‘‘ཆོས་དུང་དཀར་པོའི་རང་མདངས’’ཞེས་པ་ནི་ཞིབ་འཇུག་རྩོམ་ཡིག་ལྟར་བྲིས་མེད་མོད། མཁས་དབང་དུང་དཀར་རིན་པོ་ཆེའི་སྐུ་ཚེ་དང་འབྲེལ་བའི་སྐོར་ལ་ཞིབ་འཇུག་གནང་མཁན་ཚོར་དམིགས་ཏེ‘‘བོད་རིག་པ’’དྲྭ་ཚིགས་ཀྱི‘‘འོས་སྦྱོར’’ཚན་པའི་ནང་སྤེལ་ཡོད། ང་ཚོ་རྩོམ་སྒྲིག་ཚོགས་ཆུང་གིས་གྲོས་མོལ་བགྱིས་ཏེ‘‘འོས་སྦྱོར’’ཞེས་པའི་ཚན་པ་འདི་དྲྭ་ཚིགས་ཀྱི་དཀར་ཆག་ཏུ་གསར་སྣོན་བྱས་ཡོད་པས་དེ་དོན་ཐུགས་འཇགས་འཚལ།
སྤྱི་ལོ་༢༠༢༡ལོའི་ཟླ་༩པའི་ཚེས་༡༡ཉིན།
བོད་རིག་པ་རྩོམ་སྒྲིག་ཚོགས་ཆུང་གིས་ཕུལ།
སློབ་དཔོན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནུབ་ཕྱོགས་ཡུལ་དུ་སྔ་ཕྱིར་མཇལ་བའི་བག་ཆགས་རགས་རིམ།
ཀ རྒྱབ་ལྗོངས།
སྤྱི་ལོ་ ༡༩༩༥ ལོའི་ཟླ་བ་བདུན་པའི་དབྱར་ཀའི་གནམ་གཤིས་ཚ་གྲང་སྙོམས་ཤིང་། དབྱིན་ཇིའི་ལུང་པར་སྔོ་ལྗང་གི་དཔལ་ཡོན་རྒྱས་བཞིན་པའི་ཉིན་མོ་ཞིག་ལ། རྒན་ཚེ་རིང་ཤཱཀྱ་ལགས་ཀྱི་ཁ་པར་ཞིག་འབྱོར་བ་གསལ་པོར་དྲན། རྒན་ལགས་ནི་དེའི་སྐབས་ལ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བཞུགས་ཡོད་ཅིང་། ཕྱིས་སུ་སྐད་གྲགས་ཆེ་བའི་བོད་ཀྱི་ལོ་རྒྱུས“གངས་ལྗོངས་སུ་བབས་པའི་འབྲུག”ཅེས་པའི་དེབ་དེ་ཉིད་རྩོམ་གནང་བཞིན་པའི་སྐབས་རེད། རྒན་ཚེ་རིང་ལགས་ཀྱིས། “བསྟན་འཛིན་ལགས། དུང་དཀར་རིན་པོ་ཆེ་གང་མགྱོགས་འདི་ཕྱོགས་སུ་ཕེབས་ཀྱི་ཡོད། ཁྱེད་རང་ལོན་ཌོན་ལ་ཕེབས་ནས་རོགས་པ་གནང་དགོས།”གསུངས་པ་ཐོས་འཕྲལ། ངའི་ལུས་སེམས་ཡོངས་དགའ་སྤྲོས་ཁེངས་ཤིང་། ལྷག་པར་དུ་སེམས་ནང་དུ་བརྗོད་མི་ཤེས་པའི་དགའ་བ་ཆེན་པོ་འཕེལ། རྒན་ཚེ་རིང་ལགས་སུ་གཞལ་བར་མི་ཐུབ་པའི་བཀའ་དྲིན་མང་པོ་འཇལ་དགོས་ཡོད་མུས་ཐོག ད་རེས་ཀྱང་ཁོང་ལ་གཞལ་རྒྱུའི་དྲིན་གྱི་བུ་ལོན་དེ་ལྡབ་བཅུ་གྲངས་ཀྱིས་འཕར་བའི་ཚོར་སྣང་སླེབས།
སྐབས་དེ་དུས་དུང་དཀར་རིན་པོ་ཆེ་དབྱིན་ཡུལ་ལ་གདན་འདྲེན་ཞུ་མཁན་གཙོ་བོ་ནི་རྒན་ཚེ་རིང་ཤཱཀྱ་ལགས་དང་། ལོན་ཌོན་སློབ་ཆེན་ནང་ལ་བོད་རྒྱ་ཚིག་མཛོད་ཆེན་མོ་དབྱིན་ཡིག་ལ་བསྒྱུར་བའི་ཐུགས་འགན་བཞེས་མཁན་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་མཆོག་དང་། དེ་བཞིན་ཨོག་སི་ཕོར་ཌིའི་(Oxford) སློབ་ཆེན་གྱི་བོད་རིག་པའི་དགེ་རྒན་ཆེན་མོ་སྐུ་ཞབས་མེ་ཁེལ་ཨ་རི་སི་བཅས་ཡིན་པ་དྲན། རིན་པོ་ཆེ་ལོན་ཌོན་ལ་ཕེབས་འབྱོར་བྱུང་རྗེས། ཉིན་བཅུ་གྲངས་ཀྱི་རྗེས་སུ་རྒན་ཚེ་རིང་ཤཱཀྱ་ལགས་རྒྱ་གར་འཕགས་པའི་ཡུལ་ལ་ཕེབས་དགོས་ཤིང་། གུས་པར་རིན་པོ་ཆེ་མཆོག་ལ་ཞབས་ཞུ་སྒྲུབ་དགོས་པའི་བཀའ་ཕེབས།
རིན་པོ་ཆེ་ཐོག་མར་ལོ་དེའི་ཟླ་བ་དྲུག་པའི་ནང་ཡུ་རོབ་ཀྱི་རྒྱལ་ཁབ་ཨོ་སི་ཊེ་རི་ཡའི་གྲོང་ཁྱེར་སྒར་ར་རྫི་ལ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བདུན་པར་ཕེབས་འདུག ཚོགས་འདུ་གྲུབ་རྗེས་དུང་དཀར་རིན་པོ་ཆེ་དབྱིན་ཡུལ་དུ་ཕེབས་པའི་སྐབས་ལུང་པ་དེར་བོད་དང་འབྲེལ་བ་ཡོད་པའི་ལས་གཞི་ཆེན་པོ་གསུམ་སྤེལ་བཞིན་པའི་དུས་དང་ཁེལ་ཡོད། དེ་ཡང་དང་པོ་ནི། རྒན་ཚེ་རིང་ཤཱཀྱ་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་ཏེ། “གངས་ལྗོངས་སུ་བབས་པའི་འབྲུག”ཅེས་པ་དེ་ཉིད་འབྲི་བཞིན་པ། གཉིས་པ། དབྱིན་ཇིའི་ལོན་ཌོན་སློབ་ཆེན་གྱིས་འགན་འཁུར་ཐོག་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་གདན་ཞུས་ཀྱིས་བོད་རྒྱ་ཚིག་མཛོད་ཆེན་མོ་དབྱིན་ཡིག་ཏུ་ཡིག་སྒྱུར་གནང་བཞིན་པ། དེ་བཞིན་གྲོང་ཁྱེར་ཨོག་སི་ཕོར་ཌིའི་སློབ་ཆེན་ལ་འབྱུང་འགྱུར་བོད་རིག་པའི་སྡེ་ཚན་ཆེ་གྲས་ཤིག་གསར་འཛུགས་ཞུ་ཆེད། ཁུལ་དེར་གྲ་སྒྲིག་གི་ལས་ཀ་ཆེན་པོ་གནང་བཞིན་ཡོད་པ། དེའི་འགན་འཁུར་བ་ནི་བོད་རིག་པའི་དགེ་རྒན་ཆེན་མོ་མེ་ཁེལ་ཨ་རི་སི་རེད། དེར་བརྟེན་དབྱིན་ཡུལ་དུ་ཡོད་པའི་བོད་རིག་པའི་མཁས་དབང་རྣམ་པ་དང་། སློབ་མ་རྣམས་ཀྱིས་བོད་ཀྱི་སློབ་དཔོན་ཆེན་མོ་དུང་དཀར་རིན་པོ་ཆེ་ཡུལ་དེར་ཕེབས་ཀྱི་ཡོད་པ་གོ་ཐོས་བྱུང་འཕྲལ་དགའ་སྤྲོ་དང་། རེ་བ། འདུན་པ་བཅས་ཀྱིས་འཁྲུག་ཆ་དོད་པོར་གྱུར།
ང་རང་ལོན་ཌོན་ལ་རྒན་ཚེ་རིང་ལགས་ཀྱི་གཟིམ་ཁང་ནང་ནས། མཇལ་འདོད་ཤིན་ཏུ་ཆེ་བའི་དགེ་བའི་བཤེས་གཉེན་ཁོང་དངོས་སུ་མཇལ་སྐབས། སེམས་ལ་ངོ་མཚར་ཅན་གྱི་ཚོར་བ་མི་འདྲ་བ་འགའ་ཤས་བྱུང་བ་ནི། བཤེས་གཉེན་ཁོང་གི་སྐུ་གཟུགས་ཆེན་པོ་མེད་རུང་། བྱད་གཟུགས་ཤིན་ཏུ་སྙོམས་པོ་དང་། གཟུགས་དབྱིབས་ལ་སྐྱོན་ཅུང་ཙམ་ཡང་མེད་པ་ལྟ་བུར་སྣང་། བཞིན་རས་ཀྱི་རུས་གཟུགས་མཛེས་ལ། ལྷག་པར་དུ་སྤྱན་མིག་ནི་ཤིན་ཏུ་མཚར། ཁོང་ཐུགས་སེམས་ཆུང་ཆུང་ཡིན་ཁར་གསུང་སྐད་དམའ་པོ་དང་། སྤོབས་པ་ཡེ་ནས་མེད་པས། ལོ་མང་ཐོས་མྱོང་བའི་ཁོང་གི་མཚན་སྙན་དང་། མཛད་རྗེས་ཆེན་པོ་དག་གི་རྣམ་པ་ཕྱི་ནས་ཟུར་ཙམ་ཡང་མངོན་མི་ཐུབ་པས། དེ་ནི་དེང་སྐབས་ཀྱི་སྤྱི་ཚོགས་ནང་ལ་སྙན་གྲགས་དང་གཟེངས་སུ་འཐོན་རྒྱུར་དོན་གཉེར་གཙོ་བོར་བྱེད་པའི་རྩོམ་པ་པོ་དེ་དག་གི་གཤིས་ཀ་ལས་ཡོངས་སུ་ལྡོག་པ་ལྟ་བུ་འདུག
དེ་བཞིན་དུང་དཀར་རིན་པོ་ཆེ་དང་ལྷན་དུ་འབྲེལ་འདྲིས་བྱེད་པར་ཤིན་ཏུ་སྟབས་བདེ་པོ་ཡིན་པའི་ཚོར་སྣང་བྱིན། གཞན་གྱི་བདེ་སྡུག་མཁྱེན་འདོད་ཆེན་པོ་ཡོད་པའི་བཅོས་མ་མིན་པའི་སེམས་ཁུར་ཞིག་བཞིན་རས་ནས་རང་བཞིན་དུ་མངོན་བཞིན་པས། རང་ཉིད་ཀྱང་སྦ་གསང་མེད་པར་ཁོང་ལ་རང་གི་བདེ་སྡུག་རྣམས་ལྷུག་པོར་ཞུ་ནུས་པའི་བློ་སྟོབས་ཤིག་ཀྱང་རང་གར་སྐྱེས། དུས་ཡུན་སྐར་མ་བཅུ་གྲངས་རིང་ལ་ཁོ་བོའི་ལོ་རྒྱུས་དང་རྒྱབ་ལྗོངས་ལྷུག་པོར་ངག་སྒོ་ནས་ཤོར་སོང་། སྐད་ཆ་ཤོད་བཞིན་དུ་བློའི་ཟུར་ཞིག་ནས། ངས་ཅིའི་ཕྱིར་ཁོང་ལ་རང་གི་ལོ་རྒྱུས་རྣམས་སྦ་གསང་མེད་པར་ཤོར་རམ་སྙམ་པའི་དྲི་བ་ཡང་ཡང་སླེབས།
སྐབས་དེ་དུས་དམ་པ་ཁོང་དང་མཉམ་དུ་པེ་ཅིང་སྤྱི་ཚོགས་ཚན་རིག་ཁང་གི་གེ་སར་ཞིབ་འཇུག་སྡེ་ཚན་ནང་ཕྱག་ལས་གནང་བཞིན་པའི་རྒན་འཇམ་དཔལ་རྒྱ་མཚོ་ལགས་ཀྱང་ཕེབས་འདུག རྒན་ལགས་ཁོང་སྔོན་མ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་རྒྱ་སྐད་ཀྱི་གསུང་སྒྱུར་གནང་མྱོང་བ་དང་། ལྷག་པར་དུ་ཁོང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་རྣམ་ཐར་ཞིག་རྒྱ་ཡིག་ནང་མཛད་ཡོད། རྣམ་ཐར་དེ་རྒྱ་ནག་ནང་ལ་པར་སྐྲུན་བྱེད་པར་བཀག་སྡོམ་བྱུང་ཡོད་པས། རྗེས་སུ་ཧོང་ཀོང་ནས་བཏོན་སོང་སྙམ།
དུང་དཀར་རིན་པོ་ཆེས་ཁོ་བོའི་ལོ་རྒྱུས་རྣམས་གསན་རྗེས། “སྙིང་རྗེ། ལས་ཟེར་བ་དེ་ཁྱད་མཚར་རེད། ང་ཚོ་སྔོན་མ་བོད་ལ་ཡོད་དུས་འབྲེལ་བ་བྱུང་མེད་པ་ཕངས་པ་ལ།”ཞེས་གསུངས་ནས་ཁོང་གིས་ཕྲ་ཞིང་སྒོར་བའི་སྤྱན་རྣོན་པོ་ཟུང་ལ། ལྷད་མེད་ཀྱི་སྙིང་རྗེའི་རང་མདངས་ཆེན་པོ་ཞིག་འཁྲུངས་ཤིང་། དེ་ལ་འཛུམ་མདངས་ཀྱི་འོད་ཟེར་དྲོན་མོས་བརྒྱན་ནས་ངའི་ཕྱོགས་ལ་འཕངས་བར་མཛད། དེ་ནི་ངའི་མི་ཚེའི་དྲན་པའི་སྐྱེད་ཚལ་ནང་གི་མེ་ཏོག་མཚར་ཤོས་ཤིག་གི་གོ་ས་བཟུང་ཡོད་པ་ནི་གཞི་ནས་སོས་པ་ཡིན། རྒྱུན་པར་རང་ཉིད་ཀྱི་སེམས་ལ་དཀའ་ངལ་འཕྲད་སྐབས་ཁོང་གི་བྱམས་བརྩེའི་བཞིན་རས་དྲོན་མོ་དེ་ཡིད་ལ་བསྒོམས་ན་རྨ་ལ་སྨན་བྱུགས་པ་ལྟ་བུའི་ལྷོད་བདེའི་ཚོར་བ་ཞིག་རྟག་ཏུ་སྦྱིན་པར་བྱེད།
དུང་དཀར་རིན་པོ་ཆེས་སྔོན་མ་ཁོ་བོས་བོད་ལ་ཕོ་བྲང་པོ་ཏ་ལ་རུ་ཞབས་ཕྱི་ཞུས་མྱོང་བ་དང་། གུས་པའི་དགེ་རྒན་དང་ཞང་པོ་ངག་དབང་བཟོད་པའི་མཚན་ཐོས་རྗེས། དཔྲལ་བའི་སྟེང་གི་བཞིན་རས་ཀྱི་པགས་པ་དེ་ཡང་ཡར་འཐེན་པར་ཤོར་བས། སྤྱན་གཉིས་ཀྱང་ཅུང་ཆེ་རུ་ཕྱིན། ལམ་སེང་ཁོ་བོའི་ལག་གཡས་པ་ནས་འཇུས་གནང་ནས། “ཨ་ལས། ཚེ་དཔག་ལྷ་ཁང་གི་སྐུ་གཉེར་སྐུ་ཞབས་ངག་དབང་བཟོད་པ་ལགས་ཀྱི་ཚ་བོ་རེད་འདུག སྐུ་ཞབས་ཆོས་དར་ལགས་ཁོང་གཉིས་གྲྭ་ཤག་སྟེང་ཤོད་རེད། བློས་ཐུབ་གྲོགས་པོ་རེད།”གསུངས། རྩེ་ཕོ་བྲང་གི་སྐུ་ཞབས་ཆོས་དར་ལགས་ཞུ་བ་ཁོང་ནི་ཕ་ཡུལ་སྙེ་མོ་ནས་ཡིན་ཞིང་། ལོ་ངོ་སུམ་ཅུ་ལྷག་ངའི་ཞང་པོ་དང་ལྷན་དུ་ཕོ་བྲང་པོ་ཏ་ལར་སྐུ་གཉེར་དང་ཕྱག་དཔེ་མྱུར་སྐྱོབ་ཀྱི་ཕྱག་ལས་གནང་། ཁོང་གཉིས་ཕོ་བྲང་པོ་ཏ་ལའི་ཤར་ཆེན་ལྕོག་ལ་གཟིམ་ཤག་སྟེང་ཤོད་ཡིན་ལ། སྔ་ཕྱིར་དུང་དཀར་རིན་པོ་ཆེ་རྩ་བའི་བླ་མར་བསྟེན་ནས། དཔལ་འཁོར་ལོ་བདེ་མཆོག་གི་བསྙེན་སྒྲུབ་ལོ་མང་གནང་ནས་ལོ་དགུའི་གོང་ལ་སྐུ་ཞིང་ལ་གཤེགས་པ་རེད། ཕྱི་ལོ་ ༢༠༠༧ ལོར་གུས་པ་ལྷ་སར་བསྐྱོད་སྐབས། སྐུ་ཞབས་ཁོང་བདེ་མཆོག་གི་བསྙེན་མཚམས་དམ་པོར་བཞུགས་ཡོད་རུང་། དམིགས་བསལ་སྐུ་མཚམས་ཆུ་ཚོད་འགའ་ཤས་གྲོལ་ནས། ཕྲན་ལ་མཇལ་ཁ་གནང་བར་མ་ཟད། དུང་དཀར་རིན་པོ་ཆེ་ཨ་རིར་བཞུགས་སྐབས་ཞབས་ཕྱི་ཡག་པོ་ཞུས་འདུག ཐུགས་རྗེ་ཆེ་གསུངས་ནས། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་བྱིན་རྟེན་ཤོག་དུམ་གཅིག་དང་། དེ་བཞིན་བྱིན་རྟེན་གཞན་རྩ་ཆེན་འགའ་ཤས། དུང་དཀར་རིན་པོ་ཆེའི་གསུང་སྒྲ་འཛིན་འཁོར་ཐག་ཐོག་ཡོད་པའི་སྤྱོད་འཇུག་གི་ཁྲིད་ཅིག་བཅས་ཁོ་བོར་གནང་།
ལོན་ཌོན་ལ་གཟའ་འཁོར་གཉིས་ཙམ་རིང་དུང་དཀར་རིན་པོ་ཆེ་བཞུགས་པའི་སྐབས་མཚམས་རེ་མཉམ་དུ་འདྲིས་གཤིབ་དང་། བཀའ་མོལ་ལྷུག་པོར་ཞུ་བའི་གོ་སྐབས་ཐོབ་པ་བརྒྱུད་ཁོང་གིས་བདག་ལ་འཇོག་གནང་མཛད་པའི་བག་ཆགས་རེ་འགའ་དྲང་པོར་ཞུ་བར་བྱ། ང་ནི་ཤིན་ཏུ་ཕལ་པའི་སྐྱེ་བོ། གཙོ་བོ་སྣང་བ་སྐྱིད་པོ་ལ་དོན་གཉེར་བྱེད་མཁན་ཞིག་ལས་མ་འདས་པས། ཆོས་དང་རིག་གནས་ཀྱི་ཤེས་བྱ་ཧ་ལམ་མེད། དེར་བརྟེན་རིན་པོ་ཆེའི་རིག་གནས་དང་། མདོ་སྔགས་ཀྱི་མཁྱེན་པར་བགྲོ་གླེང་བྱེད་པའི་ནུས་པ་མེད་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན། རྒྱུ་མཚན་ནི་རིན་པོ་ཆེའི་རིག་གནས་དང་ཆོས་སྲིད་ཀྱི་དགོངས་པ་ནི་ཇི་ལྟར་ཟབ་པ་དང་རྒྱ་ཆེ་བ་ཡིན་པ་ཁོང་གི་མཛད་པ་དང་གསུང་འབུམ་དག་ལས་རྟོགས་ཐུབ། འདིར་གུས་པས་ཉིན་ཤས་རིང་རིན་པོ་ཆེ་དང་མཉམ་དུ་གཤིབ་པ་བརྒྱུད། དྲེད་ཏོ་ང་ལྟ་བུ་ཞིག་ལ་བག་ཆགས་ཇི་འདྲ་བྱུང་བ་དག་གོ་སླའི་ངག་ནས་འདིར་ཞུ་བར་འདོད།
