ནང་དོན་གཙོ་བོ། ཕྱི་ལོ་༡༩༥༩གོང་དུ་བོད་ཀྱི་རྒྱལ་སར་བསླེབས་པའི་ཨ་རི་བ་མི་སྣ་དག་གི་ལོ་རྒྱུས་སྙིང་བསྡུས་རེ་དང་། གཙོ་བོ་དེའི་གྲས་ནས་ཐིའུ་སི་བྷེ་ཎ་ཌ་(Theos Bernard)ཞེས་པ་ཁོང་ཕྱི་ལོ་༡༩༣༧ལོར་བོད་ཀྱི་རྒྱལ་ས་ལྷ་སར་བསླེབས་པའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་དང་། རྭ་སྒྲེང་རིན་པོ་ཆེ་དང་འབྲེལ་བ་ཅི་བྱུང་སོགས་ཀྱི་སྐོར་ཡིན།
བརྡ་ཆད། ཨ་རི་བ་བླ་མ་དཀར་པོ། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ། ཨ་རིའི་སྲིད་འཛིན། ཕྱག་ཡིག
༄༅།། སྤྱིར་བོད་ཀྱི་རྒྱལ་ས་ལྷ་སར་དུས་རབས་བཅོ་བརྒྱ་པའི་འགོ་སྟོད་དེ། ཕྱི་ལོ་ ༡༩༠༨ ནས་ཕྱི་ལོ་ ༡༩༥༡ བར་ཕྱི་རྒྱལ་བ་ལྔ་བཅུ་ཡས་མས་ཤིག་ཁྲིམས་མཐུན་གྱི་ལམ་ཡིག་ཞུས་པ་དང་། ཡང་ན་གནས་སྐོར་བ་སོགས་སུ་བརྫུས་ནས་བསླེབས་ཡོད། དེའི་གྲས་ནས་ད་ཐེངས་གླེང་བར་བྱ་བ་ནི། ཨ་རི་བ་བོད་ཀྱི་རྒྱལ་སར་བསླེབས་པའི་སྐོར་སྤྱི་དང་། བྱེ་བྲག་ཏུ་ཨ་རི་བ་ཐིའུ་སི་བྷེ་ཎ་ཌ་(Theos Bernard ) ཞེས་པ་ཁོང་བོད་ཀྱི་རྒྱལ་ས་ལྷ་སར་བསླེབས་པའི་རྒྱབ་ལྗོངས་དང་། རྭ་སྒྲེང་རིན་པོ་ཆེ་དང་འབྲེལ་བ་ཅི་བྱུང་སོགས་ཀྱི་སྐོར་ཡིན།
བོད་ཀྱི་རྒྱལ་སར་སླེབ་མཁན་ཨ་རི་བ་ཐེངས་དང་པོ་ནི། མེག་གྷ་ཝ་ཎར་( William Montgomery McGovern) དང་། ཁོང་ཕྱི་ལོ་༡༩༢༣ལོར་འབྲས་ལྗོངས་པའི་བླ་མ་ཞིག་གི་ཞབས་ཕྱིར་བརྫུས་ནས་རྒྱལ་ས་ལྷ་སར་བསླེབས་ཐུབ་ཡོད་པ་དང་། ཁོང་གིས་ཕྱི་ལོར་༡༩༢༤ལོར།བརྫུས་ནས་ལྷ་སར་ཕྱིན་པ་( To Lhasa in Disguise)ཞེས་པའི་དཔེ་དེབ་ཅིག་བྲིས་ཡོད།
བོད་ཀྱི་རྒྱལ་སར་སླེབ་མཁན་ཨ་རི་བ་ཐེངས་གཉིས་པ་ནི། ཀཱ་ཌིན་( Suydam Cutting )དང་ཁོང་གི་ཕྱག་རོགས་ཨཱ་ཐར་( Arthur Vernay ) གཉིས་ཡིན་པ་དང་། ཁོང་གཉིས་ནི་ཕྱི་ལོ་༡༩༣༥ལོར་བོད་གཞུང་གིས་ལམ་ཡིག་སྤྲད་པའི་ཐོག་ནས་ལྷ་སར་འབྱོར། ཡོང་དགོས་དོན་ནི། བོད་དང་ཨ་རིའི་བར་གྱི་བལ་ཚོང་གི་སྐོར་གྲོས་མོལ་བྱེད་པར་བསླེབས། ཕྱི་ལོ་ ༡༩༣༧ལོར་ཡང་བསྐྱར་བལ་ཚོང་གི་ཆེད་དུ་ལྷ་སར་བསླེབས་འདུག བོད་དང་བལ་ཡུལ་སོགས་ལ་བསྐྱོད་པའི་ལོ་རྒྱུས་ཀྱི་དཔེ་དེབ། མེ་གླང་ལོ་དང་ལོ་གཞན། (The Fire Ox And Other Years)ཞེས་པའི་དཔེ་དེབ་ཅིག་བྲིས་འདུག
བོད་ཀྱི་རྒྱལ་སར་སླེབ་མཁན་གྱི་ཨ་རི་བ་ཐེངས་གསུམ་པ་ནི། ཐིའུ་སི་བྷེ་ཎ་ཌ་(Theos Bernard ) ཡིན་པ་དང་། ཡོང་དགོས་དོན་ནི། ཡོ་གའི་རྣལ་འབྱོར་སྦྱང་ཆེད་དང་། བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་བ་སོགས་ཀྱི་ཆེད་དུ་བསླེབས་འདུག ཁོང་གིས་ཕྱི་ལོ་༡༩༣༩ ལོར། ལྷའི་གཞལ་ཡས་ཁང(Penthouse of the Gods) ཞེས་པའི་དཔེ་དེབ་ཅིག་བྲིས་ཡོད། དེ་དག་གི་སྐོར་རྒྱས་པར་འོག་ཏུ་འཆད།
བོད་ཀྱི་རྒྱལ་སར་སླེབ་མཁན་ཨ་རི་བ་ཐེངས་བཞི་པ་ནི། ཨེ་ལོ་ཀྲེ་སི་ཌོ་དང་ཌོ་( Captain Ilia Tolstoy ) དང་ཌོ་ལན(Lieutenant Brook Dola)གཉིས་ཡིན། ཕྱི་ལོ་ ༡༩༤༡ ལོར་བོད་གཞུང་གིས་ལམ་ཡིག་སྤྲད་རྗེས་རྒྱལ་ས་ལྷ་སར་འབྱོར་བ་དང་། ཡོང་དགོས་དོན་ནི། ཨ་རི་དང་རྒྱ་གར་དབྱིན་གཞུང་གིས་བོད་ཀྱི་ས་ཐོག་བརྒྱུད་བྷར་མ་དང་རྒྱ་ནག་ཏུ་དམག་མཁོའི་ཡོ་ཆས་དབོར་འདྲེན་ཆོག་པའི་མཆོག་མཆན་ཞུ་བར་བཅར་འདུག ཁོང་གཉིས་ཀྱིས་བོད་དུ་བསྐྱོད་པའི་སྐོར་བྲིས་ཡོད་མེད་གསལ་པོ་ཤེས་མ་སོང་།
