི་སྒྲ་ལས་ཤ་ཤཱ་ཏ་ན་རྟག་པ། ཤནྟི་ན་ཞི་བ་སྟེ་རྟག་ཞི་བ། ཞེས་བྱ་བ་དབང་ཕྱུག་གི་མིང་གི་རྣམས་གྲངས་ཡིན་ནོ། །ཡང་དེ་ཉིད་ལས། དེས་ན་གཡུལ་རྒྱལ་དུའང༌། ཞི་བ་ཉི་ཟེར་གུས་ཕྱག་འཚལ། ། ཞེས་པ་ལས། རྟག་པ་ཉི་ཟེར་གུས་ཕྱག་འཚལ་དུ་ལོ་ཙཱ་བ་ཁ་ཅིག་གིས་སྒྱུར་ལ། འཆི་མེད་མཛོད་ལས་ཀྱང་དབང་ཕྱུག་གི་རྣམ་གྲངས་སུ་བཤད་པ་འདི་ཡིན་ནོ། །

ཁ་ཅིག་རྟག་ཞི་བ་ཐམས་ཅད་མཁྱེན་པ་དང༌། ལ་ལ་ཁྱབ་འཇུག་དང༌། གཞན་དག་སྒྲའི་ལྷ་རྟག་ཞི་བ་ཞེས་དེ་དག་ལས་གཞན་དུ་འཆད་དོ།[1] ཞེས་སུམ་འགྲེལ་སྔ་ཤོས་འདི་ཉིད་ཀྱི་དགོངས་གཞི་ནི་རྟག་ཞི་བ་དེ་ལྷ་ཆེན་དབང་ཕྱུག་ཏུ་འདོད་ལ། གཞན་འཆི་མེད་བང་མཛོད་ལས་ལུང་དྲངས་སྟེ་རྒྱ་གཞུང་རང་ལ་ཁུངས་གཏུགས་ཡོད་པར་མངོན། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་༼ སློབ་དཔོན་ཨ་ནུས་མཛད་པའི་བོད་ཀྱི་སྐད་ཀྱི་གསུང་རབ་ལ་འཇུག་ཚུལ་སུམ་ཅུ་པའི་རྣམ་འགྲེལ་༽ཞེས་པ་ལས། གང་གིས་མིང་གཞི་སྟེ་ཀཱ་ལི་སྔོན་དུ་གསུངས་པ་སྒྲའི་ལྷ་རྟག་ཏུ་ཞི་བ་ལ་ཕྱག་འཚལ་ལོ།།[2] ཞེས་གསུངས་ཀྱང་དོན་གྱིས་ནི་རྟག་ཞི་པ་དེ་མིང་གཞི་སྔོན་དུ་གསུངས་པ་པོ་ལ་འདོད་པ་དེ་མིང་གཞི་གང་ལ་ངོས་འཛིན་བྱས་ཡོད་མིན་མི་འཚལ་བར་མ་ཟད་རྟག་ཞི་བ་ཡང་སུ་ཞིག་ཡིན་མིན་ལ་ནི་དོགས་པ་མ་གནང་ངོ་། །

རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱི་༼སུམ་རྟགས་འགྲེལ་པ་ལེགས་བཤད་སྣང་བྱེད་ནོར་བུ་༽འདི་ཉིད་ལས། གང་གིས་ནི་སྤྱི་ལས་བྱེ་བྲག་ཏུ་དགར་བའི་བྱེད་པ། མིང་གཞི་སྔོན་གསུངས་པ་ཞེས་པ་ནི་ཐབས་ཀྱི་རང་བཞིན་མིང་གཞིར་གྱུར་པའི་ཀཱ་ལི་སྔོན་ནམ་ཐོག་མར་གསུང་བ་པོ་རྟག་ཞི་པར་ཞེས་པའི་ངང་ཚུལ་དང་ལྡན་པ་འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།།[3] ཞེས་མིང་གཞི་ལ་ཀཱ་ལི་མཚོན་པར་བྱེད་པའི་གསལ་བྱེད་ལ་གོ་ཡོད་པ་ལས་རྟག་ཞི་པ་ལྷ་ཆེན་དབང་ཕྱུག་ཡིན་མིན་ལ་ནི་དོགས་གནས་བྱས་ཡོད་པ་མ་ཡིན་ནོ།།

པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་༼སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན་༽ ལས། མདོར་ན་གསུང་བ་པོ་གང་གིས་མིང་གཞིའི་ཡི་གེ་སྔོན་ཏེ་ཐོག་མར་གསུང་བ་པོར་གྲགས་པའི་རྟག་ཞི་བ་ཁྱབ་འཇུག་གམ་ཚངས་པ་ལ་ཕྱག་བྱས་པའོ་ཞེས་དང་། ཡང་དེ་ཉིད་ལས། རྟག་ཞི་བ་ཡང་འགྲེལ་བ་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་སུ། ཚངས་པ་དང་ཁྱབ་འཇུག་གཉིས་ལ་རྟག་པ་དང་། ཞི་བའི་ལུས་ཡོད་པར་བཤད་ཅིང་། [4] ཞེས་ཁྱབ་འཇུག་དང་རྟག་ཞི་བ་ཚངས་པ་ལའང་འཇུག་པ་སོགས་འཐད་པ་མང་ཚུལ་རྒྱས་པར་གསུངས་འདུག་མོད། དོན་གྱིས་ནི་རྒྱ་གཞུང་ལ་གཏུགས་པ་མ་ཡིན་པར་རྟག་ཞི་བ་ཞེས་ཚིག་འགྲོས་རང་གི་སྟེང་ནས་གོ་བ་བླངས་ཡོད་པ་ཨེ་ཡོད་སྙམ།

སི་ཏུ་པཎ་ཆེན་གཙུག་ལགས་ཆོས་ཀྱི་སྣང་བའི་༼ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་༽ལས། གང་གིས་མིང་ཚིག་བརྗོད་པ་ཀུན་གྱི་གཞི་ཡིན་པས་མིང་གཞི་སྟེ་ཡི་གེ་སྔོན་དུ་གསུང་བ་པོར་འཇིག་རྟེན་ན་གྲགས་པ་ལྷའི་དབང་བོ་རྟག་ཞི་བ་ལ་ཕྱག་འཚལ་ལོ་ཞེས་དང་། ཡང་དེ་ཉིད་ལས། དེའང་འཇིག་རྟེན་གྱི་གྲགས་པ་ཙམ་གྱི་རྗེས་སུ་འབྲངས་ནས། བརྡ་ཡང་དག་པར་སྦྱོར་བའི་ཚུལ་འདི་དག་འོག་ནས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།། སོགས་འཆད་འགྱུར་ལྟར་གྲུབ་མཐར་ཞུགས་མ་ཞུགས་ཕྱི་ནང་ཐམས་ཅད་ཀྱི་བསླབ་བྱར་ཤེས་པའི་ཆེད་དུའམ། སྤྱི་རོལ་བ་རྗེས་སུ་གཟུང་བའི་སླད་དུ་ལྷ་ཆེན་པོ་དབང་ཕྱུག་ལ་བསྟོད་ཕྱག་མཛད་པ་ཡིན་ཞིང་། དབང་ཕྱུག་གི་མཚན་དུ་རྟག་ཞི་བ་ཞེས་པ་ནི་ས་དཱ་ཤི་བ་སྟེ་འཕགས་པའི་ཡུལ་དུ་རླུང་ལྟར་གྲགས་པ་ཡིན་ནོ།། [5]  ཞེས་རྟག་ཞི་བ་ཞེས་པ་ནི་ལྷ་ཆེན་པོ་དབང་ཕྱུག་ཡིན་ལ། ལྷ་ཆེན་པོ་དབང་ཕྱུག་ནི་ས་དཱ་ཤི་བ་སྟེ་དེང་སང་ཡང་རྒྱ་གར་རང་ན་ཡོངས་སུ་གྲགས་པ་ཞིག་ཡིན་པས་ཁོང་གིས་ཀྱང་རྒྱ་གཞུང་རང་ལས་བདག་དོན་རྙེད་པ་ཞིག་ཡིན་འདུག

