གནའ་བོའི་བོད་ཀྱི་རྒྱལ་ཆེན་སྡེ་བཞི་གླེང་བ།

0
1904

གནའ་བོའི་བོད་ཀྱི་རྒྱལ་ཆེན་སྡེ་བཞི་གླེང་བ།[1]

[ནང་དོན་གནད་བསྡུས] རྩོམ་ཡིག་འདིར། བོད་ཀྱི་གཉན་ཆེན་སྡེ་བཞི་དང་། རླུང་ལྷ་སྡེ་བཞི་སོགས་ནི། རུས་ཆེན་བཞི་ཡི་དགྲ་བླའམ་བླ་རྟགས་དང་། ཡང་ན་གནའ་བོའི་བོད་ཀྱི་རྒྱལ་ཆེན་སྡེ་བཞི་ཡིན་པ་དང་། བླ་རྟགས་དེ་དག་གི་མཚོན་དོན་དང་ཕྱོགས་སོར་སོར་དགོད་སྟངས། དེ་དག་གི་བྱུང་བ་དང་ཆ་ལུགས་སོགས་ཀྱི་སྐོར་ནས། བོད་ཀྱི་ལྷ་རབས་ཡིག་རྙིང་དང་དམངས་སྲོལ་སོགས་ལ་གཞི་བཅོལ་ཏེ་བཤད་ཡོད།

[བརྡ་ཆད་གཙོ་བོ] ལྷ་རབས། རྒྱལ་ཆེན་སྡེ་བཞི། གཉན་ཆེན་སྡེ་བཞི། རླུང་ལྷ་སྡེ་བཞི། བླ་རྟགས། ཕྱོགས་བཞི།

གླེང་གཞི།

སྤྱིར་བོད་ཀྱི་གསོལ་ཆོག་ཡི་གེ་དག་ནི། ལྷ་རབས་དང་མི་རབས། རྒྱལ་རབས་དང་བླ་རབས་སོགས་ལ་འབྲེལ་ཅིང་། གསོལ་ཆོག་ནང་དུ་མངོན་པའི་སྲུང་མ་དག་གི་གཤིས་ཀ་དང་བྱུང་བ། ཆ་ལུགས་དང་སྐུ་མདོག་སོགས་ཀྱང་དུས་རབས་དེའི་མི་རྣམས་ཀྱི་གཤིས་ཀ་དང་བསམ་བློ། ཆ་ལུགས་དང་དད་མོས་སོགས་མཚོན་པའི་རུ་དར་ཁྲ་བོ་རེ་རེ་ཡིན་ཞེས་ཟེར་ཆོག དེ་བས། བོད་ཀྱི་གནའ་བོའི་ཤེས་རིག་དང་ལོ་རྒྱུས་འཆད་དགོས་ཚེ། ནང་པའི་ཤེས་རིག་ལ་རྒྱུས་མངའ་ཡོད་དགོས་པ་གཞིར་བཞག། འདི་དག་ལའང་ཞིབ་ཏུ་རྒྱུས་ལོན་བྱེད་རྒྱུ་གལ་ཆེན་དུ་མཐོང་།

ཡུལ་གྲུ་གཞན་དང་འདྲ་བར། བོད་ཀྱི་མི་རིགས་འདི་ལའང་རུས་ཆས་གསར་རྙིང་དང་། རྡོ་ཆས་གསར་རྙིང་། དེ་བཞིན་ལྕགས་ཆས་ཀྱི་དུས་རབས་སོགས་སུ་དབྱེ་བ་བྱེད་རྒྱུ་ཡོད་པ་སྨོས་མེད་ཐོག། གདོད་མའི་སྤྱི་ཚོགས་ཀྱི་དུས་རབས་ནས། མངའ་མཛད་ཀྱི་དུས་རབས། རུས་ཆེན་བཞི་དང་དྲུག་གི་དུས་རབས། སིལ་བུའི་དུས་རབས། ཐུ་བྷོད་བཙན་རྒྱལ་གྱི་དུས་རབས། ནང་པའི་བླ་ཆེན་དག་གི་དུས་རབས་བཅས་སུ་དབྱེ་བ་བྱེད་རྒྱུ་ཡོད་ལ། འདིར་དཔྱད་གཞིར་བཟུང་བའི་རྒྱལ་ཆེན་སྡེ་བཞིའམ་རླུང་ལྷ་སྡེ་བཞི་ནི། རུས་ཆེན་བཞི་ཡི་དུས་རབས་སུ་བྱུང་བ་ཞིག་རེད། འོན་ཀྱང་། དུས་རབས་དང་ཤེས་རིག་མི་འདྲ་བའི་དབང་གིས། འདི་དག་གི་གཏམ་རྒྱུད་དང་ཆ་ལུགས་སོགས་ལའང་འགྱུར་བ་མང་དུ་ཕྱིན་པ་ཏན་ཏན་རེད།

ད་ལྟ་མཐོང་བའི་ལྷ་རབས་ཀྱི་ཡིག་ཆ་ཕལ་མོ་ཆེར། བཙན་པོའི་རྒྱལ་བློན་དག་གི་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཕོག་ཡོད་ལ། དེ་མཚུངས་ཀྱིས་སྲོང་བཙན་སྒམ་པོའི་དུས་སྐབས་ནས་བཟུང་བཙན་པོའི་རྒྱལ་རབས་མཇུག་མ་རྫོགས་ཀྱི་བར་དུ། རྒྱལ་ཁབ་གཞན་གྱི་ཤེས་རིག་ནང་འདྲེན་བྱེད་པའི་ལས་འགུལ་རྒྱ་ཆེན་པོ་ཞིག་བྱུང་བ་ལ་བརྟེན་ནས། མི་རིགས་དང་རྒྱལ་ཁབ་གཞན་གྱི་ཤེས་རིག་གི་ཤུགས་རྐྱེན་ཡང་ཡོད་པ་རེད། དེ་ནས་ནང་པའི་ཤེས་རིག་ཡོངས་ཁྱབ་ཏུ་དར་བའི་མགོ་ཚུགས་པས། ཕྱོགས་གཅིག་ནས་ནང་པའི་ཤེས་རིག་གི་ཤུགས་རྐྱེན་ཐེབ་ཅིང་། ཕྱོགས་གཅིག་ནས་བསང་གསོལ་དང་མདོས་བཟློག་གི་ཆོ་ག་དང་ཡི་གེའང་འཐུས་ཇེ་ཚང་དུ་ཕྱིན་ཡོད།

འོག་ཏུ། ལྷ་རབས་ཀྱི་ཡི་གེ་དང་བསང་གསོལ་རྣམས་སུ་བྱུང་བའི་གཉན་ཆེན་སྡེ་བཞི་དང་། རླུང་ལྷ་སྡེ་བཞི་སོགས་ཀྱི་མཚོན་དོན་དང་བྱུང་བ་སོགས་ཀྱི་སྐོར་ནས་ཞུ་བར་འདོད་པས། ནང་པའི་རྒྱལ་ཆེན་སྡེ་བཞི་དང་། བོད་ཀྱི་རྒྱལ་ཆེན་སྡེ་བཞི་ཞེས་ས་བཅད་གཉིས་སུ་བསྒོས་ནས་འཆད་རྒྱུ་ཡིན།

དང་པོ། ནང་པའི་རྒྱལ་ཆེན་སྡེ་བཞི།

ཤར་དུ་འཕགས་སྐྱེས་པོ། ལྷོ་རུ་སྤྱན་མི་བཟང་། ནུབ་ཏུ་ཡུལ་འཁོར་སྲུང་། བྱང་དུ་རྣམ་ཐོས་སྲས་ཏེ་བཞི་ལ། ནང་པའི་ཕྱོགས་སྐྱོང་གི་རྒྱལ་པོ་ཆེན་པོ་བཞིའམ་རྒྱལ་ཆེན་སྡེ་བཞི་ཞེས་འབོད། དེ་དག་ནི་ཆོས་ཀྱི་སྲུང་མ་ཙམ་མ་ཟད། རི་རབ་དབུས་སུ་བཞག་ནས་དེའི་ཕྱོགས་བཞིའི་ཡུལ་འཁོར་མངའ་རིས་སྐྱོང་བར་བཤད། འདི་དག་ནི་ནང་པའི་གཞུང་ལུགས་དག་ལས་མང་དུ་འབྱུང་ལ། ཁུངས་ནི་གནའ་བོའི་རྒྱ་གར་གྱི་འཇིག་རྟེན་ཆགས་ལུགས་དང་། འཇིག་རྟེན་གྱི་ཕྱོགས་བཞིའི་ལྟ་བ། ད་དུང་རྒྱ་ནག་གི་ལྷ་རབས་སོགས་སྙན་ལ་རིང་བའི་སྒྲུང་རབས་རྣམས་དང་འབྲེལ་ཅིང་། ཕྱོགས་བཞིའི་རྒྱལ་ཆེན་བཞིའི་སྲུང་སྐྱོབས་དང་ནུས་མཐུའི་འོག་ན་རང་ཅག་གནས་པས། དེ་དག་ལ་མཆོད་བསྟོད་བྱེད་པ་ནི་ཡུལ་གྱི་རྒྱལ་པོ་སོགས་ལ་མཆོད་བསྟོད་བྱེད་པ་དང་འདྲ་བར། འདི་བཞི་དགྱེས་ན་འཇིག་རྟེན་གྱི་ཁམས་འདིར་བདེ་ལེགས་འབྱུང་བར་ལྟ་ཞིང་། ནང་པའི་ཤེས་རིག་གི་ཤུགས་རྐྱེན་འོག། ད་ལྟའང་རྒྱ་ཡི་ནང་པའི་ལྷ་ཁང་དང་། བོད་ཀྱི་བན་བོན་ཀུན་གྱི་ལྷ་ཁང་གི་སྒོ་ཁྱམས་སུ་རི་མོ་འདི་བཞི་འབྲི་སྲོལ་ཡོད། སྒྲུབ་པ་སོགས་འཛུགས་སྐབས་ནའང་དཀྱིལ་འཁོར་གནས་པའི་ཕྱོགས་བཞིར་རྒྱལ་ཆེན་བཞིའི་རི་མོ་བཀལ་ནས་རྒྱ་འཇོག་པ་ལ་རྒྱལ་ཐོ་འཇོག་ཟེར། དེ་མིན་ཆོས་ཀྱི་བྱེད་སྒོ་ཅི་རིགས་ཀྱང་རྒྱལ་ཆེན་བཞི་དང་འབྲེལ་ནས་ཡོད། རང་རེ་བོད་ཀྱི་ལྷ་ཁང་རྣམས་སུ་བྲིས་པའི་རྒྱལ་ཆེན་བཞིའི་རི་མོ་ནི། རྒྱ་ནག་ནས་གནས་བརྟན་བཅུ་དྲུག་གི་སྐུ་ཐང་དང་མཉམ་དུ་ཡོང་བར་བཤད།

གཉིས་པ། གནའ་བོའི་བོད་ཀྱི་རྒྱལ་ཆེན་སྡེ་བཞི།
 གཅིག ལྷ་རབས།

ནང་པའི་བསྟན་པ་མ་དར་བའི་གོང་གི་བོད་ཀྱི་སྲིད་པ་གྲོལ་ཚུལ་གྱི་ལྟ་བ་དང་། ནང་བསྟན་སོགས་གནའ་བོའི་རྒྱ་གར་གྱི་འཇིག་རྟེན་ཆགས་ལུགས་ཀྱི་ལྟ་བ་གཉིས་ནི་ཆེས་ཆེར་མི་འདྲ་ཞིང་། དེ་གཉིས་དང་འབྲེལ་བའི་གནའ་བོའི་སྒྲུང་རབས་དང་ངག་རྒྱུན་སོགས་ཀྱང་གཅིག་ཏུ་བསྲེ་ཐབས་མེད་པ་ཡིན།

བོད་ཀྱི་གཉན་ཆེན་དང་ཡུལ་ལྷའི་སྐོར་ནས་གླེང་བརྗོད་བྱེད་དུས། བོད་ཀྱི་གདོད་མའི་སྲིད་པ་གྲོལ་ཚུལ་ལའང་རྒྱུས་མངའ་ཏོག་ཙམ་མེད་ཐབས་མེད་པས། འདིར་སྟོད་ལྷ་རབས་ཀྱི་སྐོར་ནས་ཅུང་ཟད་ཅིག་ཞུ་བ་ལ། དེ་ཡང་། ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱིས་མཛད་པའི《རླངས་ཀྱི་པོ་ཏི་བསེ་རུ》ལས།“འབྱུང་བ་སྣ་ལྔའི་སྙིང་པོ་ལས། སྒོ་ང་ཆེན་པོ་གཅིག་ཡོང་བ། ཕྱིའི་སྒོང་ཤུན་ལ་ལྷ་བྲག་དཀར་མོ་ཆགས། ནང་གི་སྒོང་ཆུ་ལ་དུང་མཚོ་དཀར་མོ་འཁྱིལ།”ཞེས་སྲིད་པའི་སྒོ་ང་ཆེན་པོ་གཅིག་ལས་སྲིད་པ་རྣམས་རིམ་བཞིན་གྲོལ་ཅིང་། དེ་ལས་སྟོད་ཀྱི་ལྷ་རབས་དང་། དེ་ལས་མི་རབས་བྱུང་བ་ཡིན་པར་བཤད།

ལོ་རྒྱུས་ངག་རྒྱུན་རྣམས་སུ། བོད་རྣམས། རྒྱ་གར་གྱི་མི་རིགས་དང་། སྤྲེའུ་བྱང་ཆུབ་སེམས་དཔའི་རྒྱུད་ལས་འཕེལ་ཚུལ་བཤད་པ་དེ་ནི། ཤེས་གསལ་ལྟར། ནང་པའི་ཤེས་རིག་གི་ཤུགས་རྐྱེན་ལས་བྱུང་བ་ཞིག་མ་གཏོགས། སྔ་མོ་ནས་ཡོད་པ་ཞིག་མིན་པ་ནམ་མཁའི་ནོར་བུའི《ཞང་བོད་ལོ་རྒྱུས་ཏི་སེའི་འོད》[2]སོགས་ལ་བལྟས་པས་ཤེས་པ་ཡིན།