བོད་ཀྱི་རྒྱལ་ས་ལྷ་སར་སླེབ་མཁན་ཨ་རི་བ་ཐེངས་ལྔ་པ་ནི། ལཱོ་ཝོ་( Lowell Thomas )དང་ལཱོ་ཝོ་ཇུ་ཎི་( Lowell Thomas Jr)ཕ་བུ་གཉིས་ཡིན། ཕྱི་ལོ་ ༡༩༥༡ ལོར་བོད་གཞུང་གིས་ལམ་ཡིག་སྤྲད་རྗེས་རྒྱལ་ས་ལྷ་སར་འབྱོར་བ་དང་། ཡོང་དགོས་དོན་ནི། གཙོ་བོ་བོད་ཀྱི་ཆབ་དཔལ་རིག་གསུམ་རྣམས་བརྙན་ཕབ་དང་པར་ལེན།གསར་འགྱུར་མཁོ་སྒྲུབ་ཆེད་བསླེབས་པ་དང་། ཕ་ཡིས་ཕྱི་ལོ་༡༩༥༡ ལོར་འཇིག་རྟེན་འདིའི་ཕྱི་རོལ། ཧི་མ་ལ་ཡ་ཕར་རྒྱབ་ཀྱི་བོད་( Out of this Word: Across the Himalayas to Tibet )ཅེས་པའི་དཔེ་དེབ་ཅིག་དང་། བུ་ཡིས་ཕྱི་ལོ་ ༡༩༥༠ ལོར་འཇིག་རྟེན་འདིའི་ཕྱི་རོལ་(Out of this World ) ཞེས་པའི་དཔེ་དེབ་གཅིག་དང་།ཕྱི་ལོ་༡༩༦༠ལོར་བོད་དུ་མི་མངོན་པའི་དམག་(The Silent War in Tibet)ཅེས་པའི་དཔེ་དེབ་དང་། ལྷན་དུ་ལྷ་སར་བསྐྱོད་པ་(Expedition to lhasa)ཞེས་པའི་དངོས་བྱུང་གློག་བརྙན་ཡང་བཟོས་འདུག ཨ་རི་བ་དེ་རྣམས་ནི་བོད་ཀྱི་རྒྱལ་ས་ལྷ་སར་སླེབ་མཁན་ཨ་རི་བ་ཡིན་ཞིང་མདོ་སྟོད་སྨད་དུ་སླེབ་མཁན་ཨ་རི་བ་གཞན་ཁ་ཤས་ཀྱང་ཡོད།

སྐབས་དོན་ནི། ཐིའུ་སི་བྷེ་ཎ་ཌ་(Theos Bernard )ནི་ཕྱི་ལོ་༡༩༠༨ལོར་ཨ་རིར་སྐྱེས་ཤིང་། ལོ་བཅོ་བརྒྱད་སྐབས་གློ་བུར་དུ་ནད་ཅིག་ཕོག དེས་རྐྱེན་བྱས་ཏེ་ཡོ་གའི་ལུས་སྦྱོང་ལ་དོ་སྣང་བསླེབས་པ་དང་། དངོས་སུ་དགེ་རྒན་བསྟེན་ནས་སྦྱངས། དེའི་རྗེས་ཡོ་གའི་ཐོག་ཞིབ་འཇུག་སློབ་མའི་ལག་འཁྱེར་བླངས་པ་དང་། དེའི་སྐབས་ཨ་རིའི་ནང་ཡོ་གའི་ལུས་སྦྱོང་གི་སྐོར་ཉམས་མྱོང་དང་ཤེས་ཡོན་ཅན་ཧ་ཅང་ཉུང་བས་ཡོ་གའི་སྐོར་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་མ་རག་པར་བརྟེན། རྒྱ་གར་དུ་ཡོ་གའི་སློབ་སྦྱོང་དང་མཛུབ་སྟོན་དགེ་རྒན་བཙལ་དུ་ཡོང་ནའང་། འདོད་བློ་ཁེངས་པའི་རྒྱ་གར་བའི་ཡོ་གའི་རྣལ་འབྱོར་བ་ཞིག་མ་རག་པ་དང་། དེ་དང་མཉམ་དུ་གཞན་གྱིས་ངོ་སྤྲོད་བྱས་པ་སོགས་བརྒྱུད་ནས་འབྲས་ལྗོངས་ལ་བཞུགས་པའི་ལ་ཆེན་རིན་པོ་ཆེའི་མདུན་དུ་བཅར་ནས་ཡོ་གའི་རྣལ་འབྱོར་གྱི་སྐོར་དྲི་བ་དྲིས་ལན་ཞུས་པར་ཡིད་ལ་འཐད་པོ་དང་བློ་སྐྱེད་ཆེན་པོ་བྱུང་བར་བརྟེན། མུ་མཐུད་ནས་ཡོ་གའི་སྐོར་སྦྱང་ཆེད་དུ་མཐར་ཕྱིན་བྷ་བྷུའི་མདུན་ནས་བོད་ཡིག་སྦྱང་འགོ་ཚུགས་པ་དང་། དེའི་སྐབས་དགེ་འདུན་ཆོས་འཕེལ། སོག་རིགས་དགེ་བཤེས་དབང་རྒྱལ་སོགས་བརྒྱུད་ནས་བོད་ཀྱི་གསང་སྔགས་ལ་དོ་སྣང་ཤུགས་ཆེར་བསླེབས། བོད་དུ་གསང་སྔགས་དང་ཁྱད་པར་རྩ་རླུང་ཐིག་ལེའི་གནད་ལ་ཉམས་ལེན་མྱོང་བ་ཅན་མང་པོ་ཡོད་པ་གོ་ཐོས་བྱུང་བས་བོད་དུ་འགྲོ་རྒྱུའི་བསམ་བློ་འཁོར་བ་དང་། ཨ་རིར་བོད་ཀྱི་གསང་སྔགས་ཀྱི་འཆད་ཉན་དར་སྤེལ་གཏོང་རྒྱུའི་བསམ་བློ་ཡང་འཁོར་འདུགའབྲས་ལྗོངས་སུ་ཟླ་བ་ལྔ་ཙམ་རིང་ནང་ཆོས་སློབ་གཉེར་དང་བོད་ཡིག་གང་ཐུབ་ཀྱིས་སྦྱངས། སྐབས་དེར་ཕྱི་རྒྱལ་བ་རྣམས་འབྲས་ལྗོངས་ནས་རྒྱལ་རྩེའི་བར་བསྐྱོད་པར་དེའི་ལམ་ཡིག་འབྲས་ལྗོངས་དབྱིན་ཇིའི་སྐུ་ཚབ་ལ་ཞུ་དགོས་པས། ཁོང་གིས་ཐབས་ཤེས་སྣ་ཚོགས་དང་ངོ་ཤེས་སོགས་བརྒྱུད་ནས་བདུན་ཕྲག་དྲུག་གི་ལམ་ཡིག་རག་རྗེས། ཕྱི་ལོ་༡༩༣༧ཟླ་༥ཚེས་༡༡ཉིན་ཀ་སྦུག་ནས་ཐོན་ཏེ་རྒྱལ་རྩེར་ཟླ་དེའི་ཚེས་༢༣ཉིན་འབྱོར།

རྒྱལ་རྩེར་ནང་ཆོས་སློབ་གཉེར་དང་གནས་སྐོར་བྱས་ཏེ་བདུན་ཕྲག་གཉིས་ཙམ་གྱི་རྗེས། བོད་ཀྱི་རྒྱལ་ཚབ་རྭ་སྒྲེང་རིན་པོར་དང་བཀའ་བློན་རྣམ་པ་བཞི་ཀར་བོད་ཀྱི་རྒྱལ་སར་གནས་སྐོར་ལ་ཡོང་ཆོག་པའི་ལམ་ཡིག་གནང་སྐྱོང་ཡོང་བའི་སྙན་ཞུ་དང་འཚམས་རྟགས་བསྐུར། དེའི་སྐབས་རྒྱལ་རྩེའི་རྫོང་དཔོན་གྱིས་རོགས་རམ་གཙོ་བོར་བྱས་འདུག དེ་ནས་ཉིན་ཤས་རྗེས། མཐར་ཕྱིན་བྷ་བྷུ་དངོས་སུ་ལྷ་སར་མངགས་ནས་ལམ་ཡིག་རག་ཐབས་ལ་འབད་མཐར་ཁོང་གི་བསམ་དོན་བཞིན། བོད་ཀྱི་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་སྐུ་ངོ་མས་ཁོང་ལ་བཀའ་ཤག་ནས་ལྷ་སའི་ལམ་ཡིག་གནང་ཡོད་སྐོར་གྱི་ཏར་འཕྲིན་ཞིག་བཏང་འདུག
Bernard of America ,Gyantse.