དེ་ཡང་དགོས་པ་གཙོ་བོ་དེ་དུང་དཀར་རིན་པོ་ཆེའི་རྗེས་དྲན་ལས་རིམ་རྩོམ་པ་པོ་དྲིན་ཅན་རྣམ་གྲྭའི་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་ལགས་ཀྱི་བཀའ་ལྡོག་མི་ཕོད་པ་དང་། ཐུགས་ཕམ་མི་ཡོང་བ་ཁོ་ནའི་ཆེད་དུ་ཡིན། ཁོང་ནི་བདག་ལ་ཤིན་ཏུ་ནས་བཀའ་དྲིན་ཆེ་བའི་ཆོས་གྲོགས་ཤིག་ཡིན་པས་སོ།།
ཁ། དགོད་བྲོ་ལ་དོན་ཆེ་བའི་ཐུགས་གཤིས།
གུས་པའི་བག་ཆགས་ལ་དུང་དཀར་རིན་པོ་ཆེའི་ཐུགས་གཤིས་ནི་ཤིན་ཏུ་འཇམ་པོ་དང་། གསུང་སྐད་ཅུང་དམའ་པོ་ཡིན་པ་ལ་ཐུགས་ཐག་ཆོད་པོ། རྒྱུན་དུ་དམའ་ས་གཟུང་བར་མཉེས་ཤིང་། ཞལ་ལག་དང་ན་བཟའ་སོགས་སྟབས་གང་བདེར་མཉེས་པོ་གནང་གི་འདུག བཀའ་མོལ་གསུང་སྐབས་རྒྱུན་པར་བཞིན་རས་ལ་བཅོས་མ་མིན་པའི་འཛུམ་མདངས་ཤིག་མངོན་ཡོང་བ་དྲན། ངའི་བག་ཆགས་ཆེ་ཤོས་ནི་འགོག་ཏུ་མེད་པའི་ཁོང་གི་དགོད་བྲོ་ལ་དོན་ཆེ་བའི་ཐུགས་གཤིས་དེ་རེད། དེ་ལ་ཕྱི་རྒྱལ་བ་ཚོས་ཀྱང་དོ་སྣང་བྱུང་འདུག བཀའ་མོལ་ག་དུས་གནང་རུང་། དེའི་ནང་ནས་དགོད་བྲོ་བའི་སྤྲོ་བ་ཞིག་སྦྱིན་རྒྱུ་འདུག ང་ཚོ་ཐེངས་གཅིག་ཚོགས་འདུའི་སྐོར་ལ་ཞལ་བརྡ་ཞུས་པ་དྲན། དེའི་སྐབས་ལ་རིན་པོ་ཆེས། “ཕྱི་རྒྱལ་ལ་ཚོགས་འདུ་ཉན་སྐབས་དཀའ་ངལ་ཆེན་པོ་འདུག ཉིན་གང་པོ་གྲུང་པོ་བྱས་ནས་སྡོད་དགོས་འདུག ཚོགས་འདུ་ཚར་རྗེས། མི་ཚང་མ་ཐང་ཆད་ནས་ཤི་མིན་རོ་མིན་ཆགས། དགོང་མོ་ཁ་ལག་ཀྱང་ཟ་མི་འདོད་པ། དེ་བས་མི་གཞན་མཉམ་དུ་སྐད་ཆ་ཤོད་མི་འདོད་པ་ཆགས་ཀྱི་འདུག་ཅེས་གསུངས། “ང་ཚོ་བོད་ལ་ཡིན་ན། གཞུང་གི་ཚོགས་འདུར་འགྲོ་སྐབས། སོ་སོའི་ནང་ཕན་ཚུན་བློ་ཉེ་བའི་རོགས་པ་འགའ་ཤས་རྐུབ་སྟེགས་བསྟར་པ་གཅིག་གི་ཐོག་ལ་བསྡད། གཅིག་གིས་སྲུང་བྱ་བྱས། གྲུང་པོ་བྱས་ཏེ་ཉན། གཞན་པ་ཚོ་ལྷོད་ལྷོད་བྱས། ཁ་འདོན་འདྲ་བྱས། གཉིད་འདྲ་ཁུག ཚོགས་འདུའི་སྐབས་ལག་པ་རྐྱོང་དགོས་པ་དང་ཐལ་མོ་རྡེབ་དགོས་པའི་སྐབས། རོགས་པ་ཚང་མ་སྲུང་བྱ་དེ་སྒུག་གི་ཡོད། དེས་ལག་པ་བརྐྱངས་ན། ཚང་མས་ཁོང་གི་རྗེས་ལ་ཞུགས་ནས་ལག་པ་བརྐྱངས། དེ་ལྟར་ཐལ་མོ་བརྡབས་ནས་དཀའ་ལས་དེ་ཙམ་མེད།” གསུངས་ནས་ཞལ་མོ་བཞད། “སྐབས་རེ་སྲུང་བྱ་དེ་གཉིད་ཤོར་ནས་དཀའ་ངལ་ཕྲད་མྱོང་།”ཞེས་གསུངས།
ཐེངས་ཤིག་ཡང་ཚོགས་འདུར་ཉིན་ཤས་ཕེབས། དེའི་སྐབས་ལ། ཁ་ལག་ཚོས་མེད་པ་དང་། ཤ་མཁྲེགས་པོ། སྔོ་ཚལ་དེ་ཚོ་ཡང་ཚོས་མེད་པ་སོགས་ཀྱིས་ཕྱག་རོགས་རྒན་པ་རྣམས་དཀའ་ངལ་འཕྲད་བཞིན་ཡོད་པ་རིན་པོ་ཆེས་མཁྱེན་ནས། རིན་པོ་ཆེ་དང་ཕྱག་རོགས་གཉིས་ཚོགས་འདུ་མ་ཚར་གོང་དུ་ཕྱི་ལ་ཐོན་པ་ཡིན་གསུངས། ཕྱི་དྲོ་ཁོང་རྣམ་པའི་ཚོགས་ཆུང་གི་འགོ་པ་རྒྱ་རིགས་དེས་རིན་པོ་ཆེ་དང་རོགས་པ་རྣམ་གཉིས་ལ་ཅིའི་ཕྱིར་ཚོགས་འདུ་མ་ཚར་སྔོན་ལ་ཐོན་དགོས་སམ་ཞེས་དྲིས། རིན་པོ་ཆེས་རྒྱ་སྐད་དང་བོད་སྐད་འདྲེས་མ་དང་བཅས་ཏེ། “ང་ཚོའི་སོ་རྒན་འཁོགས་ཆགས་པ་རེད། ཁ་ལག་མཁྲེགས་པོ་ཟ་ཕོད་ཀྱི་མི་འདུག དེ་བཟའ་བར་དུས་ཚོད་མང་པོ་དགོས་པས་སྔོན་ལ་ཕྱིན་ན་མ་གཏོགས་ཁ་ལག་རྒད་པོའི་སོ་ཡིས་མི་ཐུབ་པས་བཟས་ཚར་གྱི་མི་འདུག”གསུངས་འདུག སྐབས་དེར་ཉེ་འཁྲིས་ཀྱི་མི་ཚང་མ་དགོད་ཤོར། འགོ་པ་དེས་གོང་ལ་བསམ་འཆར་བཏོན་ནས། རྗེས་སུ་ཁ་ལག་ཚོས་པ་དང་སྤུས་ཀ་ལེགས་སུ་ཕྱིན་སོང་གསུངས། རིན་པོ་ཆེ་ནས་ང་ཚོར། རྗེས་མ་ཀྲུང་གོའི་ནང་ལ་བསམ་འཆར་ཤོད་དགོས་ན། ཐད་ཀར་ཤོད་རྒྱུ་མེད། སྲིད་གཞུང་དང་མི་ལ་ཕོག་ཐུག་འགྲོ་གི་རེད། དོན་དག་ཡོང་གི་མ་རེད། དེར་བརྟེན་མཁས་པོ་བྱེད་དགོས་ཞེས་གསུངས།
ཡང་ལྷ་སར་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུའི་སྟེང་ལ། ཚོགས་འདུའི་མཇུག་བསྡོམས་སྐབས་སྔོན་ནས་གཏན་འབེབས་བྱས་མེད་པར། ཚོགས་མིས་བརྗོད་གཞི་གསར་པ་གཅིག་བཏོན་ནས། དེ་ལ་ཚོགས་ཆེན་ཡོངས་ནས་རྒྱབ་སྐྱོར་དང་གྲོས་ཆོད་འཇོག་གི་ཡོད་གསུངས། དེའི་སྐབས་སུ་ཚོགས་མི་མང་པོས་བསམ་འཆར་འདོན་སྐབས། གོང་ལ་སྤྲེལ་ལད་དང་རང་ཉིད་ལ་ཉེས་སྐྱོན་མི་ཡོང་བའི་ཆེད་དུ་དམིགས་བསལ་གནད་དོན་དང་ཁེ་ཕན་མེད་པའི་གྲོས་ཆོད་ཤ་སྟག་བཞག་ནས་མི་དམངས་ཀྱི་བདེ་སྡུག་ལ་བསམ་གཞིགས་བྱེད་མཁན་དཀོན་པོ་ཡོད་པར་གསུངས། རིན་པོ་ཆེའི་ཉེ་འཁོར་མང་པོ་ཞིག་ལྷ་སའི་གྲོང་ཁྱེར་ནང་ལ་བཞུགས་པ་དང་། སྐབས་དེ་དུས་སྤྱི་ཚོགས་ནང་ལ་སེམས་ཁུར་ཆེ་ཤོས་ནི་བོད་མི་རྒན་རབས་མང་པོ་དང་། ལྷག་པར་དུ་ན་གཞོན་སློབ་མ་མང་པོ་སྐབས་དེ་དུས་གསར་དུ་ཐོན་མ་ཐག་པའི་གཞས་གཏོང་ས་དང་གློག་གི་རྩེད་ཆས་ཁང་གི་ནང་ལ་མགོ་འཁོར་ནས་སློབ་སྦྱོང་དང་སྤྱོད་པ་ཇེ་སྡུག་ཏུ་ཕྱིན་པ། གློག་གི་རྩེད་ཆས་ནང་ལ་དངུལ་མང་པོ་ཤོར་ནས། ཐ་ན་བཟའ་ཚང་བར་ལ་ཡང་དཀའ་ངལ་འཕྲད་པ་སོགས་མི་མང་པོ་སྡུག་ལ་སྦྱར་ཡོད་འདུག རིན་པོ་ཆེ་དང་ཁོང་གི་ཕྱག་རོགས་མང་པོ་ཞིག་ལ་དེའི་ཐད་ལ་ཐུགས་འཚབ་བྱུང་འདུག་སྟབས། ཁོང་རྣམ་པས་ཐེངས་ཤིག་ཚོགས་འདུའི་གོ་སྐབས་དེ་བཟུང་ནས། དང་བླངས་ཐོག་བསམ་འཆར་བཏོན་གནང་འདུག ཁོང་རྣམས་ཀྱིས་དགོངས་པ་རྒྱ་ཆེན་པོ་བཞེས་ནས། གསུང་བཤད་གནང་སྐབས། “དེང་སང་སྤྱི་ཚོགས་བརྟན་ལྷིང་དང་། མི་དམངས་ཀྱི་བདེ་འཇགས་ལ་གནོད་པ་གཙོ་བོ་དེ། ཁ་ལ་འོ་བྱེད་མཁན་དེ་དང་བསྟན་འཛིན་ཡེ་ཤེས་མཉམ་དུ་རྩེད་མོ་རྩེས་ནས་ཡོང་གི་འདུག དེས་ན་གཞོན་མང་པོ་འཕྲོ་བརླག་འགྲོ་གི་འདུག རྐུན་མ་དང་ཇག་པ་མང་དུ་འགྲོ་གི་འདུག དེས་སྤྱི་ཚོགས་བརྟན་ལྷིང་ལ་གནོད་སྐྱོན་ཆེན་པོ་ཡོང་བར་བྱེད་པས། དེ་ལ་སྲིད་གཞུང་ནས་དགོངས་པ་བཞེས་ཏེ་ཁྲིམས་འགལ་ཐོག་བཙུགས་པའི་ཁ་ལ་འོ་བྱེད་མཁན་དང་བསྟན་འཛིན་ཡེ་ཤེས་ཀྱི་བདག་པོ་དེ་ཚོར་དམ་བསྒྲགས་བྱེད་དགོས།” གསུངས། ཚོགས་འདུའི་ནང་གི་མི་ཚང་མ་གད་མོ་ཤོར་བ་དང་། རེ་ཞིག་ཚོགས་འདུའི་བགྲོ་གླེང་ཡང་མཚམས་ཆད། ལྷ་སའི་ཕྱི་ནས་ཕེབས་པའི་ཚོགས་མི་ཚོས་བསམ་འཆར་གྱི་ནང་དོན་མ་ཤེས་པས་ཚོགས་མི་གཞན་ཞིག་གིས་ཡར་བཞེངས་ནས། རྒྱ་སྐད་ནང་ལ་རིན་པོ་ཆེའི་དགོངས་འཆར་དེ་གསུངས་ནས། ཁ་ལ་འོ་བྱེད་མཁན་ཏེ། གླུ་གཞས་ཁང་རྒྱ་སྐད་ལ་ཁ་ལ་ཨོ་ཁེ་ (卡拉OK)ཞེས་པའི་སྒྲ་ཟུར་ཆག་པ་དང་། བསྟན་འཛིན་ཡེ་ཤེས་ནི་གློག་གི་རྩེད་ཆས་རྒྱ་སྐད་ལ་ཏན་ཙེ་ཡའུ་ཤིས་(电子游戏)ཀྱི་སྒྲ་ཟུར་ཆག་པ་གསལ་བཤད་གནང་། གོང་གི་རིན་པོ་ཆེའི་དགོངས་འཆར་དེ་ལ་བགྲོ་གླེང་བྱས་པ་བརྒྱུད་ཚོགས་མི་མང་པོས་རྒྱབ་སྐྱོར་བྱས་ནས། ཚོགས་ཆེན་གྱི་གྲོས་ཆོད་ནང་ལ་སླེབས། ལོ་ཕྱི་མ་དེར་གོང་གི་ཚོང་གཉེར་ཁང་མང་པོ་སྒོ་བརྒྱབ་འདུག རིན་པོ་ཆེས་གསུངས་པར། “ངའི་རྒྱ་སྐད་སྒྲ་མ་དག་པ་དེ་ལ་བརྟེན་ནས་མི་མང་པོ་གཉིད་སད། འུར་སྒྲས་ཁེངས། ཚོགས་འདུའི་བགྲོ་གླེང་འཁྲུག་པོ་བྱུང་ནས་ཕན་ཐོགས་ཆེན་པོ་བྱུང་།”གསུངས། ཁོ་བོའི་རྣམ་རྟོག་ལ་རིན་པོ་ཆེས་རྐང་བཙུགས་ནས་གནད་དོན་གལ་ཆེ་དེ་ལ་དགོད་བྲོ་བའི་རྒྱན་སྦྱར་ནས་ཐབས་མཁས་པོས་གཞན་ལ་གནོད་པ་མེད་པའི་སྒོ་ནས་སྤྱི་ཚོགས་ལ་སྨན་པའི་བྱ་བ་སྒྲུབ་སྟངས་ཤིག་སྟེ། ཉམས་མྱོང་རྒད་པོའི་བྱུས་བཟང་ཡིན་པར་རྟོགས།
ག འགྲན་ཟླ་བྲལ་བའི་ཐུགས་ཀྱི་དྲན་པའི་ནུས་པ།
ང་རང་དུང་དཀར་རིན་པོ་ཆེ་མཇལ་རྗེས་ཀྱི་བག་ཆགས་ཆེ་ཤོས་གཅིག་ནི། བསམ་ཡུལ་ལས་འདས་པའི་རིན་པོ་ཆེའི་ཐུགས་ཀྱི་དྲན་པའི་ནུས་པ་དེ་རེད། རིན་པོ་ཆེ་དབྱིན་ཇིའི་ལོན་ཌོན་གྲོང་ཁྱེར་ལ་གཟའ་འཁོར་གཉིས་ཙམ་བཞུགས་རིང་། ཕྱག་ལས་གཅིག་ནི་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་མཆོག་གིས་བྲིས་པའི་ཁོང་གི་རྣམ་ཐར་དང་འབྲེལ་བའི་ལོ་རྒྱུས<<མི་ཚེའི་བྱུང་བ་བརྗོད་པ།>> ཞེས་པའི་པོད་གསུམ་ཅན་དེ་བཀླགས་གནང་བ་དྲན། རིན་པོ་ཆེས་དམིགས་བསལ་ཐུགས་སྣང་གཙོ་བོ་དེ་ཨ་མདོའི་ཁུལ་གྱི་ས་གནས་ཀྱི་ལོ་རྒྱུས་དང་། བླ་མ་ཁག་གི་རྣམ་ཐར། དེ་བཞིན་ཕྱི་ལོ་ ༡༩༥༠ ལོའི་རྗེས་ཀྱི་བོད་མིའི་ལོ་རྒྱུས་ལ་ཐུགས་སྣང་ཆེན་པོ་གནང་བ་ཤེས། གཙོ་བོ་དེ་གོང་གི་གནས་ཚུལ་རྣམས་སྐབས་དེ་དུས་རྒྱ་ནག་ནང་དུ་མཇལ་རྒྱུ་མེད་པ་ལྟ་བུ་རེད་གསུངས། དུང་དཀར་རིན་པོ་ཆེས་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱི་ལོ་རྒྱུས་ཀྱི་དེབ་དེ་དག་མཇལ་རྗེས་དེ་བོད་ལ་སྣོམ་འདོད་ཆེན་པོ་གནང་རུང་། སྐབས་དེ་དུས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དང་། གུ་དོག་པའི་སྲིད་ཇུས་ལ་གཞིགས་ནས་བསྣམ་ཐུབ་ཀྱི་མེད་པ་ཤེས། གུས་པས་རིན་པོ་ཆེར་དེབ་དེ་སྦྲགས་ཐོག་ནས་བསྐུར་ཐུབ་ཚུལ་ཞུས་པར། གཞན་ལ་ཕོག་ཐུག་མེད་ན་དགའ་ཞེས་གསུངས། དེ་རྗེས་ཉིན་ཞིག་དེབ་རྣམས་ཐོག་ཁང་ནས་མར་བསྣམས་ཕེབས་ནས་དོ་བདག་ལ་སྤྲོད་དགོས་གསུངས། ངས་རིན་པོ་ཆེར་། “ཟིན་བྲིས་བསྐྱོན་ཐུབ་ཡོད་དམ།”ཞེས་དྲིས་པར། རིན་པོ་ཆེས་དོན་དག་གལ་ཆེ་བ་དང་ལོ་ཚིགས་གལ་ཆེ་བ་རྣམས་གསུངས་ནས། ཁོང་གི་ཕྱག་གཡས་པ་ཡར་བཀྱགས་ནས་མཛུབ་མོ་དང་པོ་དེ་ཁོང་གི་དབུ་ལ་བཙུགས་པ་གནང་སོང་། དེ་ནི་དེབ་འདིའི་ནང་གི་དོན་དག་གལ་ཆེ་བ་རྣམས་བློ་ལ་ཟིན་པའི་བརྡ་བསྟན་གནང་བ་རེད། སྐབས་དེ་དུས་ཤེས་པར་རིན་པོ་ཆེས་ལོ་རྒྱུས་ཀྱི་ཚིག་མཛོད་ཆེན་མོ་ཞིག་སྒྲིག་བཞིན་ཡོད་པ་དང་། དེ་ལ་མཁོ་བའི་རྒྱུ་ཆ་འཚོལ་བཞིན་པར་སྣང་།