ཀརྨ་སྨོན་ལམ་འོད་ཟེར་གྱི་༼བོད་ཀྱི་བརྡ་སྤྲོད་པའི་གཞུང་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་ཉུང་ངུའི་ཚིག་གིས་གོ་སླ་བར་བཀྲལ་བ་ལེགས་བཤད་སྣང་བ་དམ་པ་༽ལས། ལྷ་ཆེན་པོ་གང་གིས་མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་པའི་ཡི་གེེ་འཇིག་རྟེན་ན་སྔོན་དུ་གསུང་པ་བོར་རིག་བྱེད་ཀྱི་གཏམ་རྒྱུད་ལ་བརྟེན་ནས་ཕྱི་རོལ་བའི་བྲམ་ཟེ་རྣམས་ལ་གྲགས་པ་ལྷའི་དབང་བོ་རྟག་ཏུ་ཞི་བ་སྟེ་ལྷ་དབང་ཕྱུག་ཆེན་པོ་ལ་ཕྱག་འཚལ་ལོ་ཞེས་དང་།  ཡང་དེ་ཉིད་ལས། ཕྱི་རོལ་བའི་བྲམ་ཟེ་རྣམས་ཀྱིས་ཡི་གེའི་བྱེད་པོ་དབང་ཕྱུག་ཏུ་འདོད་པ་དང་མཐུན་པར་ལི་བི་ཀ་ར་སོགས་བྲམ་ཟེ་རྣམས་ངོ་བསྲུང་བའི་ཕྱིར་དགོས་དབང་གིས་ཕྱག་མཛད་པའོ།།[6] ཞེས་འགྲེལ་འདུག་ཀྱང་སློབ་དཔོན་ཐོན་མིས་རང་གི་བཤེས་གཉེན་གྱི་ངོ་སོ་བསྲུང་བའི་ཕྱིར་དུ་གཞན་ལ་བསྟོད་ཕྱག་འཚལ་བ་རེད་ཅེས་འགྲེལ་ན་ནི་ཡ་མཚན་པའི་གནས་ཤིག་ཏུ་མི་འགྱུར་རམ། ལི་བི་ཀ་ར་སོགས་བྲམ་ཟེ་རྣམས་ཀྱང་ངོ་སོ་ལ་དགའ་མཁན་ཞིག་ཏུ་ཤུགས་ཀྱིས་བསྟན་སོང་བས་ལེགས་པར་མ་མཐོང་ངོ་།།

གསེར་ཏོག་སྐུ་ཕྲེང་ལྔ་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་༼གསེར་ཏོག་སུམ་རྟག་༽ལས། གང་གིས་བརྗོད་པ་ཀུན་གྱི་མིང་དང་ཚིག་རྣམས་ཀྱི་གཞི་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་རྣམས་སྔོན་ཏེ་བསྐལ་པ་དང་པོའི་དུས་སུ་གསུངས་པའི། ལྷ་ཆེན་པོ་རྟག་ཏུ་ཞི་བ་སྟེ་དབང་ཕྱུག་ཆེན་པོ་ལ་ཕྱག་འཚལ་ལོ་ཞེས་དང་། ཡང་དེ་ཉིད་ལས། ཟ་མ་ཏོག་ལ་སོགས་པའི་མདོ་སྡེ་རྣམས་སུ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་དུ་གསུངས་པ་དང་། ཡི་གེ་རྟེན་གཞིར་བྱས་པའི་སྒྲ་རིག་སོགས་ཀྱི་བཤད་རྒྱུན་གྱི་བརྒྱུད་པ་བར་མ་ཆད་པ་མཚོན་ཕྱིར་དང་། བྲམ་ཟེ་རྣམས་ཀྱི་གཞུང་དུ་བྱེད་པོ་ཉི་ཤུ་རྩ་བཞི་བཤད་པ་ལས་ཡི་གེའི་བྱེད་པོ་དབང་ཕྱུག་ཏུ་བཤད་པ་དང་ཡང་སྒོ་བསྟུན་ཏེ་ལྷ་ཆེན་ལ་ཕྱག་མཛད་པའོ།། [7] ཞེས་དངོས་ལུགས་དང་མཐུན་པའི་འགྲེལ་བརྗོད་ཅིག་གནང་འདུག་པ་དང་སི་ཏུ་པཎ་ཆེན་གྱི་ལེགས་ཆ་གཞི་ལ་བཞག་སྟེ་དྲང་པོའི་ལྟ་ཚུལ་ཞིག་ཡིན་པར་འདོད།

