རང་ཅག་བོད་སེམས་གཙང་མ་མངའ་བ་ཀུན་ཀྱི་བློ་གྲོས་ཀྱི་སྤྱི་གཙུག་ན་ཉི་ཟླ་ལྟར་འཚེར་བའི་མེས་པོ་དམ་པ་མགོ་ནག་མིའི་རྗེ་བོ། རྔོགས་ཆགས་དུད་ཀྱི་བདག་པོ་རྒྱལ་པོ་སྲོང་བཙན་སྒམ་པོ་དེ་ཉིད་ཀྱི་འཁྲུངས་འདས་དང་དགུང་གྲངས་སོགས་ལ་སྔ་མོ་ནས་མི་མཐུན་པ་མང་ཞིང་། དཔྱད་ཀྱང་ཤིན་ཏུ་དཀའ་བར་གནས་སོ།། དེ་ལ་རྒྱུ་མཚན་ཁབ་ཀྱི་མིག་ཙམ་མཐོང་བས་ཀྱང་དཔྱད་རྩོམ་སྣ་ཚོགས་པ་འབྲི་མོད། རང་གིས་རྩོམ་སྦྱང་བ་སོགས་ཀྱི་དོན་ཡིན་ན་དེར་ཟད། བོད་རྒྱལ་རབས་ཀྱི་དེ་ཉིད་ངོ་མ་མཇལ་བར་འདོད་པ་དང་། རྒྱུ་མཚན་གསལ་བའི་མིག་གིས་མ་དག་པ་བཅོས་པར་འདོད་པ་དག་གིས་ཡང་ཡང་བརྟགས་ནས་སྨྲ་དགོས། དེ་བས་ཡིག་ཆའི་རྩོད་གཞི་གང་ཡིན་ཡང་། ཆེས་ཐོག་མར་ཕྱོགས་གང་རུང་དུ་ཐག་གཅོད་རྒྱུ་གལ་མི་ཆེ་བར། རྩོད་པ་འབྱུང་བའི་གཞི་ལ་ཞིབ་ཀྱིས་བརྟགས་ནས་འཁྲུལ་མཁན་གྱི་འཁྲུལ་གཞི་ཡང་དག་པར་ངོས་ཟིན་དགོས། དེ་ཟིན་ན། ཇི་སྐད་དུ། ཡང་དག་པར་ནི་འགོས་ལོ་ལྟ་བུའི་མཁས་པ་མ་གཏོགས་སུས་ཀྱང་མི་ནུས། ཞེས་གསུངས་པའི་དཀའ་བའི་གནས་འདི་ལྟ་བུ་ཡང་དངོས་དོན་གང་ལ་གནས་པའི་ཕྱོགས་ཙམ་ནི་ངོས་ཟིན་པར་འགྱུར་བ་ཡིན། དེ་བས་བདག་གིས། སྲོང་བཙན་འཁྲུངས་པའི་ལོ་ཁམས་ཀྱི་གླང་དེ་ས་གླང་དང་མེ་གླང་གང་ཡིན་མ་དཔྱད་སྔོན་ལ། ལོ་སུམ་ཅུ་ལས་མ་བཞུགས་པར་བཤད་པ་དག་གི་ནང་གི་སོ་བཞི་དང་སོ་དྲུག་སོགས་ལ་འདོད་པར་མ་བརྟགས་གོང་། བརྒྱད་ཅུ་བཞུགས་པར་འདོད་པའི་གྱ་གཉིས་དང་གྱ་བཞི་སོགས་ལ་འདོད་པར་མ་བརྟགས་པའི་ཡར་སྔོན་ལ་མཁས་པ་དག་གི་འཁྲུལ་གཞི་འམ། དེ་ལྟར་མི་མཐུན་པ་འབྱུང་བའི་རྒྱུ་མཚན་འཚོལ་བར་བྱའོ།། ཡིག་ཚང་གང་ཡིན་ཡང་འཁྲུལ་སྲིད་ཀྱང་། གཞི་མེད་དུ་འཁྲུལ་མི་སྲིད་དེ། ཡིག་ཚང་དུ་གང་བཤད་པ་ཐ་དག་མཁས་པ་བློ་གཞུང་ལུགས་དང་རྒྱུ་མཚན་གྱིས་ཡང་ཡང་བྱང་བ་ཞིག་གིས་བསམ་སྟེ་སྨྲས་པ་ལགས་པས་སོ།།།