ཁོ་བོ་རང་ཉིད་དགུང་ལོ་བདུན་ཅུར་ཕེབས་ལ་ཉེ་བའི་བགྲེས་སོང་ཁོང་གི་དྲན་པའི་མཐུ་ལ་ཡིད་སྨོན་དབང་མེད་ཤོར། དེ་བཞིན་རིན་པོ་ཆེ་དང་ལྷན་དུ་བོད་ཀྱི་ལོ་རྒྱུས་དང་། འདས་པའི་གནས་ཚུལ་གླེང་སྐབས། ཁོང་ལ་ཞིབ་ཅིང་ཕྲ་བའི་གནས་ཚུལ་དག་ལ་རྒྱུས་མངའ་ཆེ་བར་མ་ཟད། ལོ་དུས་དང་དེབ་ཀྱི་ཤོག་གྲངས་ཐུགས་ནས་སྟབས་བདེ་པོས་གསུང་རྒྱུ་ཡོད་པ་ནི་སྐྱེ་བོ་མང་པོའི་ངོ་མཚར་གྱི་གནས་ཤིག་ལ་གྱུར། ཕྱི་ལོ་ ༡༩༩༧ ལོར་དུང་དཀར་རིན་པོ་ཆེ་ཨ་རིའི་སྨན་ཁང་ལ་བཞུགས་སྐབས་སྐྲན་ནད་ཤུགས་ཆེ་ཡོད་པས། ན་ཟུག་འཇོམས་ཆེད་སྦྲིད་སྨན་ཤུགས་ཆེ་བ་མོར་ཧྥེན་ཞེས་པ་དེ་འབུལ་བཞིན་ཡོད་པ་དང་། སྐབས་དེར་རིན་པོ་ཆེའི་ཐུགས་ཀྱི་དྲན་པ་ནི་སྔར་བཞིན་གསལ་པོར་བཞུགས་ཐུབ་སྟེ། དགོང་མོར་གནས་ཚུལ་གང་ཞིག་བྱུང་བ་ཚང་མ་ཉིན་མོར་སྨན་པར་ཞིབ་ཅིང་ཕྲ་བ་གསུངས་ཐུབ་པས། ཚང་མ་ངོ་མཚར་གྱི་གནས་སུ་ལྷུང་བ་དེ་རྗེས་ལ་ཞིབ་ཕྲ་ཞུ་རྒྱུ་ཡིན།
ང་། ཆོས་སྲིད་ཟུང་འབྲེལ་གྱི་ཕྱག་དེབ་སྐོར།
དུང་དཀར་རིན་པོ་ཆེ་དང་ཁོང་གི་ལྗགས་རྩོམ་ཆོས་སྲིད་ཟུང་འབྲེལ་ནི་ལུག་རྫི་དང་ལུག་བཞིན་དུ་ཁོང་དང་འབྲལ་མེད་ཆགས་ཡོད། ངའི་དྲན་པར་རིན་པོ་ཆེ་མཆོག་བོད་ཀྱི་སྤྱི་ཚོགས་ནང་ལ་ཐོག་མར་གྲགས་པ་ཆེན་པོ་བྱུང་བ་དེ་ཕྱག་དེབ་དེ་དང་འབྲེལ་བ་ཡོད་སྙམ། ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་གི་ལོ་རྒྱུས་ཞིབ་འཇུག་པ་དང་། སློབ་ཕྲུག་ཚོའི་སྣང་བར་དེབ་དེ་དང་དུང་དཀར་རིན་པོ་ཆེ་ནི་རྟག་ཏུ་སྦྲེལ་ཡོད། ཕྱི་ལོ་ ༡༩༨༠ ལོར་བྲིས་གནང་བའི་ <<བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ།>> ཞེས་ཞུ་བའི་སྙན་གྲགས་ཆེ་བའི་ལྗགས་རྩོམ་དེས་བོད་མི་མང་པོ་ཞིག་གཉིད་ལས་སད་པའི་ཞོགས་པའི་ཅོང་བརྡ་ཚ་པོ་ཞིག་གི་ནུས་པ་ཐོན་ཡོད་ལ། སྲོལ་རྒྱུན་གྱི་དགོངས་པ་ལ་ཅུང་ཞེན་ཆགས་ཆེ་བའི་སེར་སྐྱ་མང་པོ་ཞིག་ལ་དེབ་དེས་རྨ་ཁའི་སྟེང་ཚྭ་བཏབ་པ་ལྟ་བུའི་བཟོད་པར་དཀའ་བའི་བྲོ་བ་ཞིག་ཀྱང་བྱིན་ཡོད། དཔེར་ན། བོད་ཀྱི་ཕྱི་ལ་བཞུགས་པའི་མཁས་དབང་འགའ་རེས་ཆོས་སྲིད་ཟུང་འབྲེལ་གྱི་དེབ་ལ་དོགས་གཅོད་གནང་མཁན་ཡང་བྱུང་ཡོད། རིན་པོ་ཆེ་དབྱིན་ལན་ལ་ཕེབས་པའི་ལོ་དེར་ཏག་ཏག་རང་ཉིད་སློབ་གྲྭ་ཆེན་མོ་ཐོན་ལ་ཉེ་བར་ཁེལ་ཏེ། སློབ་ཐོན་ཞིབ་འཇུག་གི་ཆེད་རྩོམ་ཞིག་འབྲི་བཞིན་པའི་སྒང་ཡིན་ཞིང་། ཡ་མཚན་ཞིག་ལ་ངའི་ཆེད་རྩོམ་དེ་ཡང་ཆོས་སྲིད་ཟུང་འབྲེལ་དང་འབྲེལ་བ་ཡོད་པའི་བརྗོད་གཞི་ཞིག་རེད། དེར་བརྟེན་ཁོ་བོས་ཆེད་དུ་དུང་དཀར་རིན་པོ་ཆེ་མཆོག་ལ་སྐྱབས་འཇུག་ཞུས་ནས་ཆོས་སྲིད་ཟུང་འབྲེལ་སྐོར་ལ་སློབ་སྟོན་ཞུས་པ་ཡིན།
ཁོ་བོའི་དྲི་བ་ནི་གསུམ་སྟེ། ཅིའི་ཕྱིར་རིན་པོ་ཆེ་མཆོག་ནས་ཆོས་སྲིད་ཟུང་འབྲེལ་གྱི་དེབ་འདི་ལྗགས་རྩོམ་གནང་བ་དང་། དེབ་འདིའི་རང་ལུགས་གཙོ་བོ་གང་ཡིན་པ། ཕྱག་དེབ་འདི་ལྗགས་རྩོམ་གྲུབ་རྗེས་རིན་པོ་ཆེར་ཐུགས་འགྱོད་བྱུང་ཡོད་མེད་སོགས་ཡིན། རྒན་ཚེ་རིང་ཤཱཀྱ་ལགས་ཀྱི་ཐབ་ཚང་ནི་ཞེང་ཚད་ལ་འདོམ་གཉིས་ལྷག་ཙམ་དང་གཞུང་ཚད་རིང་། སྦུག་ལ་ཐབ་དང་འཁྱག་སྒམ་སོགས་བསྒྲིགས་ཡོད་ཅིང་། དེའི་གཤམ་ལ་ཅོག་ཙེ་གྲུ་བཞི་ནར་མོ་ཞིག་ལ། ཁ་སྤྲོད་རྐུབ་སྟེགས་རིང་པོ་མི་གསུམ་རེ་ཤོང་བ་ཞིག་བསྒྲིགས་ཡོད། རིན་པོ་ཆེ་མཆོག་གིས་རྩིག་ངོས་ལ་ཡོད་པའི་རྐུབ་སྟེགས་དེའི་སྟེང་བཞུགས་པ་དང་། གུས་པ་ཁ་སྤྲོད་ཀྱི་རྐུབ་སྟེགས་ཐོག་བསྡད་ཡོད། དམིགས་བསལ་དེའི་ཉིན་མོ་དོ་སྣང་བྱུང་བ་ཞིག་ནི། རིན་པོ་ཆེས་ཁུག་མའི་ནང་ནས་སྒམ་ཆུང་དཀར་པོ་ཆུང་ཆུང་ཞིག་ལ་གློག་སྐུད་སྣེ་རིང་པོ་ཡོད་པ་ཞིག་ཕྱིར་བཏོན་གནང་སོང་། ཁོང་ནས་ངེད་གཉིས་ཀྱི་བཀའ་མོལ་འགོ་མ་ཚུགས་གོང་ལ་གློག་སྐུད་དཀར་པོ་དེའི་སྣེ་ལ་ཏོག་དཀར་པོ་ཡོད་པ་དེ་ཁོང་གི་སྙན་ཅོག་གཡས་པའི་ནང་ལ་བཅུག དེ་ནས་སྒམ་ཆུང་གྲུ་བཞི་དཀར་པོ་དེའི་གློག་གི་ལྡེ་མིག་ཅིག་མནན་སོང་བས། སྒམ་ཆུང་དེའི་སྟེང་ལ་གློག་དམར་པོ་ཕྲ་ཆུང་ཞིག་ཤར། ད་གཟོད་ཕྲན་ནས་རིན་པོ་ཆེའི་སྙན་ཅོག་གསན་བསང་པོ་མེད་པས། གསན་ཆས་འཕྲུལ་འཁོར་ལ་བརྟེན་དགོས་པ་ཤེས།
རིན་པོ་ཆེས་གུས་པའི་དྲི་བ་དག་གསན་རྗེས། གྲུང་ལ་རྣོ་བའི་སྤྱན་གཉིས་ཐད་ཀར་བར་སྟོང་དེར་གཟིགས་ནས་རེ་ཞིག་མནོ་བསམ་བཞེས་སོང་། དེའི་སྐབས་ལ་ཐབ་ཚང་ནང་ལ་དམིགས་བསལ་གྱི་ལྷིང་འཇགས་ཤིག་དང་། ཁུ་སིམ་པོའི་ཁོར་ཡུག་ཅིག་བསྐྲུན་པས། ངས་ཕར་ཕྱོགས་ཀྱི་རྩིག་པའི་སྟེང་གི་ཆུ་ཚོད་འགུལ་སྐྱོད་བྱེད་པའི་སྒྲ་ཤུགས་ཆེ་རུ་ཕྱིན་པའི་ཚོར་སྣང་སླེབས། ཅུང་ཙམ་ཞིག་ནས་རིན་པོ་ཆེས་གསུང་རྒྱུར། “ང་རང་སློབ་གྲྭའི་དགེ་རྒན་བྱས་པ་ནས་བཟུང་། བོད་ཀྱི་རིག་གཞུང་དང་འབྲེལ་བའི་སློབ་ཚན་སྣ་ཚོགས་ཁྲིད་དགོས་པ་སྟེ། བརྡ་སྤྲོད་དང་། ལོ་རྒྱུས། ཕྱིས་སུ་ཆོས་ལུགས་དང་གྲུབ་མཐའ་བཅས་རེད། འོན་ཀྱང་ཐོག་མར་ལོ་རྒྱུས་འབྲི་བའི་སྐབས་ལ། མི་རིགས་སློབ་གྲྭའི་སློབ་ཁྲིད་བྱ་ཐབས་ཀྱི་མཛུབ་སྟོན་ཞེས་པའི་ཏང་གི་བཅའ་ཡིག་ཅིག་ཡོད་ཅིང་། དེའི་ནང་ལ་ལོ་རྒྱུས་སློབ་ཚན་ནི་དམིགས་བསལ་དངོས་གཙོ་སྨྲ་བ་དང་། མར་ལེ་རིང་ལུགས་ཀྱི་ལྟ་བའི་ཕྱོགས་ནས་འཁྲིད་པ་ལས་ཐབས་ཤེས་གཞན་མེད།”
“སྐབས་དེར་སློབ་གྲྭ་ཁག་གི་ནང་ལ་བོད་ཀྱི་ལོ་རྒྱུས་ཀྱི་སློབ་དེབ་མེད་པ་དང་གཅིག ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་ཉུང་བ། དེ་བཞིན་བཀའ་འདྲི་ཞུ་ཡུལ་གྱི་ལོ་རྒྱུས་ཀྱི་མཁས་དབང་མེད་པས། ཐོག་མར་བོད་ཀྱི་ལོ་རྒྱུས་ཀྱི་སློབ་དེབ་ཀྱི་ཁ་ལོན་པ་དང་། དཔྱད་གཞིའི་རྒྱུ་ཆ་ཚད་ལྡན་ལ་རྒྱབ་རྟེན་བཅོལ་བ། དེ་བཞིན་སྤྱི་ཚོགས་ཀྱི་དངོས་ཡོད་མཚོན་པའི་བསླབ་གཞིའི་རྒྱུ་ཆ་ཞིག་བསྐྲུན་ཆེད། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་སོགས་བོད་ཀྱི་བཙན་པོའི་སྐབས་ནས་དགའ་ལྡན་ཕོ་བྲང་བར་གྱི་ལོ་རྒྱུས་སློབ་ཁྲིད་བྱས་པ་རེད། མ་གཞི་ནས་ང་རང་རྒྱལ་པོ་དང་འབངས་གཉིས་ཀའི་དར་རྒུད་བསྟན་ཐུབ་པའི་ལོ་རྒྱུས་ཤིག་འབྲི་འདོད་ཆེན་པོ་ཡོད། སྔར་གྱི་བོད་ཀྱི་ལོ་རྒྱུས་མང་ཆེ་བ་རྒྱལ་པོ་དང་བླ་མ། དེ་བཞིན་གྲུབ་ཐོབ་མི་སྣའི་ལོ་རྒྱུས་ཤ་སྟག་རེད། འབངས་ཀྱི་ལོ་རྒྱུས་ཤིན་ཏུ་དཀོན། ང་ཚོ་བོད་ལ་དེ་ལྟར་འབྲི་བའི་སྲོལ་རྒྱུན་ཡང་མེད་པ་ལྟ་བུ་རེད།” ཅེས་གསུངས་པ་དྲན།
རིན་པོ་ཆེས་ད་དུང་གསུངས་དོན། “དེའི་སྐབས་ཀྱི་སློབ་ཁྲིད་ཀྱི་རྒྱུ་ཆ་རྣམས་རྨང་གཞིར་བཞག་ནས་རྒྱུ་ཆ་ཁ་སྣོན་དང་། མར་ལེ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་གསར་དུ་བསྣན་ནས་ད་ལྟའི་དེབ་འདི་བཏོན་པ་རེད། དེའི་སྐབས་ལ་མར་ལེ་རིང་ལུགས་ཀྱི་ལྟ་གྲུབ་མ་བསྣན་ན་ལོ་རྒྱུས་འབྲི་ཐབས་མེད། ཁྱེད་ཚོ་ན་གཞོན་ཚོས་དེ་བཀླགས་ནས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་བྱས་པ་འདི་ཁོ་རང་དཔེ་ཡག་པོ་རེད། དེའི་ནང་གི་མར་ལེ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དངོས་གཙོ་སྨྲ་བའི་ལྟ་བ་ལ་རྩོད་པ་བརྒྱབ་ན་འགྲིག དེ་ངའི་ལྟ་བ་མ་རེད། དེ་མཀ་སེ་དང་ཨེང་ཀེ་སིའི་ལྟ་བ་རེད།” ཅེས་ཚིག་ཐག་ཆོད་པོས་མར་ལེ་རིང་ལུགས་ཀྱི་ལྟ་བ་དང་ཁོང་གི་ལྟ་བ་གཉིས་གཅིག་པ་མིན་པ་ཉིན་དེར་བདག་ལ་ར་སྤྲོད་གསལ་པོ་བྱུང་།
རིན་པོ་ཆེས་གསུངས་པར། “ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་མང་པོའི་ཐོ་དང་དཔེ་ཆའི་ཁུངས། དེ་བཞིན་རྩ་ཆེའི་ཡིག་ཚགས་ཀྱི་གནས་ཚུལ་རབ་དང་རིམ་པ་བཀོད་པ་དེ་ཚོ་ངས་སྐབས་དེར་ལྗོངས་ཡིག་ཚགས་ལས་ཁུངས་དང་དེ་བཞིན་འབྲེལ་ཡོད་ཀྱི་ལས་ཁུངས་ཁག་ལ་འབྲེལ་བ་ཞུས་ནས་བསྒྲུབས་པ་ཡིན། དེ་ཚོར་འགྲིག་མིན་སྐད་ཆ་ཡོད་ན་བགྲོ་གླེང་བྱེད་འདོད་ཡོད།” ཅེས་གསུངས། རིན་པོ་ཆེས་ད་དུང་བཀའ་གནང་བར། “དེབ་དེའི་ནང་གི་དཔེ་ཆའི་ཐོ་བཀོད་དེ་ཚོར་ལེགས་པར་བལྟས་ཏེ་ཟིན་བྲིས་རྒྱོབས། རྗེས་མ་དཔེ་ཆ་དེ་དག་ལ་བལྟ་ཐུབ་ན། བོད་ཀྱི་ལོ་རྒྱུས་ལེགས་པར་ཤེས་པའི་གནད་འགག་ཡོད།”ཅེས་ཕས་བུ་ལ་མངགས་པ་ལྟ་བུའི་བློ་ཉེ་བའི་བཀའ་སློབ་དེས་ད་གཟོད་དུང་དཀར་རིན་པོ་ཆེའི་ཐབས་བརྒྱ་ཇུས་སྟོང་ལས་གྲུབ་པའི་ལོ་རྒྱུས་ཀྱི་དེབ་འདི་ལ་རིན་ཐང་གསར་པ་ཞིག་དེའི་ཉིན་མོར་རྙེད། གོང་གི་དཔྱད་གཞིའི་རྒྱུ་ཆ་དེ་ཚོ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་མཁན་རྣམས་ལ་ཧ་ཅང་མཁོ་བའི་རྒྱུ་ཆ་རྐྱང་རེད་འདུག བོད་ནང་ལ་སྐབས་དེ་དུས་བོད་ཡིག་གི་ཡིག་ཚགས་དང་དཔེ་ཆ་རྙིང་པ་ཁག་བསྔོག་པའི་གོ་སྐབས་ཡེ་ནས་མེད་པས། རིན་པོ་ཆེས་ཆོས་སྲིད་ཟུང་འབྲེལ་གྱི་ཕྱག་དེབ་དེ་འབྲི་གནང་བའི་སྐབས། གཙོ་བོ་གོ་སྐབས་དེ་བེད་སྤྱོད་ལེགས་པར་བཏང་གནང་ནས་དེབ་དེ་བརྒྱུད་བོད་ཀྱི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་མང་པོ་འཚོལ་སྒྲུབ་དང་། དེ་དག་མི་རབས་རྗེས་མ་རྣམས་ལ་ངོ་སྤྲོད་གནང་ཐབས་མཛད་པ་ཉིན་མོ་དེར་ཤེས་བྱུང་། དེར་བརྟེན་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་དེབ་དེས་ལོ་རྒྱུས་ཞིབ་འཇུག་གནང་མཁན་རྣམས་ལ་རིན་ཐང་ཆེ་བའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་ངོ་སྤྲོད་གནང་བ་གོར་མ་ཆག ད་དུང་རིན་པོ་ཆེ་ཁོང་གི་ནང་ཚགས་དང་བསླབ་བྱ་ལྟ་བུའི་གསུང་བཤད་ཀྱི་འགྲོས་དེས། ངའི་སྤོབས་པ་ཚང་མ་ཞུམ་ནས་དྲི་བ་གཞན་རྣམས་རང་གར་ཡལ་སོང་།