Recived Your Letter. Hope You Recived Wire From Kashag That Your Much Religionship May Visit Lhasa As Your Desire. Wire If You Need Dwelling Here ( Signed ) Regent[1]
ཨ་རི་བ་བྷི་ཎེ་ཌེ་ལ།
ཁྱེད་ཀྱི་ཡི་གེ་འབྱོར་བྱུང་། ཁྱེད་རང་ལ་རྒྱལ་ས་ལྷ་སར་གནས་བསྐོར་ཡོང་ཆོག་པའི་ཏར་འཕྲིན་བཀའ་ཤག་གིས་བཏང་བ་དེ་འབྱོར་ཡོད་རྒྱུ་རེད། འདིར་གནས་ཚང་དགོས་ན་ཏར་འཕྲིན་ཐོངས། ཞེས་རྒྱལ་ཚབ་རིན་པོ་ཆེས་བསྐུར་གནང་འདུག
དེ་ནས་ཉིན་ཤས་རྗེས་བོད་གཞུང་གིས་གནང་བའི་ལམ་ཡིག་དངོས་སུ་འབྱོར་བ་དང་། དེའི་ནང་དོན་ནི་འདི་ལྟར་ཏེ།
Bernard of America ,Gyantse.
Reciced Your Letter Which We Sent Up To The Regent And Prime Minister. As You Probably Know Tibet Being A Purely Religious Country There Is A Great Restriction On Foreigners Entering The Country But Understanding That You Have A Great Respect For Our Religion And Have Hopes Of Spreading The Religion In America On Your Return We Have Decided As A Special Case To Allow You To Come To Lhasa By The Main Road For A Three Weeks Visit. (Signed) Kashag [2]
ཨ་རི་བ་བྷི་ཎེ་ཌེ་( Bernerd )མཆོག
ཁྱེད་ཀྱི་སྙན་ཞུ་རྒྱལ་ཚབ་དང་སྲིད་བློན་ལ་ཕུལ་བ་ཡིན། མཁྱེན་གསལ་བཞིན། བོད་ནི་ཆོས་ལྡན་གྱི་རྒྱལ་ཁབ་དང་ཕྱི་རྒྱལ་བ་འགྲོ་སྐྱོད་ལ་ཧ་ཅང་བཀག་འགོག་ཆེ་ན་ཡང་། ཁྱེད་ནི་རྒྱལ་བསྟན་ལ་དད་གུས་ཆེ་བ་དང་མ་འོངས་པར་ཨ་རིར་རྒྱལ་བསྟན་དར་སྤེལ་གཏོང་རྒྱུའི་དམིགས་ཡུལ་བཟང་པོ་བཅངས་ཡོད་པའི་ཆ་རྐྱེན་གྱི་འོག་ནས་དམིགས་བསལ་གྱིས་ལྷ་སར་བདུན་གསུམ་གྱི་ལམ་ཡིག་སྤྲད་པ་ཡིན། ཞེས། བཀའ་ཤག་གི་དམ་ཕྲུག་བཅས།
བོད་གཞུང་གིས་གནང་བའི་ལམ་ཡིག་གི་འདྲ་བཤུས་སོགས་ལག་སོན་མ་བྱུང་།
རྒྱལ་རྩེ་ནས་ཟླ་༦ཚེས་༡༨ཉིན་ཐོན་ནས་ཟླ་༦ཚེས་༢༣ལ་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་བ་དང་། ཚ་རོང་ཚང་གི་གཟིམ་ཤག་ཏུ་བསྡད་པ་དང་ཚ་རོང་དགྲ་འདུལ་དང་གྲོགས་པོ་བཟང་པོར་གྱུར་འདུག ལྷ་སར་འབྱོར་བའི་ཕྱི་ཉིན་བོད་གཞུང་ནས་ཁོང་ལ་འཚམས་འདྲི་དང་འཚམས་རྟགས་འབུལ་མི་སྨོན་གྲོང་མཁྱེན་རབ་གཏོང་གནང་མཛད།

དེ་ནས་ཉིན་ཤས་རྗེས། རྒྱལ་ཚབ་རིན་པོ་ཆེར་མཇལ་བཅར་ཞུས་ནས་གསུང་གླེང་ལྷུག་པོར་གནང་བའི་གྲས་ནས། ཐིའུ་སི་ཡིས་ཨ་རིར་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་རྒྱུའི་འཆར་གཞིའི་སྐོར་ཞུས་པས། རྒྱལ་ཚབ་རིན་པོ་ཆེས་རོགས་སྐྱོར་གང་ཐུབ་ཀྱིས་གནང་རྒྱུ་ཡིན་སྐོར་དང་། བཀའ་བསྟན་སོགས་ཀྱིས་མཚོན་དཔེ་ཆ་གང་དགོས་ཐོ་ཡིག་ཁྱེར་ཤོག ཅེས་སོགས་གསུངས་འདུག
དེ་ནས་བཀའ་བློན་རྣམ་པ་བཞི་ཀར་མཇལ་བཅར་ཞུས་པ་དང་། གླིང་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་དང་སྐབས་དེའི་དགའ་ལྡན་ཁྲི་རིན་པོ་ཆེའི་མདུན་ནས་དབང་ལུང་སོགས་ཞུས་འདུག ལྷ་སའི་ལམ་ཡིག་ཕར་འགྱངས་ཡོང་བའི་རེ་སྐུལ་ཞུས་པ་ལྟར་ཟླ་གཉིས་བགྱངས་པའི་རིང་ཚ་རོང་དགྲ་འདུལ་གྱིས་མཚམས་སྦྱོར་བྱས་པའི་རྙིང་མའི་བླ་མ་ཞིག་གི་མདུན་ནས་བོད་ཀྱི་བརྡ་སྤྲོད་དང་གསང་སྔགས་གང་ཐུབ་ཀྱིས་སྦྱངས།
ཁོང་གིས་སེ་འབྲས་དགེ་གསུམ་དང་། ལྷ་ལྡན་གཙུག་ལག་ཁང་། རྭ་མོ་ཆེའི་གཙུག་ལག་ཁང་། རྩེ་རྣམ་རྒྱལ་གྲྭ་ཚང་། གནས་ཆུང་གྲྭ་ཚང་སོགས་ལ་མང་ཇ་དང་སྐུ་ཡོན་གྱི་སྦྱིན་བདག་བྱས་པ་རེད། ཅེས་བཤད་སྲོལ་ཡོད་པ་དང་།[3] སེ་འབྲས་དགེ་གསུམ་སོགས་ཀྱིས་ཁོང་བོད་དུ་ནང་ཆོས་སློབ་གཉེར་དང་། ཨ་རིར་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་རྒྱུའི་དམིགས་ཡུལ་བཟང་པོ་ཡོད་པས་ཁོང་ལ་དགའ་བསུའི་སྣེ་ལེན་གྱི་ཚུལ་དུ་དགོན་པ་སོ་སོས་མགྲོན་འབོད་ཀྱིས་ཚོགས་སོགས་འཚོགས་སྐོར་ཡང་བཤད་འདུག[4]

སྐུ་ཞབས་ཐིའུ་སི་རང་ཉིད་ཀྱིས་བྲིས་པའི་ལྷའི་གཞལ་ཡས་ཁང་( Penthouse of The Gods )ཞེས་པའི་དཔེ་དེབ་ཏུ། སེ་འབྲས་དགེ་གསུམ་ལ་མཇལ་སྐོར་ཕྱིན་པ་ཙམ་ལས་བྲིས་མི་འདུག་ཀྱང་རྒྱལ་རྩེ་དཔལ་འཁོར་དགོན་གྱིས་ཁོང་ལ་དགའ་བསུའི་སྣེ་ལེན་གྱི་ཚུལ་དུ་དགོན་པའི་ཞོགས་ཚོགས་སུ་མགྲོན་འབོད་དང་ཁོང་གི་ཆེད་དུ་མར་མེ་སྟོང་མཆོད་ཕུལ་སྐོར་བྲིས་འདུག[5]
རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེར་མཇལ་བཅར་ཐེངས་གཉིས་པའི་སྐབས་ཨ་རིར་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་རྒྱུའི་སྐོར་ནས་བཀའ་མོལ་ལྷུག་པོ་གནང་བ་དང་། རྒྱལ་ཚབ་རིན་པོ་ཆེས་དེ་ལྟར་ཡོང་བའི་ལམ་ལྷོང་དང་རྟེན་འབྲེལ་གྱི་ཆེད་མདོ་སྡེ་བསྐལ་བཟང་སོགས་གནང་། ཟླ་༩ཚེས་༡༥ཉིན་མཇལ་བཅར་ཐེངས་གསུམ་པ་སྟེ་རྒྱལ་ཚབ་རིན་པོ་ཆེར་འཐོན་མཇལ་ཞུས་པ་དང་། དེའི་སྐབས་ལྷན་དུ་སྐུ་པར་བསྒྲོན་པ་དང་བྱིན་རྟེན་རྩ་ཆེན་འགའ་གནང་། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་མཆོག་ནས། ཨ་རིར་བོད་བརྒྱུད་ནང་བསྟན་ཡང་དག་པ་ཞིག་དར་སྤེལ་ཐུབ་ཆེད་ཁོང་ཨ་རིར་ཡོང་དགོས་ཀྱང་ཡོང་ཆོག ཅེས་སོགས་ཕན་ཚུན་བཀའ་མོལ་ཆུ་ཚོད་གཉིས་ཙམ་རིང་གནང་བར་མ་ཟད། གང་མགྱོགས་ཚུར་བོད་དུ་ཤོག ཅེས་ཀྱང་གསུངས་འདུག

དེའི་སྐབས་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས། ཨ་རིར་གསར་དུ་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་བར་སྐུ་ཞབས་ཐིའུ་སི་གཅིག་པུའི་ནུས་པས་འདང་ཐབས་མེད་པར་བརྟེན་ཨ་རིའི་གཞུང་ངོས་ནས་ཁོང་ལ་མཐུན་འགྱུར་དང་རོགས་རམ་ཐོབ་ཆེད་དང་། གཞན་ཕུགས་རྒྱང་རིང་པོར་དགོངས་ནས་བོད་དང་ཨ་རིའི་བར་འབྲེལ་བ་གསར་འཛུགས་བྱ་རྒྱུར་གལ་ཆེར་གཟིགས་ནས། རྒྱལ་ཚབ་རིན་པོ་ཆེས་ཨ་རིའི་སྲིད་འཛིན་རོ་ཟེ་ཝེལ་(Franklin D. Roosevelt)ལ་དོན་ཚན་ཆེན་པོ་གཉིས་ཅན་གྱི་འཚམས་ཞུའི་ཕྱག་ཡིག་ཅིག་ཐིའུ་སིའི་ལག་ཏུ་བཏང་གནང་མཛད། དེ་བཞིན་སྒྲོལ་མ་ཕོ་བྲང་གི་ས་སྐྱ་ཁྲི་འཛིན་མཆོག་གིས་ཀྱང་ཨ་རིའི་སྲིད་འཛིན་ལ་ཐིའུ་སི་ཡིས་ཨ་རིར་བོད་བརྒྱུད་ནང་བསྟན་དར་སྤེལ་དང་དགོན་པ་ཞིག་རྒྱག་རྒྱུར་རོགས་རམ་གནང་སྐྱོང་ཡོང་བའི་ཕྱག་ཡིག་ཀྱང་བཏང་འདུག

རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་བཏང་གནང་བའི་འཚམས་ཞུའི་ཕྱག་ཡིག་དེ་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབང་ཆ་མཐོ་ཤོས་ཡོད་མཁན་ཞིག་གིས་ཨ་རིའི་སྲིད་འཛིན་ལ་བསྐུར་བ་ཐེངས་གཉིས་པ་དང་། དེ་ནི་བོད་ཀྱི་ཆབ་སྲིད་ཀྱི་གནས་བབས་ཁྲོད་ཧ་ཅང་གལ་ཆེན་དང་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཏུ་བརྩི་རུང་། བོད་ཀྱི་ལོ་རྒྱུས་ཐོག་ཨ་རིའི་སྲིད་འཛིན་ལ་ཐེངས་དང་པོར་བསྐུར་བའི་ཕྱག་ཡིག་ནི། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཕྱི་ལོ་༡༩༣༢ལོར་ཀཱ་ཀྲིན་( Suydam Cutting )བརྒྱུད་ནས་ཨ་རིའི་སྲིད་འཛིན་སོ་གཅིག་པ་ཧཱོལ་ཝར་( Herbert Hoover)ལ་གཏོང་གནང་མཛད་འདུག[6]

ཕྱི་ལོ་༡༩༣༧ཟླ་༡༢འགོ་སྟོད་དུ་ཐིའུ་སི་ཕྱིར་ཨ་རིར་འབྱོར་བ་དང་། ནང་མི་སོགས་ལ་ཐུག་འཕྲད་ཚར་རྗེས་ཕྱི་ལོ་༡༩༣༨ཟླ་༡པོའི་ནང་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་ས་སྐྱ་༧གོང་མས་བཏང་གནང་བའི་ཕྱག་ཡིག་དེ་གཉིས་ཨ་རིའི་སྲིད་འཛིན་ལ་དངོས་སུ་འབུལ་ཐབས་བྱས་ཤིང་། དེའི་ཆེད་དུ་ཐོག་མར་ཕོ་བྲང་དཀར་པོར་སྙན་ཞུ་འདི་འདྲ་ཞིག་ཕུལ་འདུག
བཀུར་འོས་སྲིད་འཛིན་མཆོག་ལ།
ཕྲན་བོད་དུ་ལྟ་སྐོར་དང་ནང་ཆོས་སློབ་གཉེར་བྱས་ནས་ཚུར་ཨ་རིར་འཁོར་ཙམ་ཡིན། ལྷ་སར་ཚ་རོང་ཞབས་པད་ཀྱི་གཟིམ་ཤག་ཏུ་ཟླ་ཤས་རིང་བསྡད་ཆོག་པའི་ཆོག་མཆན་གནང་བར་མ་ཟད། བོད་ཀྱི་རྒྱལ་ཚབ་ཀྱང་མཇལ་རྒྱུའི་སྐལ་བཟང་བྱུང་། ཁོང་གིས་ཕྲན་ལ་འཚམས་ཞུའི་ཕྱག་ཡིག་ཅིག་ཁྱོད་ལ་དངོས་སུ་འབུལ་རྒྱུར་བཀའ་མངགས་གནང་བྱུང་།
ཕྱག་ཡིག་འདི་དངོས་སུ་འབུལ་བའི་གོ་སྐབས་གནང་སྐྱོང་བརྩེ་གཟིགས་ཡོད་པར་ཞུ། ཕྲན་གྱིས་བོད་ནས་ཁྱེད་ལ་འཚམས་རྟགས་སུ་ཁྱེར་ཡོང་བའི་བོད་དུ་བརྒྱབ་པའི་ཚོན་ཁྲ་ཅན་གྱི་གློག་བརྙན་དེ། ཁྱེད་ཀྱིས་ཕོ་བྲང་དཀར་པོའི་ནང་ནས་སྤྲོ་སྣང་ལྡན་པའི་སྒོ་ནས་གཟིགས་གནང་ཡོད་པར་མཁྱེན། ཐེངས་དང་པོར་ཁྱེད་ཀྱིས་གཟིགས་ཐུབ་ན་ཕྲན་ཧ་ཅང་དགའ་མོས་ཡོང་བ་འདུག
ཅེས་ཐིའུ་སི་བྷི་ཎེཌ་ནས། ཞེས་ཕུལ་འདུག
Dear Mr. President,
I have recently returned from an extended visit in Tibet where as a student of Tibetan religious and social life, I was permitted to live for several months in the Lhasa home of Kasha member Tsarong-Shape, and was honored by audiences with the King-Regent of Tibet who has commissioned me personally to deliver to you a letter of friendly greeting.
