མཁས་དབང་དགེ་འདུན་ཆོས་འཕེལ(1903-1951)གྱིས“ད་ལྟ་སིང་ག་ལའི་སྡེ་སྣོད་གསུམ་མ་གདྷའི་སྐད་དུ་བཞུགས་པ་འདིའི་འོག་ན་ནང་བ་སངས་རྒྱས་པའི་རྒྱ་དཔེ་བཞུགས་པ་ལ་རེ་ཞིག་ད་ལྟ་རྙེད་ཟིན་པ་འདི་ཙམ་གྱི་དབང་དུ་བྱས་ཀྱང་བོད་ཀྱི་ཡུལ་འདི་མང་ཤོས་སུ་འདུག་ཅིང་།”[1]ཞེས་གསུངས་ཡོད་ཅིང་། བོད་དུ་བཞུགས་པའི་རྒྱ་དཔེ་ཁག་ནི་བོད་ཀྱི་སྔོན་བྱོན་ལོ་ཙཱ་བ་དང་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་བོད་དུ་གདན་དྲངས་པ་ཤ་སྟག་ཡིན། ཉེ་ཆར་བོད་ཀྱི་དགོན་པ་ཁག་དང་ལྷག་པར་དུ་བསམ་ཡས་ཀྱི་རྒྱ་དཔེའི་སྐོར་ལ་དོ་སྣང་བྱུང་སྟེ་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ཅིག་ལ་བལྟས་རྗེས་བསམ་ཡས་ཀྱི་རྒྱ་དཔེ་གླེང་བ་ཞེས་པའི་རྩོམ་ཡིག་འདི་འབྲི་བའི་ངལ་བ་ལ་ཞུགས་པ་ཡིན། རྩོམ་ཡིག་འདིའི་ནང་དུ་སྔར་བསམ་ཡས་སུ་རྒྱ་དཔེ་བཞུགས་པའི་དཔེ་མཚོན་དུ་ཡིག་ཆ་སྐོར་ཞིག་དྲངས་ཏེ། དུས་རབས་ཉི་ཤུ་པའི་སྟོད་དུ་བསམ་ཡས་སུ་རྒྱ་དཔེ་མི་བཞུགས་པ་དང་། དུས་རབས་བཅོ་བརྒྱད་པའི་ཡར་སྔོན་དུ་བསམ་ཡས་སུ་རྒྱ་དཔེ་ཡོད་པའི་ཡིག་ཆ་སོགས་ངོ་སྤྲོད་བྱས་ཏེ། མཐར་བསམ་ཡས་ཀྱི་རྒྱ་དཔེ་ཁག་ཇི་ལྟར་མེད་བརླག་ཏུ་ཕྱིན་པའི་རྒྱུ་རྐྱེན་བཅས་ཀྱི་སྐོར་ལ་ལན་འདེབས་བྱས་ཡོད།
གཅིག སྔར་བསམ་ཡས་སུ་རྒྱ་དཔེ་བཞུགས་པའི་ལོ་རྒྱུས།
དེ་ལ་འདིར། སྔར་བསམ་ཡས་སུ་རྒྱ་དཔེ་མང་པོ་བཞུགས་པའི་ལོ་རྒྱུས་ཀྱི་ཡིག་ཆ་སྐོར་ཞིག་ཡོད་པ་དེ་དག་ལས་དཔེ་མཚོན་ཁ་ཤས་དྲངས་ན་འདི་ལྟར། «བཀའ་ཐང་སྡེ་ལྔ»ཞེས་པའི་གཏེར་མ་གྲགས་ཅན་དེའི་ནང་དུ། ‘‘ཁྲ་འབྲུག་གི་ལྷའི་སྐུ་རྒྱབ་ལྟེ་བ་ལ། སྐོར་ཁང་ནང་ན་སེང་སྒོ་ཆེན་པོ་ཞིག་ཡོད། དེའི་སྒོ་ལྕགས་ཕྱེ་བའི་ནང་ན་ཀེའུ་ཚང་ཆེན་པོ་ཞིག་ཡོད། དེའི་ནང་ན་ཡབ་མེས་ཀྱི་ཆོས་གཉན་པོ་གསང་བ་རིན་པོ་ཆེ་རྒྱ་རིམ་པ་བདུན་གྱེས་བཏབ་ནས་བཞུགས་སོ། ། ཐུ་མི་སམྦྷོ་ཊས་རྒྱ་གར་ནས་དྲངས་པའི་རྒྱ་དཔེ་མང་པོ་དང་། བོད་དུ་ཆུ་དར་ལ་བྲིས་པའི་བཀའ་པོད་མང་པོ་དང་། རྒྱལ་པོ་ཉིད་ཀྱིས་གསུངས་པའི་སྒྲུབ་ཐབས་ཀྱི་སྐོར་དང་། ཞལ་གདམས་ཀྱི་སྐོར་མང་པོ་དང་། དཀོར་ཆ་རིན་པོ་ཆེའི་སྣོད་མང་པོ་ཡོད་དོ། །’’[2]ཞེས་ཐུ་མི་སམྦྷོ་ཊས་རྒྱ་གར་ནས་རྒྱ་དཔེ་མང་པོ་བསྣམས་ཕེབས་པའི་གནས་ཚུལ་འཁོད་འདུག་མོད། བོད་ཀྱི་ཆོས་འབྱུང་རྙིང་པ་ཁག་ཏུ་ལོ་རྒྱུས་དེ་འདྲ་གསལ་བ་མ་མཐོང་། འོན་ཀྱང་ཐུ་མི་སམྦྷོ་ཊས་བསྒྱུར་བར་གྲགས་པ་དང་། ཕྱིས་སུ་འགྱུར་བཅོས་གནང་བའི་བསྟན་བཅོས་སྐོར་ཞིག་ཡོད་པ་དེ་དག་དེང་སང་བཀའ་འགྱུར་ཁྲོད་དུ་བཞུགས་པ་མཇལ་བྱུང་། དེས་ན་སྔར་ཁྲ་འབྲུག་ཏུ་བཞུགས་པའི་རྒྱ་དཔེ་དེ་དག་ནི་རྒྱ་སྐད་ནས་བོད་སྐད་དུ་བསྒྱུར་པའི་བསྟན་བཅོས་ཐོག་མའི་གྲས་ཡིན་པར་སྙམ།
«སྦ་བཞེད»དུ་བསམ་ཡས་ཀྱི་རྒྱ་དཔེའི་སྐོར་ལ་འདི་ལྟར་བྲིས་ཡོད་དེ། ‘‘ཆོས་དཔེ་ཐམས་ཅད་དཔལ་ཤྲི་ན་ལེནྡྲ་ན་ཡོད་པ་མེས་ཚིག དེར་མ་ཚང་བར་ཡོད་པ་ཤས་གཅིག་མ་བསྒྱུར་བར་ཡོད་པ་ངའི་ཡིད་ལ་བཅགས་སོ་གསུངས། དེ་ཚེ་ནུས་པ་ཡོད་པ་ཀུན་གྱིས་བཀའི་རྒྱ་དཔེ་རྙེད་ཚད་བསྒྱུར།’’[3]ཞེས་འབྱུང་ཞིང་། ཡང་། ‘‘ནུབ་ངོས་མདོ་རྒྱུད་ཆོས་ཀྱི་བང་མཛོད་གསུམ་ན། རྒྱ་དཔེ། བོད་དཔེ། རྒྱ་ནག་གི་དཔེའི་གླེགས་བམ་རྣམས་ཀྱིས་བཀང་སྟེ། ཨ་ཙ་ར་ལག་ན་སྤུ་གྲི་ཐོགས་པ་མཆེད་གསུམ་ལ་གཏད།’’[4]ཅེས་འབྱུང་བ་འདི་ལས་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱ་དཔེ་མང་པོ་བོད་སྐད་དུ་བསྒྱུར་པ་དང་། སྐབས་དེར་རྒྱ་དཔེ་དང་བོད་དཔེ་ཕལ་ཆེ་བ་ནི་འཁོར་ས་བར་པའི་ནུབ་ངོས་ཀྱི་དཀོར་མཛོད་གསུམ་དུ་བཞུགས་པ་རྟོགས་ཐུབ།
«བཀའ་ཐང»དུ། ‘‘རྒྱ་གར་གྱི་པཎྜི་ཏ་ཆེན་པོ་རྣམས་ཀྱི་ཕྱག་དཔེ་ཏཱ་ལའི་ལོ་མ་བྲིས་པ་རྣམས་དང་། པཎྜི་ཏ་བི་མཱ་ལ་མི་ཏྲའི་ཀ་ལ་པི་སོར་བཞི་པ་དང་། སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་རྒྱ་གར་ནས་བླངས་པའི་རྒྱ་དཔེ་མང་པོ་དང་། ཁྱད་པར་དུ་ཀློང་ཆེན་རབ་འབྱམས་དང་སེམས་རྒྱུད་རྣམ་པ་ཀ་དག་དང་། རྫོགས་པ་ཆེན་པོ་སེམས་མདོ་བཅོ་བརྒྱད་ལ་རྒྱ་དཔེ་དང་བོད་དཔེ་གཉིས་སུ་ཡོད་དོ། ། སློབ་དཔོན་ལ་རྒྱལ་པོས་ཞུས་པའི་ཞུ་ལན་དང་ཉམས་མྱོང་གི་གདམས་པ་དང་། ཇོ་མོ་མཁར་ཆེན་བཟའི་ཞུས་ལན་དང་། མཁས་པ་མི་བཞིས་མཛད་པའི་ཆོས་རྣམས་བཞུགས་སོ། །’’[5]ཞེས་སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་རྒྱ་གར་ནས་བསམ་ཡས་སུ་རྒྱ་དཔེ་སྐོར་ཞིག་བླངས་པའི་སྐོར་གསལ་ཞིང་། «མྱང་རལ་ཆོས་འབྱུང»དུ‘‘རྒྱ་དཔེ་རྒྱ་གར་ཤྲཱི་ནཱ་ལེན་དྲའི་གཙུག་ལག་ཁང་ནང་བཞུགས་པ་ལས། སློབ་དཔོན་པད་མ་འབྱུང་གནས་ཀྱིས་རྫུ་འཕྲུལ་གྱིས་བླངས་ཏེ། རྒྱ་གར་དུ་མ་ལུས་པར་རྒྱ་དཔེ་བསམ་ཡས་དཀོར་མཛོད་ནང་བཞུགས་སོ། །’’[6]ཞེས་རྒྱ་དཔེ་དེ་དག་ཡུལ་གང་ནས་བླངས་པའི་གནས་ཚུལ་གསལ་པོར་འཁོད་འདུག
ཡང་། «མྱང་རལ་ཆོས་འབྱུང»དུ‘‘ཞུ་ཆེན་ལོ་ཙཱ་བས་བོད་དཔེ་ལ་བཀླགས། རྒྱ་གར་ལ་པཎྜི་ཏས་ཞུ་ཏིག་བྱེད་པ། ལོ་ཙཱ་བས་ཚེག་བར་བདུན་ལ་ཚིག་རྐང་གཅིག ཚིག་རྐང་བཞི་ལ་ཤོ་ལོ་ཀ་གཅིག ཤོ་ལོ་ཀ་སུམ་བརྒྱ་ལ་བམ་པོ་གཅིག བམ་པོ་ཞེས་པའི་ཚད་ནི་ཤོ་ལོ་ཀ་སུམ་བརྒྱ་དང་སུམ་ཅུ་རྩ་གཅིག ཚིག་རྐང(སྟོང)གཅིག་གི་སུམ་ཆ་ལ་བམ་པོ་གཅིག་ཏུ་བཤད་དོ། ། སློབ་དཔོན་ཞི་བ་ལ་སོགས་པས་བམ་པོ་ཞེས་པའི་ཚད་ནི་ཤོ་ལོ་ཀ་སྟོང་གི་སུམ་ཆ་ལ་འདོད་དེ། ཆེ་ཆུང་གི་ཚད་ནི་ཚིག་རྐང་རིང་ཐུང་དང་མི་མང་ཉུང་ལ་རྣམ་པར་བཞག་པར་བཤད་དོ། །’’[7]ཞེས་འབྱུང་བའི་ཤུགས་བསྟན་ལ་བརྟགས་ན། བོད་ཀྱི་ཚིགས་བཅད་དང་བམ་པོ་སོགས་ཀྱི་ཚད་ནི་སྔར་རྒྱ་དཔེ་ལ་བསྟུན་ནས་བཟོས་ཤིང་། ཤོ་ལོ་ཀ་དང་། བེམ་པོ། ཆོས་ཚན་འདི་དང་འདི་ལ་རྣམ་གྲངས་འདི་དང་འདི་བཀོད་པ་དཀར་ཆག་འཕང་ཐང་མར་གྲགས་པ་ཡིན་ནོ། །