ལྷ་རབས་ཀྱི་སྲིད་པ་ཇི་ལྟར་གྲོལ་བའི་ཚུལ་འཆད་པ་ལ། “སྲིད་པ་ཀུན་གྱི་ཡབ་གཅིག་ནི།། སྲིད་པ་སངས་པོ་འབུམ་ཁྲི་ཡིན།། ཡུམ་ཀྱང་ཆུ་ལྕམ་རྒྱལ་མོ་བྱས།། དེ་གཉིས་སྤྲུལ་པ་སྡེབ་པ་ལས།། སྲིད་པའི་ཕོ་དགུ་མོ་དགུ་སྲིད།།”[3]ཅེས། ཡིག་ཆ་དང་ངག་རྒྱུན་སོགས་མི་འདྲ་བ་འགའ་རེ་འདུག་ནའང་། འདིར་ཡིད་ལ་ངེས་བདེ་བའི་ཕྱིར། “ལྷ་རྣམས་ཀྱི་ཐོག་མའི་མེས་པོ་ཕྱ་ཡེ་མཁྱེན་ཆེན་པོ་བྱ་བ་གཅིག་སྲིད་པ་ཕྱ་ཡིས་བསྐོར་ཏེ་བྱུང་།” ཞེས《ལྡེའུ་ཆོས་འབྱུང》ལས་ཡོ་ག་ལྷ་གྱེས་ཅན་དུ་བྱུང་བ་རྣམས་བསྡུས་ཏེ་དཔེ་མཚོན་ཙམ་བཀོད་ན། ལྷ་རྣམས་ཀྱི་ཐོག་མའི་མེས་པོ་ནི། ༡.ཕྱ་ཡེ་མཁྱེན་ཆེན་པོ་དང་། དེ་ནས་རིམ་པ་བཞིན། ༢.ཁོ་མ་འབྲོ་རྗེའི་ལེགས་པའི་ཧོར་དྲུག།(འདིས་ཕུས་བཏབ་པས། གནམ་ས་ཆ་ཕྱེད་དེ། གནམ་རིམ་པ་བཅུ་གསུམ་ནི་ཁར་རིམ་ཁང་དུ་ཡར་ཕུབ། ས་རིམ་པ་བཅུ་གསུམ་ནི་གདན་རིམ་གདན་དུ་མས་བཏིང་ཞེས་ཟེར།) ༣.སྲིད་པའི་ལྷ་རྗེ་ཁ་དང་སྐྱོལ་མེད། ༤.མེས་རྣམ་ལ་ཀར་གསུམ། ༥.སྐར་མ་ཡོལ་སྡེ། ༦.ཁྲི་ཤེལ་དཀར་པོ། ༧.རྗེའི་མགུར་ལྷ་མཆེད་གསུམ། ༨.གནམ་ཐེན་ཆེ། ༩.རྒུང་ཐེན་ཆེ། ༡༠.སྤྲིན་ཐེན་ཆེ། ༡༡.ཟིལ་ཐེན་ཆེ། ༡༡.ཆར་ཐེན་ཆེ། ༡༣.མོང་ཐེན་ཆེ། ༡༤.གནམ་ལ་རོང་རོང་། ༡༥.ཡབ་སྟག་ཆ་ཡལ་ཡོལ། ༡༦.ཡབ་ལྷ་བརྡལ་དྲུག། ༡༧.ཁྲི་བར་གྱི་བདུན་ཚིགས། ༡༨.གཉའ་ཁྲི་བཙན་པོའོ།།(རྒྱས་པར་ཤེས་འདོད་ན《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ཀྱི་རེའུ་མིག་ལ་གཟིགས་པས་འཐུས།)

འདི་དག་ལས་སྔོན་མ་སྔོན་རྣམས་ནི་ཕྱི་མ་ཕྱི་མའི་ཡབ་ཡིན་ཅིང་། ༡༧.པ་ཁྲི་བར་གྱི་བདུན་ཚིགས་ཀྱིས། སྲས་གཉའ་ཁྲི་མི་ཡུལ་དུ་མངག་ནས་བོད་ཀྱི་རྒྱལ་པོ་བྱེད་དུ་བཅུག་པ་ཡིན་ཞེས་ཟེར། ལྷ་རབས་འཆད་སྐབས་གཉའ་ཁྲིའི་བར་ལ་གཏུག་ནས་འཆད་པ་འདི་ནི་ལྷ་རབས་ཕལ་ཆེར་གཅིག་འདྲ་ཡིན།  དེ་ཡང་མདོར་དེད་ན། བོན་ལ་བཙན་པོའི་སྲིད་ཀྱིས་ཤུགས་རྐྱེན་བྱུང་བ་ཟེར་ནའང་འདྲ། གཤེན་དང་རྒྱལ་བློན་སོགས་ཀྱིས་དམངས་སེམས་འགུགས་པའི་ཐབས་སུ་བཤད་པ་ཞིག་ཡིན་ངེས། དེ་མཚུངས་ཀྱིས་མེས་དབོན་རྣམ་གསུམ་དང་། རྒྱ་བཟའ་བལ་བཟའི་བྱུང་བ་འཆད་སྐབས་སུའང་། བན་དེ་དང་ཆོས་ཀྱི་རྒྱལ་བློན་དག་གིས་ཆོས་སྲིད་བརྟན་པོ་ཡོང་ཕྱིར་སྒྲུང་རབས་མང་དུ་བྲིས་ཡོད་པས་མཚོན་ནོ།།

༡༥.པ་ཡབ་སྟག་ཆ་ཡལ་ཡོལ་ལ་སྲས་བཞི་བྱུང་བ་དག་ལ་སྲིད་པའི་ལྷ་རབས་མཆེད་བཞི་ཞེས་བྱ་སྟེ། “ལྷ་རབས་མཆེད་བཞི་ནི། ཡབ་ལྷ་བརྡལ་དྲུག་དང་། ཕྱ་ལྷ་བྲམ་ཆེན། རྒྱ་ལ་འབྲོང་ནམ། འོ་དེ་གུང་རྒྱལ་ལོ།། འདི་བཞིས་ཤོ་བཏབ་པས། གཅེན་ཡབ་ལྷ་བརྡལ་དྲུག་དང་ཕྱ་ལྷ་བྲམ་ཆེན་གཉིས་རྒྱལ་བས་ལྷ་ཡུལ་དུ་བཞུགས་ཤིང་ལྷ་རྣམས་ཀྱི་རྗེ་མཛད། གཅུང་རྒྱ་ལ་འབྲོང་ནམ་དང་འོ་དེ་གུང་རྒྱལ་གཉིས་ཕམ་པས། རྒྱ་ལ་འབྲོང་ནམ་རྒྱ་མི་མངས་ཀྱི་ལྷར་གཤེགས་ཏེ་སྲས་དགུ་བྱུང་། འོ་དེ་གུང་རྒྱལ་ནམ་མཁའ་དང་བར་སྣང་ལ་བཞུགས་པའི་ཚེ། ནམ་མཁའ་དང་བར་སྣང་གི་ལྷ་བྲན་ཀུན་གྱི་ཡབ་མཛད། ས་དོག་ལ་གཤེགས་པའི་ཚེ། ས་སྡེ་བརྒྱད་ཀྱི་ཚིས་མཛད། མི་མངས་ཀྱི་ལྷར་གཤེགས། ལྷ་དགུའི་ཡབ་ལགས་སོ།།”[4]ཞེས་འབྱུང་ནའང་། འོག་ཏུ་སྲས་རྣམས་འདྲེན་སྐབས། སྲས་བཅུ་བགྲངས་འདུག་པ་དག་ནི། ༡.ཡར་ལ་ཤམ་པོ། ༢.འཆིམས་ལྷ་ཐན་ཚོ། ༣.གཅེན་དབྱེ་ལྷ་སྤྱི་དཀར། ༤.གཅུང་གྲོ་ལ་གང་བུ། ༥.གཅེན་རྩང་ལྷ་དར། ༦.གཅུང་རྩ་ལྷ་བྱེའུ། ༧.དྭགས་ལྷ་སྒམ་པོ། ༨.ཐང་ལ་ཡར་བཞུར། ༩.ཀོང་ལ་དེ་ཡག། ༡༠.སྒམ་ལྷའི་ལྷ་སྲས་རྣམས་ཏེ། ཡུལ་དེ་དག་གི་བཙུན་མོ་མི་འདྲ་བ་བདུན་དང་བཤོས་པ་ལས་བྱུང་བ་ཡིན་ཞེས་ཟེར།

གཉིས། སྲིད་པ་ཆགས་པའི་ལྷ་དགུ་དང་། མགུར་ལྷ་བཅུ་གསུམ།
 སྲིད་པ་ཆགས་པའི་ལྷ་དགུ།

 “ལྷ་དགུའི་ཡབ་མཛད”ཅེས་པའི་ལྷ་དགུའམ་བཅུ་དང་། ད་ལྟ་ང་ཚོས་སྲིད་པ་ཆགས་པའི་ལྷ་དགུ་ཞེས་པ་གཉིས་ལ། འདྲེན་སྟངས་མི་འདྲ་བ་འགའ་རེ་བྱུང་ཡོད་ནའང་། ཡབ་འོ་དེ་གུང་རྒྱལ་དེ། དོག་མོ་ས་ལ་གཤེགས་ནས་ཡུམ་མི་འདྲ་བ་འགའ་དང་བཤོས་པ་ལས་བྱུང་བའི་བུ་རྣམས་ལ་གོ་དགོས་པ་ཡིན། དེ་དག་ནི། ༡.ཡབ་ལྷ་ཆེན་འོ་དེ་གུང་རྒྱལ། ༢.དེའི་སྲས་ཡར་ལྷ་ཤམ་པོ། ༣.བྱང་གི་གཉན་ཆེན་ཐང་ལྷ། ༤.སྒ་སྟོད་ཇོ་བོ་སྒྱོགས་ཆེན། ༥.ཤར་གྱི་རྨ་ཆེན་སྤོམ་ར། ༦.ཇོ་བོ་གཡུང་རྒྱལ། ༧.སྐྱིད་ཤོད་ཞོགས་ལྷ་ཕྱུག་པོ། ༨.ཤེལ་དཀར་ཇོ་བོ་རྟ་རྒོད། ༩.གཙང་གི་གནོད་སྦྱིན་གང་བ་བཟང་པོ་བཅས་སོ།།[[5]] བོད་ཀྱི་ཡུལ་ལྷ་དང་གཉན་རིགས་རྣམས་ཀྱང་འདི་དག་ལས་གྱེས་པས་འདི་དགུ་ལ་སྲིད་པ་ཆགས་པའི་ལྷ་ཞེས་འབོད་ལ། འོ་དེ་གུང་རྒྱལ་ནི་བོད་ཀྱི་ཡུལ་ལྷ་དང་གཉན་རིགས་ཀུན་གྱི་མེས་པོ་ཡིན།

རྗེ་ཡི་མགུར་ལྷ་བཅུ་གསུམ།

《དབུ་ནག་མིའུ་འདྲ་ཆགས》ནང་དུའང་། སྲིད་པ་རྒྱལ་བུ་འཐེང་གེའི་སྲས་བོད་འཛོམ་ལ་ཕྲོམ་གྱིས་ཕ་མཚུན་རྒྱ་ལས་བླངས་རྗེས། “ཉི་མ་དགུ་ལ་ཡར་སེལ་བྱས། ཉི་མ་བཅུ་གསུམ་ལ་མར་སེལ་བྱས། གསས་མཁར་བཅུ་གསུམ་གྱི་ཁ་རྒྱན་བསྟོད། བོད་ཀྱི་རྨོངས་པ་དེ་ནས་གྲོལ།”[6]ཞེས་འབྱུང་བའི་གསས་མཁར་བཅུ་གསུམ་ནི། རི་བོ་གང་དང་གང་ཡིན་པའི་སྐོར་ནས་བཤད་མེད་ནའང་། བོད་འཛོམ་ལ་ཕྲོམ་དང་ཨ་མྱེ་ཁྲི་ཐོག་ཆེན་པོ་རྣམས་ནི་རྨ་ཡར་བཞུར་མར་བཞུར་གྱི་ཁུག་པ་ན་ཡོད་པར་བཤད་པས།  འདི་དག་གི་གནས་ཡུལ་ཡང་། རྨ་ཆུའི་ཉེ་འཁོར་གྱི་ཡུལ་དག་ཡིན་དགོས་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། འདི་ནི《གླིང་སྒྲུང་》ནང་གི། གླིང་གི་ཡུལ་ལྷ་བཅུ་གསུམ་མམ། རྨ་སྟོད་རྩེ་ལྷ་བཅུ་གསུམ་གྱི་གནས་ཡུལ་དང་ཡང་འདྲ་པོ་བྱུང་འདུག།

ཏུན་ཧོང་གི་གཏེར་ཡིག་དང་།  གྲོགས་པོ་གྲོག་མ་བརྒྱུད་ནས་རྙེད་པའི《འདུར་གྱི་ལྡོང་གི་ཕ་རབ》ལས་བྱུང་བའི་ཡིག་ཆ་ལྟར་ན། སྟོད་སིལ་མའི་དུས་ཀྱི་རྒྱལ་ཕྲན་བཅུ་གཉིས་བོད་དང་བརྩིས་པའི་བཅུ་གསུམ་གྱི། ཡུལ་གྱི་རྒྱལ་པོ་དག་གིས་མཆོད་པའི་ཡུལ་ལྷ་གཉན་པོ་རྣམས་ལ་མགུར་ལྷ་བཅུ་གསུམ་ཞེས་གོ་དགོས་པ་འདྲ།

དེ་ལྟར་ན། དུས་ཚོད་ཀྱི་ཆ་ནས་ཀྱང་། བཙན་པོའི་རྒྱལ་རབས་གོང་ངམ། སྟོད་སིལ་མ་བཅུ་གསུམ་དང་བཅུ་གཉིས་ཀྱི་དུས་སུ་བྱུང་བའི་མགུར་ལྷའི་དབྱེ་བ་འབྱེད་སྟངས་ཤིག་ཡིན་དགོས་པར་འདུག། འོན་ཀྱང་མགུར་ལྷ་བཅུ་གསུམ་གྱི་གནས་ཡུལ་ངོས་འཛིན་སྐབས། ཡིག་ཆ་དེ་གཉིས་སུ་བྱུང་བའི་མགུར་ལྷ་དག་གི་གནས་ཡུལ་ནི་བོད་ཀྱི་ནུབ་ཕྱོགས་ཀྱི་ས་ཆ་རྣམས་ཡིན།