“ཁྱེད་རང་གིས་ངའི་རང་ལུགས་གང་ཡིན་ཟེར་བ་འདི་ལ། ངའི་རང་ལུགས་ནི་རྒྱུན་དུ་རྒྱུ་འབྲས་ཀྱི་འབྲེལ་བ་འཚོལ་བ་དང་། དེ་དག་ཁ་གསལ་དུ་གཏོང་བ་དེ་ཡིན། ང་ཚོས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཡིན་ནའང་རེད། དེ་བཞིན་བྱ་བ་གཞན་པ་གང་ཡིན་རུང་དེའི་འཕེལ་རིམ་ལ་བསམ་བློ་ཡག་པོ་ཞིག་ཐོངས་དང་། ཐོག་མར་ཆགས་པའི་རྒྱུ། བར་ལ་འཕེལ་རྒྱས་བྱུང་བའི་རིམ་པ། མཐའ་མར་འཇིག་པའི་རྐྱེན་དེ་ཚོར་བསམ་གཞིག་ཡག་པོ་ཞིག་བྱས་ན། ད་གཟོད་དངོས་པོ་དེའི་གནད་འགག་ཡང་དག་པར་ཤེས་ཐུབ། དེ་ལྟར་བྱས་ན་ཉམས་མྱོང་མང་པོ་གསོག་ཐུབ། གཙོ་བོ་དེ་དངོས་པོ་གང་དང་གང་ཡིན་རུང་དེའི་རྒྱུ་དང་རྐྱེན་ལ་བལྟ་དགོས། རྒྱུ་དང་འབྲས་བུའི་སྔ་ཕྱི་འགལ་བ་མེད་པ་ཡིན་དགོས་པ་དེ་ཚན་རིག་པ་དང་ནང་པ་སངས་རྒྱས་པའི་དབར་ལ་རྩོད་པ་ཆེན་པོ་མེད།” གསུངས། “ཁྱེད་ཚོ་ད་ལྟ་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས། གཙོ་བོ་བློ་གཟུ་བོར་གནས་ཐབས་བྱེད་དགོས། མཁས་པའི་ལས་ཀ་གཙོ་བོ་དེ་བདེན་པ་འཚོལ་བ་དེ་རེད། བདེན་པ་རྙེད་པར་དངོས་པོའི་ཕྱོགས་ཡོངས་ལ་བལྟ་དགོས། བདེན་པ་རྙེད་པའི་བར་ཆད་གཙོ་བོ་དེ་ཕྱོགས་རིས་ཀྱི་བློ་རེད། ཞིབ་འཇུག་པ་ཞིག་གི་ངོས་ནས་ཕྱོགས་རིས་སྤོང་དགོས་པ་དེ་ཆོས་པ་ཞིག་གིས་བདག་འཛིན་སྤོང་བ་དང་གནད་འགག་གཅིག་པ་རེད། ཕྱོགས་རིས་ཅན་གྱི་བློས་བདེན་པ་རྙེད་ཀྱི་མ་རེད། རྒྱུ་མཚན་ནི་ངོས་གཅིག་ལས་མཐོང་གི་མ་རེད། དེ་བཞིན་བདག་འཛིན་སྤོང་མི་ཐུབ་པའི་ཆོས་པ་ཞིག་གིས་ཐར་པ་ཡོང་ཐབས་མེད།” ཅེས་གསུངས། རིན་པོ་ཆེའི་བྱིན་རླབས་ཆེ་བའི་གསུང་དེ་ཉིན་མོ་དེའི་བདག་གི་ཟིན་བྲིས་ཀྱི་བརྗོད་བྱ་གཙིགས་ཆེ་ཤོས་སུ་གྱུར། རྗེས་སུ་རིན་པོ་ཆེའི་གསུང་མང་པོ་ཞིག་ལ་མཇལ་སྐབས། ཁོང་གི་གསུང་རྩོམ་གྱི་རིན་ཐང་ཆེ་ཤོས་དེ་བདེན་པ་གཙོ་བོར་གཞིར་བཟུང་ནས་དེའི་ཁྱད་ཆོས་འགྲེལ་གནང་བ་ཤ་སྟག་རེད་འདུག
ཅ། བོད་ཡིག་ནང་རྩོམ་འབྲི་ཐབས་ཀྱི་ལམ་སྟོན།
སྐབས་དེ་དུས་དགོང་མོ་ཞིག་ལ་རྒན་ཚེ་རིང་ལགས་ཀྱི་གྱོས་པོ་ཕ་བཀྲས་གླིང་མིག་དམར་ཞུ་བ་ཆོས་སེམས་ཆེ་ཞིང་། ཀུན་ལ་བྱམས་བརྩེ་ཆེ་བས། ང་ཚོས་ཁོང་ལ་པཱ་ལགས་ཞུ་བའི་བགྲེས་སོང་ཞིག་ཡོད་པ་ཁོང་ནི་རྒན་ཚེ་རིང་ལགས་ཀྱི་ལྕམ་ཨ་ཅག་ལྷ་མོ་ཚེ་རིང་ལགས་ཀྱི་ཡབ་རེད། དགོང་མོ་ཞིག་པཱ་ལགས་ཀྱིས་ཤ་མོག་བཟོས་གནང་ནས། ང་ཚོ་ཐབ་ཚང་ནང་ལ་ཚ་ཚ་འུར་འུར་གྱིས་ལས་ཀ་བྱེད་ཞོར་ལ་དགོད་བྲོ་དང་། ཁ་རྩེད་སོགས་དགའ་སྤྲོའི་རྣམ་པའི་ཁ་དབུགས་ཀྱིས་ཁེངས་ནས། རྒན་ཚེ་རིང་ལགས་ཀྱི་ཁང་པ་དེ་སྤྲོ་སྣང་དང་དྲོ་སྐྱིད་ཤིན་ཏུ་ཆེ་བའི་ཞིང་ཁམས་ཤིག་ཏུ་གྱུར། ཐོག་ཁང་ནས་རིན་པོ་ཆེས་ངེད་ཚོའི་འཁྲུག་ཆ་དེ་གསན་ནས། ཕལ་ཆེར་དེ་ལ་ཡིད་སྨོན་སྐྱེས་ནས་མར་ཕེབས་པ་ལྟ་བུ་བྱུང་སོང་། ང་ཚོ་དངོས་སུ་མོག་མོག་བཟའ་བའི་སྐབས་ལ་ང་ཚོའི་གླེང་མོལ་ནང་ལ་ཡི་གེ་འབྲི་བའི་སྐོར་སླེབས། དུང་དཀར་རིན་པོ་ཆེས་གུས་པར། “ཁྱེད་རང་དེང་སང་བོད་ཡིག་འབྲི་གི་ཡོད་དམ།”ཞེས་བཀའ་འདྲི་གནང་། དྲི་བ་དེ་ཐོས་མ་ཐག་གུས་པའི་ལུས་ཡོངས་ལ་ཚ་ཤར་ཞིག་ལངས། སེམས་ཁམས་ཀྱང་ལྗིད་དུ་ཕྱིན། ངས་ངོ་གནོང་བཞིན་རིན་པོ་ཆེར། “རིན་པོ་ཆེས་མངོན་ཤེས་ཡོད་པ་ནང་བཞིན་ང་བཀར་གནང་སོང་། མ་གཞི་ངའི་ཕ་སྐད་བོད་ཡིག་ཡིན་རུང་། ད་ཆ་ཞིབ་འཇུག་གི་རྩོམ་ཡིག་དང་། ལས་ཀའི་འབྲེལ་ཡོད་ཀྱི་ཡིག་རིགས་ཚང་མ་དབྱིན་ཇིའི་ནང་ལ་འབྲི་དགོས་པས། དབྱིན་ཡིག་འབྲི་སྐབས་བརྡ་སྤྲོད་དང་། ཚིག་སྦྱོར་གྱི་དཀའ་ངལ་ཕྲན་བུ་ལས། གཏན་ནས་འབྲི་མི་ཐུབ་པ་འདི་འདྲ་མི་འདུག བོད་ཡིག་ནང་ལ་རྩོམ་ཞིག་འབྲི་དགོས་ན། སེམས་ནང་ལ་རྡོག་མཁྲེས་ལྕི་མོ་ཞིག་གིས་སྟེང་ནས་མར་མནན་ཡོང་བ་ལྟ་བུའི་ཚོར་བ་ཞིག་སྐྱེས་པ་དང་། ལག་པ་ཡང་རྔུལ་ཆུས་བརླན་ནས། ཡི་གེ་ཤོག་གྲངས་གསུམ་བཞི་ལ་ཉིན་གཅིག་ཙམ་འགོར་གྱི་འདུག རིན་པོ་ཆེས་ང་ཚོར་བོད་ཡིག་འབྲི་བར་མན་ངག་སོགས་ཡོད་ན་ཐུགས་རྗེས་གཟིགས་སྐྱབས་འཇུག་གནང་རོགས།” ཞུས་པ་དྲན། སྐབས་དེ་དུས་ངའི་འཁྲིས་སུ་ཡོད་པའི་པཱ་ལགས་ཀྱིས་ཀྱང་། “བླ་མ་ཡོད་དུས་ཆོས་ཞུས་ཟེར་བ་བཞིན་བསྟན་འཛིན་ལགས་ཀྱི་སྐྱབས་འཇུག་ཞུ་ཡུལ་ནོར་མེད། རིན་པོ་ཆེས་ཀྱང་བསྟན་འཛིན་ལགས་སུ་སློབ་སྟོན་གནང་རོགས། ཁོང་དངོས་གནས་རིག་གནས་ལ་དོ་སྣང་ཆེན་པོ་རེད། བསྟན་འཛིན་ལགས། སྔོན་མ་བོད་ལ་ལག་པ་སྟོང་པར་སྐྱབས་འཇུག་ཞུ་སྲོལ་མེད་པས། ཁྱེད་ནས་རིན་པོ་ཆེར་མོག་མོག་འདེགས་བཞིན་སྐྱབས་འཇུག་ཞུ་དགོས།” ཞེས་བཞད་གད་དང་མཉམ་དུ་བདག་ལ་རྒྱབ་སྐྱོར་གནང་། ང་ཚོའི་འཁྲུག་ཆ་དོད་པའི་མོག་མོག་གི་སྟོན་མོ་དེ་རེ་ཞིག་ཁུ་སིམ་མེར་གྱུར་ནས་ཚང་མའི་བཞིན་རས་རིན་པོ་ཆེའི་ཕྱོགས་ལ་བཅུས་པས། རིན་པོ་ཆེས་ལམ་སེང་། “མན་ངག་སྤྲོད་པར་ལས་སླ་པོ་ག་པར་ཡོད། པཱ་ལགས་ཀྱིས་གསུངས་པ་དེ་རེད། སྔོན་ལ་འབུལ་བ་གྱ་ནོམ་པ་གྲ་སྒྲིག་དགོས། དེ་བཞིན་ངས་ཀྱང་ཆོ་ག་རབ་དང་རིམ་པ་ཞིག་སྒྲུབ་དགོས། ད་དུང་མོ་ཞིག་ཀྱང་འདེབས་དགོས།” ཞེས་བཞད་བགད་གནང་། མི་ཚང་མ་གད་མོ་ཤོར་ནས་ཁང་པའི་ནང་ལ་འུར་སྒྲས་ཁེངས། དེས་ང་ཚོའི་དབུགས་དམ་པའི་ཁོར་ཡུག་དེར། མཁའ་རླུང་གསར་པ་ཞིག་སླེབས་ནས་ཚང་མ་ལྷོད་ཤིག་ཤིག་བཟོས། ངེད་ཚོའི་དགའ་སྟོན་གྱི་ཁོར་ཡུག་དེ་སླར་གསོ་ཐུབ་པ་བྱུང་། འོན་ཀྱང་དེའི་དགོང་མོ་ང་ལ་མན་ངག་དེ་རག་མ་སོང་།
དེ་ནས་ཉིན་ཤས་རྗེས་ཀྱི་ཞོགས་པ་ཞིག་ལ། པཱ་ལགས་ཀྱིས་ང་ལ་གསོལ་ཇ་དཀར་ཡོལ་གང་སྤྲད་གནང་ནས་དེ་ཐོག་ཁང་ལ་རིན་པོ་ཆེར་འབུལ་དགོས་པའི་བཀའ་གནང་། ངས་ཀྱང་ལམ་སེང་དེ་འཁུར་ནས་རིན་པོ་ཆེའི་བཞུགས་ཁང་དེར་ཕྱིན། ཕྱི་རྒྱལ་ལ། ཁང་པའི་ནང་ལ་འགྲོ་སྐབས་ངེས་པར་དུ་སྒོ་བརྡུངས་ནས་དོ་བདག་ལ་བརྡ་སྤྲོད་དགོས་པ་དང་། ཡར་ཕེབས་ཆོག་པའི་བཀའ་མེད་པར་འགྲོ་སྲོལ་མེད། ངས་ཀྱང་དེའི་གོམས་གཤིས་བཅངས་ཏེ་རིན་པོ་ཆེའི་གཟིམ་སྒོ་བརྡུངས། ཡིན་ནའང་ལན་མ་ཐོས། དོ་སྣང་བྱུང་བར་སྒོ་དེ་ཏོག་ཙམ་ཕྱེ་ནས་བཞག་འདུག་པས། ག་ལེར་ཕར་འབུད་རྒྱག་བཏང་བས། རིན་པོ་ཆེ་གཟིམ་ཁྲིའི་སྒང་ལ་དཀྱིལ་ཀྲུང་དུ་བཞུགས་ཏེ་ཞལ་འདོན་གནང་བཞིན་འདུག་པ་མཇལ།
ཅོག་ཙེ་དང་གཟིམ་ཁྲིའི་གཡས་གཡོན་ལ་བོད་ཡིག་གི་ཕྱག་དེབ་མང་པོ་སྤུངས་འདུག་པ་རྣམས་ཤོད་ནས་རྒན་ཚེ་རིང་ལགས་ཀྱི་དཔེ་མཛོད་ནས་བསྣམས་པ་འདྲ། ཁོང་གིས་ང་ལ་ཇ་དེ་ཉལ་ཁྲིའི་ཟུར་གྱི་གློག་སྒྲོན་འཇོག་ས་གསོལ་ཅོག་ཆུང་ཆུང་དེའི་སྟེང་འཇོག་དགོས་པའི་ལག་བརྡ་གནང་། ཞལ་ནས་བཀའ་མོལ་གང་ཡང་གནང་གི་མི་འདུག དེ་ནས་མར་ཐོན་ཁར། སླར་ཡང་མཛུབ་བརྡ་གནང་ནས་ང་རང་དེའི་འཁྲིས་ཀྱི་རྐུབ་སྟེགས་ཐོག་སྡོད་དགོས་པའི་བཀའ་ཕེབས། ང་རང་ཡང་ཅི་བྱེད་འདི་བྱེད་མེད་པར་མར་བསྡད་ནས་རིན་པོ་ཆེའི་གསུང་ལ་བསྒུགས་ནས་བསྡད། ཕལ་ཆེར་སྐར་མ་ལྔ་ཙམ་རིང་རིན་པོ་ཆེས་ད་དུང་གསུང་མི་འབྱོན་པར་སྤྱན་བཙུམས་ཤིང་། ཕྱག་གཉིས་ཐལ་མོ་ལྟ་བུའི་དབྱིབས་ཤིག་གནང་ནས་ཐུགས་སྨོན་སྐྱོན་བཞིན་བཞུགས། གང་འཚམ་ནས་རིན་པོ་ཆེས་སྨོན་ལམ་གྲུབ་པའི་རྣམ་འགྱུར་བཏོན་གནང་བས། ངས་ལམ་སེང་ཡར་ལངས་ཏེ་གསོལ་ཅོག་སྒང་གི་གསོལ་ཇ་དེ་རིན་པོ་ཆེར་ཕུལ། རིན་པོ་ཆེས་གསོལ་ཇ་མཆོད་ཞོར་གུས་པར་བཀའ་སློབ་ཕེབས་པར། “ཁ་སང་ཁྱེད་ཀྱིས་ཡི་གེ་འབྲི་སྟངས་སྐོར་ལ་སློབ་སྟོན་གྱིས་ཟེར་བར། གནད་འགག་གཙོ་བོ་དེ། དང་པོ་ཁ་སྐད་ནང་ལ་མར་འབྲི་དགོས། དཔེར་ན། སང་ཉིན་ཚེ་རིང་ཤཱཀྱ་ལགས་ཀྱིས་ང་ལོན་ཌོན་གྱི་དཔེ་མཛོད་ཁང་ལ་འཁྲིད་ཀྱི་རེད། ལྟ་བུ་ཐད་ཀར་ཁ་ནས་བཤད་པ་དེ་བྲིས་ན་འགྲིག་པ་རེད། ཁ་སྐད་ཤུགས་ཆེ་དྲགས་ན་དེ་རིམ་བཞིན་ཡིག་སྐད་ཐོག་སྤོ་བ་དང་། ད་དུང་དག་ཆ་དང་བརྡ་སྤྲོད་སོགས་ཡར་རྒྱས་བཏང་ན་ཡག་པོ་ཡོད། དེ་ལྟར་བྱས་ན་ཡི་གེ་འབྲི་བར་དཀའ་ངལ་མེད། ཡག་ཤོས་བྱུང་ན་དང་པོ་ཉིན་ཐོ་ཡང་ཡང་འབྲི་དགོས། ཉིན་ཐོ་འབྲི་སྟངས་མི་འདྲ་བ་མང་པོ་ཡོད་པ་ལས། གཙོ་བོ་རིགས་གཉིས་འདུག གཅིག་དེ་གནས་ཚུལ་མང་པོ་ཞིག་ཐོ་འགོད་བྱེད་པ་ལྟར་ཞིབ་ཕྲ་མེད་པར་རྣམ་གྲངས་མང་པོ་ཞིག་འབྲི་སྲོལ་འདུག སྔོན་མ་རྩེ་འགག་གི་ཐོ་དེ་དག་འདི་འདྲ་པོ་འདུག
གཉིས་པ་དེ། བརྗོད་གཞི་མང་པོའི་ནང་ནས་གནད་འགག་ཆེ་བ་གཅིག་བདམས་ནས་དེ་ལ་རྒྱས་བཤད་བྱེད་སྲོལ་འདུག དེ་ཕལ་ཆེར་ནུབ་ཕྱོགས་པ་དང་། དེང་དུས་ཀྱི་སྲོལ་ལྟ་བུ་རེད། ཁྱེད་རང་གིས་རྗེས་མ་དེ་ལག་བསྟར་བྱས་ནས་ཉིན་ཐོ་ཏོག་ཙམ་འབྲི་ཐུབ་ན་ལེགས། གཙོ་བོ་བོད་ཡིག་ནང་ལ་རྩོམ་རིག་མང་པོ་ཀློག་དགོས། དེ་ནས་བརྡ་སྤྲོད་དང་དུས་གསུམ་ལ་དོ་སྣང་བྱེད་དགོས།” ཞེས་བཀའ་ཕེབས། ད་དུང་དྲན་པར་རིན་པོ་ཆེས། “ཉིན་ཐོ་འབྲི་སྐབས་བྱ་བ་ཞིག་གི་སྐོར་ལ་འབྲི་བཞིན་ཡོད་ན། བྱ་བ་དེའི་གོ་རིམ་མ་འཁྲུག་པ་བྱེད་དགོས། དཔེར་ན། པཱ་ལགས་ཀྱིས་སྤགས་གཡོ་བའི་སྐོར་ལ་འབྲི་དགོས་ན། དེ་རིང་པཱ་ལགས་ཀྱིས་གསོལ་བ་མཆོད་སོང་། དང་པོ་ཕོར་པའི་ནང་ལ་སྤགས་ཁུ་ཏོག་ཙམ་བླུགས་གནང་སོང་། དེ་ནས་རྩམ་པ་ཐུར་མ་བཞི་ཙམ་བསྐྱོན་སོང་། དེའི་རྗེས་ལ་ཕྱུ་ར་དང་ཅི་ནི་༼ཀ་ར།༽བསྐྱོན། དེ་ནས་ལག་པ་གཡོན་པས་ཕོར་བ་འོག་ནས་བཟུང་། ལག་པ་གཡས་པའི་མཛུབ་མོ་བཞི་དེ་རིམ་གྱིས་འགུལ་ནས་གསོལ་བ་གཡོས་སོང་།”དེ་ལྟ་བུའི་གོ་རིམ་ལྡན་པའི་ཐོག་བྲིས་ན་བོད་ཡིག་འབྲི་བར་དཀའ་ངལ་མེད།”ཅེས་གདེང་ཚོད་ཆེན་པོས་གསུངས། རིན་པོ་ཆེའི་གོ་བདེ་ལ་ནང་དོན་བློ་ལ་འཇགས་སླ་བ། ཚིག་ཉུང་ལ་དོན་རྒྱ་ཆེ་བའི་སློབ་ཁྲིད་ཀྱི་ཐབས་ཤེས་དེ་ནི་ངོ་མ་ཐུན་མོང་མ་ཡིན་པའི་དུང་དཀར་རིན་པོ་ཆེ་མཆོག་གི་ཁྱད་ཆོས་ཤིག་ལ་མངོན། ཕལ་ཆེར་གདམ་ངག་ཟེར་ན་འདི་ལྟ་བུར་གོ་བ་མིན་ནམ་སྙམ། གང་ལྟར་དྲིན་ཅན་ཁོང་གི་བཀའ་སློབ་འདིས་ངའི་བོད་ཡིག་གི་ཡར་རྒྱས་ལ་འགྱུར་བ་ཆེན་པོ་བྱུང་། ལོ་དེ་ནས་ངས་བོད་དང་རྒྱ་གར་སོགས་ལ་ཡོད་པའི་གུས་པའི་སྤུན་མཆེད་དང་གྲོགས་པོ་རྣམས་ལ་ཡི་གེ་འབྲི་རྒྱུ་མང་དུ་ཕྱིན་སོང་། བསམ་ཡུལ་ལས་འདས་པ་ཞིག་ནི་དེ་ནས་བཟུང་། ངའི་དབྱིན་ཇིའི་རྩོམ་ཡིག་གི་ནང་དོན་ཡང་ཁ་གསལ་དུ་ཕྱིན་པ་དང་། དེ་ལ་ངའི་དགེ་རྒན་ནས་དོ་སྣང་བྱུང་འདུག