གཞན་ཡང་། «རྒྱལ་རབས་གསལ་བའི་མེ་ལོང»དུ‘‘ནུབ་ཕྱོགས་མདོ་རྒྱུད་ཆོས་ཀྱི་བང་མཛོད་སུམ་བརྒྱ་དང་། བོད་དང་རྒྱའི་དཔེ་ཆ་གླེགས་བམ་གྱིས་བཀང་སྟེ། ཨ་ཙ་ར་ལག་ན་སྤུ་གྲི་ཐོགས་པ་གསུམ་ལ་གཏད།’’[8]ཅེས་དང་། «ཆོས་འབྱུང་མཁས་པའི་དགའ་སྟོན»དུ‘‘ཇོ་མོ་ལྷ་རྒྱལ་གྱི་ཞལ་ནས་ཀྱང་དེ་ལྟར་ཆོས་མཁས་པ་ཟས་སུ་ཅི་གསོལ་གསུངས། ནུས་པ་ཡོད་པ་ཀུན་གྱིས་རྒྱ་དཔེ་རྙེད་ཚད་བསྒྱུར། འཚོ་བ་ཐམས་ཅད་བླ་ཆེན་པོ་ནས་སྦྱར་ཏེ་ཚང་མང་ཀེ་རུ་གླིང་ནས་གཡོས་ས་བྱས་ཏེ་རབ་ཏུ་བྱུང་བ་སུམ་བརྒྱ་ལ་ཟས་སྣ་བཅུ་གསུམ་རེ་འདྲེན་པའི་ལག་དཔོན་ཇོ་མོ་བྱང་ཆུབ་རྗེས་མཛད།’’[9]ཅེས་འབྱུང་་མོད། ཡིག་ཆ་སྔ་མ་ཁག་ཏུ་གསལ་བ་ལྟར་སྔར་བསམ་ཡས་ན་རྒྱ་དཔེ་བཞུགས་པ་དང་རྒྱ་དཔེ་བོད་སྐད་དུ་བསྒྱུར་ཚུལ་འཁོད་ཅིང་། ཡིག་ཆ་གཞན་དུའང་དེ་འབྲེལ་གྱི་ལོ་རྒྱུས་ཡོད་པ་མཐོང་མོད་འདིར་སྤྲོས་པ་མ་བྱས་སོ། །
ཆོས་འབྱུང་ཕལ་མོ་ཆེར་འཁོད་པའི་བསམ་ཡས་ཀྱི་རྒྱ་དཔེའི་སྐོར་གྱི་ལོ་རྒྱུས་ལ་བལྟས་ན། སྐབས་དེར་རྒྱ་དཔེ་བོད་སྐད་དུ་སྒྱུར་མཁན་ནི་སློབ་དཔོན་པད་མ་འབྱུང་གནས་དང་། མཁན་ཆེན་ཞི་བ་འཚོ། ཅོག་རོ་ཀླུའི་རྒྱལ་མཚན། བེེ་རོ་ཙ་ན། ཞང་ཡེ་ཤེས་སྡེ། འབྲོ་སྐ་བ་དཔལ་བརྩེགས་སོགས་ཡིན་ཞིང་། སྐབས་རེར་ཁོང་ཚོས་མཉམ་འབྲེལ་དང་བཅས་ཏེ་རྒྱ་དཔེ་མང་པོ་བོད་སྐད་དུ་བསྒྱུར་པའི་ལོ་རྒྱུས་ཡོད་པ་མཐོང་བས། སློབ་དཔོན་པད་མ་འབྱུང་གནས་དང་། མཁན་ཆེན་ཞི་བ་འཚོ་རྣམ་གཉིས་ཀྱིས་བོད་སྐད་སྨྲ་ཤེས་པའང་ཞོར་ནས་རྟོགས་ནུས།
ད་ཕན་ཕྲན་གྱིས་དོ་སྣང་བྱས་པ་ལྟར་ན། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བོད་ནས་ཕེབས་པའི་སློབ་གཉེར་པ་ཚོར་སྤྱི་ཁང་ཞིག་ཡོད་པ་དང་། བསྟན་པ་སྔ་དར་གྱི་སྐབས་སུ་བོད་ལ་ལོ་ཙཱ་བ་ལྔ་བཅུ་རྩ་བརྒྱད་དང། བསྟན་པ་ཕྱི་དར་གྱི་སྐབས་སུ་ལོ་ཙཱ་བ་རིན་ཆེན་བཟང་པོ(958-1055)ནས་ཀུན་མཁྱེན་ཏཱ་ར་ན་ཐའི(1575-1634)བར་ལོ་ཙཱ་བ་བརྒྱ་དང་ལྔ་བཅུ་ང་བདུན་རྒྱ་གར་དུ་ཕེབས་པའི་ལོ་རྒྱུས་ཡོད་ཅིང་། དུས་རབས་བཅུ་གསུམ་པ་ཡན་ཆོད་དུ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་ཕལ་ཆེ་བ་བོད་ཀྱི་དགོན་གནས་འདིར་ཕེབས་མྱོང་ཡོད་པས། བོད་ཀྱི་ལོ་ཙཱ་བ་ཚོས་རྒྱ་དཔེ་མང་པོ་ཞིག་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ནས་བོད་དུ་བསྣམས་ཡོང་བར་མངོན་ཞིང་། རྒྱ་དཔེ་གཞན་པ་སྐོར་ཞིག་ནི་དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་ནས་བསྣམས་ཡོང་བར་སྙམ། བསྟན་པ་སྔ་དར་གྱི་ཡར་སྔོན་ལ་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་པོ་ཏི་སུམ་བརྒྱ་ལོངས་པ་ཙམ་ཞིག་བསྒྱུར་བར་གྲགས་པ་དེ་དག་གི་ཕྱི་མོ་ཕལ་མོ་ཆེ་ནི་རྒྱ་དཔེ་ཡིན་པ་གོར་མ་ཆག
དེས་ན། རྒྱ་དཔེ་མང་པོ་བཞུགས་མྱོང་སའི་བསམ་ཡས་དགོན་པ་ནི་སྔར་བོད་ཡུལ་གྱི་ཆོས་ཀྱི་དཀོར་མཛོད་ཆེ་ཤོས་ཡིན་ཞིང་། བཙན་པོ་ཁྲི་དར་མ་འུ་དམ་བཙན་གྱི་སྐབས་སུའང་གཙུག་ལག་ཁང་དེར་བཞུགས་པའི་རྒྱ་དཔེ་ལ་ཉམས་ཆག་ཆེར་མ་བྱུང་བར་གྲགས། དེའི་དཔེ་མཚོན་ལྟ་བུ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ(982-1054)བོད་དུ་ཕེབས་སྐབས་བསམ་ཡས་ན་རྒྱ་དཔེ་མང་པོ་བཞུགས་ཡོད་པའི་ལོ་རྒྱུས་དེ་ཡིན།
ཇོ་བོ་རྗེའི་རྣམ་ཐར་དུ‘‘ཡང་ཇོ་བོའི་ཐུགས་དགོངས་ལ། འོན་ཀྱང་མི་ཡུལ་ན་བཞུགས་པའི་ཐེག་པ་ཆེན་པོ་གསང་སྔགས་ལ་ང་ལས་མཁས་པ་མེད་སྙམ་པའི་ཐུགས་རྒྱལ་མངའ་བ་ལ། ཕྱིས་བོད་དུ་བྱོན་ནས་བསམ་ཡས་ཀྱི་པེ་ཀར་གྱི་གླིང་། དཀོར་མཛོད་ཅིག་ཁ་ཕྱེ་ནས་རྒྱ་དཔེ་ལ་གཟིགས་པས། སྔར་གསན་གཟིགས་མ་མཛད་པའི་རྒྱུད་སྡེ་མང་པོ་བཞུགས་ཤིང་གདའ་སྐད་དེ། སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་ལྷ་ཀླུའི་ཡུལ་དང་། དཔལ་ཤཱི་ལེན་དྲ་ནས་རྒྱུད་སྡེ་ཐམས་ཅད་བསམ་ཡས་སུ་སྤྱན་དྲངས་པས་མང་བ་ཡིན་གསུང་། ཇོ་བོའི་ཞལ་ནས་གསང་སྔགས་འདི་ལ་མི་ཤེས་པ་མེད་སྙམ།’’[10] ཞེས་འབྱུང་ཞིང་། ཡང་རྣམ་ཐར་དེའི་མཇུག་ཙམ་དུ‘‘དེ་ནས་བསམ་ཡས་སུ་བྱོན་ནས། རྒྱ་དཔེ་གཟིགས་ཤིང་བསྐོར་བ་མཛད། ཇོ་བོའི་ཞལ་ནས། རྒྱ་གར་དུ་མེའི་དགྲ་ལན་གསུམ་བྱུང་བས་ཚིག་པ་འདྲ། རྒྱ་གར་ན་མེད་པའི་དཔེ་མང་པོ་འདི་ན་སྣང་གསུངས་ནས་དབུ་མ་སྣང་བ་དང་། ཕལ་བོ་ཆེ་ལ་སོགས་པ་བཞེངས་ཏེ་རྒྱ་གར་དུ་བསྐུར་རོ། །’’[11]ཞེས་ཇོ་བོ་རྗེ་བོད་དུ་ཕེབས་ནས་བསམ་ཡས་ཀྱི་རྒྱ་དཔེ་ཁག་ལ་གཟིགས་ཤིང་། དེ་ནས་རྒྱ་དཔེ་སྐོར་ཞིག་རྒྱ་གར་དུ་བསྐུར་བའི་ལོ་རྒྱུས་སོགས་འཁོད་འདུག ཕྱིས་སུ་ཇོ་བོ་རྗེ་གཤེགས་རྗེས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས(1004/1005-1064)ཀྱིས་ཁོང་གི་ཕྱག་དཔེ་དྲིལ་བ་མི་ཁུར་ཆུང་ངུ་ལོང་བ་ཙམ་ཞིག་ཡོད་པ་རྒྱ་གར་དུ་བསྐུར་བའི་ལོ་རྒྱུས་ཀྱང་ཡོད།