ད་ལྟ་རང་རེ་རྣམས་ལ་ཡོངས་གྲགས་སུ་གནས་པའི་རྗེ་ཡི་མགུར་ལྷ་བཅུ་གསུམ་ནི། ༡.གཉན་ཆེན་ཐང་ལྷ། ༢.ཡར་ལྷ་ཤམ་པོ། ༣.གཙང་ལྷ་བྱོལ་ཡུག། ༤.སྲོག་ལྷ་གངས་དཀར། ༥.སྒྱོག་ཆེན་སྡོང་ར། ༦.དོག་ལྷ་བྱང་རྩེ། ༧.ཅོག་ལྷ་མཚལ་རྩེ།  ༨.གངས་དཀར་གཡུ་རྩེ། ༩.གསུམ་རི་གཉན་པོ། ༡༠.འཛུམ་ཆེན་སྡོང་ཁྲམ། ༡༡.དབྱིས་ཆེན་རབ་ངེར། ༡༢.འབྲི་ཆེན་སྡོར་ངུ་།  ༡༣.འོ་དེ་གུང་རྒྱལ་[7]རྣམས་ཡིན་ལ། དེ་རྣམས་བཙན་པོ་དག་གིས་བསྟེན་པའི་སྲུང་མ་ཡིན་པས་ན་རྗེ་ཡི་མགུར་ལྷ་བཅུ་གསུམ་ཟེར་བ་ཡིན་ཞེས་ཀྱང་ཟེར་ལ། འདི་དག་ནི། བོད་ཀྱི་ས་ཆ་སྟོད་སྨད་ཀུན་ལ་གྲམ་ནས་ཡོད།

དེ་ལྟའི་མགུར་ལྷ་དག་ལ། སྟོད་སིལ་མའི་དུས་ཀྱི་རྒྱལ་ཕྲན་གྱི་རྒྱལ་པོ་རྣམས་ཀྱིས། མཆོད་པ་དང་གསོལ་འདེབས་བྱེད་ཅིང་། བཙན་པོ་རྣམས་ཀྱིས་ཚོགས་སུ་མགུར་[8] ལེན་སྐབས་ནའང། ཐོག་མར་རི་བོ་མཐོན་པོའམ། མགུར་ལྷ་དེ་དག་གི་མིང་ནས་འབོད་ཅིང་། གཞི་ནས་སྐད་ཆའི་དཀྱུས་སུ་འཇུག་པ་ཡིན།

གོང་དུ་བཤད་པ་ལྟར། འདི་དག་གི་གོ་ཐོབ་དང་ངོས་འཛིན་བཅས་ལ་འགྱུར་བ་སོང་ཡོད་སྟབས། གསལ་གསལ་ཐག་ཐག་གིས་གིས་འདི་དང་འདི་ཞེས་ཐག་གཅོད་མི་ཐུབ་ནའང་། སྒྲུང་དང་གཏམ་རྒྱུད། ཐང་ཁ་སོགས་ལ་བལྟས་ན། ཡུལ་ལྷ་དང་བསང་གསོལ་གྱི་རིག་གནས་ནི། རྨ་ཆུའི་རྒྱུད་ནས་བོད་ཀྱི་ནུབ་རྒྱུད་དུ་དར་ཞིང་། དེ་ནས་བོད་ཁམས་སྤྱི་ལ་དར་བ་ལྟ་བུ་ཞིག་ཡོང་གིན་ཡོད།

གསུམ། རླུང་ལྷ་སྡེ་བཞི། ཡང་ན་རླུང་ལྷ་སྡེ་ལྔ།

རླུང་ལྷ་ནི། རླུང་རྟའི་ནང་གི་ལྷ་ལ་གོ་དགོས་ཤིང་། རླུང་རྟ་ནི། བོད་ཀྱི་བན་བོན་ཀུན་གྱིས་མཆོད་ཅིང་། དར་བྱས་ཏེ་རི་མཐོ་སར་འདོགས་པ་དང་། ཤོག་བུར་དཔར་ནས་ནམ་མཁར་སྤུར་བ་སོགས་བྱེད། དེ་ནི་མིའི་རླུང་རྟ་ཆགས་པ་གསོ་བ་དང་། རླུང་རྟ་རྒྱུགས་པའི་ཆེད་དུ་བྱེད་པ་ཡིན། དར་ལྕོག་འདོགས་པའི་སྲོལ་འདི་དང་པོ་བོད་རང་ནས་བྱུང་མོད། ད་ལྟ་ང་ཚོས་མཐོང་བའི་རླུང་རྟའི་རི་མོ་ནང་དུ། རླུང་རྟའི་ལྷ་བཞི་དང་ནོར་བུ་བཀལ་བའི་རྟ་མཆོག་ཅིག་བཅས་ཕུད། གཞན་གཟུངས་སྔགས་སོགས་བཀོད་པ་ཡང་ཡོད་ལ། ད་དུང་《སྒྲོལ་མ》དང་《ཐར་མདོ》སོགས་ཀྱང་དཔར་བ་ཡིན། འདི་ནི། ནང་པའི་ཤེས་རིག་གིས་རླུང་རྟ་ལ་འགྱུར་བ་བཏང་བ་ཞིག་ཏེ། ཝེ་དལ་ཞེས་པས་ཀྱང“རླུང་རྟ་ནི་བླ་མ་རྣམས་ཀྱིས་སངས་རྒྱས་ལུགས་ཀྱི་མཚོན་བྱེད་རི་མོ་དེ་དག་རང་འདོད་ངང་སྒྱུར་བཅོས་བྱས་རྗེས་ཐོན་པའི་འབྲས་བུ་ཞིག་ཡིན”[9]ཞེས་བཤད་ཡོད་ཟེར་བ་ནི་དོན་ལ་གནས་པ་ཞིག་རེད།

རླུང་རྟ།

རླུང་ལྷ་སྡེ་བཞི་ནི། རླུང་རྟའི་ངོས་ཀྱི་གྲུ་བཞི་ན། སྟག། སེང་། ཁྱུང་། འབྲུག་ཡོད་པ་དེ་དག་ཡིན། འདི་དག་ལ“རླུང་རྟའི་ལྷ་བཞི”དང“གཉན་ཆེན་བཞི”ཞེས་ཀྱང་ཟེར། རླུང་ལྷ་སྡེ་བཞིའི་འདྲེན་སྟངས་ད་ལྟ་ཡོངས་གྲགས་སུ་གནས་པ་འདི་ཡིན་ནའང་། 《ཐང་ཡིག》ནང་དུ། ཐང་གི་ཕོ་ཉ་ཞིག་བོད་དུ་བསླེབས་པར། བཙན་པོའི་ཕོ་བྲང་ནང་དུ་གཡག་སོགས་སྲོག་ཆགས་མང་པོའི་གཟུགས་བརྙན་གྱིས་གང་བར་བཤད་པ་དེར།  དགེ་ཆོས་ཀྱིས། དེ་ནི་གཞན་མ་ཡིན་པར་རླུང་ལྷ་སྡེ་བཞི་ཡིན་པ་དང་། བཙན་པོའི་སྐབས་སུ་རླུང་ལྷ་སྡེ་བཞིར་མཆོད་བསྟོད་བྱེད་པའི་སྲོལ་རྒྱ་ཆེར་བྱུང་ཡོད་པ། ད་དུང་སེང་གེ་ནི་ཕྱིས་ཡར་བཙུད་པ་མ་གཏོགས། སྔར་གྱི་རླུང་ལྷ་སྡེ་བཞི་ནི། སྟག། གཡག། ཁྱུང་། འབྲུག་ཡིན་ཚུལ་སོགས་གསུངས་ཡོད་སྣང་འདུག་ཅིང་། བསང་གསོལ་རྙིང་གྲས་རྣམས་སུའང་དེ་ག་རང་དུ་བཀོད་ནས་ཡོད། རླུང་རྟའི་སྐོར་འཁོད་པའི་ཡི་གེ་ཅུང་སྔ་ཤོས《དབུ་ནག་མིའུ་འདྲ་ཆགས》ནང་དུའང་། གཡག་མ་གཏོགས་སེང་གེ་བཀོད་མེད། རླུང་ལྷ་སྡེ་ལྟ་ལྔ་ཟེར་དུས། དཀྱིལ་གྱི་རྟ་མཆོག་བརྩིས་པའི་ལྔ་ལ་གོ་ཡིན་ཡོད།

གཞན་འཇང་ནས་ཐོན་པ་རེད་ཟེར་བའི་རི་མོ་རྙིང་པ་ཞིག་དང་། གཞན་རི་མོ་འགའ་རྙེད་བྱུང་བ་དག་གི་ནང་དུ། སྟག། གཡག། ཁྱུང་། འབྲུག། སེང་གེ། རྟ་སོགས་འདུག་ལ། དེ་ནི་རླུང་ལྷ་སྡེ་བཞིའི་གྲངས་འདྲེན་སྟངས་ལ་འགྱུར་བ་འགྲོ་བཞིན་པའི་སྐབས་དེ་ཤེད་དུ་བྲིས་པ་འདྲ་བོ་ཞིག་འདུག། གཅིག་བྱས་ན་སེང་གེས་བོད་ཀྱི་རུས་ཆེན་ནམ་ཁྱིམ་རྒྱུད་ཆེན་པོ་ཞིག་མཚོན་པ་ཡིན་ཡང་སྲིད་དེ། བཙན་པོའི་དུས་ཀྱི་ཐེལ་གྱི་རི་མོའི་ནང་དུའང་སེང་གེ་གཤོག་པ་ཅན་འབྱུང་བ་ཡིན། འོན་ཀྱང་འདི་དག་དང་འབྲེལ་ཡོད་ཀྱི་ཁུངས་དང་ཡིག་ཆ་གང་ཡང་དེ་སྔོན་ལག་སོན་མ་བྱུང་བས། སེང་གེ་འདི་རླུང་ལྷ་སྡེ་བཞིའི་ནང་དུ་ཡོང་དོན་ནི། རྒྱ་གར་ཤེས་རིག་གི་ཤུགས་རྐྱེན་གྱིས་ཡིན་ཟེར་དགོས་པ་མིན་ནམ་སྙམ་སྟེ། ཀུན་གྱིས་ཤེས་གསལ་ལྟར། སེང་གེ་ནི་རྒྱ་གར་ཤེས་རིག་གི་ནང་དུ་གོ་ས་མཐོན་པོ་ཡོད་ཅིང་། མཚོན་དོན་ཡང་ཕུན་སུམ་ཚོགས་པ་ཡོད་པ་ཡིན།

《དབུ་ནག་མིའུ་འདྲ་ཆགས》ནང་དུ། རླུང་ལྷ་སྡེ་བཞི་དང་འབྲེལ་བའི་གཏམ་རྒྱུད་ཅིག་འདུག་ཅིང་། འདི་ནི་རླུང་ལྷ་སྡེ་བཞི་དང་འབྲེལ་བའི་ཡི་གེ་རྙིང་ཤོས་ཤིག་ཡིན་པར་ཐོས། འདིར་དེ་ལས་བླ་རྟགས་དང་ས་བགོས་སྐོར་ནས་དུམ་བུ་གཉིས་དྲངས་ན། དུམ་བུ་དང་པོ། “གཉན་གྱིས་གདུང་དྲུག་ལ་ཕ་སྟོང་འཇལ་བ་ལ། ལྡོང་ལ་ལྡོང་ལྷ་རྨ་ཕྲོམ་བྱིན། དེ་གཡུ་འབྲུག་ཟང་ཀྱི་ཟེ་བ་ཅན། མཐོ་མི་མངོན་ནམ་མཁའི་དབྱིངས་ན་འདུག། ལྡོང་དར་ཕྱུག་ཅན་གྱི་དགྲ་བླ་བྱེད་པ་ཆད། དབྲ་ལ་དབྲ་མོ་དབྲ་བཀྲ་བྱིན།། བྱ་ཁྱུང་ལྕག་གི་མཆུ་སྡེར་ཅན། ནམ་མཁའ་འགྲིམ་ཞིང་གངས་སྟོང་ཉུལ། དབྲ་བཙུར་དར་ཅན་གྱི་དགྲ་བླ་བྱེད་པ་ཆད། འགྲུ་ལ་འགྲུ་མོ་ཕྲོམ་ཕྲོམ་བྱིན། ལྷ་གཡག་དབལ་གྱི་ར་ཅོ་ཅན། འགྲུ་བླ་ཉུལ་ཞིང་རྫ་རི་འགྲིམ། འགྲུ་དཔའ་ངར་གྱི་དགྲ་བླ་བྱེད་པ་ཆད། སྒ་ལ་སྐར་མ་ལེག་པོ་བྱིན། གསེར་སྟག་མཚལ་གྱི་རི་མོ་ཅན། ཁམས་གསུམ་འགྲིམ་ཞིང་སྦ་ལ་ཉུག།། སྒ་ཕྱུག་དར་ཅན་གྱི་དགྲ་བླ་ཡིན།” [10]ཞེས་དང་།དུམ་བུ་གཉིས་པ། “ནང་ཁམས་བོད་བུ་སྤུན་བདུན་ནི། དབྲ་འགྲུ་སྡོང་༣་སྒ་དང་༤། ནུ་བོ་དབལ་ལྡ་༢་དང་མི་ཚོ་དྲུག། ཞང་པོ་སྒོ་ལྷ་སྟེ་ལྡེ་དཀར་པོ་དང་བདུན། དུས་དང་སྐལ་པ་དེ་ཙམ་ན།། ཁ་ཤུ་རས་དྷབ་ཀྱི་གང་ཀ་ན། བོད་མ་༣་བུ་དྲུག་ས་བགོས་བྱས། ལྡོང་སེ་བོ་ལ་རྒྱལ་དེ་ཤར་ནས་འགྲིག། གང་ལ་སིང་ཆེན་འགྱིང་བ་འདྲ།། དབྲ་ཆེ་བརྒྱད་ཀྱི་ཁོང་ཐོག་ལྷོ་ནས་འབྲེལ།། གྲིབ་སོ་ནུབ་ནས་ལྷག་པ་འདྲ།། འགྲུ་བུ་དགུའི་ཁོག་པ་སྒོང་ནས་འགྲིག། སྟག་པག་གདང་ལ་གཟར་བ་འདྲ།། སྒ་མི་མཚོ་དམར་མོ་སྨད་ན་འཁྱིལ།། དངུལ་གཞོང་མར་ཁུས་ལྟམ་པ་འདྲ།།”[11]ཞེས་སོ།།