ངས་གོ་སྐབས་དེ་བརྒྱུད་ནས་རིན་པོ་ཆེར་ནང་ཆོས་ཀྱི་སྐོར་ལ་ཡང་དྲི་བ་རེ་གཉིས་ཕུལ་བ་ཡིན། རིན་པོ་ཆེས་གསུངས་པར། “བརྡ་སྤྲོད་དང་སྙན་ངག་དེ་དག་རྨང་གཞི་ཏོག་ཙམ་ཡོད་ན། ཀློག་དེབ་བལྟས་ནས་རིམ་བཞིན་ཡར་རྒྱས་གཏོང་ཐུབ། ནང་ཆོས་ལ་དེ་ལྟར་མི་ཡོང་། སྔོན་ལ་བཤེས་གཉེན་ཡག་པོ་ཞིག་འཚོལ་དགོས། དེ་ལ་བརྟག་དཔྱད་ཡག་པོ་བྱས། དངོས་གནས་མཚན་ཉིད་ཚང་བའི་བཤེས་གཉེན་ཞིག་ཡིན་པ་ར་འཕྲོད་ན། བློ་གཅིག་སེམས་གཅིག་གིས་བསྟེན་དགོས། བསྟེན་ཟེར་བ་དེ་གཙོ་བོ་བཤེས་གཉེན་གྱི་བཀའ་བཞིན་སྒྲུབ་པའི་དོན་རེད།” ཅེས་གསལ་ཁ་བཏོན་པ་གནང་། “ཁྱེད་རང་སློབ་གྲྭ་ཐོན་རྗེས་འཆར་གཞི་གང་ཡིན་”གསུངས། ཕྲན་ནས་ང་རང་ཕལ་ཆེར་ཨ་རིར་འགྲོ་རྒྱུ་གཏན་འཁེལ་སོང་། དེ་ལ་ཀུན་ཕན་ཐེབས་རྩ་ཚོགས་པའི་འགན་འཛིན་ཁོང་གིས་བོད་ནང་ལ་སློབ་གསོའི་རྒྱབ་སྐྱོར་གྱི་བྱ་བ་མང་པོ་ཞིག་སྒྲུབ་བཞིན་པས། དེ་ལ་མཉམ་ཞུགས་བྱ་རྒྱུ་ཡིན་ཞུས་པར། རིན་པོ་ཆེ་མཆོག་ནས། “ཨ་རིར་ཕྱིན་ན་དེ་གར་ར་སྟོད་སྐྱོང་བླ་རིན་པོ་ཆེ་བཞུགས་ཡོད་པས་ངེས་པར་དུ་ཁོང་བཙལ་ནས་བླ་མར་བསྟེན་ཐུབ་ན་ཤིན་ཏུ་ལེགས། ཁོང་ངེས་པ་དོན་གྱི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཚད་ལྡན་རེད། ངས་ལོ་གཅིག་གཉིས་གོང་ལ་ར་སྟོད་སྐྱོང་བླ་རིན་པོ་ཆེ་ལྷ་སར་མཇལ་བྱུང་། ཁོང་དགུང་ན་མཐོན་པོར་ཕེབས་རུང་སྐུ་གཟུགས་ཤིན་ཏུ་ཐང་པོ་འདུག དེ་བཞིན་དབྱིན་ལན་ལ་བསྡད་ན་གཟན་དཀར་མཆོག་སྤྲུལ་རིན་པོ་ཆེ་བཞུགས་ཡོད། ད་ལྟ་བོད་ནང་ལ་ཁོང་ལྟ་བུའི་ཆོས་དང་རིག་གནས་གཉིས་ཀར་མཁྱེན་རྒྱ་དང་ལྷག་བསམ་ཡོད་པ་ཤིན་ཏུ་དཀོན། དེའི་སྟེང་ལ་གཟན་དཀར་རིན་པོ་ཆེ་ནི་སྲིད་གཞུང་གི་མི་རིགས་སྲིད་བྱུས་སོགས་ལ་ཡང་མཁྱེན་རྒྱ་ཆེན་པོ་རེད།” ཅེས་བཀའ་དྲིན་ཆེ་བའི་སློབ་སྟོན་གནང་།
ད་དུང་ཁོང་ནས། “དེ་བཞིན་དུས་ཚོད་སྟོང་པ་ཡོད་ཚེ། ལྷག་པར་དུ་ཞོགས་པ་ཁ་འདོན་དང་སྨོན་ལམ་བརྒྱབ་ཐུབ་ན་ལེགས། སྨོན་ལམ་ཟེར་བ་འདི་རང་གི་འདོད་པ་དེ་ཚོ་མངོན་འགྱུར་བྱེད་པའི་ཐབས་གཅིག་རེད། དེ་དངོས་གཙོ་སྨྲ་བས་ལག་ལེན་བྱེད་ཀྱི་ཡོད། དཔེར་ན། མའོ་ཀྲུའུ་ཞི་ཁྲི་ལོར་བརྟན་པ་ཤོག་ཟེར་བའི་སྨོན་ལམ་དངོས་གཙོ་སྨྲ་བའི་ནང་རྒྱུན་ལྡན་གྱི་བྱ་བ་རེད། མདོར་ན་སྨོན་ལམ་རེད། ང་ཚོ་ཆོས་ཁས་ལེན་མཁན་ཡིན་ན་སྨོན་ལམ་དེ་ཆོས་ཉམས་ལེན་གྱི་གོམ་པ་དང་པོ་དེ་རེད།”ཅེས་བཀའ་ཕེབས། “ང་རང་སྨོན་ལམ་རྒྱག་རྒྱུར་དགའ་པོ་ཡོད་ལ། སྨོན་ལམ་དེ་ཚོ་མངོན་འགྱུར་བྱུང་བ་ཐེངས་མང་པོ་ར་སྤྲོད་བྱུང་། དཔེར་ན། སྔོན་མ་ཡབ་གཞིས་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཞུས་ནས་ཕྱི་ལོ་ ༡༩༨༠ ནང་ལ་རྒྱ་ནག་ལ་ཀྲུང་དབྱང་གི་དཔོན་རིགས་མཇལ་བར་ཕེབས་པ་རེད།”
“སྐབས་དེ་དུས་༸རྒྱལ་བ་རིན་པོ་ཆེའི་དགོངས་འཆར་དུ་མ་ཞིག་ཀྲུང་དབྱང་ལ་འབུལ་བའི་ནང་ལ་གཅིག་དེ་བོད་ཕྱི་ནང་གི་མཁས་པ་མཉམ་འཛོམས་ཐོག་བོད་ཀྱི་ཆོས་དང་རིག་གཞུང་འཕེལ་རྒྱས་གཏོང་བའི་སྐོར་ལ་བགྲོ་གླེང་བྱ་རྒྱུའི་བསམ་འཆར་ཞིག་ཡོད་པ་དེ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་ཀྲུང་དབྱང་ལ་ཕུལ་བ་རེད། ངས་ཤེས་པར་གཟན་དཀར་མཆོག་སྤྲུལ་རིན་པོ་ཆེ་དང་། ང་རང་ཐོ་དེའི་ནང་ལ་ཡོད་འདུག སྐབས་དེ་དུས་ང་ཚོས་ཀྱང་དེ་ཐོས་འཕྲལ་སེམས་འགུལ་ཐེབས་ནས། སྨོན་ལམ་ནན་པོ་བརྒྱབ་པ་ཡིན། དེ་ལྟར་བགྱི་ཐུབ་ན་བོད་ཀྱི་ཆོས་དང་རིག་གཞུང་ལ་རླབས་ཆེ་བའི་ཕན་འབྲས་འཐོན་གྱི་རེད། ཚོགས་འདུ་དེ་ལག་བསྟར་བྱེད་མ་ཐུབ་ཀྱང་། ད་རེས་འདིར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་དང་། གཟན་དཀར་རིན་པོ་ཆེ། དེ་བཞིན་ལོ་རྒྱུས་རྩོམ་པ་པོ་ཚེ་རིང་ཤཱཀྱ་ལགས་ང་ཚོ་ས་ཆ་གཅིག་ལ་འཛོམས་ཐུབ་པ་བྱུང་བ་རེད། དེ་ཚོ་སྨོན་ལམ་གྱི་མཐུ་དང་འབྲེལ་བ་ཡོད།”ཅེས་གསུངས།
དེ་ནས་ཉིན་གཅིག་གུས་པའི་དགེ་རྒན་དང་གྲོགས་པོ་ཡིན་པ་ཨོག་སི་ཕོར་ཌི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མེ་ཁེལ་ཨ་རི་སི་ཞུ་བ་ཁོང་གིས་དུང་དཀར་རིན་པོ་ཆེ་དང་། རྒན་འཇམ་དཔལ་ལགས། དེ་བཞིན་རྒན་ཚེ་རིང་ཤཱཀྱ་ལགས་བཅས་གྲོང་ཁྱེར་ཨོག་སི་ཕོར་ཌི་ ཡི་ནང་ལ་ཆགས་པའི་ཨོག་སི་ཕོར་ཌི་སློབ་ཆེན་སྐད་གྲགས་ཅན་དེར་གདན་ཞུ་གནང། མེ་ཁེལ་གྱིས་ཕྲན་ལ་ཤ་མོག་མོག་གྲ་སྒྲིག་གྱིས་གསུངས་པ་ལྟར། ཁོང་གི་ནང་ལ་རོགས་པ་འགའ་ཤས་འཁྲིད་ནས་ཞལ་ལག་གྲ་སྒྲིག་བྱས། སྐབས་དེ་དུས་དཔལ་ཀརྨ་བཀའ་བརྒྱུད་ཀྱི་མཁན་ཆེན་དང་། ད་ལྟའི་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཡོངས་འཛིན་ཁྲ་འགུ་རིན་པོ་ཆེ་ཡང་གྲོང་ཁྱེར་དེར་ཕེབས་པ་དང་སྐབས་འཁེལ་ནས། མེ་ཁེལ་གྱིས་ཁྲ་འགུ་རིན་པོ་ཆེ་ཉིན་དེར་གསོལ་ཚིགས་ལ་གདན་ཞུ་གནང་། དུང་དཀར་རིན་པོ་ཆེ་དང་། ཁྲ་འགུ་རིན་པོ་ཆེ། རྒན་འཇམ་དཔལ་ལགས། རྒན་ཚེ་རིང་ཤཱཀྱ་ལགས། ད་ལྟའི་ཀུན་ཕན་ཐེབས་རྩའི་སྦྱིན་བདག་ཨ་རི་བ་ཨན་ཌི་ཡ་སོ་རོ་སི། དེ་བཞིན་མེ་ཁེལ་དང་། ཕྱི་ལོ་ ༡༩༨༠ ནང་ལ་བོད་ནང་ལ་དབྱིན་ཇིའི་དགེ་རྒན་བྱེད་མྱོང་བ་ཁ་འཕྲུལ་ནར་སྦ་སེ་བཅས་མི་མང་པོ་མཉམ་དུ་འཛོམས་ནས་ཉིན་དགུང་མེ་ཁེལ་གྱི་ལྡུམ་རའི་ནང་ལ་གསོལ་ཚིགས་བཤམས།
སྐབས་དེ་དུས་གསོལ་ཚིགས་མ་བཏང་ཙམ་གྱི་སྔོན་ལ། དུང་དཀར་རིན་པོ་ཆེས་དེ་རིང་རྟེན་འབྲེལ་ཡག་པོ་བྱུང་སོང་། དེ་རིང་འཁྲུངས་ལྷ་དབྱར་གསོལ་གྱི་ཉིན་མོ་རེད། ང་ཚོ་ཚང་མ་འདིར་འཛོམས་ནས་འཁྲུངས་ལྷ་དབྱར་གསོལ་བྱ་རྒྱུ་བྱུང་བ་འདི་རྟེན་འབྲེལ་ཡག་པོ་བྱུང་སོང་གསུངས། འཁྲུངས་ལྷ་དབྱར་གསོལ་ནི་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་འཁྲུངས་སྐར་དུས་ཆེན་ཡིན་པ་དང་། ལྷ་སར་བོད་པ་ཚོས་ཞོགས་པ་སྔ་པོ་ནས་བར་སྐོར་དང་གླིང་སྐོར་ནང་ལ་སྐུ་བསང་འབུལ་བ་དང་། ལྷ་སའི་ཉེ་འདབས་ཀྱི་བུམ་པ་རི་སོགས་ལ་དར་ལྕོག་འཛུགས་སྲོལ་ཡོད་འདུག དུང་དཀར་རིན་པོ་ཆེས་ང་ཚོར་༸རྒྱལ་བའི་ཞབས་བརྟན་དཔེ་ཆ་ཡོད་དམ་ཞེས་བཀའ་འདྲི་གནང་བར། ངས་མེ་ཁེལ་ལ་དྲི་བ་དེ་ཕུལ་བ་ཡིན། ཁོང་བྲེལ་འཚུབ་དང་བཅས་ང་གཉིས་ཁོང་གི་དཔེ་མཛོད་ནང་ཕྱིན་ནས་བཙལ་བ་ཡིན་རུང་། ཁོང་གི་དཔེ་མཛོད་ནང་གི་བོད་པའི་དཔེ་ཆ་མང་ཆེ་བ་བོད་ཀྱི་བླ་མ་དང་མཁས་དབང་ཚོའི་གསུང་འབུམ་དང་། འབྲུག་པ་བཀའ་བརྒྱུད་ཀྱི་ཁ་འདོན་དང་ཆོ་ག་ལས་༸རྒྱལ་བའི་ཞབས་བརྟན་མི་འདུག གསོལ་ཚིགས་མ་ཕུལ་བའི་སྔོན་ལ། དུང་དཀར་རིན་པོ་ཆེས་དབུ་འཁྲིད་ནས། ༸རྒྱལ་བའི་ཞབས་བརྟན་རབ་འབྱམས་རྒྱལ་བ་མ་དབུ་འཛུགས་ཀྱིས་གསུང་འདོན་གནང་། དུང་དཀར་རིན་པོ་ཆེ་མ་གཏོགས་གཞན་པ་མང་ཆེ་བར་ཞབས་བརྟན་དེ་ཐུགས་ཐོག་ནས་འདོན་རྒྱུ་མི་འདུག རྗེས་མ་ཁྲ་འགུ་རིན་པོ་ཆེར་མེ་ཁེལ་གྱིས་༸རྒྱལ་བའི་ཞབས་བརྟན་གྱི་སྐོར་ལ་བཀའ་འདྲི་ཞུས་པར། ཁྲ་འགུ་རིན་པོ་ཆེས་གསུང་དོན། མཚམས་རེ་རྒྱ་གར་ལ་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་ཁག་ནང་ལ་རྒྱལ་དབང་ཀརྨ་སྐུ་ཕྲེང་བཅུ་དྲུག་པས་མཛད་པའི་༸རྒྱལ་བ་རིན་པོ་ཆེའི་ཞབས་བརྟན་ཞིག་ཡོད་པ་དེ་འདོན་གྱི་རེད་ཅེས་གསུངས། ཁྲ་འགུ་རིན་པོ་ཆེས་གསུང་དོན། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་མཆོག་གིས་༸རྒྱལ་བ་རིན་པོ་ཆེའི་ཞབས་བརྟན་མི་འདྲ་བ་གསུམ་ཙམ་མཛད་ཡོད་གསུངས། དུང་དཀར་རིན་པོ་ཆེས་རྗེས་མ་དེ་དག་པར་སྐྲུན་གནང་བའི་རེ་སྐུལ་གནང་སོང་།
ཕྱི་ལོ་ ༡༩༩༧ ལོ་ནི་ངའི་མི་ཚེའི་ནང་གི་ཅུང་མངོན་གསལ་དོད་པའི་དུས་ཚིགས་ཤིག་ཏུ་སྣང་། ལོ་དེར་ངས་ལོ་བདུན་ཙམ་རིང་སློབ་གཉེར་དང་འཚོ་བ་རོལ་མྱོང་བའི་དབྱིན་ཇིའི་རྒྱལ་ཁབ་དང་། བདག་ལ་དྲིན་ཆེ་བའི་གྲོགས་པོ་དང་གྲོགས་མོ་མང་པོ་ཞིག་བཞག་ནས། སྔར་བཞིན་ཆ་མེད་རྒྱུས་མེད་ཀྱི་རྒྱལ་ཁབ་གསར་པ་ཨ་རིར་ཁ་ཕྱོགས། ངས་སྔར་བཞིན་བརྗོད་པ་ནི་དེའི་གོང་རོལ་གྱི་ལོ་བཅུའི་ཙམ་ན་ངས་རང་གི་ཕ་ཡུལ་གངས་ལྗོངས་ཀྱི་རྒྱལ་ས་ལྷ་ས་བཞག་ནས་ལོ་བཅུ་ཕྱིན་ཟིན་པ་དང་། དེའི་བར་ནས་ཆ་མེད་རྒྱུས་མེད་ངང་བལ་ཡུལ་དང་རྒྱ་གར་གཉིས་འགྲིམས་མྱོང་།
ཆ། དུང་དཀར་རིན་པོ་ཆེ་ཨ་རིར་སྨན་བཅོས་ལ་ཕེབས་པའི་སྔ་ཕྱིའི་བག་ཆགས།
ཕྱི་ལོ་ ༡༩༩༧ ཟླ་བ་དང་པོའི་ནང་ཨ་རིར་ཀུན་ཕན་ཐེབས་རྩ་ཚོགས་པའི་བཀའ་བཞིན་ནེའུ་ཡོག་ལ་ལས་ཞུགས་བྱས་ནས་ཐེབས་རྩ་ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་སྟེ། བོད་ཀྱི་ས་ཁུལ་ཡོད་དོ་ཅོག་ལ་སློབ་གསོ་དང་། སྤྱི་ཚོགས་ཡར་རྒྱས་གཏོང་བའི་ཕུགས་རིང་གི་ལས་ཀའི་འཆར་གཞི་བཟོ་བར་མཉམ་ཞུགས་བྱས་པ་དང་། ལྷག་བསམ་དག་པའི་ལས་རོགས་དུ་མ་དང་མཉམ་དུ་ལས་གཞི་ལག་བསྟར་ཞུས། སྐབས་དེ་དུས་ལོ་གཅིག་གི་ནང་། བོད་ནང་གི་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ལ་རོགས་སྐྱོར་ཨ་སྒོར་ས་ཡ་ལྔ་ཙམ་གཏོང་བཞིན་ཡོད། ལོ་དེའི་ཟླ་བ་བདུན་པའི་ནང་ལ་གུས་ཚོའི་དབུ་ཁྲིད་གཉིས་པ་ཁིམ་མོ་རི་སི་ནས་གུས་པ་ཁོང་གི་ཡིག་ཚང་ནང་ལ་བསྐོངས་ནས། བོད་ཀྱི་སློབ་དཔོན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེ་མཆོག་བསྙུན་ནས་རྒྱ་ནག་ལ་སྨན་བཅོས་གནང་བཞིན་ཡོད་མུས། དེ་གར་མཐུན་རྐྱེན་མི་ལེགས་པས། མགྱོགས་མྱུར་ཁོང་ཨ་རིར་སྨན་བཅོས་ལ་གདན་འདྲེན་ཞུ་དགོས་སྟབས། ལས་དོན་དེའི་ཐད་འགན་འཁུར་དགོས་པ་མ་ཟད། ཁོང་ཨ་རིའི་སྨན་ཁང་གང་དུ་བཞུགས་རིང་ས་གནས་སུ་བསྐྱོད་ནས་ཞབས་ཕྱི་སྒྲུབ་དགོས་པའི་བཀའ་ཕེབས། དུང་དཀར་རིན་པོ་ཆེ་བསྙུན་པའི་གསར་འགྱུར་དེ་ཐོས་འཕྲལ། ལུས་སེམས་ལ་གྲང་ཤུར་བརྒྱབ་ཅིང་། བོད་ཀྱི་ཆོས་དང་རིག་གཞུང་སླར་གསོའི་བྱ་བར་སྨག་རུམ་མུན་པའི་ནང་ལ་བྱམས་བརྩེའི་ཉི་འོད་འདྲེན་མཁན་ཁོང་ལྟ་བུའི་སྐུ་ཚེར་བར་ཆད་བྱུང་བ་ནི་ང་ཚོ་གངས་ཅན་པ་རྣམས་ཀྱི་གྱོང་གུན་ཆེན་པོ་ཞིག་རེད་སྙམ་ནས་སྐྱོ་བ་ཆེན་པོ་ཞིག་སྐྱེས། ད་དུང་ཆག་སྒོ་ཐམས་ཅད་ཅིའི་ཕྱིར་ང་ཚོ་བོད་པའི་སྟེང་ལ་བབས་དགོས་སམ་སྙམ་པའི་ཁོང་ཁྲོའི་སྟོབས་ཀྱིས་སེམས་དམ་པོར་ཟིན་པས། རེ་ཞིག་དབུ་ཁྲིད་ལ་ཡང་སྐད་ཆ་ཤོད་མི་འདོད་པའི་གནས་སུ་གྱུར།