དགུང་ལོ་སུམ་ཅུ་ལས་མ་བཞུགས་པར་བཞེད་པའི་ཡིག་ཆ་དང་དེའི་རྒྱུ་མཚན།
༡ བོན་གྱི་ཡིག་ཆ།
སྲོང་བཙན་དགོང་ལོ་སུམ་ཅུ་ལས་མ་བཞུགས་པར་བཞེད་པའི་ཡིག་ཆ་ཕོན་ཆེ་ཤོས་གཅིག་ནི་བོན་ཀྱི་ཡིག་ཆའི་སྐོར་ཡིན། བླ་ཆེན་དྲན་པ་ནམ་མཁའི་གསུང་། མཐའ་བཞི་འཕྲུལ་གསས་ཀྱི་བསྒྲགས་པ་གླིང་གྲགས་སུ། རྒྱལ་ལོ་སོ་ལྔ་ལ་འདས་སོ་ཞེས་དང་། སྤ་བསྟན་རྒྱལ་བཟང་པོའི་བོན་འབྱུང་དུ་ཡང་། ཡབ་མེས་སྲོང་བཙན་སྒམ་པོས་ཀྱང་སྣུབ་དགོས་མཛད་པས། སྐུ་ཚེ་ཐུང་སྟེ། སུམ་ཅུ་རྩ་དྲུག་པ་ལ་གཤེགས། ཞེས་དང་། ཁོད་པོ་བློ་གྲོས་ཐོག་མེད་ཀྱི་སྲིད་པ་རྒྱུད་ཀྱི་ཁ་བྱང་དུ། དེའི་རྐྱེན་གྱིས་རྒྱལ་བོ་ཡང་སྐུ་ཚེ་ཐུང་། རིམས་ནད་ཆེན་པོ་ཕོག་སྟེ། དགུང་ལོ་སུམ་ཅུ་རྩ་གཅིག་ལ་འདས་སོ།། ཞེས་དང་། བྱམས་མ་ལས་ཀྱང་དེ་ལྟར་འབྱུང་བ་མཁས་དབང་དགེ་ཆོས་ཀྱིས་གསུངས། དེ་དག་གིས་དེ་ལྟར་བཞེད་པའི་རྒྱུ་མཚན་ལ་ལོ་རྒྱུས་དོན་དངོས་ཀྱི་རྒྱུ་མཚན་ངེས་ཅན་ལྡན་པ་གཞིར་བཞག་ཐོག འཐེན་འཁྱེར་གྱི་ཆ་ཡང་འདྲེས་པ་སྟེ། བོན་བསྣུབས་པས་སྐུ་ཚེ་ཐུང་བར་གླེང་བའི་ཕྱིར་རོ།། བོན་བསྣུབས་པས་སྐུ་ཚེ་ཐུང་བར་གླེང་བ་དེ་ཁྱབ་སྤེལ་དུ་སོང་ན་གཞན་གྱིས་བོན་བསྣུབས་པར་འཇིགས་པ་བསྐྱེད་ཐུབ་པའི་དགོས་པ་ཡོད་པར་དགོངས་ཡོད། དོན་འདི་བོན་པོ་རྣམས་ཀྱིས་ཡང་ཡང་གླེང་བར་གསལ་ཏེ། དབའ་བཞེད་དུ། ནང་ཆོས་སྤེལ་དགོས་མིན་བརྩད་པ་ན། བོན་པོ་དག་གིས་རྒྱལ་པོའི་སྐུ་ཚེ་ཐུང་བའི་རྒྱུ་མཚན་ལ་བོན་བསྣུབས་པས་སོ་ཞེས་ཀྱང་གླེང་ཡོད་པས་སོ།།