དུས་རབས་བཅུ་པའི་ནང་ཇོ་བོ་རྗེས་གཟིགས་མྱོང་བའི་རྒྱ་དཔེ་ཁག་ནི་སྔར་སློབ་དཔོན་པད་མ་འབྱུང་གནས་ཀྱིས་རྫུ་འཕྲུལ་གྱིས་བླངས་པར་གྲགས་པ་དང་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བསྣམས་ཡོང་བའི་རྒྱ་དཔེ་ཁག་ཡིན་པ་སྨོས་མ་དགོས་མོད། ཇོ་བོ་རྗེ་གཤེགས་རྗེས་སུའང་། རྒྱ་གར་གྱི་མཁས་པས་བོད་དུ་བསྣམས་ཡོང་བའི་རྒྱ་དཔེ་དང་། བལ་པོའི་ཚོང་པས་བོད་ཀྱི་ལོ་ཙཱ་པ་ཚོར་གནང་བའི་རྒྱ་དཔེ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ(1197-1263/1264)ལྟ་བུས་བོད་དུ་རྒྱ་དཔེ་མཛོ་མང་པོ་ལ་བཀལ་ནས་བསྣམས་ཡོང་བའི་ལོ་རྒྱུས་ཡོད། གཞན་ཡང་བོད་ཀྱི་ལོ་པཎ་དག་གིས་རྒྱ་དཔེ་བོད་དུ་བསྣམས་ཚུལ་གྱི་ལོ་རྒྱུས་མར་པ་ལོ་ཙཱ་བའི་( 1002/1012-1097/1100)རྣམ་ཐར་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་ལྟ་བུར་མཇལ་ནའང་རྟོགས་ཐུབ་མོད། བོད་ཀྱི་མཁས་པ་སུ་དང་སུས་རྒྱ་དཔེ་བོད་དུ་བསྣམས་ཕེབས་པའི་སྐོར་ལ་ཞིབ་འཇུག་ཅིག་འགྲོ་བཞིན་ཡོད།
དུས་རབས་ཉི་ཤུ་པའི་སྟོད་དུ། པཎྜིཏ་ར་ཧུལ་གྱིས་རྙེད་པའི་བོད་ཀྱི་གནའ་བོའི་དགོན་པ་ཁག་ཏུ་བཞུགས་པའི་རྒྱ་དཔེ་ལ་དཔེ་རིང་དགུ་ཐུག་ཅན་དང་། བརྒྱད་ཐིག་ཅན། བདུན་ཐིག་ཅན། དྲུག་ཐིག་ཅན། ལྔ་ཐིག་ཅན་སོགས་ཡོད་པར་གྲགས་ཤིང་། དཔེ་རིང་བྱ་བ་རྣམས་རྐྱང་ཁྲུ་གང་དང་མཐོ་གང་རེ་ཙམ་ཤས་ཆེར་ཡོད་པར་བཤད། དེས་ན་སྔར་བསམ་ཡས་སུ་བཞུགས་པའི་རྒྱ་དཔེ་དག་ཀྱང་རྒྱ་དཔེ་དེ་དག་དང་ཆ་འདྲ་བ་ཡོད་པ་སྨོས་མ་དགོས་སོ། །
གཉིས། དུས་རབས་ཉི་ཤུ་པའི་སྟོད་དུ་བསམ་ཡས་ན་རྒྱ་དཔེ་མི་བཞུགས་པའི་གནས་ཚུལ།
པཎྜིཏ་ར་ཧུལ(1893-1963)བོད་དུ་ཐེངས་ཁ་ཤས་ཕེབས་ཤིང་། ཁོང་གིས་རྒྱ་གར་དུ་ཉམས་ཟིན་པའི་རྒྱ་དཔེ་ཁག་བསྐྱར་གསོའི་ཐུགས་འགན་བཞེས་ཏེ། བོད་ཀྱི་དགོན་རྙིང་ཁག་མང་པོར་ཕེབས་ནས་རྒྱ་དཔེ་འཚོལ་སྒྲུབ་དང་། དེ་དག་ལག་བཤུས་དང་པར་བརྒྱབ་པ་སོགས་གནང་སྟེ་རྒྱ་གར་དུ་གདན་དྲངས་ཡོད། ཁོང་གིས་རྒྱ་དཔེ་འཚོལ་སྒྲུབ་བྱས་པའི་གནས་ཚུལ་ཕྱོགས་བསྡོམས་ལྟ་བུ་གནང་ཡོད་པ་འདིར་དྲངས་ན། ‘‘ལྷ་སའི་ལས་དོན་ཁག་བསྒྲུབས་རྗེས་ང་ཚོ་རྒྱ་གར་ཕྱོགས་ལ་ཐོན་པ་ཡིན། ལམ་བར་དུ་ང་ཚོ་ལ་མྱོང་ཚོར་མངར་སྐྱུར་སྣ་ཚོགས་བྱུང་། ས་ཆ་ཁ་ཤས་ནས་ང་ཚོར་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། ཁ་ཤས་ནས་དམའ་འབེབས་དང་། མཐོང་ཆུང་ཡང་མྱོང་དགོས་བྱུང་། འོན་ཀྱང་གནའ་སྔ་མོའི་ཏ་ལའི་ལོ་མའི་སྟེང་བྲིས་པའི་དཔེ་དེབ་བྲིས་མ་འཚོལ་སྒྲུབ་ཆེད་སེམས་ཚོར་ཆེས་ཤུགས་དྲག་ཡོད་པས་གུས་བཀུར་དང་མཐོང་ཆུང་གི་མྱོང་བ་གཉིས་ཀ་ལ་ང་ཚོས་སྣང་བ་གཏད་མེད། ཉམས་མྱོང་དེ་དག་བྱུང་རྗེས་དཔེ་དེབ་བྲིས་མ་རྐང་གཅིག་རྙེད་སོན་བྱུང་ཡང་དགའ་ཚོར་དཔག་མེད་འོང་།’’[12]ཞེས་གསུངས་འདུག
པཎྜིཏ་ར་ཧུལ་སྤྱི་ལོ་༡༩༣༤ལོར་ལྷ་སར་ཐེངས་གཉིས་པ་ཕེབས་སྐབས་དགེ་འདུན་ཆོས་འཕེལ་དང་གྲོགས་པོ་གྱུར་ཅིང་། དེ་ལ་བརྟེན་ནས་དགེ་འདུན་ཆོས་འཕེལ་གྱིས་པཎྜིཏ་ར་ཧུལ་གྱི་གནའ་བོའི་རྒྱ་དཔེ་འཚོལ་སྒྲུབ་ལ་ཕན་ཐོགས་རྒྱ་ཆེན་པོ་བསྒྲུབས་ཡོད། པཎྜིཏ་ར་ཧུལ་གྱིས‘‘དགེ་བཤེས་ལགས་ཀྱིས་སཾསྐྲྀཏའི་སྐད་ཤེས་ཀྱི་མེད་ལ་དཔེ་དེབ་བྲིས་མ་དེ་ཚོའི་གལ་གནད་ཀྱང་ཤེས་ཀྱི་མེད། འོན་ཀྱང་ཁོང་ནས་སཾསྐྲྀཏའི་དཔེ་དེབ་དེ་ཚོ་བོད་འགྱུར་ནང་ཀློག་མྱོང་བ་དང་། དཔེ་དེབ་དེ་ཚོའི་མ་དཔེ་ངོ་མ་རྣམས་དེང་སང་རྙེད་རྒྱུ་ལས་སླ་པོ་མེད་པ་ང་རང་བརྒྱུད་ནས་ཤེས་ཡོད། རྒྱ་གར་ལ་དཔེ་དེབ་བྲིས་མ་དེ་ཚོ་ཧ་ཅང་དགོས་གལ་ཆེན་པོ་ཆགས་ཡོད། ཁོང་གིས་[སཾསྐྲིཏའི་]དཔེ་དེབ་དེ་ཚོ་ངས་ཀློག་ནས་འགྲེལ་བཤད་བརྒྱུད་ཤེས་ཐབས་བྱེད་འགོ་ཚུགས།’’[13] ཞེས་གསུངས་ཡོད་ཅིང་། དགེ་འདུན་ཆོས་འཕེལ་གྱིས་གནའ་བོའི་དགོན་པ་ཁག་ཏུ་རྒྱ་དཔེ་འཚོལ་སྒྲུབ་གནང་བའི་སྐོར་གལ་ཆེན་དུ་གཟིགས་ཏེ་གཏམ་རྒྱུད་གསེར་ཐང་དུ་གསལ་པོར་བྲིས་འདུག
འོན་ཀྱང་། དགེ་འདུན་ཆོས་འཕེལ་གྱིས་རྒྱ་དཔེ་འཚོལ་སྒྲུབ་གནང་བའི་སྐོར་འཆད་སྐབས། ‘‘དགོན་འདི་དག་ཐམས་ཅད་ལས་ཀྱང་རྒྱ་དཔེ་ལ་རེ་ཆེ་ས་བསམ་ཡས་དཀོར་མཛོད་ཡིན་མོད། འགའ་ཞིག་གིས་དེང་སང་དེ་ན་ཅི་ཡང་མེད་ཟེར་ཏེ་བདེན་མཆིས།’’[14] ཞེས་བསམ་ཡས་ན་རྒྱ་དཔེ་མེད་ཚུལ་གསུངས་འདུག་མོད། རྒྱུ་མཚན་ཅིའི་ཕྱིར་བསམ་ཡས་སུ་རྒྱ་དཔེ་མེད་སྐོར་གསལ་བཤད་གནང་མི་འདུག
«བསམ་ཡས་ཆོས་འབྱུང»དུ‘‘བོད་དཔེ་དང་རྒྱ་དཔེ་མང་པོ་ལྷ་སྐུའི་གཟུངས་གཞུག་ཏུ་བཅུག་ནས་མི་སྣང་བ་བྱས་པས། ས་གནས་རང་དུ་ཆུད་ཟོད་དུ་(ཟོས་སུ་)སོང་ཏེ་(སྟེ)ཇི་(ཇེ)ཉུང་དུ་སོང་ཞིང་། རབ་བྱུང་བཅུ་དྲུག་པའི་ས་ཕག་སྤྱི་ལོ་༡༩༥༩ལོའི་སྔོན་ནས་བསམ་ཡས་སུ་གནའ་བོའི་དཔེ་རྙིང་མང་པོ་མི་བཞུགས་པར་སྣང་ལ། སྐུའི་གཟུངས་གཞུག་ཏུ་བཞུགས་པའི་དཔེ་རྙིང་རྩ་ཆེན་དེ་རྣམས་ཀྱང་ཕྱིས་མེ་སྐྱོན་དང་། རིག་གནས་གསར་བརྗེ་ཟེར་བའི་དུས་ཡུན་རིང་སྐུ་འདྲ་དང་མཉམ་དུ་ཉམས་རྒུད་བྱུང་ནས། ད་ལྟ་ནི་གནའ་བོའི་དཔེ་འགའ་སྟོན་རྒྱུ་དཀའ་བའི་དུས་ལ་སླེབས་ཡོད།’’[15] ཅེས་འབྱུང་བ་ལ་བརྟགས་ན། སྤྱི་ལོ་༡༩༥༩ལོའི་སྔོན་ལ་བསམ་ཡས་སུ་གནའ་བོའི་དཔེ་རྙིང་མང་པོ་མི་བཞུགས་ནའང་རྒྱ་དཔེ་དང་བོད་དཔེ་ཁ་ཤས་བཞུགས་པའི་སྣང་ཚུལ་མཆིས་ནའང་། པཎྜིཏ་ར་ཧུལ་གྱི་དྲན་ཐོ་དང་། ཁོང་གི་གྲོགས་པོ་ཕེ་ནེ་མུ་ཁར་ཇིའི་ཟིན་ཐོ་སོགས་ཀྱི་ནང་དུ་ཁོང་ཚོ་བསམ་ཡས་སུ་ཕྱིན་ནས་རྒྱ་དཔེ་འཚོལ་སྒྲུབ་བྱས་པའི་ལོ་རྒྱུས་མ་མཐོང་། གལ་སྲིད་སྐབས་དེར་བསམ་ཡས་ན་རྒྱ་དཔེ་བཞུགས་ཡོད་ཚེ་པཎྜིཏ་ར་ཧུལ་གྱིས་རྒྱ་དཔེ་འཚོལ་སྒྲུབ་བྱས་པའི་ལོ་རྒྱུས་མཐོང་རྒྱུ་ཡོད་པ་སྨོས་མ་དགོས། གསེར་ཐང་དུ་གསལ་བའི‘‘འགའ་ཞིག་གིས་དེང་སང་དེ་ན་ཅི་ཡང་མེད་ཟེར་ཏེ་བདེན་མཆིས།’’ཞེས་པའི་ཚིག་དུམ་གྱི་ཤུགས་བསྟན་ལ་བསམ་བློ་བཏང་ནའང་། དགེ་འདུན་ཆོས་འཕེལ་བསམ་ཡས་སུ་ཕེབས་ཡོད་པའི་སྣང་ཚུལ་མཆིས་པས། སྐབས་དེར་བསམ་ཡས་སུ་རྒྱ་དཔེ་མི་བཞུགས་པའི་ལོ་རྒྱུས་དེ་ནི་བདེན་པ་ཡིན་པའི་ཡིད་ཆེས་བྱེད་ཆོག་པར་སྙམ།