དུམ་བུ་དང་པོའི་ནང་དུ།  སྟག། གཡག། ཁྱུང་། འབྲུག་རྣམས། རུས་ཆེན་བཞི་ཡི་བླ་རྟགས་ཡིན་ཚུལ་དང་། དེ་དག་གི་གནས་ཡུལ་ཡང་མཐོ་ནམ་མཁའ་ནས། གངས་རི། རྫ་རི། སྟོང་གསུམ་ཞེས་བོད་ཡུལ་གྱི་སྣོད་ཀྱི་འཇིག་རྟེན་འུབ་གཅིག་ཏུ་བསྡུས་ནས་བརྗོད་ཡོད་ལ། ཧོབ་ཀྱིས་བལྟས་ན། དུམ་བུ་གཉིས་པའི་ནང་དུ་ས་བགོས་བྱེད་སྐབས། ཤར་ནུབ་དང་། སྟོད་སྨད་བཅས་ཕྱོགས་བཞིར་དབྱེ་བ་དང་འབྲེལ་བ་མེད་པ་ལྟར་དུ་སྣང་མོད། བོད་ཀྱི་ཁ་དཔེར། “ཤར་ཨ་སྔོན་གནམ་གྱི་གོང་བ་ཡིན”ཞེས་པའི་སྐད་ཆ་ཞིག་ཀྱང་ཡོད་པ་ཡིན་ལ། དེ་ཡང་། ཞོགས་པའི་ཉི་མ་ཤར་གྱི་མཁའ་མཐའ་ནས་མངོན་པ་དང་། གནམ་ས་གཉིས་རིམ་གྱིས་གོ་འབྱེད་པ་སོགས་ལ་བལྟས་ཏེ། ནམ་མཁའི་ཕུགས་ནི་ཤར་ཕྱོགས་དང་འབྲེལ་ནས་བསམ་བློ་གཏོང་བ་འདི། བོད་ཀྱི་མེས་པོ་དེ་དག་གིས་སྣོད་ཀྱི་འཇིག་རྟེན་འདི་ལ་གོ་བ་ལེན་སྟངས་ཤིག་ཡིན། དེ་མཚུངས་ཀྱིས། བོད་ཀྱི་གངས་རི་ཆེ་རྒུ་རྣམས་ནི། ལྷོ་ནས་ནུབ་ཏུ་འཐེན་ཡོད་པས། ནུབ་ནི་གངས་རིའི་ཡུལ་ཡིན་ཞེས་ཟེར་ཆོག། དེ་ནས་བྱང་ཕྱོགས་སམ་སྟོད་ཀྱི་ས་ཆ་མང་ཤོས་ནི་རྫ་རི་དང་གཡའ་རི་སྤང་རི་བཅས་ཀྱིས་གྲུབ་ཡོད་ལ། སྟོང་གསུམ་ཟེར་བ་ཡང་། སྨད་དམ་ཁམས་ཟེར་བ་དང་དོན་ཕལ་ཆེར་གཅིག་པ་ཡིན་པས། ལྷོའམ་སྨད་ནགས་རོང་གི་ཡུལ་དུ་གོ་བ་བླངས་ནའང་འགྲིག་ཅིང་། དེ་ཡང་ས་བབས་ཀྱི་ཆ་ནས་ཕྱོགས་བཞིར་གོ་བ་ལེན་དུས། སྟོད་ནི་བྱང་གི་ཕྱོགས་དང་། སྨད་ནི་ལྷོ་ཡི་ཕྱོགས་སུ་ཁེལ་བས། དོན་གྱིས་ལུང་འདི་གཉིས་ཀྱི་ནང་དོན་གཅིག་ཏུ་འདུག་པ་མ་ཟད། རླུང་རྟའི་གསོལ་མཆོད་གཞན་དག་གི་ནང་ནས་འབྱུང་བའི་སྟེང་འོག་གི་རྣམ་པ་ཅན་དང་། ཕྱོགས་བཞིར་འཁོད་པའི་ཚུལ་གསུངས་པ་སོགས་ཀྱི་ཁུངས་ཡང་འདི་དག་ཡིན་པ་ཤེས་ཐུབ།

འདི་ལྟར་བསམ་བློ་བཏང་ན། སྒ་ཆབ་མདོ་དང་། སྒ་སྐྱེ་རྒུ་མདོ་ཟེར་དུས་ཀྱང་གོ་བ་ཞིག་ཡོད། ད་དུང་དར་རྩེ་མདོ་ལ། བོད་ཀྱི་མཁས་པ་འགའ་རེས། རྒྱ་དར་རྩེ་མདོ་ཟེར་བ་མིན་པར། ཇ་དར་རྩེ་མདོ་ཟེར་བ་རེད་ཅེས་གསུངས་ནའང་། ཇ་དེའང་སྒ་མིན་ནམ་སྙམ་པའི་དོགས་པ་ཞིག་འབྱུང་བར་འདུག་སྟེ། “སྒ་ཡིག་ཚང་ཅན་གྱི་འདི་སྐད་ཟེར།། ང་ས་མདོ་ཤག་བཟུང་ནས་སྒ་ཀུན་ཕྱུག།”[12]ཅེས་པ་ལྟར། སྨད་ཀྱི་མདོ་ཆེན་གསུམ་ནི་སྒ་ཡི་གནས་ཡུལ་ཡིན་པས་སོ།།

མདོར་ན། ལུང་དེ་གཉིས་ཀྱིས། ལྡོང་ནི་ཤར་དང་དབྲ་ནི་ནུབ། འགྲུ་ནི་སྟོད་དང་སྒ་ནི་སྨད་དེ། དེ་དག་གི་བླ་རྟགས་རྣམས་ཀྱང་། ཤར་ན་འབྲུག་དང་། ནུབ་ན་ཁྱུང་། སྟོད་ན་གཡག། སྨད་ན་སྟག་ཡིན་པར་བཤད་ཅིང་། དེ་ནི། ཤར་ནི་ནམ་མཁའི་གོང་བ་ཡིན་ཞིང་། ནམ་མཁར་དབང་བྱེད་པའི་སྲོག་ཆགས་ནི་འབྲུག་ཡིན་པ་དང་། ཧི་མ་ལ་ཡ་སོགས་གངས་རི་ཆེ་རྒུ་རྣམས་ནི་བྱང་ནས་ནུབ་ཏུ་འཐེན་ཡོད་ཅིང་། དེར་དབང་བྱེད་པའི་སྲོགས་ཆགས་ནི་ཁྱུང་ཡིན་ལ། ཡང་ས་བབས་ཀྱི་ཆ་ནས་སྟོད་ཀྱི་ཕྱོགས་སམ། བྱང་ཕྱོགས་ཀྱི་ས་ཆ་ཕལ་མོ་ཆེ་ནི་རི་དྭགས་ཀྱི་ཕ་ཡུལ་སྟེ། དེར་དབང་བྱེད་མཁན་ནི་འབྲོང་ཡིན་ལ། ས་བབས་དམའ་ས་རྣམས་ནི། ནགས་རོང་གཅན་གཟན་གྱི་ཡུལ་ཏེ། དེར་དབང་བྱེད་མཁན་ནི་སྟག་ཡིན་པས། ཤར་ནུབ་དང་སྟོད་སྨད་དེ། ཡུལ་མི་འདྲ་དེ་དག་གི་སྲོག་ཆགས་མཐུ་བོ་ཆེ་རྣམས་རུས་ཆེན་སོ་སོའི་བླ་རྟགས་སུ་ངོས་འཛིན་བྱས་འདུག། དེ་ལྟའི་རུས་རྒྱུད་ཀྱི་ཚོ་ཁག་ཆེན་པོ་བཞི་ཡིས། ཐོག་མའི་ཆར་རང་རང་གི་བླ་རྟགས་ཀྱི་རི་མོ་བྲིས་ནས་ཕྱར་ཅིང་། མཐར་བླ་རྟགས་རྣམས་རས་གཞི་གཅིག་གི་ཐོག་ཏུ་སྤུངས་ཏེ་འབྲི་བའི་སྲོལ་ནི། བོད་ཁམས་ཆིག་སྒྲིལ་བྱས་རྗེས་སུ་བྱུང་བ་ཞིག་ཡིན་དགོས་པས། གཅིག་བྱས་ན། སྲོང་བཙན་སོགས་ཀྱི་གོང་ནས་ཀྱང་། བོད་ཁམས་ཕལ་ཆེར་གཅིག་སྒྲིལ་དུ་གནས་པའི་དུས་རབས་ཤིག་བྱུང་ཡོད་སྲིད་པ་ཞིག་རེད།

གཞན། པདྨ་ཀུན་སྐྱོང་གླིང་པའི《རླུང་རྟ་བསྐྱེད་པའི་བསང་མཆོད》[13]ཀྱི་ནང་དུ། ཤར་དུ་སེང་གེ། ལྷོ་རུ་གཡུ་འབྲུག། ནུབ་ན་རྒྱ་སྟག། བྱང་ན་ཁྱུང་ཆེན་བྱས་ཡོད་ལ། 《རླུང་རྟ་ཡར་བསྐྱེད་ཀྱི་བསང་མཆོད》[14]ནང་དུ་དངོས་སུ་ཕྱོགས་བཞིར་ཕྱེས་ནས་བྲིས་མེད་ཀྱང་། གོ་རིམ་ནི། དང་པོ་བྱ་ཁྱུང་། གཉིས་པ་སེང་གེ། གསུམ་པ་གཡུ་འབྲུག། བཞི་པ་རྒྱ་སྟག་བྱས་ནས་ཡོད། རླུང་རྟའི་དར་དང་ཤོག་བུའི་རི་མོའི་ངོས་སུ་ནི། སྟོད་ཀྱི་ཟུར་གཉིས་ན། ཁྱུང་དང་འབྲུག། སྨད་ཀྱི་ཟུར་གཉིས་ན། སྟག་དང་སེང་གེ་བྲིས་ཡོད་ཅིང་། དེའང་ཕྱོགས་བཞིའི་མཚོན་དོན་ཡིན་པ་འདྲ། དམག་དཔོན་དབྱི་རྒྱལ་ཞོལ་གྱི་གསས་མཁར་ནང་ནས་མཐོང་བའི་གཏོར་སྐུ་[15]ཅུང་རྙིང་གྲས་ཤིག་འདུག་པ་དེའི་ངོས་སུ། སྟེང་ན་ནོར་བུ་དང་ཉི་ཟླ། དེའི་འོག་ན་འབྲུག། དེའི་འོག་ན་སེང་གེ། དེའི་འོག་ན་སྟག། དེའི་འོག་ན་གཡག་བཅས་བྲིས་འདུག་ལ། བལྟས་ན་རླུང་ལྷ་སྡེ་བཞིའི་མཚོན་དོན་ཡིན་པ་འདྲ་བ་ཞིག་འདུག།

རི་མོའི་མཚོན་དོན་ནི། “སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་གི་ཁམས་སམ། རླུང་གི་ཁམས་མཚོན་པ་དང་། སེང་གེ་རི་བོར་གནས་པས་སའི་ཁམས་མཚོན་པ་དང་། ཁྱུང་བར་སྣང་ལ་གནས་པའི་རྭ་ལས་མེ་འབར་བས་མེའི་ཁམས་མཚོན་པ་དང་། འབྲུག་རྒྱ་མཚོ་ལ་གནས་པས་ཆུའི་ཁམས་མཚོན་པ་དང་། ཀླུང་ནི་ཀུན་ལ་ཁྱབ་པས་ནམ་མཁའི་ཁམས་ཏེ། ནགས་ཚལ་དང་། རི་བོ་དང་། བར་སྣང་དང་། རྒྱ་མཚོ་རྣམས་འབྱུང་བའི་མཚོན་དཔེར་མ་བཀོད་པར། དེ་དག་ལ་གནས་པའི་སེམས་ཅན་དེ་རྣམས་ཀྱིས་འབྱུང་བའི་མཚོན་དཔེར་བྱས་པ་ནི་འབྱུང་བའི་ཁམས་ཙམ་མིན་པ་འབྱུང་བའི་བྱེད་ལས་ཀྱི་མཚོན་དོན་གཙོར་བསྟན”[16]ཡོད་པ་སྟེ།(སྟག་གིས་ས། སེང་གེས་ཆུ། ཁྱུང་གིས་མེ། འབྲུག་གིས་རླུང་མཚོན་པར་བཤད་པའང་ཡོད།) འབྱུང་བ་ལྔ་པོ་སྙོམས་ཤིང་དར་ན། སྣོད་བཅུད་གཉིས་ཀ་དར་ཞིང་། འཇིག་རྟེན་ལ་བདེ་ལེགས་འབྱུང་བར་ལྟ་བ་ཡིན། བོད་ཀྱི་སྲིད་པ་གྲོལ་ཚུལ་འཆད་སྐབས་ནའང་། འབྱུང་བ་སྣ་ལྔའི་སྙིང་པོ། སྲིད་པའི་སྒོ་ང་ཆེན་པོ་གཅིག་ལས་སྲིད་པ་འདི་གྲོལ་བར་བཤད་པའི་ལྟ་བ་དང་ཡང་མཐུན་པ་ཞིག་རེད།