རིམ་བཞིན་གནས་ཚུལ་ཤེས་རྟོགས་བྱུང་བར་རིན་པོ་ཆེ་མཆོག་ལྷ་སར་སྨན་བཅོས་ཞུ་སྐབས། ཞབས་ལ་རུས་སྐྲན་ཡོད་པ་མཁྱེན་ནས་རྒྱ་ནག་གི་གྲོང་ཁྱེར་ཁྲེན་ཏུར་སྨན་བཅོས་གནང་བར་ཕེབས། སྐབས་དེར་ཁྲེན་ཏུར་སྨན་བཅོས་ཡག་པོ་ཡོང་གི་མེད་པ་མཁྱེན་ནས། རེ་སྐུལ་ཞུས་པ་བཞིན་ཨ་རིའི་ནང་ལ་བཞུགས་པའི་ཉག་རེ་མཁན་སྤྲུལ་དགེ་ལེགས་རིན་པོ་ཆེས་ཨ་རིའི་ནང་ལ་སྨན་བཅོས་ཡོང་བའི་ཐབས་ཤེས་གནང་བཞིན་འདུག དགེ་ལེགས་རིན་པོ་ཆེས་ཁོང་གི་སློབ་མ་རོལ་དབྱངས་རྩོམ་པ་པོ་གྲགས་ཅན་ཧྥི་ལིབ་གྷེལ་ལ་སེ་ལ་སྨན་ཁང་འཚོལ་དགོས་པའི་བཀའ་གནང་། ཀུན་ཕན་ཐེབས་རྩའི་སྦྱིན་བདག་དང་དབུ་ཁྲིད་ཨན་ཌེ་ཡ་སོ་རོ་སི་དང་། དབུ་ཁྲིད་གཞོན་པ་ཁིམ་ལ་དཔལ་འབྱོར་རྒྱབ་སྐྱོར་གྱི་རེ་འདུན་ཞུས་འདུག ཁོང་རྣམ་པ་གཉིས་ནས་གུས་པས་དུང་དཀར་རིན་པོ་ཆེ་དབྱིན་ཇིའི་ལུང་པར་མཇལ་མྱོང་བ་མཁྱེན་གྱི་ཡོད་སྟབས། ཕྲན་ལ་དེའི་སྐོར་ཞབས་ཕྱི་ཞུ་དགོས་པའི་བཀའ་ཕེབས་པ་རེད། ཧྥི་ལིབ་མཆོག་ནས་ཨ་རིའི་གྲོང་ཁྱེར་ལོ་ཇི་ཨན་ཇིལ་སི་ལ་རྟེན་གཞི་བྱས་པའི་འཛམ་གླིང་ནང་གི་སྐྲན་ནད་སྨན་ཁང་ལེགས་ཤོས་སི་དར་སི་ནལ་ལ་ (Cedars-Sinai Medical Center) སྨན་བཅོས་གནང་རྒྱུའི་ཐག་གཅོད་གནང་འདུག ཀུན་ཕན་ཐེབས་རྩས་རིན་པོ་ཆེ་དམ་པ་དང་། ལྕམ་པད་མ་གཡུ་སྒྲོན་ལགས། དེ་བཞིན་བོད་ལྗོངས་སློབ་ཆེན་ནས་མངགས་པའི་ཕྱག་རོགས་བོད་ཡིག་དགེ་རྒན་ལྷག་པ་ཚེ་བརྟན་ལགས་ཀྱི་ལམ་གྲོན་དང་། ཨ་རིར་བཞུགས་ཡུན་རིང་གི་འགྲོ་སོང་གནང་རྒྱུའི་ཐོག དེ་བཞིན་སྨན་བཅོས་གྲུབ་རྗེས་སྨན་རིན་འཕར་མ་གཞན་ཇི་ཡོད་སྨན་ཁང་ལ་རྩིས་རྒྱག་རྒྱུའི་ཞལ་བཞེས་གནང་།
ང་ཚོས་སྨན་ཁང་དང་འགྲོ་སོང་ཐག་གཅོད་བྱུང་བས་དགའ་ཚོར་དང་སྤོབས་པ་ཆེན་པོས་ལམ་སེང་དུང་དཀར་རིན་པོ་ཆེའི་ཕྱག་རོགས་རྣམས་ལ་ཨ་རིའི་གཞུང་ལ་ཐོངས་མཆན་ཞུ་བར་སྐུལ་མ་ཞུས་པ་བཞིན། ཁྲེན་ཏུ་ནས་དུང་དཀར་རིན་པོ་ཆེའི་ཕྱག་རོགས་རྣམས་ཀྱིས་དེ་ལྟར་གནང་ཡོད་རུང་། རྒྱུ་མཚན་ཅི་ཡིན་གསལ་པོ་མེད་པར་ཁོང་རྣམ་པའི་ཐོངས་མཆན་ཞུ་ཡིག་ལ་ཨ་རིའི་གཞུང་ཚབ་ཀྱི་ལས་བྱེད་ནས་ཆོག་མཆན་ཕུལ་མེད། གནས་ཚུལ་དེས་ང་ཚོའི་སྨན་བཅོས་ཀྱི་ཞབས་ཞུའི་ལས་རོགས་རྣམ་པའི་དངངས་འཚབ་ཀྱི་སྙིང་རྩ་ཐེངས་དང་པོར་འཁྲུགས། གང་ལྟར་གཟའ་འཁོར་གཅིག་ཙམ་རིང་ཕྱིར་འཐོན་ཕར་འགྱངས་གནང་དགོས་བྱུང་།
སྐབས་དེ་དུས་འཛམ་གླིང་ནང་མཚན་སྙན་ཤིན་ཏུ་ཆེ་བའི་བོད་ཀྱི་རིག་གནས་མཁས་དབང་ཆེན་མོ་ཨ་རི་བ་སྐུ་ཞབས་ཇིན་སི་མིད་ཐ་དང་བོད་པའི་མཚན་ལ་འཇམ་དབྱངས་རྣམ་རྒྱལ་ཞུ་བ་ཁོང་ལ་ཀུན་ཕན་ཐེབས་རྩས་སྦྱིན་བདག་གནང་སྟེ། ཧི་མ་ལ་ཡ་དང་ཨེ་ཤེ་ཡ་ནང་མའི་དཔེ་རྙིང་ཚོགས་པ་ (Himalaya and Inner Asia Resource) ཞུ་བའི་ཚོགས་པ་ཞིག་བཙུགས་ནས་དེའི་དབུ་ཁྲིད་གནང་བཞིན་ཡོད་པ་དང་། ལས་རོགས་ལ་རྒན་པད་མ་འབུམ་ཡོད། ངེད་ཚོ་ལས་ཁུངས་ཁང་པ་གཅིག་གི་ནང་ལ་ཡིན་པ་དང་། ང་ཚོས་སྔོན་ཚུད་ནས་མཁས་དབང་ཁོང་ལ་དུང་དཀར་རིན་པོ་ཆེའི་སྐོར་ལ་སྙན་སེང་ཞུས་ཟིན། ད་རེས་ཐོངས་མཆན་མ་རག་པ་མཁྱེན་མ་ཐག ལམ་སེང་ཁོང་གི་སློབ་མ་ཡིན་པ་དང་། ཁྲེན་ཏུའི་ནང་ལ་རྟེན་གཞི་བྱས་པའི་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ཚབ་སྐུ་ཞབས་ཁོར་ནེ་ལིས་ཀར་ལ་བཀའ་གནང་བ་ལྟར་ཁོང་ནས་ཐོངས་མཆན་བཀའ་ཁྲོལ་གནང་བར་མ་ཟད། དུང་དཀར་རིན་པོ་ཆེའི་རླབས་ཆེན་གྱི་མཛད་པ་དག་གསན་ནས་སེམས་འགུལ་ཆེན་པོ་ཐེབས། དེ་རྗེས་རིན་པོ་ཆེའི་ཁྲེན་ཏུའི་བཞུགས་གནས་ལ་སྐུ་ངོ་མ་འཚམས་འདྲིར་ཕེབས་པ་དང་ཐོངས་མཆན་ཡང་མི་སྣ་དངོས་བཅར་མི་དགོས་པར་རིན་པོ་ཆེའི་བཞུགས་ཡུལ་རང་ལ་བསྐྱེལ་བར་མཛད།
རིང་མིན་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་ཨ་རིའི་ལོ་སན་ཇི་གྲོང་ཁྱེར་ལ་འབྱོར་ནས་ཐད་ཀར་སྨན་ཁང་ལ་ཞབས་སོར་འཁོད། ཀུན་ཕན་ནས་དབུ་འཛིན་ཁིམ་མོ་རི་སི་མཆོག་དང་ང་རང་བཅས་མི་གཉིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས་གྲོང་ཁྱེར་ལོ་སན་ཇི་ལ་གནམ་གྲུའི་ནང་ལ་ཆུ་ཚོད་དྲུག་ལྷག་བསྡད་རྗེས་དེར་འབྱོར། འཕྲལ་མར་སྨན་ཁང་ལ་བསྐྱོད་ནས་རིན་པོ་ཆེ་དང་ལྕམ་པད་མ་གཡུ་སྒྲོལ་ལགས་སོགས་མཇལ་ནས་སྙུན་གཞིའི་གནས་བབ་དང་སྨན་བཅོས་ཀྱི་འཆར་གཞི་སོགས་རྒྱུས་ལོན་བྱས། སྨན་ཁང་ནང་འབྱོར་མ་ཐག རིན་པོ་ཆེས་ཕྲན་ངོ་མཁྱེན་ནས་གཟིམ་ཁྲིའི་སྟེང་ནས་སྤྱན་གཉིས་པོ་ཐད་ཀར་ངའི་མིག་ལ་གཟིགས་ནས། འཛུམ་མདངས་ཡུད་ཙམ་བསྟན་གནང་རྗེས་སྤྱན་དེ་ལྕམ་པད་མ་གཡུ་སྒྲོན་ལགས་སུ་གཟིགས། ཡང་བསྐྱར་སྤྱན་གཉིས་པོ་དེ་ངའི་ཕྱོགས་ལ་གཟིགས་སོང་། ཕལ་ཆེར་ལྕམ་དང་ང་གཉིས་བར་ལ་ངོ་སྤྲོད་གནང་བ་ལྟ་བུ་བྱུང་སོང་། ང་རང་ནི་རིན་པོ་ཆེའི་ཐུགས་བརྩེ་བའི་བཞིན་མདངས་མཇལ་བས་དགའ་བ་དང་། དེ་བཞིན་ཤངས་༼སྣ་ཁུང་།༽ལ་དབུགས་རྔུབ་ལེན་གྱི་སྐུད་པ་དང་། ཕྱག་གཡོན་པར་སྨན་ཆུའི་སྦུ་གུ་བཙུགས་ཡོད་པ། ད་དུང་མགུལ་སྙིང་ལ་གློག་དཔར་གྱི་གློག་སྐུད་འགའ་ཤས་བསྐོན་པ་མཇལ་རྗེས་སྙུང་གཞི་ཛ་དྲག་ཡིན་པ་གཞི་ནས་ཤེས་པས། སྐྱོ་བའི་གྲང་ཤུར་དྲག་པོ་ཞིག་མགོའི་ལྟག་ཁུང་གཏིང་གི་ཀླད་རྩའི་ནང་ནས་འཕྱུར་ནས། དེ་མིག་དང་མིད་པ། རིམ་བཞིན་ཁོག་ནང་ལ་བབས་ནས། ལུས་ཡོངས་ལ་འཁྱག་འདར་བརྒྱབ། རེ་ཞིག་མིག་དང་རྣ་བ་ཡང་གསལ་པོ་མེད་པ་ཆགས། འཁྲིས་ལ་ཁིམ་ནས་སྐད་ཆ་མང་པོ་ཞིག་བཤད་ཀྱི་འདུག་རུང་ཕལ་ཆེ་བ་གོ་མ་སོང་། ཁིམ་མཆོག་དང་གུས་གཉིས་ནས་སྨན་པའི་འགན་འཛིན་ཐུག་འཕྲད་བྱས་ནས་རིན་པོ་ཆེའི་སྙུན་གཞིའི་སྐོར་རྩད་གཅོད་ཞུས། སྨན་པས་གསུང་རྒྱུར་རིན་པོ་ཆེའི་སྙུན་གཞི་གཙོ་བོ་དེ་ཞབས་ཀྱི་རུས་སྐྲན་ཡིན་པ་དང་། གཤག་བཅོས་མིན་པའི་ཐབས་ཤེས་གཞན་མེད་པ་བཀའ་གསལ་པོར་ཕེབས། སྐབས་དེར་གུས་པས་གནས་ཚུལ་རྣམས་ལྕམ་པད་མ་གཡུ་སྒྲོན་ལ་སྙན་སེང་ཞུས་ནས་ཁོང་གི་དགོངས་པ་རྟོགས་པར་བྱས། ལྕམ་ནས་གལ་ཏེ་གཤག་བཅོས་ཀྱིས་བཅོས་ཐབས་ཡོད་ན་དེ་ལྟར་ཞུ་རྒྱུར་མོས་མཐུན་གནང་།
ཁིམ་མཆོག་ནས་དུང་དཀར་རིན་པོ་ཆེ་མཇལ་རྗེས་སྐུའི་སྙུན་གཞི་ལྗིད་པོ་ཡོད་པ་དང་། ལྕམ་པད་མ་གཡུ་སྒྲོན་ལགས་ཀྱི་དངངས་འཚབ་དང་། ང་ཚོར་བཅོལ་བའི་རེ་བ་བཅས་གཟིགས་ནས་སེམས་འགུལ་ཚད་མེད་ཐེབས། ངེད་གཉིས་དེའི་དགོང་མོ་ཁིམ་གྱི་ངོ་ཤེས་ཨ་རིའི་གསར་འགྱུར་པར་ལེན་མཁན་སི་ཊིབ་ལེགས་སྨན་ (Steve Lehman) ཞུ་བ་དེར་སྐྱབས་འཇུག་ཞུས་ནས་ཁོང་གི་གཟིམ་ཤག་ལ་གནས་ཚང་གཡར། ཁོང་ལ་ཁང་མིག་གཉིས་ཀྱི་ཁང་པ་སྟབས་བདེ་ཞིང་། ནང་ཆས་སྤུས་ལེགས་དང་ཚང་མ་གསར་པ་ཡིན་པ་ཞིག་འདུག ཁང་མིག་འཕར་མ་དེ་ཁིམ་ང་གཉིས་མཉམ་སྤྱོད་བྱེད་དགོས་པ་ཤེས། ངེད་གཉིས་རེས་མོས་ཐོག་གཅིག་གིས་ཉལ་ཁྲིའི་སྟེང་ཉལ་ན་ཅིག་ཤོས་སའི་སྟེང་ལ་སྦོལ་གདན་བཏིངས་ནས་ཉལ། ཉིན་ལྟར་ཞོགས་པ་སྔ་པོ་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་སྨན་ཁང་ལ་བསྐྱོད་ནས་དེ་གར་གསུང་སྒྱུར་དང་སྨན་གཡོག་ཞུས།
ང་ཚོ་དེ་གར་འབྱོར་བའི་ཉིན་བཞི་པ་དེར་སྨན་པས་ང་ཚོ་ཟུར་ལ་ཐུག་ནས་རིན་པོ་ཆེའི་སྙུན་གཞིའི་གནས་བབ་འགྲེལ་བཤད་གནང་བར། སྤྱིར་རིན་པོ་ཆེའི་སྐྲན་གྱི་སྙུན་གཞི་དེར་གཤག་བཅོས་བྱས་རུང་ད་ལྟ་དྲག་སྐྱེད་ཇི་ཡོང་བརྗོད་ཐུབ་པར་དཀའ། ཡིན་ནའང་། སྟབས་མི་ལེགས་པར་ཁ་སང་རིན་པོ་ཆེའི་གློ་བ་གཅིག་གི་ནང་ཆུ་བསགས་ཡོད་པ་དང་། གློ་བ་ཅིག་ཤོས་དེ་སྔར་ནས་ཁ་ཟུམ་སྟབས་དབུགས་རྔུབ་གཏོང་བྱེད་ཐུབ་ཀྱི་མེད། དེར་བརྟེན་ད་ཆ་ཛ་དྲག་གི་གནས་ལ་སླེབས་ཡོད་པའི་གསལ་བཤད་བྱས། དེ་དུས་ངས་མི་ལ་གློ་བ་གཉིས་ཡོད་པ་ཐོག་མར་ཤེས། གུས་པས་དེའི་སྐོར་ལྕམ་ལ་གསལ་བཤད་ཞུ་སྐབས་ལྕམ་ནས་རིན་པོ་ཆེའི་གློ་བར་སྔོན་ནས་སྙུན་གཞི་ཡོད་པ་འགྲེལ་བཤད་གནང་། སྐབས་དེར་ང་ཚོས་སྨན་པར་ཐབས་ཤེས་ཇི་ཡོད་བཀའ་འདྲི་ཞུ་སྐབས། སྔོན་ལ་དེ་སྔོན་འགུལ་སྐྱོད་མི་ཐུབ་པའི་གློ་བ་དེ་སླར་གསོ་ཐུབ་མིན་བལྟ་དགོས། དེ་ལྟར་མི་ཡོང་ན་རེ་བ་མེད་ཅེས་བཀའ་གནང་། གུས་པས་དེ་དག་ལྕམ་ལ་ཞུས་ནས་ཁོང་གི་དགོངས་པ་རྟོགས་པར་བྱས། ལྕམ་མཆོག་ནས་སྔོན་ལ་རིན་པོ་ཆེར་དགོངས་སྐོར་ཞུ་དགོས་ཞེས་བཀའ་གནང་ནས་ངེད་རྣམས་རིན་པོ་ཆེའི་སྐུ་མདུན་ལ་བཅར་ནས་ཤོག་བུ་ཞིག་གི་སྟེང་གོང་གི་གནས་ཚུལ་རྣམས་བྲིས་ནས་རིན་པོ་ཆེར་གཟིགས་འབུལ་ཞུས། རིན་པོ་ཆེ་སྔོན་མ་ནས་སྙན་ལྕོག་ཡག་པོ་མེད་ཁར་ད་ཆ་སྙུན་གཞིའི་བབ་ཀྱིས་སྙན་ལྕོག་གིས་གསན་ཐུབ་ཀྱི་མི་འདུག དེའི་སྟེང་སྐུ་གཟུགས་སྐྱོ་དྲགས་ནས་གསུང་ཡང་འབྱོན་ཐུབ་ཀྱི་མི་འདུག རིན་པོ་ཆེས་ངེད་ཚོའི་ཡི་གེ་དེ་གཟིགས་ནས་ཚུར་ལ་ཤོག་བུའི་ཐོག་”བཅོས་ཐབས་ཡོད་ན་ལག་བསྟར་གྱིས། དེ་མིན་མགྱོགས་པོ་བོད་ལ་ལོག་དགོས།”ཞེས་བཀའ་ཕེབས།
ཁིམ་དང་ངེད་གཉིས་ནས་སྨན་པར་དེའི་སྐོར་ཞུས་པར། ལན་དུ་གལ་ཏེ་གློ་བ་བཅོས་མ་ཐུབ་ན་ལམ་བར་ཡང་འཁྱོལ་ཐབས་བྲལ་བས་གློ་བ་དེ་འགུལ་སྐྱོད་གཏོང་ཐབས་ཁོ་ན་ལས་གཞན་ཐབས་ཤེས་མེད་ཅེས་གསུངས། དེ་ནས་སྨན་པས་གྲ་སྒྲིག་བྱས་པ་ལྟར་གློ་བ་ལ་གཤག་བཅོས་བྱས་ནས་དེ་བཅོས་ཐབས་བྱས། གཤག་བཅོས་གྲུབ་རྗེས་ཉིན་དང་པོ་དེར་གློ་བ་དེའི་གནས་བབ་ཅུང་ཙམ་ལེགས་སུ་ཕྱིན། ཡིན་ནའང་། ཉིན་གཉིས་པ་དེར་ཡང་བསྐྱར་གློ་བ་དེ་ཁ་ཟུམ་ནས་འགུལ་སྐྱོད་མེད་པར་གྱུར་སྟབས་སྨན་པ་དང་ཞབས་ཕྱི་ཚང་མས་ད་ཆ་རིན་པོ་ཆེའི་སྐུ་སྲོག་སྐྱོབ་ཐུབ་ཀྱི་མེད་པ་གསལ་པོ་ཤེས།