དེས་ན། པཎྜིཏ་ར་ཧུལ་གྱི་ཕྱག་ཏུ་བསམ་ཡས་ཀྱི་རྒྱ་དཔེ་ཁག་ཐོབ་མེད་མོད། «རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ།»ཞེས་པའི་དེབ་ཏུ། ‘‘འདུ་ཁང་ཆེན་མོ་འདིའི་ནང་གི་རྩ་ཆེའི་ཐང་ག་དང་མཉམ་དུ་ཏ་ལའི་ལོ་མའི་ཐོག་བྲིས་པའི་ལེགས་སྦྱར་གྱི་སྒྲ་གཞུང་ཞིག་དང་། པཱ་ལིའི་སྐད་ཡིག་ཐོག་བྲིས་པའི་འཚོ་བྱེད་སྨན་གྱི་སྡེབ་སྦྱོར་བྱེད་སྟངས་ཀྱི་དཔེ་ཆ་ཞིག་རྙེད་སོན་བྱུང་། དེ་ནི་ང་ཚོའི་རྒྱ་གར་ནས་བོར་བརླག་ཕྱིན་ཏེ་རྒྱ་གར་གྱི་མཁས་པ་ཚོའི་ལག་ཏུ་རག་ཐབས་བྲལ་ནས་རེ་བ་མེད་པ་གྱུར་པ་ཞིག་རེད། ཡིན་ན་ཡང་། ད་ཐེངས་བོར་བརླག་ཕྱིན་པའི་རྩ་ཆེའི་པོ་ཏི་རྣམས་རྙེད་པས་ང་ཚོའི་རྒྱལ་ཁབ་ཀྱི་རེ་ཐག་ཆད་པའི་མཁས་དབང་ཚོའི་སེམས་དབུས་སུ་སླར་ཡང་ཤེས་བྱ་སྐྲུན་ཐུབ་པར་མ་ཟད། པཎྜིཏ་རྣམས་ཀྱིས་ཕན་ཚུན་བར་ལ་མ་མཐུན་པའི་རྩོད་པ་ཡང་འདིས་སེལ་ཐུབ་ཀྱི་རེད་ཅེས་རཱ་ཧུལ་ལགས་ཀྱིས་གསུངས་སོང་།’’[16]ཞེས་གསལ་བ་འདིས། བོད་ཀྱི་དགོན་རྙིང་དུ་བཞུགས་པའི་རྒྱ་དཔེ་གཅིག་གི་ཕན་ནུས་ཀྱང་རོབ་ཙམ་རྟོགས་ཐུབ་པས། གལ་སྲིད་པཎྜིཏ་ར་ཧུལ་གྱིས་སྔར་བསམ་ཡས་སུ་བཞུགས་པའི་རྒྱ་དཔེ་དེ་དག་གཟིགས་ནས་ངོ་བཤུས་གནང་ཡོད་ཚེ། རྒྱ་དཔེ་དེ་དག་གིས་རྒྱ་གར་གྱི་མཁས་པ་ཚོར་ཕན་ཐོགས་རྒྱ་ཆེན་པོ་སྒྲུབ་ནུས་མིན་ལ་དོགས་པ་ཙམ་ཡང་ག་ལ་ཡོད་སྙམ།
པཎྜིཏ་ར་ཧུལ་ལ་ཐོབ་པ་ནི་སྤོས་ཁང་དགོན་པ་དང་། རི་ཕུག ཨེ་ཝཾ་ཆོས་ལྡན། ས་སྐྱ་དགོན་པ་སོགས་སུ་བཞུགས་པའི་རྒྱ་དཔེ་ཁག་ཡིན་ཞིང་། དེང་སང་བསྟན་པ་སྔ་དར་དང་ཕྱི་དར་གྱི་སྐབས་སུ་བོད་ཀྱི་ལོ་ཙཱ་བ་ཚོས་རྒྱ་གར་ནས་གདན་དྲངས་པའི་རྒྱ་དཔེའི་སྐོར་ལ་ཞིབ་འཇུག་ཅིག་བྱེད་དགོས་བྱུང་ཚེ། པཎྜིཏ་ར་ཧུལ་གྱིས་བོད་ནས་རྒྱ་གར་དུ་གདན་དྲངས་པའི་རྒྱ་དཔེ་དེ་དག་ལས་གཞན་ཡིག་ཆ་མེད་པ་ལྟ་བུར་གྱུར་ཡོད། དེ་ལྟར་ན། དུས་རབས་བཅུ་གཅིག་པའི་རྗེས་སུ་བོད་ཀྱི་གནའ་བོའི་དགོན་སྡེ་ཁག་ཏུ་བཞུགས་པའི་རྒྱ་དཔེའི་སྐོར་ལ་ཐུགས་སྣང་མཛད་མཁན་དང་། རྩ་ཆེའི་རྒྱ་དཔེ་ཁག་རྒྱ་གར་དུ་གདན་འདྲེན་མཁན་གཅིག་རང་བྱུང་བ་ནི་པཎྜིཏ་ར་ཧུལ་ཡིན་པར་སྙམ།[17]
འོན་ཀྱང་། དུས་རབས་ཉི་ཤུ་པའི་སྟོད་དུ་བསམ་ཡས་སུ་རྒྱ་དཔེ་བཞུགས་མེད་པ་རེད། སྐབས་དེར་བསམ་ཡས་དཀོར་མཛོད་ན་རྒྱ་དཔེ་མེད་པའི་གནས་ཚུལ་འདི་ནི་ལོ་རྒྱུས་གལ་ཆེན་ཞིག་ཡིན་པར་སྙམ་སྟེ། རྩོམ་འདིའི་ཚན་པ་གསུམ་པའི་ནང་དུས་རབས་བཅོ་བརྒྱད་པའི་ཡར་སྔོན་དུ་བསམ་ཡས་སུ་རྒྱ་དཔེ་བཞུགས་པའི་ལོ་རྒྱུས་ཡོད་སྐོར་དང་། མཐར་བསམ་ཡས་ཀྱི་རྒྱ་དཔེ་ཁག་མེད་བརླག་ཏུ་ཕྱིན་པའི་སྐོར་རིམ་བཞིན་གླེང་བར་འདོད་དོ། །
གསུམ། དུས་རབས་བཅོ་བརྒྱད་པའི་ཡར་སྔོན་དུ་བསམ་ཡས་སུ་རྒྱ་དཔེ་བཞུགས་པའི་ཡིག་ཆ།
བཙན་པོ་ཁྲི་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ནས་མི་ལོ་དུ་མའི་རིང་བསམ་ཡས་གཙུག་ལག་ཁང་ནི་བདག་མེད་དུ་ལུས་པར་གྲགས་ཤིང་། རབ་བྱུང་གཉིས་པའི་མེ་ཁྱི་སྤྱི་ལོ་༡༡༠༦ལོར་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང་། རྦ་རག་ཚོ[18]གཉིས་ནང་འཁྲུག་བྱུང་སྟེ། རྦ་རག་ཚོ་བས་བསམ་ཡས་དགོན་པ་མེར་བསྲེགས་བཏང་འདུག དེ་བས་བསམ་ཡས་སུ་དཀོན་གཉེར་ཙམ་མ་གཏོགས་གཙུག་ལག་ཁང་སྟོང་པ་ལྟ་བུར་གྱུར་ཅིང་། དཀོར་བདག་གི་གཉན་ཆར་འཇིགས་ཏེ་སུས་ཀྱང་ཉམས་གསོ་བྱེད་མ་ཐུབ་པར་ལོ་སུམ་ཅུ་འདས་རྗེས། མི་རབས་བདུན་དུ་སྔགས་པའི་བརྒྱུད་པར་གྲགས་པའི་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས(1016-1128/1198)ཀྱིས་ཉམས་གསོ་མཛད་པའི་ལོ་རྒྱུས་ཡོད།
«རྭ་ལོ་ཙཱ་བའི་རྣམ་ཐར»དུ‘‘དེའི་བསམ་ཡས་ཀྱི་འཁོར་ས་དང་ལྷ་ཁང་མང་པོ་ཀླུ་མེས་དང་། སྤ་རག་ཚོ་འཁྲུགས་པའི་ཆགས་སྡང་གིས་མེ་ལ་བསྲེགས་ཏེ་གྱང་ཚུན་ཆད་འགྱེལ་ནས་གསོ་མ་ཐུབ་པར་ལུས་པ་གསན་ནས་གསོ་བར་དགོངས། འོན་ནས་སང་འདེགས་པའི་ནུབ་མོ་དེར། བསམ་ཡས་ཀྱི་གཞི་བདག་གཉན་མི་གཉན་བརྟག་པའི་ཕྱིར། ཏིང་ངེ་འཛིན་གྱི་མེ་འོད་སྤྲོས་པས། དཀོན་གཉེར་ལ་རྒྱལ་པོ་སྐུ་ལྔས་གཟུགས་དངོས་སུ་བསྟན་ནས། སང་ང་ལ་འཇིགས་པ་ཆེན་པོ་འོང་བ་འདུག་པས་ང་མི་སྡོད་ཟེར་ནས་བྲོས་སོང་། དེར་དཀོན་གཉེར་གྱིས་འཇིགས་པ་ཅི་འོང་སྙམ་བརྟགས་པས། ཉི་མ་གཉིས་སོང་བ་ལ་བླ་རྭ་ལོ་དཔོན་སློབ་སྟོང་ཕྲག་གཉིས་ཙམ་སྟོབས་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་བཅས་ཏེ་ཕེབས།’’[19]ཞེས་རྭ་ལོ་ཙཱ་བ་དང་འཁོར་དང་བཅས་པ་བསམ་ཡས་སུ་ཕེབས་པའི་སྐོར་འཁོད་ཡོད་ཅིང་། གྲུབ་ཆེན་རྭ་ལོས་བསམ་ཡས་གཙུག་ལག་ཁང་ཉམས་གསོ་ཇི་ལྟར་མཛད་པའི་ཚུལ་ནི་རྣམ་ཐར་དེའི་ནང་ཞིབ་རྒྱས་སུ་བཀོད་འདུག
ད་དུང་རྣམ་ཐར་དེའི་མགོ་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཞལ་ཆེམས་ཏེ“བསམ་ཡས་བཀའ་གཙིགས་ཆེན་མོ”གྲགས་པ་དེའི་ནང་དུ་གཙུག་ལག་ཁང་མེས་འཇིག་པར་འགྱུར་བ་དང་། དེའི་ཚེ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་རབ་ཏུ་བྱུང་བའི་དགེ་བའི་བཤེས་གཉེན་གཅིག་གིས་གཙུག་ལག་ཁང་སླར་གསོ་བར་འགྱུར་བའི་མ་འོངས་ལུང་བསྟན་གནང་ཡོད་ཚུལ་བྲིས་ཡོད་ཅིང་། རབ་ཏུ་བྱུང་བའི་དགེ་བའི་བཤེས་གཉེན་དེ་ནི་རྭ་ལོ་ཙཱ་བ་ལ་ངོས་འཛིན་བྱས་འདུག