གཞན《རླུང་རྟ་བསྐྱེད་པའི་བསང་མཆོད》སོགས་ལས་བྱུང་བ་ལྟར། སེང་གེས་དཔའ་རྩལ་དང་། འབྲུག་གིས་ངར་སྐད། སྟག་གིས་དཔའ་རྔམས། ཁྱུང་གིས་སྟོབས་ཤུགས་སོགས་མཚོན་པར་བཤད་ཅིང་། འདི་ནི། 《མིའུ་འདྲ་ཆགས》ནང་གི་བླ་རྟགས་རྣམས་ལ་གོ་བ་ལེན་ལུགས་དང་འདྲ་བ་ལ། 《གླིང་སྒྲུང་》ནང་གི་ཁྲ་གླག་སྤྱང་གསུམ་དང་། དགྲ་བླ་ཝེར་མ་བཅུ་གསུམ་གྱི་མཚོན་དོན་ལ་གོ་བ་ལེན་སྟངས་དང་ཡང་འདྲ་བ་ཡིན།  དེར་མ་ཟད། གནའ་དུས་དཔའ་བོ་དང་མཛངས་པ་དག་གི་ནུས་པ་དམིགས་སུ་བཀར་ནས་བསྟོད་པ་བྱེད་སྐབས་ཀྱང་། སྲོག་ཆགས་གང་རུང་ཞིག་གིས་མཚོན་པར་བྱེད་སྲོལ་ཡོད་ཅིང་། དཔའ་བོ་སྟག་ཆས་ཅན་ཞེས། ཐུ་བྷོད་བཙན་རྒྱལ་ཆེན་མོའི་སྐབས་སུ། རྒྱལ་ཁབ་ལ་བྱས་རྗེས་ཆེ་བའི་དམག་དཔོན་ཆེན་པོ་དག་ལ་སྟག་གི་གོ་ཐང་སྤྲོད་པའི་སྲོལ་བྱུང་ཡོད་པ་དང་ཡང་ནང་དོན་གཅིག་ཏུ་ཁེལ་གྱིན་འདུག།

རླུང་རྟའི་རི་མོ་ནང་གི་རྟ་ཡི་རི་མོ་ནི། “སྒོ་ཡི་དགྲ་བླ་དུང་མི་དུང་རྟ་དང་།།”[17] ཞེས་ཞང་པོ་སྒོ་ཡི་དགྲ་བླ་ལ་མི་དཀར་རྟ་དཀར་ཅན་ཞིག་ཡོད་པར་བཤད་པས། འདི་ནི་ཞང་པོ་སྒོ་ཡི་དགྲ་བླའམ་བླ་རྟགས་ཡིན་དགོས་པ་མིན་ནམ་སྙམ། དེ་ཡང“ཆེ་བཙུན་གཉན་པོ་ཞང་པོ་སྒོ”[18]ཞེས་རུས་ཆེན་རྣམས་ཀྱི་གྲལ་དུ་འདྲེན་པ་ཡིན་པས། རྟ་དེ་རླུང་རྟའི་དཀྱིལ་དུ་འཇོག་པ་ལའང་གོ་བ་ཞིག་ཡོད་པ་ཡིན།

བཞི། གཉན་ཆེན་སྡེ་བཞི།

དེ་ཡང་། སྐབས་འདིར“གཉན”ཟེར་བའི་དོན་ནི། ཉེན་ཁ་ཡོད་པའམ། མཆོད་ཅིང་བསྟོད་ན་མགོན་སྐྱོབ་བྱེད་ཅིང་། སྨད་ཅིང་དོར་ན་གོད་ཆག་དང་སྐྱེན་ངན་འབྱུང་བས་ན“གཉན”ཞེས་འབོད་པ་ཡིན། གཉན་གྱི་རིགས་རྣམས་ནི། སྲིད་པའི་ལྷ་རབས་ནང་གི་རིགས་ཤིག་དང་། ཡང་ན་མི་ཡུལ་གྱི་ལྷ་སྟེ། རི་དང་ཆུ་བོ། ཤིང་དང་མཚོ་མོ་སོགས། གང་དུའང་གནས་པར་བཤད། དེ་ལའང་ནང་གསེས་ཀྱི། ལྷ་གཉན། ཀླུ་གཉན། གཉན་བདུད། གཉན་བཙན་སོགས་གཉན་གྱི་རིགས་འདི་ལ་དབྱེ་བ་དང་རིགས་ཚན་དགར་སྟངས་མང་དུ་ཡོད་ནའང་། སྲིད་པ་ཆགས་པའི་ལྷ་དགུ་ནི་ལྷ་གཉན་གྱི་རིགས་སུ་གཏོགས། “ལྷ་ཀླུ་གཉན་གསུམ”ཟེར་དུས། སྟེང་ནམ་མཁའ་ན་བཞུགས་པ་དག་ལ“ལྷ”དང་། རི་བོ་སོགས་ས་གཞིར་གནས་པའི་མི་མ་ཡིན་གྱི་རིགས་ལ“གཉན”། མཚོ་དང་ཆུ་ཀླུང་སོགས་ལ་གནས་པའི་མི་མ་ཡིན་གྱི་རིགས་ལ“ཀླུ”ཞེས་གོ་བ་ཡིན། འོན་ཀྱང་འདི་དག་ཕན་ཚུན་འགལ་བའམ། གཅིག་ཡིན་ན་གཅིག་མིན་དགོས་པ་དེ་འདྲ་ཡང་མིན།

“གཉན་ཆེན”ཟེར་དུས་གཉན་རིགས་ཀྱི་ནང་ནས་ཀྱང་ཆེས་གཉན་པ་སྟེ། བཙན་པོ་དང་རྒྱལ་པོ། བོད་ཀྱི་རུས་ཆེན་རྣམས་ཀྱི་སྐུ་ལྷ་དང་བླ་རི་ཡིན་པས་ན“གཉན་ཆེན”ཞེས་འབོད་པ་སྟེ།  བོད་ཀྱི་ཡུལ་རིས་འདིར་བརྟེན་ནས་འཚོ་བའི་སྐྱེ་འགྲོ་རྣམས་རེ་རེ་ནས། བཀྲ་ཤིས་པ། དོན་འགྲུབ་པ། བྱ་བ་ལམ་དུ་འགྲོ་བ། སྙན་གྲགས་རྒྱས་པ། ལོངས་སྤྱོད་འཕེལ་བ། དཔའ་རྩལ་རྒྱས་པ། དགྲ་ཐུལ་བ་སོགས་ནི། སྐྱེས་ཤིང་འཚོ་སའི་ཡུལ་འདིའི་ཕྱི་ཡི་འབྱུང་བ་ཁོད་སྙོམ་མིན་ཟེར་ནའང་འདྲ། དེ་དག་ལ་དབང་བྱེད་པའི་ཡུལ་ལྷ་མཐུ་བོ་ཆེ་རྣམས་ལ་རག་ལས་ཤིང་། དེ་རྣམས་དགྱེས་ཤིང་དར་ན། ཡུལ་དེ་རུ་སྐྱེས་ཤིང་འཚོ་བའི་སྐྱེ་འགྲོ་རྣམས་ཀྱང་རང་ཤུགས་ཀྱིས་དར་བ་དང་། དེ་ལས་ལྡོག་ན་འབྲས་བུའང་དེ་ལས་ལྡོག་པ་འབྱུང་བར་ལྟ། ལྟ་ཚུལ་དེ་ཇི་བཞིན་འཛིན་མཁན་ནི། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཚོན་པའི། ཕྱིས་ཀྱི་མཁས་གྲུབ་ཁྲོད་ནའང་མང་པོ་ཡོད་པ་ཡིན།

གཉན་ཆེན“སྡེ་བཞི”ཞེས་གྲངས་ཀ་བཞི་རུ་གཏན་ཁེལ་བྱུང་དོན་ནི། གོང་ཞུས་ལྟར་བོད་ཀྱི་རུས་ཆེན་བཞིའི་གྲངས་ཀ་དང་འབྲེལ་ནས་ཡོད་ཅིང་། དུས་ཚོད་ཀྱི་ཆ་ནས། མགུར་ལྷ་བཅུ་གསུམ་དུ་གྲངས་འདྲེན་བྱེད་པའི་དུས་ལས་ཀྱང་སྔ་བ་ཡིན་དགོས་པ་འདྲ་བ་ཞིག་འདུག་མོད། ད་དུང་དཔྱད་དགོས།

དེ་ལྟའི་གཉན་ཆེན་སྡེ་བཞི་ནི། གོང་གི་མགུར་ལྷ་བཅུ་གསུམ་དུ་བགྲངས་པ་དག་ལས། 1.རྨ་ཆེན་སྤོམ་ར། 2.དམག་དཔོན་དབྱི་རྒྱལ། 3.སྒྱོགས་ཆེན་ལྡོང་ར། 4.གཉན་ཆེན་ཐང་ལྷ་བཅས་ལ་གཉན་ཆེན་སྡེ་བཞི་དང་། ཡང་། 1.འཛུམ་ཆེན་ལྡོང་ཁྲོམ། 2.དབྱི་ཆེན་རབ་སྡེ། 3.འབྲི་ཆེན་ལྡོང་དངུལ། 4.གཉན་ཆེན་ཐང་ལྷ་བཅས་ལ་གཉན་ཆེན་སྡེ་བཞི། གཞན་ཡང་། 1.ཤར་གཉན་འཛུམ་ཆེན། 2.ལྷོ་གཉན་དབྱི་རྒྱལ། 3.ནུབ་གཉན་འབྲི་ཆེན་། 4.བྱང་གཉན་དམར་ཟ་བཅས་ལ་གཉན་ཆེན་སྡེ་བཞི་ཟེར་བ་སྟེ། ངོས་འཛིན་སྟངས་མི་འདྲ་བ་གསུམ་ཙམ་འདུག་པ་སོ་སོར་དྲངས་ན།

༡.ལྷ་ཆེན་རྨ་རྒྱལ་སྤོམ་རའི་གསོལ་མཆོད་འདོད་པའི་རེ་སྐོང་[[19]]

རྨ་རྒྱལ་སྦོམ་ར།

ལུང་། “འཛུམ་ཆེན་ལྡོང་ཁྲོམ་མཁའ་ལྡིང་ཁྱུང་ལ་བཅིབས།། ཕྱག་ན་གནམ་ལྕགས་ཐོག་གི་མདའ་གཞུ་བསྣམས།། དབྱི་ཆེན་རབ་སྡེ་རྒྱ་སྟག་རི་བཀྲ་བཅིབས།། ཕྱག་ན་སྟག་གི་པགས་པའི་རྒྱལ་མཚན་འཛིན།། འབྲི་ཆེན་ལྡོང་དངུལ་གར་ཤོག་འབྲོང་ལ་བཅིབས།། ཕྱག་ན་གནམ་ལྕགས་འབར་བའི་རལ་གྲི་འཛིན།། གཉན་ཆེན་ཐང་ལྟ་གཡུ་འབྲུག་སྔོན་མོ་བཅིབས།། ཕྱག་ན་མདུང་རིང་དར་གྱི་བ་དན་འཛིན།། ཕྱོགས་བཞི་སྐྱོང་བའི་གཉན་ཆེན་སྡེ་བཞི་དང་།།……”ཞེས་སོ།།

རྒྱལ་དབང་ལྔ་པའི་གསོལ་མཆོད་འདི་དང་།《ཆུ་རུལ་ཁ་ལུང་བའི་གཞི་བདག་གཉན་ཆེན་སྡེ་བཞི་ལ་བསང་མཆོད་འབུལ་ཚུལ》གཉིས་ཀྱི་གཉན་ཆེན་སྡེ་བཞིའི་ཆ་བྱད་དང་གྲངས་འདྲེན་སྟངས་ལ་ཁྱད་པར་ཆེར་མེད་ནའང་། ལྔ་པ་ཆེན་པོའི་གསོལ་མཆོད་འདིའི་ནང་དུ་དབུས་ན་རྨ་རྒྱལ་སྤོམ་ར་དང་། གཉན་ཆེན་སྡེ་བཞི་ནི་དེའི་ཕྱོགས་བཞི་སྐྱོང་བའི་སྲུང་མར་བཀོད་ཡོད་པ་ནི་དམིགས་བསལ་བ་ཞིག་རེད། ད་དུང་དཀྱིལ་དུ་སྤོམ་ར་རྟ་དཀར་ཞོན་པ་ཞིག་འཁོད་པ་དེའང་། རླུང་རྟའི་ནང་གི་དབུས་ཀྱི་རྟ་མཆོག་གི་ཚུལ་དུ་བཞག་པ་འདྲ་བ་ཞིག་འདུག་ལ། འདི་རུ་བྱུང་བའི་སྡེ་བཞིའི་ཕྱག་མཚན་ཆ་ལུགས་དང་ཆིབ་པ་སོགས་ཀྱི་ངོས་ནས་བལྟས་ན། བོད་ཀྱི་གདོད་མའི་ལྷ་རབས་ཀྱི་ཡིག་ཆ་དག་ལས་བྱུང་བའི་ལྷ་རྣམས་ཀྱི་རྣམ་པ་དང་འདྲ་བའམ་ཐག་ཉེ་པོ་ཡོད། འོན་ཀྱང་། འཛུམ་ཆེན་ལྡོང་ཁྲོམ་འདི་ད་ལྟ་གང་ལ་གོ་དགོས་པའི་སྐོར་ནས་ཡི་གེ་སོགས་རྒྱུ་ཆ་གང་ཡང་ལག་ཏུ་མ་སོན་པས། འོག་ཏུ་ཡང་དཔྱད་པ་བྱ་ཐབས་མ་བྱུང་།

༢.གཉན་ཞི་བ་དཀར་པོའི་བསང་མཆོད[[20]]

ལུང་།  “ཀྱཻ། དད་པ་དང་ནི་དམ་ཚིག་གིས།། ཤར་གཉན་འཛུམ་ཆེན་འཁོར་དང་བཅས།། ལྷོ་གཉན་དབྱི་རྒྱལ་འཁོར་དང་བཅས།། ནུབ་གཉན་འབྲི་ཆེན་འཁོར་དང་བཅས།། བྱང་གཉན་དམར་ཟ་འཁོར་དང་བཅས།།……”ཞེས་སོ།།

གསོལ་མཆོད་འདི་རུ་བྱུང་བའི་བྱང་གཉན་དམར་ཟ་ཟེར་བ་འདིའང་གང་ལ་གོ་དགོས་པ་གསལ་པོར་མ་ཤེས་ཤིང་། རི་བོ་ཆེའི་རྡོ་ཤུལ་ཕྱོགས་ན། བྱང་གཉན་དམར་ཟེ་ཟེར་བ་ཞིག་འདུག་པ་དེ་ཡིན་ཞེས་ཟེར་མཁན་ཡང་འདུག་ལ། དེ་ནི་གཟེ་རྒྱལ་གྱི་བྱང་ཕྱོགས་སྐྱོང་བའི་སྲུང་མ་ཡིན་པར་བཤད།