I should appreciate the opportunity of discharging this honored obligation. Should you be interested in seeing at the White House unique motion pictures in color of the land from which I bring you greetings. I should further be Happy to have you the first to see there Pictures.
Most respectfuly yours. Theos C. Bernard
སྲིད་འཛིན་ལས་ཁུངས་ནས་ལན་འབྱོར་དོན་དུ། སྲིད་འཛིན་གྱིས་དངོས་སུ་བཞེས་མི་ཐུབ་པས་དྲུང་ཡིག་བརྒྱུད་ནས་འབུལ་རོགས། ཞེས་ལན་འབྱོར་ཡང་། སྐུ་ཞབས་ཐིའུ་སི་ཡིས་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་བཀའ་མངགས་ལྟར་སྲིད་འཛིན་གྱི་ཕྱག་ཏུ་འབུལ་དགོས། ཞེས་དྲུང་ཡིག་གི་ལག་ཏུ་བཞག་མི་འདུག དེ་ལྟར་བྱས་ནས་དུས་ད་ལྟའི་བར་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ཕྱག་ཡིག་དེ་འབུལ་མ་ཐུབ་པར་གར་སོང་ཆ་མེད་ལྟ་བུར་ལྷག་འདུག[7]
སྐབས་དེར་སྲིད་འཛིན་ལ་ཇི་ལྟར་འབུལ་མ་ཐུབ་པའི་སྐོར་ལ་བཤད་ཚུལ་གསུམ་ཙམ་ཡོད་དེ།
སྐུ་ཞབས་པུལ་ཇི་ཧཱེཀྲི་( Paul G Hackett )[8] ཡིས། ཕྱིས་སུ་ཕྱི་འབྲེལ་ལས་ཁུངས་སུ་ཡོད་པའི་ཐིའུ་སིའི་ངོ་ཤེས་སོགས་བརྒྱུད་ནས། ཕྱི་ལོ་༡༩༣༨ལོའི་ཟླ༣ཚེས་༣༡ཉིན་སྲིད་འཛིན་ལ་ཐུག་འཕྲད་ཀྱི་དུས་ཚོད་གཏན་ཁེལ་བཟོ་ཐུབ་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ཟླ་༣ཚེས་༡༢ཉིན་འཇར་མན་( German )གྱིས་ཨོ་སི་ཀྲོ་ཡའི་( Austria )ས་མཚམས་བརྒལ་ནས་ཡོ་རོབ་ནང་བཙན་འཛུལ་ཤུགས་ཇེ་ཆེར་བཏང་བས། དེའི་སྐབས་སྲིད་འཛིན་དཔྱིད་ཀའི་གུང་གསེང་གཏོང་བཞིན་ཡོད་ཀྱང་། གློ་བུར་དུ་གུང་གསེང་མཚམས་འཇོག་དང་མི་སྣ་ཐུག་འཕྲད་ཀྱི་མཛད་འཆར་ཚང་མ་རྩིས་མེད་ཀྱིས། འཇར་མན་ལ་དམག་འཐབ་བྱ་རྒྱུའི་ཚོགས་འདུ་སོགས་མཛད་བྲེལ་ཆེ་བར་བརྟེན་འཚམས་ཞུའི་ཕྱག་ཡིག་སྲིད་འཛིན་ལ་འབུལ་མ་ཐུབ་པར་ལྷག་སྐོར་ལས། ཕྱིས་སུ་ཅི་ཞིག་བྱས་ཡོད་མེད་དང་ཅི་ཞིག་བྱུང་ཡོད་མེད་ཀྱི་སྐོར་ཁོང་གིས་གསལ་པོར་བྲིས་མི་འདུག
སྐུ་ཞབས་ཌོག་ལཱ་སཱ་( Douglas Veenhof )[9] ཡིས། སྐུ་ཞབས་ཐིའུ་སི་ཡིས་སྲིད་འཛིན་ལ་འཚམས་ཞུའི་ཕྱག་ཡིག་འབུལ་ཐབས་ཐེངས་མང་བྱས་ཀྱང་། སྲིད་འཛིན་ལ་དངོས་སུ་འབུལ་མ་ཐུབ་པའི་རྒྱུ་མཚན་གཉིས་བཀོད་འདུག
རྒྱུ་མཚན་དང་པོ། དེའི་སྐབས་གོ་མིན་ཏང་གིས་ཉི་ཧོང་དང་གུང་ཁྲན་ཏང་ལའང་དམག་འཁྲུག་རྒྱག་བཞིན་ཡོད་པས། ཉི་ཧོང་དང་གུང་ཁྲན་ཏང་གཉིས་ཀ་ཨ་རིའི་དགྲར་ཆགས་ཡོད་པ་དང་། གོ་མིན་ཏང་གིས་ཨ་རིའི་གཞུང་ལ་ཁོང་ཚོར་ཁྲིམས་ཐོག་ནས་བོད་ཀྱི་བདག་དབང་ཡོད་ཚུལ་དང་། བསྐྱར་གསོ་བྱེད་བཞིན་ཡོད་སྐོར་བཤད་པས་གོ་མིན་ཏང་ལ་དོ་ཕོག་མི་འགྲོ་བའི་ཆེད་དང་ལེན་མ་བྱས་པ་ཡིན་སྐོར་བཤད་འདུག
རྒྱུ་མཚན་གཉིས་པ། ཐིའུ་སི་ལྷ་སར་ཡོད་སྐབས་ཨ་རི་བ་ཀཱ་ཌིན་( Suydam Cutting )ཡང་ལྷ་སར་འབྱོད་ཡོད་པ་དང་། ཁོང་ནི་སྲིད་འཛིན་གྱི་གྲོགས་པོ་རྙིང་པ་ཞིག་དང་། ཁོང་གི་ཆུང་མ་སྲིད་འཛིན་གྱི་གཉེན་ཉེ་ཡང་ཡིན་པས། ཁོང་དང་ཐུག་འཕྲད་མ་བྱས་པའི་གོང་དུ་ཐིའུ་སི་དང་ཐུག་འཕྲད་བྱས་ན། ཀཱ་ཌིན་ཁོང་བོད་དུ་ཕྱིན་པའི་གནས་ཚུལ་ལ་ཨ་རི་དང་རྒྱལ་ཁབ་གཞན་དག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་དོ་སྣང་ཡོང་བར་འགོག་རྐྱེན་བཟོས་ཡོང་སྙམ་པ་ཡིན་སྲིད། ཅེས་འགྲེལ་བརྗོད་བྱས་པ་ལས། ད་ཆ་འཚམས་ཞུའི་ཕྱག་ཡིག་དེ་གང་དུ་ཡོད་མེད་ཀྱི་སྐོར་གང་ཡང་འགྲེལ་བརྗོད་བྱས་མི་འདུག