འོན་ཀྱང་། སྤྱི་ལོ་༡༡༠༦ལོར་བསམ་ཡས་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་སྐབས། བསམ་ཡས་དཀོར་མཛོད་དུ་བཞུགས་པའི་བོད་དཔེ་དང་རྒྱ་དཔེ་ཅི་ཙམ་འཇིག་ཚུལ་འཁོད་པའི་ལོ་རྒྱུས་ད་ཕན་མ་མཐོང་མོད། ཉེ་རབས་ཀྱི་མཁས་པ་རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར(1925-2012)གྱིས ‘‘བཙན་པོ་དར་མས་བསྟན་པ་བསྣུབས་པའི་རྗེས་སུ་ཡིག་ཆ་ཡང་མང་པོ་ཞིག་འཐོར། དེ་ནས་བསམ་ཡས་སུ་མེ་སྐྱོན་ལན་གཉིས་བྱུང་བའི་དང་པོར་རྭ་ལོ་ཙཱ་བས་ཞིག་གསོས་མཛད། དེའི་རྗེས་སུ་སླར་ཡང་མེ་སྐྱོན་བྱུང་འདུག་པས། དེ་སྐབས་སྔར་གྱི་རྒྱ་དཔེ་ཡང་བརྒྱ་སྟོང་མང་པོ་བཞུགས་པ་ཇོ་བོ་རྗེ་ཨ་ཏི་ཤ་ནས་ཀྱང་བསམ་ཡས་སུ་བཞུགས་པའི་རྒྱ་དཔེ་འགའ་ཞིག་སླར་ཡང་གཏོང་བར་མཛད་ཅིང་། ཆོས་རྒྱལ་ལོ་པཎ་གོང་མ་རྣམས་ཀྱི་ཕྱག་རྗེས་ལ་བསྟོད་བསྔགས་ཆེན་པོ་མཛད་པ་ཡོངས་གྲགས་ལྟར། གླེགས་བམ་མང་པོ་ཆུད་ཟོས་སུ་སོང་བའི་སྐབས་དེ་དག་ཏུ། རྒྱལ་རབས་ལོ་རྒྱུས་མང་པོ་ཞིག་ཀྱང་ཞར་ལ་རྩ་མེད་དུ་སོང་ན་ཡང་། ཏུན་ཧྭང་ནས་ཐོན་པའི་ཡི་གེ་རྣམས་ཀྱང་བསམ་ཡས་སུ་སྔར་ཡོད་པའི་འདྲ་བཤུས་ལྟ་བུ་ཡིན་འདུག’’[20]ཅེས་བཙན་པོ་ཁྲི་དར་མས་བསྟན་པ་བསྣུབས་རྗེས་དང་། བསམ་ཡས་ལ་མེ་སྐྱོན་ལན་གཉིས་བྱུང་སྐབས་བསམ་ཡས་ཀྱི་གླེགས་བམ་མང་པོ་ཆུད་ཟོས་དང་རྩ་མེད་དུ་སོང་སྐོར་གསུངས་འདུག་མོད། དུས་རབས་བཅུ་གཉིས་པའི་ནང་དུ་བསམ་ཡས་ལ་མེ་སྐྱོན་བྱུང་སྐབས། གླེགས་བམ་མང་པོ་མེ་ཡིས་འཇིག་མིན་གསལ་པོ་ཞུ་དཀའ་སེ་འདུག
དེང་སང་ལོ་རྒྱུས་སྨྲ་བའི་ཁྲོད་དུ«སྦ་བཞེད»རིགས་མི་འདྲ་བ་ཁག་བཞུགས་པ་དེ་དག་གི་ཕྱི་མོ་ནི“བསམ་ཡས་བཀའ་གཙིགས་ཆེན་མོ”གྲགས་པ་ཡིན་པར་འདོད་ཅིང་། བསམ་ཡས་བཀའ་གཙིགས་ནི་སྔར་བསམ་ཡས་དཀོར་མཛོད་ན་མཐིང་ཤོག་གསེར་བྲིས་མའི་ངོ་བོར་གནས་ཤིང་བསེ་སྒྲོམ་དངུལ་བྲིས་མར་བཅུག་ནས་དམ་རྒྱའི་ཚུལ་དུ་ཉར་ཚགས་གནང་བར་གྲགས་ནའང་། བཙན་པོ་ཁྲི་དར་མས་བསྟན་པ་བསྣུབས་རྗེས་བསམ་ཡས་བཀའ་གཙིགས་ཆེན་མོ་འདི་ཡང་བསམ་ཡས་དཀོར་མཛོད་དུ་བཞུགས་པའི་རྒྱ་དཔེ་དང་བོད་དཔེ་མཉམ་དུ་འཇིག་པར་འདོད་མཁན་ཡོད་མོད། «རྒྱལ་རབས་གསལ་བའི་མེ་ལོང»དུ‘‘རྒྱས་པར་འདོད་ན་བསམ་ཡས་ཀྱི་བཀའ་གཙིགས་ཆེན་མོ་ལ་གཟིགས་ཤིག” [21]ཅེས་འབྱུང་ཞིང་། བཀའ་གཙིགས་འདི་ནི«རྦ་བཞེད»ཡིན་ནོ། ། «རྦ་བཞེད»ཀྱི་མཇུག་བྱང་ལས་ཀྱང“བསམ་ཡས་བཞེངས་པའི་གཏམ་རྒྱུད་འདི་ལས་ཞིབ་པ་མེད།” [22]ཅེས་པ་ལས་རྟོགས་ནུས། འོན་ཀྱང་ས་སྐྱ་བསོད་ནམས་རྒྱལ་མཚན(1312-1375)གྱི་ཕྱག་ཏུ་ཐོབ་པའི་བསམ་ཡས་ཀྱི་བཀའ་གཙིགས་ཆེན་མོ་ནི«རྦ་བཞེད»ཁག་གི་ཕྱི་མོ་ཡིན་ནམ་ཅི།
སྐབས་འདིར་བརྟག་པ་མཐའ་བཟུང་གི་སྐད་ཆ་ཞིག་ཞུས་ན་འདི་ལྟ་སྟེ། གལ་སྲིད་ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས«སྦ་བཞེད»ཁག་གི་ཕྱི་མོ་སྟེ་བསམ་ཡས་བཀའ་གཙིགས་ཆེན་མོ་ལ་གཟིགས་ཡོད་ན། དུས་རབས་བཅུ་གཉིས་པའི་ནང་བསམ་ཡས་ལ་མེ་སྐྱོན་བྱུང་སྐབས། བཀའ་གཙིགས་དེ་མེ་ཡིས་འཇིག་མེད་པར་སྣང་མོད། འོན་ཀྱང་དུས་རབས་བཅུ་དྲུག་པའི་ནང་བྱོན་པའི་དཔའ་བོ་གཉིས་པ་གཙུག་ལག་ཕྲེང་བས(1504-1564/1566)«སྦ་བཞེད»ཁག་གི་ཕྱི་མོ་ཞེས་གྲགས་པ་སྟེ“བསམ་ཡས་བཀའ་གཙིགས་ཆེན་མོ”ལ་གཟིགས་མེད་པར་བརྟགས་ན། བཀའ་གཙིགས་དེ་ནི་དུས་རབས་བཅུ་བཞི་དང་བཅུ་དྲུག་པའི་བར་བརྒལ་གྱི་དུས་ཚིགས་ནང་འཇིག་ཡོད་པར་མངོན།
གཞན་ཡང་། «དེབ་ཐེར་སྔོན་པོ»ལས“བོད་འདིར་རྡོ་རྗེ་ཕུར་བུའི་སྒྲུབ་པ་ནི་ཤིན་ཏུ་དར་ལ། དེ་ལ་ཡང་ཁ་ཟེར་བ་དག་ཡོད་མོད་ཀྱི། དུས་ཕྱིས་ཆོས་རྗེ་ས་སྐྱ་པས་ཤངས་སྲེག་ཞིང་ནས་སློབ་དཔོན་པདྨ་དངོས་ཀྱི་ཕྱག་དཔེའི་རྒྱ་དཔེ ་རྙེད་ནས་འགྱུར་མཛད་པས་ཐམས་ཅད་ཁ་རོག་སྟེ་འདུག་གོ །” [23]ཞེས་གསལ་བ་ལ་བལྟས་ན། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན(1182-1251)གྱི་དུས་སུ་བསམ་ཡས་ན་རྒྱ་དཔེ་ཡོད་ཚུལ་བསྟན་འདུག་ཅིང་། «བུ་སྟོན་ཆོས་འབྱུང»དུ“སྔ་འགྱུར་གསང་སྔགས་རྙིང་མ་ནི། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། ལྷ་བླ་མ་ཡེ་ཤེས་འོད་དང་། ཕོ་བྲང་ཞི་བ་འོད་དང་། འགོས་ཁུག་པ་ལྷས་བཙས་ལ་སོགས་པ་ཡང་དག་མ་ཡིན་པར་སྨྲས་ལ། ཁོ་བོའི་བླ་མ་སྐད་གཉིས་སྨྲ་བ་ཉི་མའི་མཚན་ཅན་དང་། རིག་ངལ་བ་སོགས་བསམ་ཡས་ནས་རྒྱ་དཔེ་རྙེད་ཕྱིར་དང་། ཕུར་བ་རྩ་བའི་དུམ་བུའི་རྒྱ་དཔེ་བལ་བོར་ཡང་སྣང་བས། རྒྱུད་ཡང་དག་གོ །” [24]ཞེས་ཐར་ལོ་ཉི་མ་རྒྱལ་མཚན་དང་རིག་ངལ་བ་གཉིས་ཀྱིས་བསམ་ཡས་ནས་རྒྱ་དཔེ་རྙེད་པ་གསུངས་ཡོད་པ་འདིས། དུས་རབས་བཅུ་གསུམ་པའི་ནང་དུའང་བསམ་ཡས་ན་རྒྱ་དཔེ་ཡོད་པ་ཤེས་ཐུབ།
ཞབས་དཀར་ཚོགས་དྲུག་རང་གྲོལ(1781-1851)གྱི་གསུང་ཞིག་ན་མཁས་གྲུབ་དགེ་ལེགས་དཔལ་བཟང(1385-1438)གི་དུས་སུའང་བསམ་ཡས་ན་རྒྱ་དཔེ་ཡོད་སྐོར་གསལ་བ་འདི་ལྟར། “མཁས་གྲུབ་རྗེས། གཞན་ཡང་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་དང་། སངས་རྒྱས་གསང་བ་ལ་སོགས་པའང་བོད་དུ་སྤྱན་དྲངས་ནས་དེ་དག་གིས་ཀྱང་གསུངས་པའི་ཆོས། ཐེག་པ་བླ་ན་མེད་པའི་ཆོས་ཟབ་སྐྱོན་དང་བྲལ་བ་ཡིན་ཏེ། འདི་ཚུལ་བཞིན་ཉམས་སུ་བླངས་ནས་གྲོལ་བ་དང་། གྲུབ་པ་བརྙེས་པ་དཔག་ཏུ་མེད་པ་བྱུང་བ་ཚད་མས་གྲུབ་བོ། ། བསམ་ཡས་ན་ཡང་ད་དུང་སྔ་འགྱུར་གྱི་རྒྱ་དཔེ་མང་དུ་ཡོད་པར་འདུག་ཅིང་། བོད་པ་ལོ་ཙཱ་བས་ཀྱང་རྒྱ་གར་དུ་བྱོན་པས། ཡུལ་དབུས་འགྱུར་ཚལ་ན་གསང་སྙིང་། ལུང་གི་མདོ་ལྔ་ལ་སོགས་པ་རྒྱ་དཔེ་འདུག་ཟེར།’’[25]ཞེས་འབྱུང་བ་དང་། དེ་ལྟར་ན་དུས་རབས་བཅོ་ལྔ་པའི་ནང་དུའང་བསམ་ཡས་ན་རྒྱ་དཔེ་ཡོད་པ་རྟོགས་ཐུབ།