༣.བསང་བརྔན་འདོད་རྒུའི་རྒྱ་མཚོ[[21]]

ལུང་། “གཉན་ཆེན་སྡེ་བཞིའི་བརྔན་པ་ནི། ཀྱཻ༔ ཤར་གྱི་རྨ་རྒྱལ་སྤོམ་ར་ནི༔ མི་དཀར་རྟ་དཀར་ཤེལ་ཁྲབ་ཅན༔ ཕྱག་ན་མདུང་དར་ནོར་བུ་འཛིན༔…… ལྷོ་ཡི་དམག་དཔོན་དབྱི་རྒྱལ་ནི༔ མི་སྨུག་རྟ་སྨུག་གསེར་ཁྲབ་ཅན༔ ཕྱག་ན་མདུང་དར་སྟྭ་རེ་ཐོགས༔…… ནུབ་ཀྱི་གཉན་ཆེན་ཐང་ལྷ་ནི༔ མི་དཀར་དར་ཐོད་དར་བེར་ཅན༔ ཆིབས་སུ་བང་མགྱོགས་ངང་སེར་ཆིབས༔ སྦ་ལྕགས་དར་མདུང་ཕྱག་ན་འཛིན༔…… བྱང་གི་རྒྱོགས་ཆེན་གདོང་ར་ནི༔ མི་སེར་པྲོག་ཞུ་དར་སེར་གསོལ༔ ཆིབས་སུ་མགྱོགས་འགྲོ་གཡུ་རྔོག་ཆིབས༔……” ཞེས་སོ།།

མཚུན་གསོལ་གྱི་དབུ་ཤོག
ཆགས་མེད་ཀྱི་མཚུན་གསོལ།

འདིའི་ནང་ནས་བྱུང་བའི་ཆ་ལུགས་སོགས་ནི། ད་ལྟ་རྒྱུགས་ཆེ་ཤོས་ཀྱི་བསང་གསོལ་རྣམས་སུ་ཡོད་པ་དེ་དག་ཡིན་ཞིང་། ཐུ་བྷོད་བཙན་རྒྱལ་ཆེན་མོའི་དུས་ཀྱི་དམག་དཔོན་ཆེན་པོ་ཞིག་གི་ཆ་ལུགས་ལྟར་དུ་ཡོད། སོ་སོའི་གསོལ་མཆོད་དག་ནས་བྱུང་བ་ལྟར། མདུང་དར་ཐོགས་ཤིང་ཁྲབ་རྨོག་དང་འཁོར་གསུམ་བཏགས་པ། རྟ་མཆོག་ལ་ཞོན་པ། ནོར་ལྷའི་གྲས་སུ་འཇོག་པ་རྣམས་ནི། ཐུན་མོངས་ཀྱི་མཚུངས་ཆོས་ཤིག་ཡིན།[22]

སྤྱིར་བསང་བརྔན་ཟེར་བའི་དཔེ་ཆ་རྣམས་ཀྱི་ཐོག་མའི་ཁུངས་ནི《བསང་རྒྱག་བརྔན》ཡིན་ཞེས་ཟེར་ལ། དེ་ལའང་བཀའ་མ་དང་གཏེར་མ་གཉིས་ཡོད་པར་གྲགས། བཀའ་མ་ནི་སློབ་དཔོན་པདྨས་བསམ་ཡས་ལེགས་གྲུབ་བྱུང་བའི་བྱེད་སྒོར། བོད་ཀྱི་ཡུལ་ལྷ་སྲུང་མ་རྣམས་ལ་བཀའ་བསྒོས་དམ་བཞག་དང་། བསང་གསོལ་བྱེད་སྐབས་མཛད་ཅིང་། བསམ་ཡས་དགོན་པའི་གྱང་ངོས་སུ་བྲིས་ནས་ཡོད་ཟེར། 《སྟག་ལུང་བསང་ཆེན》ནང་དུ《བརྔན》ཞེས་པ་ཞིག་འདོན་རྒྱུ་ཡོད་ཅིང་། འདིའི་ཁ་བྱང་དུ། 《སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་རྒྱ་བརྔན》ཞེས་འབྱུང་བ་མ་གཏོགས་མཛད་བྱང་དང་གཏེར་བྱང་གང་ཡང་མེད་པས། གཅིག་བྱས་ན་འདི་ནི་བསམ་ཡས་དགོན་པའི་གྱང་ངོ་ལས་བཤུས་པ་ཞིག་ཡིན་ཤས་ཆེ། གཏེར་མ་ལ་འགའ་རེ་འདུག་ཅིང་། གཏེར་སྟོན་རྒྱལ་སྲས་ལེགས་ལྡན་གྱིས་གཏེར་ནས་བཏོན་པ་དེ་ཐོག་མ་ཡིན་པར་གྲགས་མོད། ད་ལྟ་ངའི་ལག་ཏུ་ཚུད་པ་དག་ལས་ནི། རིག་འཛིན་རྒོད་ལྡེམ་ཅན(1337-1408)གྱིས་གཏེར་ནས་བཏོན་པའི《རྒྱག་བརྔན་ལྷ་བསང་》ཞེས་པ་འདི་ཐོག་མ་རེད་འདུག། འདི་དང་།  《སྟག་ལུང་བསང་ཆེན》ནང་གི《བརྔན》དང་། ཀརྨ་པ་རང་བྱུང་རྡོ་རྗེ(1284-1339)ཡིས་མཛད་པའི《འཛམ་གླིང་སྤྱི་བསང་》གསུམ་ནི། ཚིགས་འགྲོས་སོགས་ཕལ་ཆེར་འདྲ་བ་ལ། གསུམ་གར་ཡང་། གཉན་ཆེན་སྡེ་བཞིའི་མིང་རྣམས་འབྱུང་ཡང་། གཉན་ཆེན་སྡེ་བཞི་ཞེས་རེ་རེ་ནས་དམིགས་སུ་བཀར་ཏེ་བརྔན་པ་བྱས་མི་འདུག་པས་འདིར་དྲངས་མེད།

གང་ལྟར། བོད་ཀྱི་བསང་གསོལ་རྣམས་སུ། བོད་ཁམས་སྤྱིའི་སྲུང་མ་མཆོད་སྐབས་གཉན་ཆེན་སྡེ་བཞི་ཞེས་ཡོང་གིན་ཡོད་ཀྱང་། དེ་དག་རེ་རེ་ནས་གང་ཡིན་གྱི་སྐོར་ལ་འདི་གསུམ་དུ་མ་འདུས་པ་མ་མཐོང་ལ། གཞན་མདོ་སྨད་གནས་ཆེན་རྒྱལ་མོ་དམུ་རྡོའི་ཕྱོགས་སྐྱོང་གི་གཉན་ཆེན་སྡེ་བཞིའི་བརྩི་སྟངས་དེ་ནི། གནས་ཆེན་དེའི་ཉེ་འཁོར་གྱི་ཕྱོགས་སྐྱོང་རྣམས་ལ་བཤད་པ་ཞིག་ཡིན་པས་འདིར་བཀོད་མེད། གཞན་དུ། ཤར་གྱི་རྨ་རྒྱལ་སྤོམ་ར། ལྷོ་ཡི་ཁ་བ་དཀར་པོ། བྱང་གི་གཉན་ཆེན་ཐང་ལྷ། ནུབ་ཀྱི་གངས་དཀར་ཏི་སེ་ཞེས། ཕྱོགས་བཞིའི་མིང་གིས་རི་བོ་རྣམས་ལ་འབོད་སྟངས་ཤིག་ཡོད་པ་དེ་ནི། ནང་པའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ནམ། བོད་ཀྱི་ཕྱོགས་བཞིར་གནས་པའི་ནང་པའི་གནས་ཆེན་ཡིན་པའི་རྒྱུ་མཚན་མ་གཏོགས། གཉན་ཆེན་སྡེ་བཞིའི་འདྲེན་སྟངས་དང་འབྲེལ་བ་མེད་པ་འདྲ། དཔེར་ན། རྨ་རྒྱལ་སྤོམ་ར་འདིའང་ནང་ཆོས་དར་བའི་རྗེས་སམ། ཡང་ན་གླིང་སྒྲུང་དར་བའི་རྗེས་སུ་བོད་ཀྱི་གནས་ཆེན་དུ་གོ་ས་ཆེན་པོ་འཕར་ཡོད་པས་ཀྱང་མཚོན་ནོ།།

གོང་ཞུས་ལྟར། འདི་དག་སྐབས་རེར་མི་རྣམས་ཀྱི་སེམས་སུ་ཆེན་པོར་གྱུར་ཏེ་མཆོད་བསྟོད་བྱེད་པ་དང་། ཡང་སྐབས་རེར་ཡིད་ནས་བོར་ཏེ་དེ་དག་གི་མིང་ཙམ་ཡང་ཤེས་མཁན་དཀོན་པར་གྱུར་པ་སོགས་ཀྱིས། འདོར་ལེན་མང་དུ་བྱུང་ཡོད་ངེས་པས། འདི་དག་གི་ཆེས་ཐོག་མའི་འདྲེན་སྟངས་དང་། བླ་རི་སོགས་འདི་དང་འདི་ཞེས་སུས་ཀྱང་ཁ་ཚོན་གཅོད་དཀའ་བ་རེད། ད་དུང་། སྔར་བོད་ཀྱི་མི་རྣམས་དབྱར་དགུན་སོགས་སུ་ངེས་པ་མེད་པར། དུས་ཚིགས་ཀྱི་འགྲོས་དང་། ས་ཆུའི་དྲོ་གྲང་། རྩྭ་ཆུ་འཛོམས་མིན་སོགས་ལ་ལྟོས་ཏེ་རུ་སྤོར་ནས་འགྲོ་ཡིན་ཡོད་ལ། དེའི་དབང་གིས་སྲུང་མའི་བླ་རི་དེའང་དབྱར་དགུན་སོགས་ལ་ལྟོས་ཏེ། མི་འདྲ་བར་བརྗེ་བཞིན་ཡོད་པའི་ཚུལ། 《ཇོ་བོ་རྒྱོགས་ཆེན་གདོང་རའི་བསང་མཆོད》ལས། “བཞུགས་གནས་རི་ལ་མཚན་གསོལ་བ།། རི་ཁུ་བྱུག་ཅན་དང་སྙན་པར་སྒྲོགས།། ཇོ་བོ་དབྱར་གྱི་དབྱར་ས་བ།། སྤང་རི་མཐོན་པོའི་རྩེ་ལ་བཞུགས།། ཇོ་བོ་སྟོན་གྱི་སྟོན་ས་བ།། རྫ་རི་མཐོན་པོའི་རྩེ་ལ་བཞུགས།། ཇོ་བོ་དགུན་གྱི་དགུན་ས་བ།། ན་གོང་གཡའ་གོང་རི་ལ་བཞུགས།། ཇོ་བོ་དཔྱིད་ཀྱི་དཔྱིད་ས་བ།། དམར་ནག་རླུང་འཚུབ་རི་ལ་བཞུགས།།”[23] ཞེས། སྔོན་གྱི་བོད་མི་རྣམས་ཀྱི་རུ་སྤོ་ཚུལ་གྱི་འཚོ་བའི་ཕྱོགས་ཤིག་བཀོད་ཡོད་པས་ཀྱང་ཤེས་ནུས་པ་ཡིན།

ལྷོ་ཡི་གཉན་ཆེན་དམག་དཔོན་དབྱི་རྒྱལ་ལམ་དབྱི་ཆེན་རབ་རྔེ་[24]ནི། ཡབ་རྨ་རྒྱལ་སྤོམ་ར་ཡིན་ཞེས《སྟག་ལུང་བསང་ཆེན》དང་། ངག་རྒྱུན་གྱི་གཏམ་རྒྱུད་དག་ནའང་ཡོད་ལ། ཆ་ལུགས་དང་ཆིབས་པ་སོགས་ཀྱི་སྐོར་ནས། བོད་ཀྱི་ཡུལ་ལྷ་ཆེན་པོ་གཞན་རྣམས་དང་འདྲ་བར། མི་འདྲ་བ་ལྔ་དྲུག་ཅིག་འདུག་ནའང་། དེ་དག་ལས་རྒྱལ་དབང་ལྔ་པའི《གསོལ་མཆོད་འདོད་པའི་རེ་སྐོང》སོགས་ལས་བྱུང་བ་དག་ནི་གོང་དུ་དྲངས་པ་ལྟར། ཆིབས་སུ་སྟག་མོ་རིས་བཀྲ་ཆིབས་པ་དང་། ཕྱག་ན་སྟག་གི་པགས་པའི་རྒྱལ་མཚན་བསྣམས་པར་བཤད་ཡོད། བསང་མཆོད་གཞན་ཞིག་གི་ནང་དུ། འོག་མིན་གནས་སུ་དཔའ་པོ་སྟག་ཞོན་ཅན་ཡིན་པར་གསུངས་ཤིང་། 《སྟག་ལུང་བསང་ཆེན》གྱི་ནང་དུ། དུས་རབས་མི་འདྲ་བའི་རྩོམ་པ་པོ་བཅུ་ཙམ་གྱིས་བྲིས་པའི་རབ་རྔེའི་བསང་མཆོད་ཡོད་པ་དེ་དག་དང་། གསོལ་མཆོད་གཞན་རྣམས་ཀྱི་ནང་དུའང་། “སྟག་ཆས་ཅན”ཞེས་འཁོད་ཡོད་པ་ཡིན།

འདིའི་གནས་ཡུལ་ནི། སྐེད་ཤོད་དང་དབྱི་ཤོད་གཉིས་ཀྱི་དཀྱིལ་ལམ། ད་ལྟའི་རི་བོ་ཆེ་རྫོང་ཁོངས་ཁྲ་མོ་གླིང་ཤང་གི་ཤར་ཕྱོགས་སུ་ཡོད་ཅིང་། ས་བབས་ཀྱི་ཆ་ནས་བལྟས་ན་སྟོད་སྨད་གཉིས་ལས་སྨད་དམ། ནགས་རོང་ལྷོ་ཕྱོགས་ཀྱི་ཡུལ་དུ་ཡོད་པ་སྟེ། རི་བོ་ཆེའི་མི་རྣམས་ལ་ད་ལྟའང་ལྷོ་པ་ཞེས་འབོད་པ་ཡིན། དེ་བས། དབྱི་ཆེན་རབ་རྔེ་ནི། གཉན་ཆེན་སྡེ་བཞི་ལས་རི་མོ་སྟག་གིས་མཚོན་ཆོག་པའི། ཡུལ་སྨད་དམ་ལྷོ་ཕྱོགས་སྐྱོང་བའི་རྒྱལ་པོ་དེ་ཡིན་ཞེས་ཟེར་ཆོག་ལ། འདིའི་སྐོར་ཅུང་ཞིབ་པ་ཞིག་གཞན་དུ་འབྲི་བར་འདོད་པས་དེར་གཟིགས་པར་ཞུ།