ཚང་མ་སྡུག་བསྔལ་གྱི་གནས་སུ་ལྷུང་ནས་སྨན་ཁང་གི་ངལ་གསོ་ཁང་དེ་ཡང་རེ་ཞིག་གྲང་ཤུར་ཅན་གྱི་གནས་སུ་གྱུར། ལྕམ་མཆོག་ནས་གུས་པར་ཟུར་ལ་སྨན་པ་བཙལ་བར་གཏོང་གནང་སྟེ་རིན་པོ་ཆེ་བོད་ལ་གདན་འདྲེན་བྱེད་ཐུབ་མིན་སྐད་ཆ་དྲིས། དེ་སུ་ལ་ཡང་ཤོད་མི་ཆོག་གསུངས། སྨན་པས་རིན་པོ་ཆེ་ད་ཆ་རང་ཉིད་ཀྱིས་དབུགས་གཏོང་མི་ཐུབ་སྟབས་འཕྲུལ་འཁོར་ལ་བརྟེན་ནས་འཚོ་བཞིན་ཡོད། འཕྲུལ་འཁོར་མེད་ན་ཆུ་ཚོད་གཅིག་ཀྱང་བཞུགས་མི་ཐུབ་པས་བོད་ལ་ཕེབས་རྒྱུར་མོས་མཐུན་གནང་མེད། རེ་ཞིག་ལྕམ་དང་ངེད་ཚོ་ཞབས་ཕྱི་རྣམས་ཅི་བྱ་གཏོལ་བྲལ་ལ་གྱུར། ལྕམ་མཆོག་ནི་ཐུགས་ཤིན་ཏུ་སྐྱོ་ནས་དྲག་ཏུ་བཤུམས་ནས་ཉིན་ཤས་རིང་ཞལ་ལག་ཀྱང་བཞེས་ཀྱི་མི་འདུག ངེད་ཚོ་ཚང་མ་ཁོང་གི་བདེ་ཐང་ལ་དེ་བས་སེམས་ཁུར་སླེབས། སླར་ལྕམ་ཐུགས་གཞི་ལ་བབས་ནས་ངེད་ཚོར་ལམ་སེང་རིན་པོ་ཆེར་ད་ཆའི་གནས་བབ་ཅུང་ལྗིད་ཙམ་འདུག་རུང་སྨན་བཅོས་ཀྱི་ཐབས་ཤེས་ཡག་པོ་འདུག་པས། ཐུགས་ལྷོད་པོ་གནང་དགོས་པའི་སྙན་སེང་ཞུ་དགོས་ཅེས་བཀའ་གནང་། གུས་པས་གོང་གི་གནས་ཚུལ་དེ་ཤོག་བུའི་ཐོག་བྲིས་ནས་རིན་པོ་ཆེར་གཟིགས་འབུལ་ཞུས། རིན་པོ་ཆེས་གནས་བབ་དེ་མཁྱེན་ནས་དེའི་ཉིན་ང་ཚོར་བཀའ་ལན་ཅི་ཡང་མ་གནང་། རྗེས་སུ་ཁིམ་མཆོག་གཅིག་པུ་རིན་པོ་ཆེའི་དྲུང་དུ་སྡོད་སྐབས་གློ་བུར་དུ་ཁོང་ལ་ཕྱག་གཉིས་དབུའི་ཐོག་ལ་བཞག་ནས་ར་ཅོའི་དབྱིབས་ཀྱི་རྣམ་པ་བསྟན། ཁིམ་མར་བརྒྱུགས་ཡོང་ནས་གུས་ཚོར་དེའི་སྐོར་ཤོད་སྐབས་ངེད་རྣམས་རིན་པོ་ཆེའི་ཉལ་ཁྲིའི་ཕྱོགས་སུ་བསྐྱོད་ནས་བཀའ་འདྲི་ཞུ་སྐབས། ད་གཟོད་རིན་པོ་ཆེས་ཕྱག་བརྡ་གནང་ནས་རྡོ་རྗེ་དང་དྲིལ་བུ་ཞིག་བཙལ་དགོས་པའི་བཀའ་གནང་། ཡང་བསྐྱར་ཤོག་བུའི་ཐོག་འཇིགས་བྱེད་ཀྱི་བདག་འཇུག་ལེན་དགོས་སྟབས་དགེ་འདུན་པ་འཚོལ་དགོས་གསུངས། གུས་ནས་དེ་ཁིམ་ལ་ཞུས། ངེད་གཉིས་ནས་རྩད་གཅོད་ཞུས་མཐར་གྲོང་ཁྱེར་དེ་ནས་ཐག་མི་རིང་བའི་ས་ཕྱོགས་ཤིག་ཏུ་དེ་སྔོན་དགའ་ལྡན་དགོན་ནས་ཡིན་པའི་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་ལགས་ཞུ་བ་ཞིག་ཡོད་པ་ཤེས། ཁོང་གྲོང་ཁྱེར་ལོ་སན་ཇི་ནས་ཆུ་ཚོད་གཅིག་ལྷག་གི་རྒྱང་ཐག་ལ་བཞུགས་འདུག་པ་ཁོང་ལ་འབྲེལ་བ་ཞུས། དགེ་བཤེས་ཐུགས་བྱམས་བརྩེ་ཅན་ཁོང་དགུང་ལོ་བདུན་ཅུ་བརྒལ་བ་ཞིག་ཡིན་ཞིང་། ལམ་སེང་རོགས་པ་འཁྲིད་ནས་རིན་པོ་ཆེའི་དྲུང་དུ་ཕེབས་ནས་ཆོས་ཕྱོགས་ཀྱི་བྱ་བ་རྣམས་དབུ་བརྩམས། གུས་ནས་སྐབས་དེ་དུས་དབྱིན་ཡུལ་དུ་བཞུགས་ཡོད་པའི་སྐྱབས་རྗེ་གཟན་དཀར་རིན་པོ་ཆེར་ཞལ་པར་ཕུལ་ནས་ཞབས་རིམ་གང་དག་སྒྲུབ་དགོས་མིན་སྐོར་དགོངས་སྐོར་ཞུས། གཟན་དཀར་རིན་པོ་ཆེ་མཆོག་ནས་དེ་སྔོན་ནས་ཉིན་ལྟར་གུས་པར་ཞལ་པར་ཐོག་རིན་པོ་ཆེའི་གནས་བབ་སྐོར་བཀའ་འདྲི་གནང་བར་མ་ཟད། ཁོང་གི་སློབ་མ་འགའ་ཤས་སྨན་ཁང་ལ་རིན་པོ་ཆེ་གཟིགས་པར་གཏོང་བ་གནང་བྱུང་། གཟན་དཀར་རིན་པོ་ཆེས་གུས་པར་ཁྱེད་ཚོས་སེམས་ཁྲལ་མ་བྱེད། དུང་དཀར་རིན་པོ་ཆེ་ཆོས་ཀྱི་རྟོགས་པ་མཐོན་པོར་ཕེབས་པའི་བླ་མ་བཀའ་དྲིན་ཅན་ཞིག་རེད། དེར་བརྟེན་ཁོང་ནས་ཆོས་ཕྱོགས་ཀྱི་བྱ་བ་ཚང་མ་སྔར་ནས་ཐུགས་ལ་གྲ་སྒྲིག་ཡོད། ཡིན་ནའང་གཙོ་བོ་ཆོས་ཕྱོགས་ཀྱི་བྱ་བར་བར་ཆད་མི་ཡོང་བའི་ཆེད་དུ་རྡོ་རྗེ་གཅོད་པ་གྲངས་གསོག་སྨིན་སྒྲུབ་ཐུབ་ན་ཕན་པ་ཆེ་ཞེས་བཀའ་གནང་། དེ་མུར་ལྕམ་དང་རྒན་ལྷག་པ་ཚེ་བརྟན་ལགས་ནས་ལྷ་སར་འབྲེལ་བ་གནང་སྟེ་དེ་གར་ཆོས་ཕྱོགས་ཀྱི་ཞབས་རིམ་རྣམས་དབུ་བཙུགས།
རྒན་ལྷག་པ་ཚེ་བརྟན་མཆོག་ནས་བོད་ལྗོངས་སློབ་ཆེན་དང་། དེ་མིན་སྲིད་གཞུང་གི་དབུ་ཁྲིད་རྣམས་ལ་རིན་པོ་ཆེའི་གནས་ཚུལ་རྣམས་སྙན་སེང་ཞུས་གནང་བ་དང་། རྒྱུན་དུ་རིན་པོ་ཆེ་དང་ལྕམ་ལ་ཞབས་ཕྱི་ལྷག་བསམ་རྣམ་པར་དག་པ་ཞུས། ང་རང་གཟའ་འཁོར་གཉིས་ལྷག་སྨན་ཁང་ལ་ཕྱག་རོགས་ཞུས་རྗེས། ལས་ཁུངས་ཀྱི་དབུ་ཁྲིད་དང་ཨ་ལགས་གཟན་དཀར་མཆོག་སྤྲུལ་རིན་པོ་ཆེར་དུང་དཀར་རིན་པོ་ཆེའི་གནས་སྟངས་ཁ་པར་ཐོག་ཉིན་ལྟར་སྙན་སེང་ཞུས་པ་ཡིན། གུས་པའི་ལས་རོགས་ཁིམ་གཟའ་འཁོར་གཅིག་ཙམ་བསྡད་རྗེས་སྔོན་ལ་ནེའུ་ཡོག་ལ་ལོག ང་རང་སྨན་ཁང་ལ་སླེབས་ནས་ཉིན་ཅོ་ལྔ་ལྷག་ཙམ་ཕྱིན་རྗེས་ལས་ཁུངས་ནས་ལན་འབྱོར་བར། གང་མགྱོགས་ནེའུ་ཡོག་ལ་ལོག་ནས་དགེ་ལེགས་རིན་པོ་ཆེ་དང་མཁས་དབང་ཇིན་སིད་མི་ཐ། དེ་བཞིན་ལས་ཁུངས་ཀྱི་དབུ་ཁྲིད་བཅས་མཉམ་དུ་སླད་ཕྱིན་རིན་པོ་ཆེའི་གནས་སྟངས་ཐོག་ལ་གྲོས་བསྡུར་བྱེད་དགོས་གསུངས། ང་རང་རྟབ་རྟབ་པོར་ནེའུ་ཡོག་ལ་ལོག་ཕྱིན་རྗེས་ཉིན་གསུམ་ཙམ་ནས་ཁ་པར་ཐོག་ཤེས་པར་དུང་དཀར་རིན་པོ་ཆེ་སྐུ་ཚེའི་འཕེན་པ་རྫོགས་འདུག ལམ་སེང་གཟན་དཀར་རིན་པོ་ཆེར་དབྱིན་ལན་ལ་ཞལ་པར་ཕུལ་ནས་ཐུགས་སྨོན་སྐྱབས་འཇུག་ཡོང་བ་ཞུས་པ་དང་། དགེ་ལེགས་རིན་པོ་ཆེར་ཞལ་པར་ཕུལ་བས། “བསྟན་འཛིན་ལགས། ད་སྐྱེས་བུ་དམ་པ་དགོངས་པ་རྫོགས་པར་ང་ཚོ་སེམས་ཁྲལ་བྱེད་དགོས་མེད། དུང་དཀར་རིན་པོ་ཆེ་ནི་རང་དབང་ཐོབ་པའི་སྐྱེས་བུ་ཞིག་རེད། འོ་ངས་ཤེས་པར་༸རྒྱལ་བ་རིན་པོ་ཆེ་མགྱོགས་མྱུར་ལོ་སན་ཇི་ལ་ཕེབས་རྒྱུ་རེད་འདུག ངས་མགྱོགས་པོ་༸རྒྱལ་དབང་རིན་པོ་ཆེར་སྐྱབས་ཞུ་འབུལ་འོང་།”གསུངས། འདི་ལྟར་བོད་གངས་ཅན་ལ་བཀའ་དྲིན་ཤིན་དུ་ཆེ་ཞིང་། བོད་ཀྱི་ཆོས་སྲིད་ཀྱི་བསྟན་པ་ཤིན་དུ་ཉག་ཕྲ་བར་འགྱུར་བའི་སྐབས། ཤར་རིའི་རྩེ་མོར་ཕེབས་ནས། གངས་ལྗོངས་ཀྱི་ཤེས་རིག་དཔལ་ཡོན་གྱི་དར་ཆེན་མི་ཞུམ་པར་མཐོན་པོར་བསྒྲེངས་ཤིང་། བོད་ཀྱི་མྱུ་གུ་རྣམས་རྨོངས་གཉིད་ལས་སད་ཆེད། ལྷག་བསམ་གྱི་ཆོས་དུང་དཀར་པོ་ཆེས་ཆེར་བོད་ཡུལ་གྱི་ཕྱོགས་ཀུན་ལ་གྲགས་ནས། གང་གི་བློ་བཟང་ལས་འཕྱུར་བའི་རིག་གནས་ཀྱི་སྙན་པའི་སྒྲ་དབྱངས་ཀྱིས་བོད་སྤྱིའི་འཕྲིན་ལས་གོང་མཐོར་བཏེགས་ཡོད་ཅིང་། དེ་ཡང་ཕྱོགས་རིས་མེད་པར་བརྩེ་བ་ཆེན་པོས་ཆོལ་གསུམ་ན་བཞུགས་པའི་སློབ་མའི་རྣ་བར་འདྲེན་མཁན་གང་ཉིད། དེ་ཉིན་ཏེ། ཕྱི་ལོ་༡༩༩༧ ཟླ་བ་ ༧ ཚེས་ ༢༡ ཉིན་ ༼ཨ་རིའི་དུས་ཚོད།༽ ང་ཚོ་དང་གཏན་དུ་ཞལ་གྱེས་སོང་།
ཇ། རིན་པོ་ཆེ་སྨན་ཁང་ནང་ལ་བཞུགས་སྐབས་ངེད་ལ་བག་ཆགས་ཆེན་པོ་གཉིས་བྱུང་བར་དྲན་གསོ་བྱས་པ།
༡ སྨན་ཁང་ནང་གི་ཕྱག་ཡིག
དུང་དཀར་རིན་པོ་ཆེ་སྨན་ཁང་ནང་ལ་བཞུགས་སྐབས། ཐུགས་ཁོམ་ནམ་བྱུང་ལ་ཕྱག་ཡིག་འབྲི་གནང་མཛད་ཅིང་། ཁོང་ནས་ཕྱག་ཡིག་དེ་དག་ངེད་ཚོར་གནང་ནས་ལས་ཀ་སྒྲུབ་དགོས་ཀྱི་འདུག ཉིན་གཅིག་ལ་ཡིག་ཕྲེང་བསྟར་པ་ཐུང་ཐུང་གསུམ་བཞི་ཙམ་ཡོད་པའི་འཕྲིན་ཐུང་ལྟ་བུ་ཐེངས་འགའ་ཤས་གནང་གི་འདུག ཕྱག་ཡིག་དེ་དག་གི་ནང་དོན་ཕལ་ཆེ་བ། སྨན་པར་སྙུན་གཞིའི་སྐོར་གྱི་དྲི་བ་དང་། བོད་སྨན་གྲ་སྒྲིག་གང་ཞིག་བྱེད་དགོས་པ། དེ་བཞིན་བོད་ལ་སྐུའི་བུ་ཕྲུག་རྣམས་ལ་ལྗགས་ལན་ཇི་ཡོད། མཚམས་རེ་རིན་པོ་ཆེའི་མཚན་གྱི་རྨི་ལམ་སོགས་རེད། ངས་ཕྱག་ཡིག་དེ་དག་བཀླགས་རྗེས་ལྕམ་པད་མ་གཡུ་སྒྲོན་ལགས་སུ་ཕུལ་ནས། ཁོང་གིས་ཕྱག་ཡིག་དེ་དག་བདག་པོ་བསྐྱོན་པར་མཛད། གང་ལྟར་སྨན་ཁང་ནང་ལ་གཞན་གྱིས་འབུལ་བ་དང་། སྨན་པའི་ཡིག་ཆ། དེ་བཞིན་རིན་པོ་ཆེའི་ཕྱག་ཡིག་བཅས་ཚང་མ་ལྕམ་པད་མ་གཡུ་སྒྲོན་ལགས་ཀྱིས་བདག་པོ་སྐྱོན་དགོས་པར་ང་ཚོས་སྔོན་ནས་གཏན་འབེབས་བྱས། ཐེངས་གཅིག་རིན་པོ་ཆེ་སྐུ་གཟུགས་ཅུང་བདེ་པོ་བྱུང་བ་དང་། ཐུགས་གཤིས་ཀྱང་བག་ཕེབས་པོར་གྱུར་ནས། ཉིན་དེར་བཞིན་རས་ནས་ཡང་ཡང་འཛུམ་མདངས་བསྟན་ནས་མཉེས་ཚོར་ཆེན་པོ་གནང་བ་དྲན། དེའི་སྐབས་སུ་ལྕམ་པད་མ་གཡུ་སྒྲོན་ལགས་ཀྱིས་ཤིང་ཏོག་གི་ཁུ་བ་ཡང་ཡང་དྲངས་ནས། དུས་རྒྱུན་ལས་མང་བ་མཆོད་ཐུབ་སོང་སྙམ། ང་ཚོའི་སེམས་ལའང་སྨན་ཁང་འདིའི་ནང་བྱུང་མ་མྱོང་བའི་བདེ་བ་ཞིག་ཤར་ནས། རེ་བ་གསར་པ་སླེབས། དེའི་སྐབས་སུ་ཕྱག་ཡིག་ཐུང་ཐུང་འདི་འདྲ་ཤོག་ལྷེ་འགའ་ཤས་བྲིས་གནང་འདུག དེ་དག་བཀླགས་རྗེས་སྔར་བཞིན་ལྕམ་པད་མ་གཡུ་སྒྲོན་ལགས་སུ་རྩིས་སྤྲོད་ཞུས་པ་ཡིན། ཕལ་ཆེར་དེའི་སྐབས་སུ་ཡིན་ནམ། ཕྱག་ཡིག་ཅིག་གི་ནང་དུ་ཅི་སྟེ་ཁོ་བོའི་འདུ་བྱེད་སྟོང་གྱུར་ན། ཕུང་པོ་ས་གནས་ལ་མེར་བསྲེགས་ཀྱིས། ཙུང་ལི་ཀྲའུ་ཨེན་ལེའི་ལྟར་གྱིས་ཤིག་ཅེས་གསུངས་པ་མཐོང་། ཕྲན་གྱི་བློ་ལ་གྲང་ཤུར་ཞིག་བརྒྱབ་ནས་སྔོན་གྱི་དགའ་བདེའི་རྣམ་པ་དེ་མར་མེ་རླུང་གིས་བསད་པ་ལྟར་ཡལ། ཕྲན་ནས་ཕྱག་ཡིག་དེའི་མཇུག་ལ། “རིན་པོ་ཆེར་བཀའ་འདྲི་ཞུ་རྒྱུར། གོང་གི་བཀའ་མོལ་དེ་ཤེས་མ་སོང་། ཀྲའུ་ཨེན་ལིས་གང་གནང་བ་རེད་དམ།”ཞེས་དྲིས་པར། ལན་དུ། པུར་ཐལ་ཞི་བདེ་རྒྱ་མཚོར་སྟོར་བ་རེད་གསུངས། ཕྲན་ནས་ཕྱག་ཡིག་དེ་ག་ལེར་ལྕམ་པད་མ་གཡུ་སྒྲོན་ལགས་སུ་ཕུལ་བས། ཁོང་ནས་ངའི་ངོ་གདོང་ནས་གནས་ཚུལ་བཟང་པོ་ཞིག་མེད་པ་མཁྱེན་ནས། ལམ་སེང་སྒེའུ་ཁུང་གི་ཕྱོགས་ལ་དཀར་གདངས་ཆེ་སར་ཕེབས་ནས་ཕྱག་ཡིག་དེ་བཀླགས་གནང་སོང་། ངས་ཁོང་གི་ཕྱོགས་སུ་ཕྱིན་ནས་བཀའ་མོལ་ཞུ་རྩིས་ལ། ཁོང་ཐུགས་ཤིན་ཏུ་སྐྱོ་ནས། རིན་པོ་ཆེའི་གཟིམ་ཁྲིའི་འཁྲིས་སུ་བཅར་ནས། རིན་པོ་ཆེར་ཁ་དན་ཚིག་ལ་གནས་དགོས་པའི་རེ་སྐུལ་ཞུས་གནང་སོང་། “རིན་པོ་ཆེ། ང་ཚོ་ཁྲེན་ཏུ་ནས་ཕེབས་དུས་གལ་ཏེ་སྙུང་གཞི་ཡག་པོ་མི་འདུག་ན། བོད་ལ་མཉམ་དུ་ཕྱིར་ལོག་གནང་རྒྱུ་བྱས་པ་ཡིན། ད་འགྱུར་བ་མེད། རིན་པོ་ཆེ་ཁྱེད་འདི་ནས་ཕེབས་ན། ངས་ཨ་བ་ཚོར་ཇི་ལྟར་ཞུ་དགོས་སམ།” ཞེས་གསུངས་ནས་ཡུན་རིང་བཤུམས་སོང་། དེའི་དགོང་མོ་ང་ཚོ་ཚང་མ་མཉམ་དུ་ཁོང་རྣམ་པ་བཞུགས་ཡུལ་གྱི་མགྲོན་ཁང་དེར་ལོག དེའི་སྐབས་སུ་ཕྱག་རོགས་འགའ་ཤས་ཀྱིས་རིན་པོ་ཆེས་བྲིས་གནང་བའི་ཕྱག་ཡིག་ཤོག་གྲངས་མང་པོ་ཞིག་ཡོད་པ་དེ་དག་མེད་པ་བཟོས་གནང་སོང་། གཙོ་བོ་ཕྱག་ཡིག་གཅིག་གི་ནང་ལ་རིན་པོ་ཆེས་སྐུ་ཚེ་ཞིང་ལ་ཕེབས་པའི་བརྡ་བཏོན་སྟབས། དེས་ཨ་ཅག་ལགས་ཐུགས་མ་སྤྲོ་བ་ཡོང་དོགས་དང་། རྟེན་འབྲེལ་ལ་གནོད་པར་དོགས་པ་རེད་སྙམ། དེའི་སྐབས་ལ་ང་ཚོ་ཚང་མ་སེམས་ནང་ལ་སྔར་བྱུང་མྱོང་མེད་པའི་སྡུག་བསྔལ་ཞིག་གིས་མནར་ནས། གནས་ཚུལ་གཞན་པ་ཚང་མ་བསམ་བློར་མི་འཁོར་བའི་སྐབས་ཡིན། དེར་བརྟེན་སུ་ཞིག་གིས་ང་ཚོར་རྩ་ཆེའི་ཕྱག་ཡིག་དེ་དག་བདག་གཅེས་བྱེད་དགོས་པའི་རེ་སྐུལ་ཞུ་མཁན་བྱུང་མེད།