ཐིའུ་སི་ཡིས་བྲིས་པའི་ལྷའི་གཞལ་ཡས་ཁང་དུ། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ཨ་རིའི་སྲིད་འཛིན་ལ་འཚམས་ཞུའི་ཕྱག་ཡིག་བཏང་ཡོད་མེད་ཀྱི་སྐོར་གསལ་ཁ་གང་ཡང་མི་འདུག གོང་གི་དཔེ་དེབ་གཉིས་ཀའི་ནང་དུ་ཕྱག་ཡིག་དེ་དབྱིན་ཡིག་ཏུ་གཤམ་གསལ་ལྟར་བཀོད་འདུག་པ་ལས། དེའི་ཞིབ་ཕྲའི་གནས་ཚུལ་དང་ད་ཆ་གང་ཞིག་ཏུ་ཡོད་མེད། དེའི་འདྲ་བཤུས་སོགས་གང་ཡང་བཀོད་མི་འདུག
To His Excellency the great Mr.Roosevelt, President of America, White House, Washington.
The bearer of this letter, a citizen of your country (Kingdom) , Mr.Theos Bernard, has great faith in the Buddist Religion, and is posessed of great wisdom, mild, and a good discipline.
Especially has he the greatest desire to cement the friendship between Tibet and America.It is of importance that all of you who are concerned, should have a high regard for this matter, and render such assistance as lies in your power, in order that Buddha,s doctrince may prosper exceedingly in all directions.
This letter is sent by the Regent of Tibet, the Hu-thuk-thu of Radreng Monastery, from the Happy Grove of the All-Good Beautiful Palace of the Shi de Gan-Den Sam-Ten-Ling, on the Auspicious Date, the tenth day of the eighth month of the Fire-Bull year.

འཚམས་ཞུའི་ཕྱག་ཡིག་དེ་ཉིད་ཕྲན་གྱིས་བོད་བསྒྱུར་བྱས་པར།
དཔལ་ལྡན་ཨ་རིའི་སྲིད་འཛིན་སྐུ་ཞབས་རོ་ཟེ་ཝེལ་( Roosevelt)མཆོག་ལ།
ཞུ་དོན། ཁྱེད་ཀྱི་རྒྱལ་ཁབ་ཀྱི་ཆབ་འབངས་སྐུ་ཞབས་ཐིའུ་སི་བྷི་ཎེ་ཌེ་ནི་ནང་ཆོས་ལ་དད་པ་ཆེ་ཞིང་། ཞི་དུལ་བག་ཡོད་ལྡན་པའི་ཁར་རྣམ་དཔྱོད་ཅན་ཞིག་རེད་འདུག ཁོང་ལ་བོད་དང་ཨ་རི་གཉིས་ཕན་ཚུན་མཛའ་མཐུན་བཟོ་རྒྱུར་འདོད་པ་ཆེན་པོ་ཡོད་པ་དང་། བོད་དང་ཨ་རིའི་བར་མཛའ་མཐུན་ཆགས་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པར་སོང་། འབྲེལ་ཡོད་རྣམ་པས་དགོངས་པ་ཆེ་བཞེས་དང་། ཁོང་གིས་རྒྱལ་བསྟན་རིན་པོ་ཆེ་ཨ་རིར་དར་སྤེལ་གཏོང་བར་ཕྱོགས་ཡོངས་ནས་མཐུན་རྐྱེན་རྒྱ་གང་ཆེ་བརྩེ་གཟིགས་ཡོད་པར་ཞུ།
ཞེས་བོད་ཀྱི་རྒྱལ་ཚབ་ཧོ་ཐོག་ཐུ་ནས་རབ་གནས་མེ་གླང་ལོའི་བོད་ཟླ་༨ཚེས་༡༠ལ་བཞི་སྡེ་དགའ་ལྡན་བསམ་གཏན་གླིང་གི་གཟིམ་ཆུང་ནས།

འཚམས་ཞུའི་ཕྱག་ཡིག་དེ་ཉིད་བོད་ཀྱི་ལོ་རྒྱུས་ཁྲོད་རིན་ཐང་ལྡན་པའི་ཕྱག་ཡིག་ཅིག་དང་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཡིན་པས། དཔེ་དེབ་དེ་དག་ཏུ་དེའི་ནང་དོན་བཀོད་པ་ཙམ་གྱིས་ང་ཚོའི་བློ་ཡིད་ཚིམ་ཐབས་བྲལ་བས། དེང་དུས་ཀྱི་ཞིབ་འཇུག་བྱེད་སྟངས་དང་མཐུན་པར་འཚམས་ཞུའི་ཕྱག་ཡིག་ངོ་མ་དང་། དེ་སྲིད་འཛིན་གྱི་ཕྱག་ཏུ་མ་འབྱོར་བའི་རྒྱུ་རྐྱེན། ད་ལྟ་གང་དུ་ཡོད་མེད་་སོགས་ཀྱི་སྐོར་ས་གནས་ས་ཐོག་ཏུ་ཕྱིན་ནས་ཞིབ་འཇུག་བྱེད་འདོད་ཧ་ཅང་ཆེ་བས། ཨ་རིར་འགྲོ་རྒྱུར་འབད་བརྩོན་བྱས་ཀྱང་ལེགས་འགྲུབ་མ་བྱུང་།
ཡིན་ན་ཡང་། ཕྱིས་སུ་རྩོམ་པ་པོ་པུལ་ཇི་ཧཱེཀྲི་( Paul G. Hackett )ལ་ཡིག་འབྲེལ་བྱས་པ་བརྒྱུད་ཁོང་གིས་གུ་ཡངས་ཀྱི་བསམ་ཤེས་ལས་འཚམས་ཞུའི་ཕྱག་ཡིག་གི་འདྲ་བཤུས་ཤིག་གནང་བྱུང་བས། ཆེས་མ་མཐའ་ཡང་ཕྱག་ཡིག་དེ་ཇི་ལྟར་བྱས་ནས་བྲིས་ཡོད་མེད་ང་ཚོས་ཤེས་ཐུབ་པར་གྱུར།
ཡང་། ཕྱིས་སུ་ཁོང་དང་ཡིག་འབྲེལ་གསུམ་པ་དང་བཞི་པའི་ནང་། འཚམས་ཞུའི་ཕྱག་ཡིག་དེའི་གལ་གནད་ཆེ་ཆུང་དང་འབྲེལ་ནས། ད་ཆ་གཞུང་སྒེར་སུ་ཞིག་གི་ལག་ཏུ་ཡོད་མེད་དང་། ཕྱག་ཡིག་ངོ་མའི་འདྲ་བཤུས་ཚོན་ཁྲ་ཅན་ཞིག ས་སྐྱ་༸གོང་མས་བསྐུར་བའི་ཕྱག་ཡིག་དེའི་འདྲ་བཤུས་ཤིག་བཅས་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཀྱང་། དེའི་ཡིག་ལན་གང་ཡང་མ་འབྱོར་བས་བྱ་ཐབས་བྲལ།