གཉན་ཆེན་ཐང་ལྷ་ནི། ལྷ་ས་དང་འདམ་གཞུང་གི་བྱང་ཕྱོགས་ཏེ། གནམ་མཚོ་ཕྱུག་མོའི་འཁྲིས་སུ་ཡོད་ཅིང་། ལྷ་ས་ལ་མཚོན་ན་བྱང་བྱང་ཕྱོགས་ཀྱི་ཡུལ་དུ་ཁེལ་བས་ཡིན་ནམ། ཐང་ལྷ་ལ་བྱང་གི་གཉན་ཆེན་ཐང་ལྷ་དང་། ཐང་ལྷའི་འཁྲིས་ཀྱི་གནམ་མཚོ་ཕྱུག་མོ་ལའང་། བྱང་གི་གནམ་མཚོ་ཕྱུག་མོ་ཟེར་བ་ཡིན། འོན་ཀྱང་། བསང་གསོལ་དུ་མར་གཉན་ཆེན་ཐང་ལྷ་ནུབ་ཕྱོགས་སུ་བཞག་ཡོད་ལ། གཉན་ཆེན་སྡེ་བཞི་ཕྱོགས་བཞིར་འགོད་པའི་སྐབས་སུ་སྐབས་རེར་ནུབ་དང་སྐབས་རེར་བྱང་དུ་ཁེལ་གྱིན་ཡོད།

གཉན་ཆེན་ཐང་ལྷའི་ཆ་བྱད་དང་ཆིབས་པའི་སྐོར་ནས། རྒྱལ་དབང་ལྔ་པའི《གསོལ་མཆོད་འདོད་པའི་རེ་སྐོང》ལས། ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས་པ། ཕྱག་ན་མདུང་རིང་དར་གྱི་བ་དན་འཛིན་པར་བཤད་ལ། ཐང་ལྷ་འབྲུག་ཞོན་གྱི་རི་མོ་ཞིག་ཀྱང་ཡོད་པ་རེད་ཅེས་གྲོགས་པོ་ཞིག་ལས་གོ། འོན་ཀྱང་གོང་ཞུས་ལྟར། བཙན་པོའི་དུས་ཀྱི་རྩོམ་འགྲོས་ལྡན་པའི་བསང་མཆོད་ཅིག་སྟེ། 《སྟག་ལུང་བསང་ཆེན》དང་། 《བྱང་གཏེར་གཉན་ཆེན་ཐང་ལྷ་རྡོ་རྗེའི་འབར་བའི་གསོལ་མཆོད་ཕྲིན་ལས་མྱུར་འགྲུབ》[25] གཞན་ཀརྨ་ཆགས་མེད་དང་སྟག་ཤམ་གླིང་པ་སོགས་ཀྱི་ཐང་ལྷའི་གསོལ་མཆོད་དུ་ཡོད་པའི། བསྟོད་པ་ཞེས་པ་རུ་[26] “……སྐུ་ལ་ཅི་གསོལ་ན།། དར་དཀར་རས་གུ་གསོལ།། གཡས་ན་ཅི་བསྣམས་ན།། སྦ་ལྕགས་དཀར་པོ་བསྣམས།། གཡོན་ན་ཅི་བསྣམས་ན།། ཤེལ་དཀར་ཕྲེང་བ་བསྣམས།། དཀར་དང་ཤ་ར་ར།། ཆིབས་སུ་ཅི་ཆིབས་ན།། ངང་དཀར་ཞུར་པོ་ཆིབས།།……” ཞེས་བྲིས་ཡོད།

བསམ་བློ་གཏོང་དགོས་པ་ཞིག་ལ། 《གཉན་ཆེན་ཐང་ལྷའི་གཏོར་མཆོད་འདོད་དགུའི་འབྲས་གཏེར》ལས། ཐང་ལྷ་མཆོད་སྐབས། “སྤྲུལ་པའི་ལྷ་གཡག་དཀར་པོ་ལ།། མར་དང་མཚལ་གྱིས་བརྒྱན་པ་འདིས།།……”ཞེས་འབྱུང་བ་དང་། ལྷག་ཏུ། ཐང་ལྷའི་གཏོར་མ་བཅའ་དུས་ཀྱང་རྩེ་ཁྲ་[27]བཙུགས་པའི་གཡག་ཅིག་བཅའ་དགོས་པ་འདི་ནི་དམིགས་བསལ་བ་ཞིག་རེད།

འབྲི་ཆེན་གདོང་རྔུལ་དང་རྒྱོགས་ཆེན་གདོང་ར་ནི། མིང་མི་འདྲ་བ་མ་གཏོགས། ད་ལྟའི་སྒ་སྟོད་ཇོ་བོ་ཟེར་བ་དེར་གོ་དགོས་ཤིང་། འདིའི་ཆ་ལུགས་སོགས་ཀྱང་གོང་དུ་དྲངས་པ་ལྟར་ལ། 《ཇོ་བོ་རྒྱོགས་ཆེན་གདོང་རའི་བསང་མཆོད》ནང་དུ་དབུར་རྨོག་ཞུ་གྱོན་པར་བཤད་ཅིང་། ཧོབ་ཀྱིས་བལྟས་ན་པད་ཞུ་དང་འདྲ་སེ་བ་ཞིག་འདུག། ཕྱི་རྒྱལ་ཀྱི་བཤམས་སྟོན་ཁང་དག་ན་ཉར་བའི་བོད་ཀྱི་གོ་མཚོན་ནང་དུའང་རྨོག་ཞུ་འདི་དང་འདྲ་བ་འདུག་ལ། འདི་ནི་བཙན་པོའི་དུས་ཀྱི་བོད་ཀྱི་དམག་དཔོན་རྣམས་ཀྱིས་རྨོག་གི་རིགས་ཤིག་ཡིན་པ་འདྲ།

འདིའི་བཞུགས་ཡུལ་ནི། ད་ལྟའི་ཁྲི་འདུ་ཡི་ཁོངས་གཏོགས་རྫ་སྟོད་དང་ཉེ་བའི་ཕྱོགས་སུ་ཡོད་པས། ས་བབས་ཀྱི་ཆ་ནས་སྟོད་སྨད་གཉིས་ལས་སྟོད་དམ། གཉན་ཆེན་སྡེ་བཞི་ཕྱོགས་བཞིར་འགོད་སྐབས། སྟོད་དམ་བྱང་གི་ཕྱོགས་སུ་ཡོད་པ་ཡིན།

མདོར་ན། གཉན་ཆེན་སྡེ་བཞི་ཟེར་དུས་བོད་ཡུལ་གྱི་ཕྱོགས་བཞི་སྲུང་བའི་གཉན་ཆེན་བཞི་ལ་གོ་དགོས་པ་ཡིན་ཏེ། རྒྱལ་དབང་ལྔ་པའི《གསོལ་མཆོད་འདོད་པའི་རེ་སྐོང》མ་གཏོགས(འདིར་རྨ་རྒྱལ་སྤོམ་རའི་ཕྱོགས་བཞིར་བཀོད་པ་ནི། སྤོམ་རའི་ཆེ་བ་འདོན་པའི་ཕྱིར་དུ་ཡིན་ངེས་པ་རེད།)གསོལ་མཆོད་གཞན་རྣམས་སུ། བོད་ཡུལ་སྐྱོང་བའི་གཉན་ཆེན་སྡེ་བཞི་དང་། ཕྱོགས་བཞིའི་གཉན་ཆེན་སྡེ་བཞི། བོད་ཀྱི་གཉན་ཆེན་སྡེ་བཞི་ཞེས་བཀོད་ཡོད་ལ། འདི་དག་ནི། བོད་ཀྱི་ཡུལ་རིས་འདི་སྐྱོང་བའི་ལྷ་གཉན་ཆེན་པོ་བཞིའམ། རུས་ཆེན་བཞིའི་དགྲ་ལྷ་ཡིན་ཞིང་། འདི་ནི་ནང་པའི་ཤེས་རིག་གིས་ཤུགས་རྐྱེན་ཆེར་མེད་པའི་གནའ་བོའི་བོད་ཀྱི་རྒྱལ་ཆེན་སྡེ་བཞིའི་ངོས་འཛིན་བྱེད་སྟངས་ཡིན།

ལྔ། གཉན་ཆེན་སྡེ་བཞི་དང་རླུང་ལྷ་སྡེ་བཞིའི་འབྲེལ་བ།

མདོར་ན། “བོད་ཀྱི་རྒྱལ་ཆེན་སྡེ་བཞི”དང་། “གཉན་ཆེན་སྡེ་བཞི།” “རླུང་ལྷ་སྡེ་བཞི”ཟེར་བ་བཅས་ནི། མིང་མི་འདྲ་བ་མ་གཏོགས། མཛུབ་མོ་བཙུགས་ན་གཅིག་ཏུ་ཁེལ་གྱིན་ཡོད།

གོང་དུ་དྲངས་པའི་གཏམ་རྒྱུད་དེ་ལས་ང་ཚོས་ཤེས་ཐུབ་པ་ནི། སྟག། གཡག། ཁྱུང་། འབྲུག་བཞི་ནི། ལྡོང་། དབྲ། འགྲུ། སྒ་སྟེ། བོད་ཀྱི་ཐོག་མའི་རུས་ཆེན་བཞི་དགྲ་བླའམ་བླ་རྟགས་ཡིན་ཞིང་། དེ་དག་གཉན་གྱིས་བྱིན་པའི་གཉན་གྱི་རིགས་ཡིན་པས་ན། གཉན་ཆེན་བཞི་ཡང་ཟེར་བ་དེ་རེད།

སྲོག་ཆགས་འདི་རྣམས་རི་མོར་བྱས་ཏེ། རི་མཐོ་ས་དང་། ས་གཙང་སར་ཕྱར་བ་ལ་རླུང་རྟ་ཕྱར་ཟེར། ཕྱི་ཡི་འབྱུང་བ་ལྔ་ཡི་སྟོབས་དང་ནུས་པ་མཚོན་པ་རེད་ཅེས་པའི་འགྲེལ་བཤད་འདི་ནི། ཕྱིས་ཀྱི་གོ་བ་ལེན་སྟངས་ཤིག་ཡིན་ལ། གོ་བ་ལེན་སྟངས་དེས་ནི་རླུང་རྟ་ལ་གོ་བ་གཏིང་ཇེ་ཟབ་ཏུ་བཏང་འདུག། དེ་ལྟའི་ཕྱི་ཡི་འབྱུང་བཞིའི་སྟོབས་དང་ནུས་པ་ལ་བརྟེན་ནས་བྱུང་བའི། དཔའ་རྩལ་དང་། སྙན་གྲགས། དཔའ་རྔམས། སྟོབས་ཤུགས། ལོངས་སྤྱོད་སོགས་ལ་དབང་འབྱོར་བའི་གང་ཟག་ཅིག་ཡོད་པར་ལྟ་ཞིང་། དེ་ལ་གཉན་ཆེན་སྡེ་བཞི་ཟེར། དེ་དག་ནི་གོང་དུ་དྲངས་པའི་གཉན་ཆེན་ཐང་ལྷ་དང་། དབྱི་ཆེན་རབ་རྔེ་སོགས་ཡིན་པ་སྟེ། གཉན་ཆེན་ཐང་ལྷ་དང་། དམག་དཔོན་དབྱི་རྒྱལ། རྨ་རྒྱལ་སྤོམ་སོགས་འབྲུག་ལ་ཞོན་པའི་རི་མོ་ཡང་འབྲི་སྲོལ་འདུག་པ་དང་། འབྲུག་གིས་འབྱུང་བ་ལྔ་ཀ་གཞི་གཅིག་ཏུ་མཚོན་ནུས་པར་བཤད། ད་དུང་། སྟག་དང་། གཡག། ཁྱུང་། འབྲུག་སོགས་ཀྱང་གཉན་ཆེན་དེ་དག་གི་ཐང་ཁ་དང་རི་མོའི་ངོས་སུ་སྣ་ཚོགས་སུ་འབྲི་བ་ཡིན།

འདི་དག་ནི་བོད་ཀྱི་རླུང་ལྷ་དང་གཉན་ཆེན་ཡིན་ལ། མགུར་ལྷ་དང་རྒྱལ་ཆེན་ཡང་ཡིན།   དེ་ལྟའི་རླུང་ལྷ་སྡེ་བཞིའམ་གཉན་ཆེན་སྡེ་བཞིས། བོད་ཀྱི་རུས་ཆེན་བཞིའི་ཡུལ་རིས་དང་མངའ་ཐང་ངམ། བོད་ཡུལ་གྱི་ཕྱོགས་བཞི་ནས་སྲུང་ཞིང་སྡོང་གྲོགས་བྱེད་པར་ལྟ། ཕྱོགས་རེ་རེ་ལའང་རི་བོ་རེ་ངོས་བཟུང་ནས་ཡོད་ཅིང་། རི་བོ་དེ་ནི་གཉན་ཆེན་དེའི་ཕོ་བྲང་དང་གནས་ཡུལ་སྟེ། ལོ་རེ་བཞིན། དུས་ལྟར་རི་བོ་དེའི་རྩེ་མོར་དར་འཛུགས་པ་དང་། བསང་གསོལ་གྱི་ཆོ་ག་བྱེད་པ་ཡིན།