ཉིན་ཤས་རྗེས་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་ལགས་ཡང་བསྐྱར་ཕེབས་ནས་རིན་པོ་ཆེར་འཇིགས་བྱེད་ཀྱི་བདག་འཇུག་བཞེས་རོགས་གནང་རྗེས། ཕྲན་ལ་རིན་པོ་ཆེའི་ཞལ་ཆེམས་འདྲ་ཡོད་དམ་ཞེས་དྲིས་གནང་བྱུང་། ངས་ཁོང་ལ་དམིགས་བསལ་གཞན་མེད། པུར་ཐལ་དེ་ཞི་བདེ་རྒྱ་མཚོར་སྟོར་དགོས་གསུངས་བྱུང་ཞེས་མ་གསང་དྲང་པོར་ཞུས་པ་ཡིན། ཁོང་ནས་ཁམས་སྐད་འདྲེས་མ་ཞིག་གི་ནང་ལ། “ཡང་སྲིད་སྐོར་ལ་བཀའ་མོལ་གནང་བྱུང་ངམ་གསུངས།” ངས་ཨ་ཅག་པད་མ་གཡུ་སྒྲོན་ལགས་སུ་འདྲི་རོགས་ཞུས། ཨ་ཅག་ལགས་ཀྱིས་ཡང་སྲིད་སྐོར་ལ་མངགས་ཆ་ཚང་མ་བུ་རྒན་པར་མངགས་གནང་སོང་། དགོན་པར་མགོ་འདོན་འཚོ་སྐྱོང་ཚང་མ་བུས་བྱེད་ཀྱི་རེད། ཅེས་བཀའ་གནང་སོང་གསུངས། དགེ་བཤེས་ལགས་ཀྱིས་ང་ལ་རིན་པོ་ཆེའི་ཕྱག་ཡིག་ནང་ལ་ཡང་སྲིད་སྐོར་འདུག་གམ་ཞེས་དྲིས་གནང་བྱུང་བས་ངས་དམིགས་བསལ་འདི་ཡིན་ཞུ་རྒྱུ་མི་འདུག་ཞུས། རྗེས་མ་དུང་དཀར་རིན་པོ་ཆེའི་སྐོར་ལ་རྗེས་དྲན་ཞུ་སྐབས་འགྱོད་པ་ཆེ་ཤོས་དེ་སྐབས་དེ་དུས་ཁོང་གི་ཕྱག་ཡིག་དེ་དག་བདག་པོ་རྒྱག་ཐུབ་མེད་པ་དེ་ཡིན་པས་ངོ་ནོངས།
༢ ཐུགས་ལྷོད་པོ་དང་དྲན་པ་ཤིན་ཏུ་གསལ་བ།
དུང་དཀར་རིན་པོ་ཆེ་སྨན་ཁང་ལ་བཞུགས་དུས་ནམ་ཡང་བརྗེད་པར་དཀའ་བའི་བག་ཆགས་ཤིག་དང་། ང་རང་ཡང་ཆོས་ཕྱོགས་ལ་སེམས་ཤུགས་སྤར་བའི་རྒྱུ་གཙོ་བོ་ནི་ཁོང་གི་ཤིན་ཏུ་ལྷོད་པའི་ཐུགས་བག་ཕེབས་པོ་དེ་དང་། སུས་ཀྱང་བཅོམ་མ་ཐུབ་པའི་ཐུགས་ཀྱི་གསལ་རིག་དེ་རེད། རིན་པོ་ཆེ་སྐྲན་གྱི་སྙུན་གཞི་བཞེས་ཏེ་ན་ཟུག་ཆེན་པོ་ཡོད་པ་ཞུ་མི་དགོས། དེ་བཞིན་ཞབས་གཡས་ལ་རུས་པའི་སྨན་བཅོས་ཀྱིས་གཤག་བཅོས་གཅིག་གནང་དགོས་བྱུང་སྟེ་ན་ཟུག་ཡོད་པ་གོར་མ་ཆག གཞན་ཡང་གློ་བ་གཅིག་ཡང་བསྐྱར་འགུལ་སྐྱོད་གཏོང་ཆེད་གཤག་བཅོས་ཆེན་པོ་ཞིག་གནང་བས། ལུས་པོ་ཡོངས་ལ་མི་བདེ་བའི་རྐྱེན་མང་པོ་ཡོད་རུང་། བཞིན་རས་ནས་རྟག་ཏུ་འཛུམ་མདངས་ཤིག་མཇལ་རྒྱུ་ཡོད་པ་དང་། རྒྱུན་པར་ཐུགས་ཤིན་ཏུ་ལྷོད་པོ་དང་དགའ་སྣང་ཞིག་འདུག
དེ་བཞིན་རྗེས་མ་སྦྲིད་སྨན་ཇི་ཙམ་མང་པོ་ཕུལ་རུང་ཁོང་གི་ཐུགས་ཀྱི་དྲན་པ་དེར་ཕོག་ཐུག་གཏོང་ཐུབ་ཀྱི་མེད་པ་ང་རང་གིས་དངོས་སུ་མཐོང་བར་མ་ཟད། སྨན་པ་ཚོས་ཀྱང་དོ་སྣང་བྱུང་སྟེ་རིན་པོ་ཆེར་ཉིན་རེ་ལས་མ་འདས་པར་དགའ་པོ་བྱེད་མཁན་དང་། དོ་སྣང་བྱེད་མཁན་སྨན་པ་དང་སྨན་གཡོག་ཇེ་མང་དུ་ཕྱིན་སོང་། ཐེངས་གཅིག་རིན་པོ་ཆེས་ཕྱག་ཡིག་གཅིག་གི་ནང་ལ་དགོང་མོ་ནམ་ཕྱེད་ཙམ་ལ་སྨན་གཡོག་དེས་ཉལ་ཁྲིའི་སྟོད་ཕྱོགས་དམའ་རུ་གཏོང་གི་འདུག དེས་གློ་ལངས་དུས་ཁག་པོ་འདུག་ཅེས་བྲིས་གནང་འདུག བཀའ་མོལ་དེ་ཞོགས་པའི་ཆུ་ཚོད་བཅུ་གཅིག་གཡས་གཡོན་ལ་རེད། ངས་ལམ་སེང་སྨན་པ་འཚོལ་དུ་ཕྱིན་ནས་ཁོང་ཚོར་སྙན་སེང་ཞུས་ནས་རིན་པོ་ཆེའི་དགོངས་པ་སྒྲུབ་ཐུབ་རེ་བྱས། སྨན་ཁང་དེའི་ནང་གི་ལམ་ལུགས་ཤིག་ལ། ནད་པ་རེར་དམིགས་བསལ་ཆེད་མངགས་སྨན་པ་རེ་བསྐོ་བ་དང་། ཁོང་གི་འོག་ལ་སྦྲིད་སྨན་རྒྱག་མཁན་འགོ་པ་གཅིག སྨན་ཐག་གཅོད་བྱེད་མཁན་འགོ་པ་གཅིག སྨན་གཡོག་གི་འགོ་པ་གཅིག ཟ་མ་བཀོད་སྒྲིག་བྱེད་མཁན་འགོ་པ་གཅིག ཁང་པ་གཙང་མ་བཟོ་བའི་འགོ་པ་གཅིག དེ་བཞིན་སྨན་ཁང་གི་ནང་ལ་སྦྱོང་བརྡར་བྱེད་མཁན་གྱི་སྨན་པ་གསར་པ་རྣམས་ལྟ་སྐོར་དང་དངོས་སྦྱོང་བཀོད་སྒྲིག་གི་འགོ་པ་གཅིག་བཅས་ཁྱོན་སྨན་པ་དང་སྨན་གཡོག་མི་བདུན་ལྷག་ལ་སྐད་ཆ་ཤོད་དགོས་འདུག ནུབ་ཕྱོགས་སྨན་ཁང་ནང་ལ་འདི་མ་ཤེས་ན་རྙོག་དྲ་ཆེན་པོ་འདུག ལམ་ལུགས་འདི་མཁྱེན་ན་གནས་ཚུལ་མང་པོ་སྟབས་བདེ་པོར་ཐག་གཅོད་ཐུབ།
ངས་སྨན་པའི་འགོ་པ་དེ་བཙལ་ནས་རིན་པོ་ཆེའི་བཀའ་སློབ་དེ་ཁོང་ལ་སྙན་སེང་ཞུས་པ་ཡིན། ཁོང་ནས་ལམ་སེང་སྦྲིད་སྨན་འགོ་པ་དང་། སྨན་གཡོག་འགོ་པ་གཉིས་ལ་ཁ་པར་བཏང་ནས་ཁོང་གི་ཡིག་ཚང་ནང་ལ་བོས། ཁོང་གཉིས་སྨན་པའི་ཡིག་ཚང་ནང་ལ་འབྱོར་རྗེས་གནས་ཚུལ་རྩད་གཅོད་བཏང་བར། སྦྲིད་སྨན་འགོ་པ་དེས་བཤད་རྒྱུར་སྨན་པའི་བཀའ་བཞིན་རིན་པོ་ཆེར་མོར་ཧྥིན་ཞེས་པའི་སྦྲིད་སྨན་ཤུགས་ཆེན་པོ་དེ་ཚད་མཐོ་ཤོས་ཕུལ་ནས་ཉིན་མ་གཉིས་ཙམ་ཕྱིན་ཟིན་འདུག འགོ་པ་དེས་བཤད་རྒྱུར་དགོང་མོ་ཆུ་ཚོད་བདུན་པའི་རྗེས་ལ་རིམ་བཞིན་སྦྲིད་སྨན་ཤུགས་ཆེ་རུ་བཏང་ནས། ཆུ་ཚོད་གཉིས་ཀྱི་རྗེས་ལ་སྦྲིད་སྨན་ཚད་མཐོ་ཤོས་དེར་བསླེབས་ནས་སང་ཉིན་ཞོགས་པ་ཆུ་ཚོད་ ༦ གཡས་གཡོན་ལ་གཞི་ནས་སྦྲིད་སྨན་ཤུགས་ཆུང་དུ་འགྲོ་བས། མཚན་མོར་རིན་པོ་ཆེར་ཚོར་བ་དང་དྲན་པ་ཡོང་མི་སྲིད་ཅེས་ཚིག་ཐག་ཆོད་པོས་ལན་བཏབ། སྦྲིད་སྨན་ཤུགས་ཚད་འདི་བེད་སྤྱོད་གཏོང་མཁན་ནད་པ་མང་ཆེ་བ་རྣམས་དྲན་མེད་དུ་འགྱུར་གྱི་ཡོད་ཅེས་ལན་བཏབ། སྦྲིད་སྨན་འགོ་པའི་ལན་དེ་ཐོས་རྗེས། སྨན་པའི་ངོ་གདོང་ནག་པོར་གྱུར་ཅིང་། ང་ལ་མ་འདོད་པའི་ངང་བལྟས་ནས། ཕལ་ཆེར་ངས་དོན་མེད་རྙོག་དྲ་བཟོ་བ་ལྟ་བུའི་རྣམ་འགྱུར་བསྟན་འགོ་ཚུགས། ང་ཚོ་རིན་པོ་ཆེའི་ཉལ་ཁང་ནང་ལ་མཉམ་དུ་བསྐྱོད། ལམ་བར་སྨན་པ་དེས་མགོ་བོ་གཡུག་གཡུག་གཏོང་བཞིན་སེམས་ཁྲལ་ཞིག་སླེབས་པའི་ཚོར་བ་བསྟན་སོང་། རིན་པོ་ཆེའི་གཟིམ་ཁྲིའི་འཁྲིས་ལ་འབྱོར་དུས། དེ་གར་སྨན་པ་གཉིས་ཙམ་ང་ཚོ་སྒུག་བསྡད་འདུག སྨན་པ་དེས་རིན་པོ་ཆེ་ནི་བཞིན་རས་གྲུང་པོའི་ཐོག་བཞུགས་པ་གཟིགས་རྗེས་ང་ལ་ཁོང་ལ་ད་ལྟ་ན་ཟུག་ཡོད་མེད་དྲིས་ཞེས་བཀའ་ཕེབས། ངས་སྒྲོག་ཙེའི་ནང་ནས་སྔར་བྲིས་ཟིན་པའི་ཡི་གེ “རིན་པོ་ཆེ། ད་ལྟ་སྐུ་གཟུགས་ལ་སྙུན་གཞི་འདུག་གམ། ཞེས་པ་དེ་བླངས་ནས་རིན་པོ་ཆེར་བསྟན། ནམ་རྒྱུན་སྨན་པ་རྣམས་ཡང་ཡང་རིན་པོ་ཆེའི་སར་ལྟ་རྟོག་ལ་ཕེབས་པ་དང་། ཁོང་ཚོའི་དྲི་བ་རྣམས་རྒྱུན་པར་གཅིག་པ་ཡིན་སྟབས། དུས་ཚོད་བསྲི་ཚགས་ཀྱི་ཆེད་དུ། དུས་རྒྱུན་དུ་འདྲི་བའི་དྲི་བ་མང་པོ་ཞིག་སྔར་ནས་ཤོག་བུའི་སྟེང་དུ་བྲིས་ནས་བཞག་ཡོད། རིན་པོ་ཆེས་ན་ཟུག་མེད་པའི་བརྡ་བསྟན་གནང་སོང་།
དེ་ནས་སྨན་གཡོག་དེས་ཉལ་ཁྲིའི་སྨད་ཀྱི་སྒྲོམ་དེ་ལ་པང་ལེབ་གྲུ་བཞི་ཞིག་བསྐོན་ཡོད་པ་དང་། དེའི་སྟེང་ལ་ཤོག་བུ་དང་འགེངས་ཤོག་སྦྱར་ཡོད་པ་དེར་བལྟས་ནས་སྨན་གཡོག་གི་མིང་བཙལ། སྨན་གཡོག་དེས་རིན་པོ་ཆེར་མཚན་མོ་སྨན་གཡོག་སུ་ཡིན་པ་མཁྱེན་སོང་ངམ་ཞེས་དྲིས། ངས་ཤོག་བུའི་ཐོག་མདང་ནུབ་ཀྱི་ལྟ་སྐོར་ལ་ཡོང་མཁན་སྨན་གཡོག་དེ་ངོ་མཁྱེན་སོང་ངམ་ཞེས་བྲིས་ནས་རིན་པོ་ཆེར་སྤྱན་བསྟར་ཞུས། རིན་པོ་ཆེས་དབུ་གུག་གུག་གནང་ནས་ངོ་མཁྱེན་པའི་རྟགས་བསྟན་གནང་། སྨན་པ་དང་སྨན་གཡོག དེ་བཞིན་ཉེ་འཁོར་གྱི་སྦྲིད་སྨན་འགོ་པ་དང་། སྨན་པ་གཞན་རྣམས་ཀྱིས་ཡིད་མི་ཆེས་པའི་རྣམ་པ་བསྟན། སྦྲིད་སྨན་འགོ་པ་དེས་སྨན་གཡོག་འདིའི་དབྱིབས་ཇི་འདྲ་འདུག་ཅེས་དྲིས་པར། རིན་པོ་ཆེས་དབུའི་སྐྲ་ལ་ཕྱག་མཛུབ་བཙུགས་ནས་སྨན་གཡོག་གི་སྐྲ་བསྟན། དེ་ནས་ཁོང་གིས་ཉེ་འཁོར་གྱི་ཁ་དཀྲིས་དམར་པོ་ཞིག་ལ་ཕྱག་མཛུབ་བཙུགས་ནས་སྐྲའི་མདོག་དེ་དམར་པོ་ཞིག་ཡིན་པ་བསྟན། ད་གཟོད་སྨན་པ་རྣམས་ཀྱིས་སྨན་གཡོག་སྐྲ་ལ་ཚོས་དམར་པོ་བརྒྱབ་ཡོད་པ་དེ་ཡིན་པ་ཤེས། པང་ལེབ་དེའི་སྟེང་ལ་ཡང་ཁོང་གི་མིང་ར་འཕྲོད་བྱུང་ནས། དེ་ནས་བཟུང་སྨན་པ་དང་སྨན་གཡོག ཉེ་འཁྲིས་ཀྱི་མི་མང་པོ་ཞིག་གིས་དུང་དཀར་རིན་པོ་ཆེ་ནི་སྐྱེ་བོ་མི་འདྲ་བ་ཞིག་ཡིན་པའི་ཚོར་སྣང་བྱུང་སོང་སྙམ།
ད་དུང་དྲན་པར་རིན་པོ་ཆེས་སྨན་གཡོག་དེའི་སྐྲ་ལ་སྐྲ་ཕིང་ཞིག་བརྒྱབ་པའི་བརྡ་བསྟན་གནང་རུང་དེའི་སྐབས་ལ་སྨན་པ་དང་སྨན་གཡོག་རྣམས་ལན་དང་པོ་དེར་ཧང་སངས་ནས་གྲོས་བསྡུར་ལ་མགོ་འཁོར་ནས་མཇུག་གི་སྐད་ཆ་རྣམས་ཉན་ལོང་མི་འདུག གོང་ལ་སྨན་པ་དང་སྨན་གཡོག་རྣམས་བགྲོ་གླེང་བྱུང་རྗེས། ཡང་བསྐྱར་ང་ལ་རིན་པོ་ཆེར་མཚན་མོ་སྙུན་གཞི་ཡོད་མེད་དྲིས་པར། རིན་པོ་ཆེས་ན་ཟུག་མེད་པའི་བརྡ་བསྟན་གནང་སོང་། ང་ཚོ་ཚང་མ་སླར་ཡང་སྨན་པའི་ཡིག་ཚང་ལ་ཕྱིན་ནས། ཁོང་རྣམ་པས་ང་ལ་འགྲེལ་བཤད་བསྐྱོན་པར། རིན་པོ་ཆེའི་གནས་སྟངས་འདི་ཤིན་ཏུ་དམིགས་བསལ་རེད། རྒྱུན་པར་སྦྲིད་སྨན་འདི་ལྟར་འབུལ་ཡུལ་གྱི་ནད་པར་མཚན་མོ་ཧ་ལམ་དྲན་པ་མེད། དེར་བརྟེན་ང་ཚོ་ཐོག་མར་སེམས་ཁྲལ་ཆེན་པོ་བྱུང་། རིན་པོ་ཆེའི་སྐུ་གཟུགས་སྐྱོ་དྲགས་ནས་མཐའ་ན་སྦྲིད་སྨན་ཡང་བཞེས་ཐུབ་ཀྱི་མི་འདུག་སྙམ་རུང་། མཚན་མོའི་ཁྲག་གི་རྒྱུག་ཤུགས་དང་། དབུགས་ཀྱི་གཏོང་ཤུགས། དེ་བཞིན་སྙིང་རྩའི་འཕར་ཤུགས་སོགས་ལ་ལྟ་དུས་དེ་ལྟར་མིན་པ་ཤེས་རྟོགས་བྱུང་བས་དགའ་སྤྲོ་འཕེལ་བྱུང་ཞེས་སྨན་པའི་སྔོན་གྱི་རྣམ་འགྱུར་ངན་པ་འདི་ཡལ་ནས་དགའ་ཚོར་གྱི་མདངས་ཤིག་མངོན་འདུག
མཐར་མཇུག་བསྡུ་བར། ད་རེས་དྲིན་ཅན་བཤེས་གཉེན་ཆེན་མོ་དུང་དཀར་རིན་པོ་ཆེ་བློ་བཟང་འཕྲིན་ལས་མཆོག་གི་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལ་བགྲོ་གླེང་ཞུ་བའི་དམིགས་བསལ་གྱི་རྗེས་དྲན་དུས་ཆེན་འདིར། རྩོམ་སྒྲིག་པ་མཆོག་ནས་ངེད་ལ་དུང་དཀར་རིན་པོ་ཆེ་སྔ་ཕྱིར་མཇལ་བའི་རྗེས་དྲན་རྩོམ་ཡིག་ཅིག་འབྲི་དགོས་པའི་བཀའ་ཕེབས་པས། དེ་ལྡོག་མ་ནུས་པར་རང་ཉིད་ཀྱི་དྲན་པའི་དབང་པོར་གཞི་གཙོ་བོར་བཟུང་ནས་འཁྱོག་བཤད་དང་ཆེ་བསྟོད་སྤངས་ཏེ། རང་ཉིད་ཀྱི་དབང་པོ་ལྔ་པོར་ཇི་ལྟར་སྣང་བ་རྣམས་དྲང་པོར་སྨྱུག་རྩེར་ཕབ། འོན་ཀྱང་ཆོས་སྲིད་ཀྱི་ཤེས་བྱ་དམན་ཞིང་། དྲན་པ་མི་གསལ་བའི་དབང་གིས་ནོར་འཁྲུལ་མི་ཉུང་བ་ཡོད་སྲིད་པས་འབྲེལ་ཡོད་རྣམས་ལ་དགོངས་སུ་གསོལ་ཞུ་རྒྱུ་ལགས། དེ་བཞིན་དེའི་དུས་སུ། སྐབས་རེ་ཞབས་ཞུ་གནང་མཁན་གྱི་མི་སྣ་གཞན་པ་ཡོད་རུང་ཁོང་རྣམ་པའི་ཆོག་མཆན་མེད་སྟབས། ཞིབ་ཕྲའི་གནས་ཚུལ་འགའ་ཤས་འདིར་བཀོད་མེད། མཐར་རྩོམ་འདི་དང་འབྲེལ་བའི་དགེ་བ་ཇི་ཡོད་བོད་གངས་ཅན་ལ་བཀའ་དྲིན་ཆེ་བའི་བླ་མ་རྣམས་ཀྱི་སྐུ་ཚེའི་ཞབས་པད་བརྟན་པ་དང་། དམ་པ་འདི་ཉིད་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་གྲུབ་པར་བསྔོ་བའོ།། །།
– – – – –