དེའི་ཕྱིས་སུ་བསམ་ཡས་དགོན་པ་ན་རྒྱ་དཔེ་ཡོད་ཚུལ་གྱི་ལོ་རྒྱུས་ཟུར་ཙམ་ཡོད་པ་ཞིག་མཐོང་བ་ནི། ༧རྒྱལ་དབང་བསྐལ་བཟང་རྒྱ་མཚོས(1708-1757)མཛད་པའི་བསམ་ཡས་དཀར་ཆག་ཏུ། ཁོང་གི་ཡབ་དམ་པ་བསོད་ནམས་དར་རྒྱས་ཀྱིས་བསམ་ཡས་མེ་སྐྱོན་བྱུང་བ་ཉམས་གསོ་གནང་རྗེས། བེེ་རོ་ཙ་ནའི་རྒྱ་དཔེ་སྐུའི་གཟུངས་གཞུག་ཏུ་བཅུག་པའི་སྐོར་གྱི་ཚིག་དུམ་ཞིག་གསལ་བ་འདིར་དྲངས་ན། “ཡེ་ཤེས་སེམས་དཔའི་ཚུལ་དུ་གོང་ས་ལྔ་པ་ཆེན་པོའི་ཕྱག་ཚའི་གྲས་གནས་བཅུའི་སྐུ་པར་ངེད་རང་ནས་ལག་བསྟར་གྱིས་བསྐྲུན་པའི་དེ་བཞིན་གཤེགས་པའི་འཕེལ་གདུང་རེ་ནང་གཞུག་ཏུ་ཡོད་པའི་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོའི་སྐུ་བརྙན་མཚོན་གང་ལྷག་ཙམ་པ་རེ་དང་། ལོ་ཆེན་བེེ་རོའི་རྒྱ་དཔེའི་དུམ་བུ་མི་ཐུབ་མ། རིག་སྔགས་ཀྱི་རྒྱལ་མོ་གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་གྱི་སྒོ་ནས་ཡུལ་འཁོར་སྲུང་བ་དང་། ་་་ ’’ [26] ཞེས་གསལ་བ་ཡིན་ནོ། ། ལྕང་སྐྱ་རོལ་པའི་རྡོ་རྗེས(1717-1786)མཛད་པའི་༧རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དུའང་བསམ་ཡས་ཉམས་གསོ་དང་འབྲེལ་བའི་ལོ་རྒྱུས་ཐོར་རེ་བ་ཙམ་གསལ། ཡང་། «བསམ་ཡས་ཆོས་འབྱུང»དུ“མཆིམས་ཕུའི་གནས་བབ་བདག་མོ་རིག་འཛིན་མས་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་སྐུ་བརྙན་རེ་ལྷ་ས་དང་། དབུ་རྩེ་བར་ཁང་། མཆིམས་ཕུ་བཅས་སུ་དགོས་ཞེས་པའི་བཀའ་ལུང་བཞིན་སོ་སོར་བཞེངས། མཆིམས་ཕུར་སློབ་དཔོན་གཙོ་འཁོར་གསུམ་གྱིས་ས་སྐུ་བརྙན་བཞེངས་ནས། དེ་རྣམས་ལ་བྱིན་རླབས་ཀྱི་གཟུངས་ཕུལ་ཅིང་། བུ་ཚལ་ལ་མེ་ཤོར་སྐབས་མེ་མ་བཞེས་པར་ལུས་པའི་ལོ་ཆེན་བེེ་རོ་ཙ་ནའི་རྒྱ་དཔེ་རྣམས་ཀྱང་གཟུངས་གཞུག་ཏུ་བཅུག་པ་ནི་ཤིན་ཏུ་ཕངས།’’[27] ཞེས་ཀྱང་འབྱུང་ངོ་། །
སྤྱི་ལོ་༡༨༡༦ལོར་བསམ་ཡས་ཀྱི་དབུ་རྩེ་རིགས་གསུམ་རྟེན་དང་བརྟེན་པ་བཅས་པ་མེའི་འཇིགས་པ་བྱུང་རྗེས། བཀའ་བློན་བཤད་སྒྲ་དོན་གྲུབ་རྡོ་རྗེས་བསམ་ཡས་ཉམས་གསོ་གནང་བའི་སྐོར«དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་དཀར་ཆག»དང་། «བསམ་ཡས་ཆོས་འབྱུང་གངས་ཅན་རྒྱན་གྱི་མེ་ཏོག»ལྟ་བུའི་ནང་དུ་གསལ་མོད། སྐབས་དེར་བསམ་ཡས་དཀོར་མཛོད་ན་རྒྱ་དཔེ་ཡོད་མེད་ཀྱི་ལོ་རྒྱུས་འཁོད་མི་འདུག དེ་བཞིན་དུ་བཤད་སྒྲ་དབང་ཕྱུག་རྒྱལ་པོས(1795-1864)ཀྱང་ཐུགས་འགན་གཙོ་བོར་བཞེས་ཏེ་བསམ་ཡས་ཉམས་གསོ་རྒྱ་ཆེན་གནང་ཚུལ་གྱི་ལོ་རྒྱུས«བསམ་ཡས་དཀར་ཆག་དད་པའི་སྒོ་འབྱེད»དུ་བྲིས་ཡོད་ནའང་། དཀར་ཆག་དེའི་ནང་དུ་བསམ་ཡས་སུ་རྒྱ་དཔེ་བཞུགས་ཡོད་མེད་ཀྱི་ལོ་རྒྱུས་ཀྱི་ཚིག་དུམ་གཅིག་ཀྱང་འཁོད་མེད་པར་བལྟས་ན། སྐབས་དེར་བསམ་ཡས་ཀྱི་རྒྱ་དཔེ་ཁག་རྩ་བརླག་ཏུ་ཕྱིན་མེད་དམ་སྙམ། སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག(1912/1919-1947)གིས་ཀྱང་བསམ་ཡས་ཉམས་གསོ་མཛད་པའི་ལོ་རྒྱུས་ཡོད་ཅིང་། སྐབས་དེ་ནི་ཕལ་ཆེར་དགེ་འདུན་ཆོས་འཕེལ་དང་པཎྜིཏ་ར་ཧུལ་གྱིས་བོད་ཀྱི་གནའ་བོའི་དགོན་སྡེ་ཁག་ཏུ་རྒྱ་དཔེ་འཚོལ་སྒྲུབ་གནང་བཞིན་པའི་དུས་དེར་འཁེལ་ཡོད།
ཡང་གཅིག་བཤད་ན། བྷང་གྷལ་རྒྱལ་ཁབ་ཀྱི་མཁས་པ་ཤརཏ་ཙནྡྲས (Babu Sarat Chandra Das 1849-1917)སྤྱི་ལོ་༡༨༨༢ཙམ་ལ་ལྷ་ས་དང་བསམ་ཡས་སུ་ཕྱིན་པའི་ལམ་ཡིག་ཅིག་བྲིས་ཡོད་པ་དེའི་ནང་དུའང་བསམ་ཡས་སུ་རྒྱ་དཔེ་བཞུགས་པའི་ལོ་རྒྱུས་ཚིག་ཟུར་ཙམ་ཡང་མི་གསལ།
བཞི། བསམ་ཡས་ཀྱི་རྒྱ་དཔེ་ཁག་མེད་བརླག་ཏུ་ཕྱིན་པའི་རྒྱུ་རྐྱེན།
དེས་ན། དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་ནས་བསམ་ཡས་ན་རྒྱ་དཔེ་བཞུགས་མིན་གྱི་ལོ་རྒྱུས་མི་གསལ་བས། ༧རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་སྐབས་སུ་ལོ་ཆེན་བེེ་རོ་ཙ་ནའི་རྒྱ་དཔེ་སྐུའི་གཟུངས་གཞུག་ཏུ་ཕུལ་བ་ནི་བསམ་ཡས་ཀྱི་རྒྱ་དཔེ་མཐའ་མ་ལྟ་བུར་ངོས་འཛིན་བྱེད་དགོས་སྙམ་མོད་ད་དུང་བརྟག་འཚལ།
བསམ་ཡས་གཙུག་ལག་ཁང་བཞེངས་རྗེས། བསམ་ཡས་ཉམས་གསོ་གནང་མཁན་ཐོག་མ་ནི་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཡིན་ཞིང་། དེ་རྗེས་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན། ཀུན་མཁྱེན་བསམ་ཡས་པ་ཀློང་ཆེན་རམ་འབྱམས། ས་སྐྱ་བསོད་ནམས་རྒྱལ་མཚན(1312-1375)། འཇམ་དགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས (1597-1375)། ས་སྐྱོང་དགའ་ལྡན་ཞབས་དྲུང་རྡོ་རྗེ་རྣམ་རྒྱལ། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང་། ཁོང་གི་ཡབ་དམ་པ་བསོད་ནམས་དར་རྒྱས། བསྟན་གླིང་དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ( ?-1777)། བཀའ་བློན་བཤད་སྒྲ་བ་དོན་གྲུབ་རྡོ་རྗེ། བཀའ་བློན་བཤད་སྒྲ་བ་དབང་ཕྱུག་རྒྱལ་པོ་སོགས་ཀྱིས་ཀྱང་ཉམས་གསོ་གནང་ཡོད་པའི་ལོ་རྒྱུས་ཡོད། དེ་ལྟར་ན། ལོ་རྒྱུས་འདི་དག་ལས་བསམ་ཡས་དགོན་པ་ཉམས་ཆག་ཐེངས་མང་ཕྱིན་ཡོད་པ་ཤེས་ཐུབ་ཅིང་། བསམ་ཡས་ཉམས་ཆག་ཏུ་ཕྱིན་ཐེངས་རེར་དེ་རུ་བཞུགས་པའི་རྒྱ་དཔེ་དང་བོད་དཔེ་ཁག་ཀྱང་ཉམས་ཆག་ཏུ་ཕྱིན་ཡོད་པ་སྨོས་མ་དགོས།