དེ་ལྟའི་གཉན་མཐུ་བོ་ཆེ་དེ་དག་སྔར་དུས་བོད་ཡུལ་གྱི་མིའི་རྒྱལ་པོ་དང་དམག་དཔོན་གང་རུང་ཞིག་ཡིན་པ་ལ། ཕྱིས་དེ་དག་འདས་རྗེས། གཉན་ཆེན་གྱི་གྲལ་དུ་བཙུད་པ་ཞིག་ཀྱང་ཡིན་སྲིད་ལ། ཡང་ན་མཐུ་སྟོབས་མཚོན་པའི་གང་ཟག་ཅིག་མི་རྣམས་ཀྱིས་ཕར་བློ་བཟོ་བྱས་པ་དེ་འདྲའང་ཡིན་སྲིད། གང་ལྟར་དེ་དག་གི་གཟུགས་བྱད་དང་ཆ་ལུགས། དེ་དག་དང་འབྲེལ་བའི་སྒྲུང་རབས་དང་བསམ་བློ་སོགས་ཀྱིས། དུས་རབས་དེའི་བོད་མི་རྣམས་ཀྱི་ཤེས་རིག་སྟེ། ཆས་གོས་དང་འཚོ་བ། དད་མོས་དང་བརྩེ་དུང་། བློ་གྲོས་དང་ལ་རྒྱ་སོགས་བསྟན་ཡོད།

རང་བྱུང་ཁམས་ལ་དད་པ་དང་གཅེས་སྤྲས་བྱེད་སྟངས་དེ་ནི། དེ་རུ་གནས་པའི་ཚེ་སྲོག་རྣམས་ལ་གོང་བཀུར་དང་གཅེས་སྤྲས་བྱེད་ཚུལ་ཞིག་སྟེ། བསམ་བློ་འདི་ནི། ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་བོད་མི་རྣམས་ཀྱིས་འཐུས་ཇེ་ཚང་ངང་། ད་བར་བརྒྱུད་འཛིན་གནང་ནས་ཡོང་ཞིང་། འདིས་རང་བྱུང་ཁམས་དང་ཚེ་སྲོག་བར་དུ། གནད་དུ་ཁེལ་ཅིང་ཕུགས་རྒྱང་རིང་བའི་ཉམས་མྱོང་གི་ལྟ་བ་ཞིག་བཤད་ནས་ཡོད་ལ། ད་དུང་སྒྲུང་རབས་དེ་དག་གི་ནང་དུ། རྒྱལ་ཁབ་དང་མི་རིགས། ཐ་ན་མི་རང་རང་གི་འཚོ་བ་དང་མི་ཚེའི་སྐྱིད་སྡུག་དག་ཀྱང་འཆར་ཡན་གྱི་སྒོ་ནས་བཤད་ཡོད་དོ།།

ཟུར་ལྟའི་ཡིག་ཆ།

《ལྡེའུ་ཆོས་འབྱུང་》 མཁས་པ་ལྡེའུས་མཛད། འཕྲུལ་དེབ།

《སྲིད་པ་རྒྱུད་ཀྱི་ཁ་བྱང་》 ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ནས་བཏོན། འཕྲུལ་དེབ།

《རླངས་ཀྱི་པོ་ཏི་བསེ་རུ》 ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱིས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

《སྟག་ལུང་བསང་ཆེན》 ཆོག་བསྒྲིགས། འདོན་དཔེ་གླེགས་བམ།

《སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ》 ནམ་མཁའི་ནོར་བུས་བརྩམས། 89ལོའི་རྒྱ་གར་དཔར་མ།

《ཞང་བོད་ལོ་རྒྱུས་ཏི་སེའི་འོད》 ནམ་མཁའི་ནོར་བུས་བརྩམས། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།

《ཆུ་རུལ་ཁ་ལུང་བའི་གཞི་བདག་གཉན་ཆེན་སྡེ་བཞི་ལ་བསང་མཆོད་འབུལ་ཚུལ》 འདོན་དཔེ་ལག་བྲིས།

《བྱང་གཏེར་གཉན་ཆེན་ཐང་ལྷ་རྡོ་རྗེའི་འབར་བའི་གསོལ་མཆོད་ཕྲིན་ལས་མྱུར་འགྲུབ》 འབྲུག་ཆེན་གདུང་སྲས་གྱི་བློ་བྲིས། 1982ལོའི་འདོན་དཔེ་བྲིས་མ།

《བསང་མཆོད》ཆབ་འགག་རྡོ་རྗེ་ཚེ་རིང་གིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ1པོར་དཔར།

《བསང་བརྔན་འདོད་རྒུའི་རྒྱ་མཚོ》 མཆོག་གྱུར་གླིང་པས་མཛད། འདོན་དཔེ་སྣ་རིང་།

《དམག་དཔོན་དབྱི་རྒྱལ་རིན་ཆེན་ལ་གསེར་སྐྱེམས་འབུལ་བ་བཞུགས་སོ》 རྗེས་དྲུང་བྱམས་པ་འབྱུང་གནས་ཀྱིས་མཛད། འདོན་དཔེ་བྲིས་མ།

《དམག་དཔོན་དགྲ་ཆོས》 རྗེས་དྲུང་བྱམས་པ་འབྱུང་གནས་ཀྱིས་མཛད། འདོན་དཔེ་བྲིས་མ།

《གཉན་ཞི་བ་དཀར་པོའི་བསང་མཆོད》 གཏེར་སྟོན་རོལ་པའི་རྡོ་རྗེས་མཛད། འཕྲུལ་དེབ།

《ཀརྨ་ཆགས་མེད་ཀྱི་གསུང་འབུམ། པོད་ཏི་པ》 ཀརྨ་ཆགས་མེད་ཀྱིས་མཛད།

《ཕ་མཚུན་དགྲ་བླའི་གསོལ་མཆོད》ཀརྨ་ཆགས་མེད་ཀྱིས་མཛད། འདོན་དཔེ་ལག་བྲིས།

《ཁུ་བྱུག་སྔོན་མོའི་སྒྲ་དབྱངས》བསོད་ནམས་ཆོས་རྒྱལ་གྱིས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

《གངས་ལྗོངས་བསང་ཡིག་རིས་མེད་ཕྱོགས་སྡེབ་འཛམ་གླིང་སྤྱི་བསང་》 ར་ཡུམ་སྐྱབས་ཀྱིས་རྩོམ་སྒྲིག་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོའི་ཟླ3པར་དཔར།

དཔྱད་ཡིག་དང་ཞབས་མཆན། 

[1]  བོད་ཀྱི་རྒྱལ་ཆེན་སྡེ་བཞི་ཞེས་པའི་ཐ་སྙད་འདི། རྗེས་དྲུང་བྱམས་པ་འབྱུང་གནས(1866-1923)ཀྱིས་མཛད་པའི《དམག་དཔོན་དབྱི་རྒྱལ་རིན་ཆེན་ལ་གསེར་སྐྱེམས་འབུལ་བ》ཞེས་པའི་ནང་དུ་བྱུང་ཡོད་ལ། དེ་དག་ནི་འཕགས་སྐྱེས་པོ་སོགས་མ་ཡིན་པར། དམག་དཔོན་དབྱི་རྒྱལ་སོགས་བོད་ཀྱི་གཉན་ཆེན་རྣམས་ཡིན་པ་རེད།

[2]  《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ནམ་མཁའི་ནོར་བུས་བརྩམས། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས339པར་གསལ།

[3]  《སྲིད་པ་རྒྱུད་ཀྱི་ཁ་བྱང》ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ནས་བཏོན། འཕྲུལ་དེབ། ཤོག་ངོས17པར་གསལ།

[4]  《ཁུ་བྱུག་སྔོན་མོའི་སྒྲ་དབྱངས》བསོད་ནམས་ཆོས་རྒྱལ་གྱིས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས66པར་གསལ།

[5]  སྨོན་ལམ་ཚིག་མཛོད།

[6]  《ཁུ་བྱུག་སྔོན་མོའི་སྒྲ་དབྱངས།》 བསོད་ནམས་ཆོས་རྒྱལ་གྱིས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས64པར་གསལ།

[7]  《ཆོས་ཀྱི་རྣམ་གྲངས་རྒྱ་མཚོའི་གཏེར》རྫོགས་ཆེན་པདྨ་རིག་འཛིན་གྱིས་མཛད།

[8]  མགུར་གླུ་ནི། དབྱངས་རྟ་ལྡན་པའི་གནའ་བོའི་རྩོམ་རིག་ཀྱི་བྱེ་བྲག་ཅིག་ཡིན་པ་དང་། རྒྱལ་བློན་རྣམས་ཀྱི་མགུར་གླུ་ནི། དེང་སང་གི་གཏམ་བཤད་ཟེར་བ་དེ་དག་དང་འདྲ་བ་ལ། ཚོགས་སུ་ལེན་པ་དང་འཕྲིན་པའི་དོད་དུ་སྐུར་ཆོག་པའང་ཡིན།

[9]  ཡོངས་འཛིན་དྲ་བའི་རླུང་རྟ་ཞེས་པའི་འགྲེལ་པ་རུ་བྱུང་།

[10]  《ཁུ་བྱུག་སྔོན་མོའི་སྒྲ་དབྱངས》བསོད་ནམས་ཆོས་རྒྱལ་གྱིས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས218པར་གསལ།

[11]  《ཁུ་བྱུག་སྔོན་མོའི་སྒྲ་དབྱངས》 བསོད་ནམས་ཆོས་རྒྱལ་གྱིས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས221པར་གསལ།

[12]  《ཁུ་བྱུག་སྔོན་མོའི་སྒྲ་དབྱངས》 བསོད་ནམས་ཆོས་རྒྱལ་གྱིས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས230པར་གསལ།

[13]  《སྟག་ལུང་བསང་ཆེན》 འདོན་དཔེ་གླེགས་བམ། ཤོག་ངོས383པར་གསལ།

[14]  《བསང་མཆོད》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཆབ་འགག་རྡོ་རྗེ་ཚེ་རིང་གིས་གཙོ་སྒྲིག་བྱས། 2006ལོའི་ཟླ1པོར་དཔར། ཤོག་ངོས316པར་གསལ།

[15]  རི་བསྟོད་སྐབས། ཤུག་པའི་ཤིང་ལེབ་མི་གཟུགས་ལྷག་ཙམ་པའི་ངོས་སུ། སྲོག་ཆགས་དང་། དར་གོས། ནོར་བུའི་རིགས་སོགས་བྲིས་ནས་གསས་མཁར་ནང་གཟུགས་རྒྱུ་ཞིག།

[16]  《སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ》 ནམ་མཁའི་ནོར་བུས་བརྩམས། 89ལོའི་རྒྱ་གར་དཔར་མ། ཤོག་ངོས168པར་གསལ།

[17]  《ཕ་མཚུན་དགྲ་བླའི་གསོལ་མཆོད》ཀརྨ་ཆགས་མེད་ཀྱིས་མཛད། འདོན་དཔེ་ལག་བྲིས།

[18]   《ཁུ་བྱུག་སྔོན་མོའི་སྒྲ་དབྱངས》 བསོད་ནམས་ཆོས་རྒྱལ་གྱིས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས223པར་གསལ།

[19]  རྒྱལ་དབང་ལྔ་པས་མཛད། འདོན་དཔེ་སྣ་རིང་།

[20]  གཏེར་སྟོན་རོལ་པའི་རྡོ་རྗེས་མཛད། འཕྲུལ་དེབ།

[21]   མཆོག་གྱུར་གླིང་པས་མཛད། འདོན་དཔེ་སྣ་རིང་།

[22]  དམག་དཔོན་དབྱི་རྒྱལ་དང་རྒྱོགས་ཆེན་གདོང་ར་གཉིས་ལ་མདུང་དར་ཁྲ་བོ་ལྕེ་བརྒྱད་དང་། གཉན་ཆེན་ཐང་ལྷ་དང་རྨ་རྒྱལ་སྤོམ་ར་གཉིས་ལ་མདུང་དར་དཀར་པོ་འབྲི་བ་ཡིན།

[23] 《གངས་ལྗོངས་ཀྱི་བསང་ཡིག་རིས་མེད་ཕྱོགས་སྡེབས་འཛམ་གླིང་སྤྱི་བསང་》 ར་ཡུམ་སྐྱབས་ཀྱིས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས396པར་གསལ།

[24]  《སྟག་ལུང་བསང་ཆེན》གྱི་བསང་པོད་ནང་དུ་དབྱི་རབ་རྔེལ་དང་དབྱི་ཆེན་རབ་རྔེ་ཞེས་འབྱུང་ཞིང་། མདོ་སྨད་ཕྱོགས་ཀྱི་གསོལ་མཆོད་ནང་དུ་དབྱི་ཆེན་རབ་སྡེ་དང་། གཞན་དག་ན། དབྱིས་ཆེན་རབ་ངེ་སོགས་འབྱུང་ལ། དེ་ཡང་དབུ་མེད་ནང་དུ་རྔེ་དང་སྡེ་གཉིས་ནོར་དོགས་ཡོད་པས་རྔེ་སྡེ་ལ་ནོར་བ་ཡིན་ནམ་སྙམ་མོད། 《སྟག་ལུང་བསང་ཆེན》ལས་གཞན་རྣམས་ནི་འཕྲུལ་དཔར་ལས་མ་གཏོགས་མ་མཐོང་བས་མཐའ་གཅིག་ཏུ་ཐག་གཅོད་མ་ཤེས། འོན་ཀྱང་འདི་ལོ་རྒྱུས་ལྡན་པའི་ཡིག་རྙིང་གི་གྲས་སུ་གཏོགས་པས། སྐབས་འདིར་དེ་ཉིད་འཐད་ཕྱོགས་སུ་བཟུང་ནས་རབ་རྔེ་ཞེས་འབོད་རྒྱུ་ཡིན།

[25]  འབྲུག་ཆེན་གདུང་སྲས་ངག་འགྱུར་བས་བློ་བྲིས། 1982ལོའི་འདོན་དཔེ་ལག་བྲིས་མ།

[26]  ཚིག་འགྲོས་ཅུང་ཁྱད་པར་འདུག་མོད། འདིར་དྲངས་པ་ནི《སྟག་ལུང་བསང་ཆེན》གྱི་ནང་དུ་འཁོད་པ་དེ་ཡིན།

[27]  རྩེ་ཁྲ་ནི། གཏོར་མའི་རྩེ་རུ་བཙུགས་པའི་མར་རྒྱན་རྒྱག་སའི་ཤིང་ལེབ་མོ་དེ་ལ་ཟེར་བ་ཡིན།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།