ཡིན་ན་ཡང་། བོད་ཀྱི་ལོ་རྒྱུས་ཁྲོད་ཆོས་སྲིད་གཉིས་ཀའི་ངོས་ནས་གལ་ཆེར་བརྩི་རུང་བའི་འཚམས་ཞུའི་ཕྱག་ཡིག་དེའི་འདྲ་བཤུས་ཐོབ་པས། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ཨ་རིའི་སྲིད་འཛིན་ལ་འཚམས་ཞུའི་ཕྱག་ཡིག་ཅིག་གཏོང་གནང་མཛད་ཡོད་པ་ནི་དངོས་འབྲེལ་གྱི་བདེན་པའི་ལོ་རྒྱུས་ཤིག་ཡིན་པ་གཏན་ཁེལ་བྱེད་ཐུབ་པ་དང་། འཚམས་ཞུའི་ཕྱག་ཡིག་དེའི་བཟོ་དབྱིབས་དང་ནང་དོན་སོགས་ཀྱང་ངག་རྒྱུན་ཙམ་མ་ཡིན་པར་ཀུན་གྱིས་མཐོང་རྒྱུ་ཡོད་པར་གྱུར་པ་ནི་དགའ་འོས་པའི་གྲུབ་འབྲས་ཤིག་ཡིན།
འཚམས་ཞུའི་ཕྱག་ཡིག་དེ་བོད་ཤོག་སྟེང་དུ་བོད་དབྱིན་ཤན་སྦྱར་གཡས་གཡོན་བྱས་ནས་བྲིས་ཡོད་པ་དང་། སོ་སོའི་མཇུག་ཏུ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་གཞུང་འབྲེལ་གྱི་དམ་ཕྲུག བོད་ཡིག་གི་ཕྱག་ཡིག་སྟེང་དུ་བོད་ཀྱི་ཟླ་ཚེས། དབྱིན་ཡིག་གི་འཚམས་ཞུའི་སྟེང་དུ་ལོ་དང་ཟླ་བ་བཀོད་པ་ལས་ཚེས་གྲངས་བཀོད་མི་འདུག ཡིན་ན་ཡང་། བོད་ཟླ་ ༨ ཚེས་ ༡༠ ནི་སྤྱི་ཟླ་ ༩ ཚེས་ ༡༥ ལ་ཁེལ་འདུག་པས་ཕྱག་ཡིག་དེ་ཕྱི་ལོ་༡༩༣༧ཟླ་༩ཚེས་༡༥ཉིན་བྲིས་འདུག
དེའི་བཟོ་དབྱིབས་ནི། ཤོག་བུའི་སྲིད་ལ་ཁྲུ་བཞི་དང་ཕྱེད། ཞེང་ལ་ཁྲུ་གཉིས་དང་ཕྱེད། ཤོག་བུའི་ལྟེབ་རྩེག་རྒྱག་སྟངས་ནི་གཤམ་ནས་ཡར་ལྟེབ་རྩེག་གྲངས་ཐེངས་ཞེ་གསུམ་དང་། འཕྲེད་ལ་ཕྱེད་ལྟེབ་བརྒྱབ་སྐོར་གསལ་བས[8] དེ་ནི་ཆེས་མཐོ་བའི་དཔོན་རིགས་ལ་འབུལ་སྲོལ་དང་ཤོག་བུའི་ཞེང་ཚད་སོགས་ལ་བལྟས་ན་ཆེ་མཐོང་ཆེན་པོའི་སྒོ་ནས་གཏོང་གནང་མཛད་འདུག
ཡང་། དབྱིན་ཡིག་ཏུ་བྲིས་པའི་ཕྱག་ཡིག་ངོ་མའི་འབྲུ་དོན་ནི།སྐུ་ཞབས་ཐིའུ་སིའི་མི་ཚེའི་ལོ་རྒྱུས་དཔེ་དེབ་དེ་གཉིས་ཀའི་ནང་བཀོད་པ་དང་ཁྱད་པར་མེད་ཀྱང་། བོད་ཡིག་གི་འཚམས་ཞུའི་ཕྱག་ཡིག་གི་ནང་དོན་ནི་དབྱིན་ཡིག་གི་འཚམས་ཞུའི་ཕྱག་ཡིག་ལས་ཅུང་བསྡུས་པ་འདུག
བོད་ཡིག་འཚམས་ཞུའི་ཕྱག་ཡིག་གི་ཡིག་གཟུགས་དབུ་ཅན་དུ་བསྒྱུར་ན།
༄༅།། ཨ་མི་རི་ཀའི་སྤྱི་ཁྱབ་རོ་ཟེ་ཝེལ་ཌེ་ཆེན་པོ། ཧེ་ཌེ། ཧའུ་སེ། བྱ་ཤིང་ཀྲན། ཌི། སི་ཡུ། ཨི་སི། ཨེ་མཆོག་ལ།
དེ་གའི་རྒྱལ་ཁབ་ཀྱི་མི་རིགས། ཐིའུ་སི། སྦར་ནེ་ཌེ་འདི་པ་ནང་པའི་ཆོས་ལ་དད་ཞེན་ཆེ་བ། ཤེས་རྒྱུད་ཞི་ཞིང་དུལ་བ། ཁྱད་པར་བོད་ལྗོངས་དང་ཨ་མི་རི་ཀའི་བར་ལ་མཐུན་ལམ་གྱི་ལྷག་བསམ་མི་དམན་པ་ཡོད་འདུག་ན། ཁྱོད་རང་ཚང་མས་རྒྱལ་བའི་བསྟན་པ་ཕྱོགས་བཅུར་དར་རྒྱས་འབྱུང་ཆེད་ཡིས་ཡིད་འཇོག་རོག་རོགས་ཕན་གང་ཟབ་དགོས་རྒྱུར། བཞི་སྡེ་དགའ་ལྡན་བསམ་གཏན་གླིང་གི་གཟིམ་ཆུང་ཀུན་བཟང་བདེ་ལྡན་དགའ་ཚལ་ནས། ཕྱག་ན་པདྨོའི་རྒྱལ་ཚབ་སྲིད་སྐྱོང་རྭ་སྒྲེང་ཧོ་ཐོག་ཐུ་ནས།
མེ་གླང་། བོད་ཟླ་༨ཚེས་༡༠བཟང་པོ་ལ། ཞེས་འབྱུང་།
དེས་ན། འཕྲིན་ཡིག་དེའི་ནང་དོན་གཙོ་བོ་གཉིས་ཏེ། དང་པོ། སྲིད་འཛིན་རོ་ཟེ་ཝེལ་( Roosevelt)ལ་སྐུ་ཞབས་ཐིའུ་སི་ཡིས་ཨ་རིར་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་བར་རྒྱབ་སྐྱོར་དང་མཐུན་རྐྱེན་གྱི་རེ་སྐུལ་གནང་ཡོད་པ་དང་། གཉིས་པ། བོད་དང་ཨ་རིའི་བར་འབྲེལ་བ་གསར་འཛུགས་བྱ་རྒྱུ་གལ་གནད་ཆེ་སྐོར་དང་། དེ་ལྟར་འབྲེལ་བ་འཛུགས་ཐུབ་རྒྱུར་འབྲེལ་ཡོད་རྣམ་པས་དགོངས་བཞེས་ཡོང་བའི་དགོངས་ཚུལ་ནན་མོ་གསུངས་འདུག དེ་དང་ཆབས་ཅིག་ཕྱག་ཡིག་གི་ཚིག་འགྲོས་དང་རྣམ་པའམ་ཉམས་འགྱུར་སོགས་ལ་བལྟས་ན་ཕན་ཚུན་འདྲ་མཉམ་ཡིན་པའི་རྣམ་པའི་ཐོག་ནས་གཏོང་གནང་མཛད་འདུག