འོན་ཀྱང་། བསམ་ཡས་དགོན་པའི་རྒྱ་དཔེ་ཁག་བསམ་ཡས་ཉམས་ཆག་བྱུང་ཐེངས་རེར་འཇིག་པ་ཕྲན་ཙམ་རེ་བྱུང་བ་བརྟེན་ནས་རྩ་བརླག་ཏུ་ཕྱིན་པ་ཞིག་ཀྱང་ག་ལ་ཡིན་སྙམ་སྟེ། སྐབས་འདིར་དགེ་འདུན་ཆོས་འཕེལ་གྱི་ལུང་ཞིག་དྲངས་ན། “གཞན་གཟིགས་དཔེ་རྣམས་ལའང་གཟིགས་རྟོགས་ཅི་བས་ཞན། དེ་མཚུངས་ས་སྐྱའི་སྒོ་རུམ་ལྷ་ཁང་དུ་ཡང་ལན་གཅིག་དཔེ་ཆ་ལ་རྡུལ་དཀྲུག་བྱས་པས་རྒྱ་དཔེ་པོད་ལྔ་ཙམ་འཁྲུག དེར་ཆོས་སེམས་ཅན་འགའ་ཞིག་གིས་དཔེ་འཁྲུག་པ་ཉར་ན་བཀྲ་མི་ཤིས་པ་ཡོང་ཟེར་ནས་འོག་ཁང་གི་ཕྱག་དར་ཁྲོད་དུ་འཕངས་པས་ཐམས་ཅད་ཆུད་ཟོས། ཏ་ལའི་ལོ་མར་བྲིས་པའི་དཔེ་རྙིང་ཤོལ་ལྡེབ་རེ་ཙམ་རྒྱ་གར་དུ་ཡང་ཆེས་ཤིན་ཏུ་རྙེད་དཀའ་བ་ལགས་པས། གཅེས་ནོར་ལ་བརྩི་ཐང་དེ་ཙམ་དུ་མེད་པ་ཡ་ཆ། དེ་བཞིན་དད་པ་ཅན་འགའ་ཞིག་གིས་གཞུང་ཆ་ཙང་རེ་རེའི་ནས་ཤོག་གུ་རེ་ཙམ་བརྐུས་ཏེ་མགུལ་སྲུང་བྱེད་པ་དང་། དཔེ་ལྡེབ་ཀྱི་ཤོག་བུ་སེན་མོ་ཙམ་དུ་བཀོག་སྟེ་བྱིན་རླབས་ཞེས་ཟ་བ་དང་། སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་གཞུག་ཏུ་ཕུལ་ཏེ་ནམ་ཡང་མཐོང་རྒྱུ་མེད་པ་སོགས་བསྟན་པའི་རྒྱུན་ལ་གནོད་པ་དག་བྱས་ནས་གཞན་ལ་ད་དུང་ངོམས་པར་བྱེད་དོ། །’’[28] ཞེས་གསུངས་པ་ལ་རྒྱུ་མཚན་ཡོད་དོ། །
ལར་ནས་བསྟན་པ་ཕྱི་དར་གྱི་རྗེས་སུ་ས་སྐྱ་པའི་ཆོས་བརྒྱུད་འཛིན་པའི་མཁས་པ་རྣམས་ཀྱིས་བསམ་ཡས་འདི་ལ་གཟིགས་རྟོགས་གནང་སྐབས། བསམ་ཡས་ཀྱི་རྒྱ་དཔེ་ཁག་ས་སྐྱ་དགོན་པར་གདན་དྲངས་པར་བཤད་མོད། དགེ་འདུན་ཆོས་འཕེལ་གྱིས‘‘དེ་ནས་པཎྜིཏསྨྲི་ཏིས་ལུག་རྫི་མཛད་པའི་གནས་ཁྱད་པར་ཅན་ཤབ་གཞུང་བརྒྱུད་དེ་དཔལ་ལྡན་ས་སྐྱ་ལ་སླེབས། གོང་མ་རྣམས་ཀྱི་ཕྱག་དཔེ་སྒོ་རུམ་ལྷ་ཁང་དུ་མཇལ། དཔེ་པོད་སྟོང་ཕྲག་ལྷག་ཙམ་འདུག་པའི་ནང་ནས་ཐོག་མར་ངེད་ཀྱིས་དཔེ་ལྡེབ་ཆེན་པོ་ཞིག་སྣང་མེད་དུ་བཏོན་པས། པཎྜིཏ་རྣམ་འབྱོར་ཟླ་བའི་ཕྱག་བྲིས་རྣམ་འགྲེལ་རྒྱན་གྱི་རྒྱ་དཔེ་ཤོག་བུ་ལ་བྲིས་པ་ཆ་ཚང་ཞིག་འདུག དེར་པཎྜིཏས་རྒྱ་དཔེ་མང་དུ་རྙེད་འོང་བར་བསམ་ནས་གྲོགས་བཅོལ་ཏེ་ཉིན་གཉིས་གསུམ་བཙལ་ཡང་དཔེ་ཁང་དེའི་ནང་ན་པོད་དེ་གཅིག་པུ་ལས་མི་འདུག’’[29] ཅེས་གསུངས་པར་བརྟགས་ན། དུས་རབས་ཉི་ཤུ་པའི་སྟོད་དུ་ས་སྐྱ་ན་རྒྱ་དཔེ་མེད་པ་གསལ་པོ་རེད། ཡང་། དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་རྗེས་བསམ་ཡས་ཀྱི་རྒྱ་དཔེ་ཁག་ཅིག་པོ་ཏ་ལ་དང་འབྲས་སྤུངས་སུ་གདན་འདྲེན་ཞུས་ཡོད་པའི་ལོ་རྒྱུས་ཡོད་མོད། ཕྲན་གྱིས་རྩད་གཅོད་བྱས་པ་ལྟར་ན། འབྲས་སྤུངས་སུ་རྒྱ་དཔེ་པོད་བཅུ་དྲུག་ལས་བཞུགས་མེད་ཚུལ་གྲགས་པས། པོ་ཏ་ལར་ཡང་རྒྱ་དཔེ་མང་པོ་བཞུགས་མིན་ཆ་མ་འཚལ།
དེས་ན། སྐབས་འདིར་ཞུ་འདོད་པ་ནི། དུས་རབས་ཉི་ཤུ་པའི་སྟོད་དུ་པཎྜིཏ་ར་ཧུལ་དང་དགེ་འདུན་ཆོས་འཕེལ་སོགས་ཀྱིས་བོད་ཀྱི་གནའ་བོའི་དགོན་པ་ཁག་ཅིག་ནས་རྒྱ་དཔེ་རྙེད་ཅིང་ ། བསམ་ཡས་ནས་རྒྱ་དཔེ་མ་རྙེད་པའི་རྒྱུ་མཚན་ཅི་ཡིན་སེམས་ལ་དྲན་པར་འགྱུར་ལ། དེ་ནི་བསམ་ཡས་ལ་མེ་སྐྱོན་ཐེངས་གསུམ་བྱུང་བ་དང་འབྲེལ་བ་ཏན་ཏན་ཡོད་པར་སྙམ་མོད། བསམ་ཡས་ལ་མེ་སྐྱོན་བྱུང་སྐབས་བསམ་ཡས་དང་འབྲེལ་བའི་ལོ་རྒྱུས་ཁག་ཏུ་རྒྱ་དཔེའི་སྐོར་གྱི་གནས་ཚུལ་མ་བྲིས་པས་འདིར་མཐའ་གཅིག་ཏུ་ཁ་ཚོན་གཅོད་ནུས་བྲལ། ཡིན་ན་ཡང་། བསམ་ཡས་ལ་མེ་སྐྱོན་དང་། རང་བྱུང་གི་འཇིག་པ། གཟུངས་གཞུག བསམ་ཡས་དགོན་པའི་ལས་སྣེ་བ་དག་གི་འཐུས་ཤོར་སོགས་ལ་རྐྱེན་བྱས་ཏེ་བསམ་ཡས་ཀྱི་རྒྱ་དཔེ་ཁག་་རིམ་གྱིས་མེད་པར་གྱུར་པར་མངོན། དེ་མིན་རྒྱུ་རྐྱེན་གཞན་གྱི་ལོ་རྒྱུས་རེ་ཞིག་མ་རྙེད། མ་འོངས་པ་ན་བསམ་ཡས་ཀྱི་རྒྱ་དཔེའི་སྐོར་གྱི་ཡིག་ཆ་གཞན་རག་ཚེ་ཁ་སྐོང་བྱས་ཏེ་སྣོན་འཕྲི་བྱེད་པར་འདོད་ཅེས་ཞུའོ། ། ཁ་བྲོ། བཀྲ་ཤིས་པར་གྱུར་ཅིག
དཔྱད་ཡིག་དང་ཞབས་མཆན།
[1] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། པོད་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ༡༩༩༠ལོར་དཔར། ཤོག་གྲངས་༣༤ ན་གསལ།
[2]བཀའ་ཐང་སྡེ་ལྔ་། གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན་པ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོར་དཔར། ཤོག་གྲངས་༡༦༢ན་གསལ།
[3] སྦ་བཞེད་ཕྱོགས་བསྒྲིགས། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོར་དཔར། ཤོག་གྲངས་༡༣༨ ན་གསལ།
[4] སྦ་བཞེད་ཕྱོགས་བསྒྲིགས། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོར་དཔར། ཤོག་གྲངས་༡༢༣ ན་གསལ།
[5] བཀའ་ཐང་སྡེ་ལྔ་། གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན་པ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོར་དཔར། ཤོག་གྲངས་༡༦༦-༡༦༧ན་གསལ།
[6] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ཉང་རལ་ཉི་མ་འོད་ཟེར། བོད་ཀྱི་དཔེ་མཛོད་ཁང་། ལོ་རྒྱུས་དེབ་ཕྲེང་དང་པོ། ༢༠༡༠ལོར་དཔར། ཤོག་གྲངས་༣༠༤ན་གསལ།
[7] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ཉང་རལ་ཉི་མ་འོད་ཟེར། བོད་ཀྱི་དཔེ་མཛོད་ཁང་། ལོ་རྒྱུས་དེབ་ཕྲེང་དང་པོ། ༢༠༡༠ལོར་དཔར། ཤོག་གྲངས་༣༨༥ན་གསལ།
[8] རྒྱལ་རབས་གསལ་བའི་མེ་ལོང་། ས་སྐྱ་བསོད་ནམས་རྒྱལ་མཚན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོར་དཔར། ཤོག་གྲངས་༢༠༩ ན་གསལ།
[9] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོར་དཔར། ཤོག་གྲངས་༣༦༣ ན་གསལ།
[10] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བཀམ་གདམས་ཕ་ཆོས་ཞེས་བྱ་བ་བཞུགས་སོ། ། འབྲོམ་སྟོན་པ་རྒྱལ་པོའི་འབྱུང་གནས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ལོར་དཔར། ཤོག་གྲངས་༦༦ ན་གསལ། ཇོ་བོའི་སྐོར་གྱི་ཚིག་དུམ་འདི་ནི་བཀའ་གདམས་ཕ་ཆོས་ཀྱི་དེབ་དེའི‘‘ཇོ་བོ་རིན་པོ་ཆེའི་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ཡོངས་གྲགས་བཞུགས་སོ།།’’ཞེས་པ་ལས་དྲངས། རྣམ་ཐར་འདིའི་མཛད་པ་པོ་ནི་མཆིམས་ཐམས་ཅད་མཁྱེན་པ་ཡིན་ནོ། །