ཡི་གེ་ཐོག་མར་མཛད་པ་པོ་སུ་ཞིག་ཡིན་ཐག་གཅོད་ཀྱི་གཏན་ཚིགས་མ་ངེས་ནའང་། འཇིག་རྟེན་གྱི་གྲགས་པ་གཙོ་བོར་བཟུང་ནས་བཤད་རྒྱུན་གྱི་བརྒྱུད་པ་བར་མ་ཆད་པ་མཚོན་བྱེད་དུ་འགྲེལ་ན་དོན་དང་མཐུན་པ་ཞིག་རེད། རྡོ་རིང་པཎྜི་ཏ་བསོད་ནམས་བསྟན་འཛིན་གྱི་༼སུམ་རྟགས་འགྲེལ་པ་ཨུཏྤལའི་རྣ་རྒྱན་༽ ལས། མིང་གཞིའི་ཡི་གེ་གསལ་བྱེད་ཀཱ་ལིའི་སྡེ་ཚན་རྣམས་གསུང་བ་པོ་ནི་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ནས་ཐུགས་རྒྱུད་རྟག་ཏུ་ཞི་ཞིང་དུལ་བའི་མཆོག་ཡིན་པས་རྟག་ཞི་བའི་སྒྲ་བཤད་དང་མཐུན་ངེས་བཅས་སྤྱན་རས་གཟིགས་ལ་བསྟོད་ཕྱག་མཛད་པ་ཡིན་ཅིང་ཞེས་དང་། ཡང་དེ་ཉིད་ལས། གཞུང་མཛད་སློབ་དཔོན་ནས་ཀྱང་གསལ་བྱེད་ཀཱ་ལི་གསུང་བ་པོ་རྟག་ཞི་བ་ཡིན་ཚུལ་ལས། རྟག་ཞི་བ་དེ་ནི་འདི་ཡིན་ཞེས་དངོས་སུ་ཚིག་གསལ་མ་གསུངས་སྟབས་སྔོན་བྱོན་མཁས་པ་རྣམས་ཀྱང་དགོངས་བཞེད་མི་མཐུན་པ་མང་རུང་།[8] ཞེས་རང་ལུགས་སྤྱན་རས་གཟིགས་དང་རྟག་ཞི་བ་གཉིས་གཅིག་ཏུ་འདོད་མཁན་དེ་ཡིན་འདུག

འོན་ཀྱང་སྤྱན་རས་གཟིགས་དང་རྟག་ཞི་བ་གཉིས་གཅིག་ཏུ་དངོས་འཛིན་བྱས་པ་ནི་བོད་རང་གི་བརྡ་སྦྱོར་ལ་གོ་བ་ལེན་སྟངས་ལས་བསམ་བློ་སྐྱེས་པ་ཞིག་ལས་སྤྱན་གཟིགས་དང་རྟག་ཞི་བ་གཉིས་ནི་གཅིག་ཏུ་མིན་པ་ནི་ལེགས་སྦྱར་ལ་ཤིན་ཏུ་མཁས་པ་ཚོས་དེང་སང་གསལ་བོར་བརྗོད་ཀྱིན་འདུག  དེ་བཞིན་རང་རེའི་བརྡ་སྤྲོད་སྨྲ་བའི་སྡེ་སྔ་ཕྱི་ལས་ལྟ་ཚུལ་སྣ་ཚོགས་དང་འགྲེལ་སྟངས་འདྲ་མིན་གནང་འདུག་ནའང་གཙོ་གྲས་རྣམ་གྱི་དགོངས་གཞི་གཙོ་བོར་བྱས་ནས་གླེང་ཁུལ་ཡིན་པས་ཚང་མར་གླེང་ནས་མཐའ་དཔྱད་པ་ནི་མ་ཡིན་ནོ།།