ཕྱི་ལོ་ ༡༩༤༡ ལོར་ཐིའུ་སི་ཡིས་ཨ་རིར་ས་ཆ་རྒྱ་ཁྱོན་ཆེན་པོ་ཅན་གཉིས་ཉོས་ནས། ས་ཆ་གཅིག་གི་མིང་ལ། བོད་ཡུལ་ཞེས་བཏགས་རྗེས། དེའི་ཐོག་ཏུ་བོད་ཀྱི་རྩོམ་རིག་སློབ་གཉེར་ཁང་དང་། སྒྲ་བསྒྱུར་སྡེ་ཚན། དཔེ་མཛོད་ཁང་། འགྲེམས་སྟོན་ཁང་སོགས་རྒྱག་རྒྱུའི་འཆར་གཞི་བཏིངས་ནས་ངོ་སྤྲོད་དེབ་ཆུང་དང་། མང་ཚོགས་ལ་དེའི་སྐོར་གཏམ་བཤད་སོགས་བྱས་ཀྱང་། ལོ་རྒྱུས་རང་བཞིན་ལྡན་པའི་འཚམས་ཞུའི་ཕྱག་ཡིག་དེ་ཨ་རིའི་སྲིད་འཛིན་གྱི་ཕྱག་ཏུ་འབུལ་མ་ཐུབ་པར་བརྟེན། ཨ་རིའི་གཞུང་ངོས་ནས་རྒྱབ་སྐྱོར་གང་ཡང་མ་ཐོབ་པས་ཕྱིས་སུ་ལས་གཞི་རྣམས་མཇུག་སྐྱོང་བྱེད་ཐུབ་མི་འདུག
དེ་བཞིན་དུ། བོད་དང་ཨ་རིའི་བར་ལའང་གཞུང་འབྲེལ་གྱི་འབྲེལ་བ་གང་ཡང་འཛུགས་ཐུབ་མི་འདུག དེ་ལྟར་འབྲེལ་བ་འཛུགས་མ་ཐུབ་པ་ནི་བོད་དང་བོད་མིར་མཚོན་ན་ལོ་རྒྱུས་ཀྱི་ཐོག་ནས་གྱོང་གུན་ཆེན་པོ་ཞིག་རག་ཡོད་པ་ནི་སྨོས་མེད་རེད། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་འཚམས་ཞུའི་ཕྱག་ཡིག་དེ་བསྐུར་ནས་ད་ལྟའི་བར་ལོ་ངོ་གྱ་བདུན་ལྷག་འགྲོ་བཞིན་ཡོད་ཀྱང་། དུས་ད་ལྟའང་ས་འོག་གི་གཏེར་ལྟར་གྱུར་ནས་ལྷག་ཡོད་པ་ནི་རང་གི་རིགས་ལ་ཞེན་པ་དཀར་པོ་ཡོད་མཁན་ཀུན་ཧ་ཅང་སྐྱོ་དགོས་པའི་དོན་གནད་དང་། ཅུང་བསམ་ཤེས་པ་ཞིག་ཡིན་ཕྱིན་དེ་མུར་འཇོག་ཐབས་མེད་པ་ལྟ་བུ་རེད་སྙམ།
དེར་བརྟེན། འབྲེལ་ཡོད་དང་། ཞིབ་འཇུག་པ་རྣམ་པ། སེམས་ཤུགས་ཅན་ཚང་མས་མཉམ་རུབ་ཀྱིས་ཐོག་མར་འཚམས་ཞུའི་ཕྱག་ཡིག་དེ་ཉིད་གང་དུ་ཡོད་མེད་རྩད་གཅོད་དང་། བར་དུ་ཚུལ་མཐུན་ཐབས་མཁས་ཀྱིས་རག་ཐབས། མཐའ་མར་གོ་རིམ་དང་འཆར་གཞི། ཆེ་མཐོང་ལྡན་པའི་སྒོ་ནས་ཨ་རིའི་སྲིད་འཛིན་ཞིག་ལ་འབུལ་ཐབས་བྱེད་དགོས་པ་ནི་ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་གཡོལ་དུ་མེད་པའི་འགན་འཁྲི་ཡིན་པར་འདོད་དོ།།
དཔྱད་ཡིག་དང་ཞབས་མཆན།
[1]Penthouse of the Gods-A Pilgrimage Into the heart of Tibet and the Sacred City of Lhasa. By Theos Bernard Published
[2] Penthouse of the Gods-A Pilgrimage Into the heart of Tibet and the Sacred City of Lhasa. By Theos Bernard Published
Charles Scribner’s son- New York 1939 Page:120
[3] Theos Bernard , The White Lama ( Tibet. Yogi And American Religion Life ) by Paul G. Hackett, Columbia University Press, New York ,63
[4] White Lama ( The Life of Tantrice Yogi Theos Bernard. Tibet,s Lost Emissary To The New World ) by Douglas Veenhof, Harmon Books, New York ,2011 Page: 184
[5] Penthouse of the Gods-A Pilgrimage Into the heart of Tibet and the Sacred City of Lhasa. By Theos Bernard Published Charles Scribner’s
son- New York 1939 Page:63
[6] ཞྭ་སྒབ་པས་མཛད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས། སྨད་ཆ། ཤོག་གྲངས་༢༩༣ ཕྱི་ལོ། ༡༩༧༦
[7] White Lama ( The Life of Tantrice Yogi Theos Bernard. Tibet,s Lost Emissary To The New World ) by Douglas Veenhof, Harmon Books, New York ,2011 Page: 274
[8] Theos Bernard, The White Lama ( Tibet. Yogi And American Religion Life ) by Paul G. Hackett, Columbia University Press, New York , Page: 278
[9] White Lama( The Life of Tantrice Yogi Theos Bernard. Tibet,s Lost Emissary To The New World ) by Douglas Veenhof, Harmon Books, New York ,2011 Page:275
[10] White Lama( The Life of Tantrice Yogi Theos Bernard. Tibet,s Lost Emissary To The New World ) by Douglas Veenhof, Harmon Books, New York ,2011 Page: 225
—–
ངོ་མ་ཡག་པོ་བྲིས་བཀའ་དྲིན་ཞུ།