[11] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བཀམ་གདམས་ཕ་ཆོས་ཞེས་བྱ་བ་བཞུགས་སོ། ། འབྲོམ་སྟོན་པ་རྒྱལ་པོའི་འབྱུང་གནས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ལོར་དཔར། ཤོག་གྲངས་༡༧༣ ན་གསལ། ཇོ་བོའི་སྐོར་གྱི་ཚིག་དུམ་འདི་ནི་བཀའ་གདམས་ཕ་ཆོས་ཀྱི་དེབ་དེའི‘‘ཇོ་བོ་རིན་པོ་ཆེ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ཡོངས་གྲགས་བཞུགས་སོ།།’’ཞེས་པ་ལས་དྲངས། རྣམ་ཐར་འདིའི་མཛད་པ་པོ་ནི་མཆིམས་ཐམས་ཅད་མཁྱེན་པ་ཡིན་ནོ། །
[12] ངོས་ཀྱི་བོད་ནང་སྐོར་སྐྱོད་ཐེངས་གསུམ་པ། རཱཧུལ་སཱཾཀྲི་ཏྱཱཡན། བསོད་ནམས་རྒྱ་མཚོས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ལོ་རྒྱུས་དེབ་ཕྲེང་བཅུ་དྲུག་པ། ༢༠༡༤ལོར་དཔར། ཤོག་གྲངས་༥ ན་གསལ།
[13] ངོས་ཀྱི་བོད་ནང་སྐོར་སྐྱོད་ཐེངས་གསུམ་པ། རཱཧུལ་སཱཾཀྲི་ཏྱཱཡན། བསོད་ནམས་རྒྱ་མཚོས་བསྒྱུར། བོད་ཀྱི་དཔེ་མཛོད་ཁང་། ལོ་རྒྱུས་དེབ་ཕྲེང་བཅུ་དྲུག་པ། ༢༠༡༤ལོར་དཔར། ཤོག་གྲངས་༥ ན་གསལ།
[14] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། པོད་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ༡༩༩༠ལོར་དཔར། ཤོག་གྲངས་༣༤ ན་གསལ།
[15] བསམ་ཡས་ཆོས་འབྱུང་གངས་ཅན་རྒྱན་གྱི་མེ་ཏོག བསམ་ཡས་པ་ཐུབ་བསྟན་རྒྱལ་མཚན་གྱིས་བརྩམས། ༢༠༠༨ལོར་དཔར། ཤོག་གྲངས་༢༦༤-༢༦༥ ན་གསལ།
[16] ར་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ། ཕེ་ནེ་མུ་ཁར་ཇིས་བརྩམས། བོད་ཀྱི་དཔེ་མཛོད་ཁང་། ལོ་རྒྱུས་དེབ་ཕྲེང་ཉེར་བཞི་པ། ༢༠༡༦ལོར་དཔར། ཤོག་གྲངས་༡༡༦-༡༡༧ ན་གསལ།
[17] གཏམ་རྒྱུད་གསེར་ཐང་གི་མགོ་ན། ‘‘དྭགས་པོའི་ཡུལ་དྭགས་ལྷ་སྒམ་པོའམ་ག་ཤེད་ཅིག་ཏུ་ཡང་རྒྱ་གར་གྱི་མཁས་པ་ཞིག་གིས་རྣམ་འགྲེལ་རྩ་བ་མ་ཚང་བ་ཞིག་རྙེད་པའི་དཔེ་བཤུས་ནས་རྒྱ་གར་དུ་སླེབས། །’’ ཞེས་འབྱུང་མོད། མཁས་པ་འདི་སུ་ཡིན་རྩད་མ་ཆོད། རྒྱ་དཔེ་འཚོལ་སྒྲུབ་གནང་མཁན་ཞིག་ཡིན་ནམ་ཅི། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། པོད་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ༡༩༩༠ལོར་དཔར། ཤོག་གྲངས་༣༤ ན་གསལ།
[18] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་ཆོས་སྲིད་ཟུང་འབྲེལ་དུ། “དབུས་པ་མི་ལྔའི་ནང་གི་རྦ་ཚུལ་ཁྲིམས་བློ་གྲོས་ཀྱིས་འཕན་པོར་ལན་པ་སྤྱིལ་བུའི་དགོན་པ་བཏབ་ནས་གནས་གཞི་བཟུང་ཞིང་། དེ་ནས་གྱེས་པ་ལ་རྦ་ཚོ་ཟེར།’’ཞེས་འབྱུང་། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩ལོར་དཔར། ཤོག་གྲངས་༥༣༣-༥༣༤ ན་གསལ།
[19] རྭ་ལོ་ཙཱ་བའི་རྣམ་ཐར་ཀུན་ཁྱབ་སྙན་པའི་རྔ་སྒྲ། ཡེ་ཤེས་སེངྒེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ལོར་དཔར། ཤོག་གྲངས་༦༣ ན་གསལ།
[20] རྒྱལ་རབས་དེབ་ཐེར་དཀར་པོའི་ཁ་སྐོང་མེས་བློན་གོང་མའི་ཞལ་ཆེམས། རཀ་ར་ཐུབ་བསྟན་ཆོས་དར། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༡ལོར་དཔར། ཤོག་གྲངས་༢༢༧-༢༢༨ ན་གསལ།
[21] རྒྱལ་རབས་གསལ་བའི་མེ་ལོང་། ས་སྐྱ་བསོད་ནམས་རྒྱལ་མཚན། མི་རིགསས་དཔེ་སྐྲུན་ཁང་། ༢༠༠༢ལོར་དཔར། ཤོག་གྲངས་༢༢༣ ན་གསལ།
[22] སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ལོར་དཔར། ཤོག་གྲངས་༨༢ ན་གསལ།
[23] དེབ་ཐེར་སྔོན་པོ། པོད་དང་པོ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ལོར་དཔར། ཤོག་གྲངས་༡༣༦ ན་གསལ།
[24] བུ་སྟོན་ཆོས་འབྱུང་། བུ་སྟོན་རིན་ཆེན་གྲུབ། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ལོར་དཔར། ཤོག་གྲངས་༢༦༦ན་གསལ།
[25] རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ། པོད་བརྒྱད་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོར་དཔར། ཤོག་གྲངས་༤༤༣ ན་གསལ།
[26] རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་བཞུགས་སོ། ། པོད་བདུན་པ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། ༢༠༡༡ ལོར་དཔར། ཤོག་གྲངས་༢༣༨ ན་གསལ།
[27] བསམ་ཡས་ཆོས་འབྱུང་གངས་ཅན་རྒྱན་གྱི་མེ་ཏོག བསམ་ཡས་པ་ཐུབ་བསྟན་རྒྱལ་མཚན་གྱིས་བརྩམས། ༢༠༠༨ལོར་དཔར། ཤོག་གྲངས་༣༨༡ ན་གསལ།
[28] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། པོད་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ༡༩༩༠ལོར་དཔར། ཤོག་གྲངས་༡༧ ན་གསལ།
[29] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། པོད་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ༡༩༩༠ལོར་དཔར། ཤོག་གྲངས་༣༡ ན་གསལ།
– – – – –
འདྲི་རྒྱུ་ཞིག་ལ། ༡། རྒྱ་དཔེ་པར་བཞག་པ་དེ་དག་བོད་དུ་བཞུགས་པའི་རྒྱ་དཔེའི་པར་ཡིན་ནམ་མིན།
༢། བོད་དུ་བཞུགས་པའི་རྒྱ་དཔེ་དེ་དག་སྐད་ཡིག་གང་གི་སྐད་དུ་ཡོད་དམ། སཾསྐྲྀཏ། ཡང་ན་ནག་རའི་ཡི་གེ་ཡིན་ནམ། ༣། བསམ་ཡས་སོགས་སུ་བཞུགས་པའི་རྒྱ་དཔེ་དེ་དག་ཐོག་མར་བྱུང་བ་ནས་ལོ་ཅི་ཙམ་ཞིག་ཕྱིན་ཡོད་པར་སྙམ་ནམ། ( བྱུང་ཚུལ་ཐོག་མར་རྒྱ་གར་ནས་བྱུང་ཞིང་དགེ་ཆོས་ཀྱིས་མཇལ་བའི་བར་རོབ་རྩིས་ཀྱིས་ལོ་ཅི་ཙམ་ཞིག་ཕྱིན་ཡོད་མེད་དེ་ཡིན།)