གཉིས་པ། རྟག་ཞི་བ་བོད་ཀྱི་བརྡ་སྤྲོད་སྨྲ་བ་འགས་གང་ལ་དངོས་འཛིན་གནང་འདུག་མིན་སྐོར།

དང་པོ།  རྟག་ཞི་བ་སྤྱན་རས་གཟིགས་ལ་འདོད་མཁན་ནི། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱི་༼ལེགས་བཤད་སྣང་བྱེད་ནོར་བུ།༽  པཎ་ཆེན་བྱམས་པ་གླིང་བའི་༼ཞིབ་མོ་རྣམ་འཐག༽  སྣར་ཐང་ལོ་ཙཱ་བའི་༼མཆན་ཊཱི་ཀ༽  ཟུར་མཁར་བློ་གྲོས་རྒྱལ་བོའི་༼མཁས་པའི་དགའ་སྟོན།༽  རབ་འབྱམས་སྨྲ་བ་ཆོས་རྒྱལ་གྱི་༼བློ་གསལ་མགུལ་རྒྱན།༽  སྨན་ལུང་བ་བློ་གྲོས་མཆོག་གི་རྡོ་རྗེའི་༼སྣང་བྱེད་ཡིད་ཀྱི་ཤིང་རྟ།༽  ཡར་འབྲོག་པ་རིིན་ཆེན་ཏོག་གི་༼རིན་པོ་ཆེ་ཟ་མ་ཏོག༽  རྡོ་རིང་པཎྜི་ཏའི་༼སུམ་རྟགས་འགྲེལ་པ་ཨུཏྤལའི་རྣ་རྒྱན་༽ སོགས་ཡིན།

གཉིས་པ། རྟག་ཞི་བ་ཚངས་པ་ལ་འདོད་མཁན་ནི། ལོ་ཆེན་ནམ་མཁའ་བཟང་པོའི་༼སུམ་འགྲེལ་བསྟན་པའི་སྒྲོན་མེ།༽ དགེ་སློང་ཚུལ་ཁྲིམས་སེང་གེའི་༼ཉི་མའི་འོོད་ཟེར།༽  འོལ་ཕྲུག་ཀརྨ་རབ་རྒྱས་ཀྱི་༼མཁས་པའི་ཁ་རྒྱན།༽  གཏིང་སྐྱེས་གསོག་པ་བློ་བཟང་ཆོས་གྲགས་ཀྱི་༼གསལ་བའི་སྒྲོན་མེ་༽ སོགས་ཡིན།

གསུམ་པ། རྟག་ཞི་བ་ཁྱབ་འཇུག་ལ་འདོད་མཁན་ནི། ཞྭ་ལུ་ཆོས་ལེགས་ཀྱི་༼སུམ་འགྲེལ་མཁས་པའི་ཡིད་འཕྲོག༽  པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་༼ཀུན་བཟང་དགོངས་རྒྱན་༽ སོགས་ཡོད། དེ་མིིན་ད་དུང་རྟག་ཞི་པ་དེ་ཉིད་སངས་རྒྱས་ལ་འདོད་མཁན་སོགས་སྣང་ཡང་། དོན་དུ་རྟག་ཏུ་ཞི་བ་དེ་སངས་རྒྱས་ལ་གོ་བ་ཡོད་པ་ཙམ་ལས་སངས་རྒྱས་ཡི་གེ་ཐོག་མར་གསུང་བའི་བྱེད་པོ་ཡིན་མིན་ནི་ལུང་རིག་རྟགས་གསུམ་གང་གིས་སྒོ་ནས་མཐོང་བ་མ་མངོན་ནོ།།

གསུམ་པ།  སྡོམ་དང་བཅས་པའི་མཇུག་སྐྱོང་བ།

ད་ནི་མདོར་དྲིལ་ནས་གླེང་ན་ནི་རྟག་ཞི་བ་ཞེས་པ་ལྷ་ཆེན་དབང་ཕྱུག་ཡིན་པ་དང་། དེ་ཡང་ཡིན་པས་ཡིན་ལུགས་ནི་སུམ་འགྲེལ་སྔ་ཤོས་དབུས་པ་བློ་གསལ་གྱིས་ཤི་ཏ་ཞེས་པའི་སྒྲ་ལས་ཤ་ཤཱ་ཏ་ན་རྟག་པ་ཞེས་རྟག་པ་ལ་གོ་བར་བཤད་ཅིང་འཐད་པར་མི་མངོན་ཏེ། ཤ་ཤཱ་ཏ་ན་ཞེས་པའི་གོ་དོན་ནི་སྐམ་པོ་དང་ནུས་པ་མེད་པའི་སྐད་དོན་ཞིག་ཡིན་པར་བསྙད་མོད་དོན་ངོ་མར་དེ་ལྟར་གོ་བའི་གནས་ལུགས་ཡང་དག་ཅིག་ཡོད་པ་མ་མཆིས་སོ།།

ཤནྟི་ན་ཞི་བ་སྟེ་རྟག་ཞི་བ་ཞེས་བྲིས་འདུག་ཀྱང་ཡིག་ཐོབ་ནོར་ཡོད་པར་འདྲ་སྟེ། ཞི་བ་ཞེས་པའི་བརྡ་དོན་ལ་ལེགས་སྦྱར་ནང་༼ཤཱནྟི་ན༽ ཞེས་ཤ་ཡིག་དེའི་འོག་ཏུ་འ་ཆུང་ཞིག་འབྲིི་དགོས་པའི་དོན་གནད་གསུངས་ཀྱང་། དོན་དུ་ནི་ཞི་བ་དེ་ལྷ་དབང་ཕྱུག་ལ་གོ་བ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་ཐང་དུ། དབང་ཕྱག་གི་མིང་ལ་ས་ད་ཤི་བ་སྟེ་འཕགས་པའི་ཡུལ་ལ་རླུང་ལྟར་གྲགས་ཅེས་སི་ཏུ་པཎ་ཆེན་གྱིས་གསུངས་པ་དེ་ཤིན་ཏུ་བདེན། ཁོང་རྣམས་དབང་ཕྱུག་ལ་འབོད་པའི་སྒེར་མིང་འདི་ཉིད་ཡིན་གྱི་ཨུ་ཤར་བྱ་བ་སྤྱི་མིང་ཞིག་ཏུ་སོང་ནས་སྐྱབས་གནས་དང་བྱེད་པ་པོ་ཙམ་ལ་གོ། སི་ཏུས་དེ་གསུངས་པ་ལ་གཞན་དག་གིས་བྷིཀྵུ་བྱ་བ་ཁྱིམ་པའི་མིང་དུ་གྲགས་ཟེར་བ་འདྲ་ཞེས་འཕྱ་སྨོད་བྱེད། རྩད་གཅོད་པ་ལས་དགག་པ་བྱེད་པ་ལ་དགའ་བ་འདི་འུ་ཅག་གི་གཤིས་ལུགས་ཡིན། [9]ཞེས་གསུངས་པ་དེ་བཞིན་སི་ཏུ་པཎ་ཆེན་གྱིས་ས་དཱ་ཤི་བ་སྟེ་འཕགས་པའི་ཡུལ་དུ་རླུང་ལྟར་གྲགས་པ་བསྙད་དོོན་དུ་ཡང་ས་དཱ་ཤི་བ་དང་ཤཱནྟི་ན་སོགས་ལྷ་དབང་ཕྱུག་གི་མཚན་དུ་གོ་བ་གཅིག་ཚུལ་ད་ལྟ་ཡང་། རྒྱ་གར་བའི་མི་རྣམས་ཀྱི་རྣ་ལམ་དུ་འགེང་བ་ནི་སྨྲས་མ་དགོས་པ་ཞིག་ཡིན་འདུག  རང་རེ་བོད་ཀྱི་བརྡ་སྤྲོད་འགྲེལ་མཁན་ཚོས་སློབ་དཔོན་ཐོན་མིའི་རྟག་ཞི་བ་ལ་བསྟོད་ཕྱག་གནང་དགོས་དོན་ཡང་ཡིག་རིགས་ཐོག་མར་གསུང་པ་པོ་ཙམ་ལ་གོ་ནས་ཕྱག་མཛད་ཅེས་འགྲེལ་ན་དགོས་པ་ཆེ་བ་ལས་སློབ་དཔོན་རང་གི་དགེ་རྒན་གྱི་ངོ་སོ་སོགས་ཀྱི་ཆེད་དུ་ཡིན་ཚུལ་སོགས་བརྗོད་ན་དགོས་པ་ཧ་ཅང་ཆུང་བ་ལས་ཅི་ཡང་མི་ཚོར་རོ།།

 གཞན་བོད་ཀྱི་བརྡ་སྤྲོད་པའི་སུམ་རྟགས་གཉིས་ལ་འགྲེལ་བ་ཧ་ཅང་མང་ནའང་མཆོད་བརྗོད་སོགས་ཀྱི་སྐབས་སུ་དོགས་གནས་བྱས་པ་ཉུང་བ་དང་། ཉུང་བ་ལས་ཀྱང་གནད་འགག་ཟིན་པའི་སུམ་འགྲེལ་གཙོ་ཆེར་རྣམས་གཞི་ལ་བཞག་ནས་བཤད་ཁུལ་ཡིན་གྱི། གནད་འགག་ཡོད་མེད་ཚང་མ་གླེང་ན་ནི་དགོས་དོན་ཡང་མི་འདུག་ལ་ཡིག་ཚོགས་མང་བར་དོགས་ནས་མ་བྲིས་པ་ལགས། ལྷག་ཏུ་རང་གིས་ལེགས་སྦྱར་གྱི་སྐད་ཡིག་མི་ཤེས་ཀྱང་མཁྱེན་མཁན་དག་ལ་དྲི་རྩད་ཉམས་ཞིབ་བྱས་པ་དོན་ལ་མཐུན་མིན་ཅི་འཚལ་ཡང་རང་བློས་དཔོག་ཚོད་ཙམ་གྱིས་དཔྱད་ཁུལ་དང་། སུམ་འགྲེལ་མང་པོ་ཞིག་གིས་རྒྱ་གཞུང་དང་ཁུངས་གཏུགས་ནས་བཤད་པ་ནི་མི་མངོན་ལ་འགྲེལ་བ་སྔ་མ་སྔ་མའི་ལུགས་ཕྱི་མ་ཕྱི་མའི་གོ་བ་གཞན་ལམ་དུ་ཁྱེར་བ་མང་ཙམ་སྣང་བ་ལགས་པས་།།  དཔྱོད་ལྡན་མཁས་པའི་སྤྱན་སྔར་གནོང་བ་ཅི་མཆིས་བཟོད་གསོལ་དང་དགོངས་ཚུལ་ལྷུག་པོར་གནང་སྐྱོང་ཡོང་རེ་ཞུ།

དཔྱད་ཡིག   

[1] དབུས་པ་བློ་གསལ་གྱི་<<  སུམ་ཅུ་པའི་འགྲེལ་བ >> ཞེས་སུམ་རྟགས་གཉིས་ཀྱི་འགྲེལ་བ་ཞིག་རྙེད་པ་དེ་ལས་དྲངས།

[2] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  <<སུམ་རྟགས་སྐོར་གྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཕྲེང་བ།>> ཞེས་པའི་ཤོག་གྲངས། ༤

[3] བོད་ཀྱི་བཙུན་མའི་ལས་འཆར་ནས་དཔར་སྐྲུན་ཞུས། <<སི་འགྲེལ་གྱི་འབྲེལ་ཡོད་བརྡ་སྤྲོད་འགྲེལ་བ་པད་དཀར་ཆུན་པོ>>ཞེས་པའི་ཤོག་གྲངས་ ༧༤

[4] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། << པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ།>> ཞེས་པའི་ཤོག་གྲངས།  ༧ པའི་ངོས་སུ་གསལ།

[5] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  << ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།>> ཞེས་པའི་ཤོག་གྲངས་ ༢༧ ངོས་སུ་གསལ།

[6] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།   <<སུམ་རྟགས་སྐོར་གྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཕྲེང་བ།>> ཞེས་པའི་ཤོག་གྲངས། ༢༣༨ ནང་དུ་གསལ།

[7] མི་རིགས་དཔེ་སྐྲུན་ཁང་།  << གསེར་ཏོག་སུམ་རྟགས། >>  ཞེས་པའི་དེབ་ཀྱི་ཤོག་གྲངས། ༣ དང་ ༤ བར་དུ་གསལ།

[8] འཕཊ་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་ནས་འགྲེམས་སྤེལ་བྱས། <<སུམ་ཅུའི་མཐའ་དཔྱོད་ཆེན་མོ་རྒྱལ་བ་དགྱེས་པའི་མཆོད་སྤྲིན།>>ཞེས་པའི་ཤོག་གྲངས། ༦༦ ངོས་སུ་གསལ།

[9] ནུབ་བྱང་མི་རིཊ་སློབ་གྲྭའི་ཉིས་སྟོང་གསུམ་ལོའི་བོད་ཀྱི་རྩོམ་རིག་དངོས་གཞི་འཛིན་གྲྭས་བསྒྲིགས། <<མཁས་དབང་དགེན་འདུན་ཆེས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།>> པོད་གཉིས་པ། ཤོང་ངོས་ ༥༣

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།