༢ དབའ་བཞེད།
ཉམས་ཞིབ་མཁན་གཞན་གྱིས་མ་ཤེས་པ་ཁོ་བོས་སྔ་མོའི་དུས་ནས་རྟོགས་པ་ཞིག་ནི། དབའ་བཞེད་དུ་ཆོས་བསྣུབས་པས་སྐུ་ཚེ་ཐུང་བར་གླེང་བའི་རྒྱལ་པོ་དེ་ཡང་མེས་སྲོང་བཙན་ཡིན་པའོ།། ཡོངས་ཀྱི་བསམ་ཚོད་ལ་ཁྲི་གཙུག་ལྡེ་བཙན་ཡིན་དགོས་ན་ཡང་། རྒྱལ་པོ་དེ་ཉིད་དགུང་ལོ་རེ་གཉིས་སམ། རེ་གསུམ་བཞུགས་པས་རྒྱལ་པོ་ཞིག་གི་ངོས་ནས་སྐུ་ཚེ་ཐུང་ཞེས་གླེང་མི་རུང་བ་དང་། སྲོང་བཙན་ལ་རྩོད་པ་དེ་ལོ་རྒྱུས་ཐོག་བྱུང་མྱོང་བ་སྔར་གྱི་ཡིག་ཆས་ཀྱང་གསལ་བའི་ཕྱིར། དེ་ཡང་དབའ་བཞེད་ཞབས་བཏགས་མ་ན་རྒྱལ་བུ་ཞེས་སྣང་ཡང་། བསླད་ཉུང(སྔར་དབའ་བཞེད་གཙང་མ་སོགས་སུ་གྲགས་ཀྱང་བསླད་གཏན་ནས་མེད་པ་ཡང་མ་ཡིན་པས་སོ)དུ་རྒྱལ་པོ་ཞེས་གསལ་བ་དེ་དག་གམ་སྙམ་སྟེ། རྒྱལ་བུ་ཡིན་ན་སྐབས་དེར་ཁྲི་སྲོང་ལྟ་བུར་གོ་དགོས་པ་ལས། དེ་སྐབས་ཁྲི་སྲོང་འཚོ་བཞུགས་ཡིན་པས་སྐུ་ཚེ་ཐུང་ཞེས་རྩོད་མི་ནུས་པས་སོ།། དོན་འདི་མཁྱེན་ཡང་། སྐབས་འདིའི་རྒྱལ་པོ་སྲོང་བཙན་ལ་སྦྱོར་མ་ཤེས་པའི་སྟག་ཚང་བས་སྐབས་འདིའི་རྒྱལ་པོའི་ཚབ་དུ་རྒྱལ་རྒྱུད་ཅེས་བཅོས་འདུག་པའང་དཔྱད་པ་ཞུགས་པའི་ཚུལ་དུ་འདུག་གོ།། དབའ་བཞེད་ཀྱི་རྒྱུ་མཚན་ནི་གོང་དང་མཚུངས་ཏེ། དོན་གྱི་རྒྱུ་མཚན་མེད་པ་མིན་ཡང་དེ་ལྟར་ཆེད་གཏད་ཀྱིས་གླེང་བའི་རྒྱུ་མཚན་ནི་བོན་བསྣུབས་པ་རང་ལ་གཏུགས་ཡོད། གོང་གི་བོན་གྱི་ཡིག་ཆའི་སྐབས་གླེང་མཁན་མགོས་ཁྲི་བཟང་ཡབ་ལྷག་ཡིན་ལ། འདིར་གླེང་མཁན་ཞང་མ་ཞང་ཁྲོན་པ་སྐྱེས་ཡིན་པ་ནི་ཁྱད་པར་རོ།།།
༣ ཏུན་ཧོང་ཡིག་ཆ།
ཏུན་ཧོང་ཡི་གེར། དེ་ནས་ལོ་དྲུག་ནའ་བཙན་པོ་ཁྲི་སྲོང་བཙན་དགུང་དུ་གཤེགས་སོ།། བཙན་མོ་མུན་ཅང་ཀོང་ཅོ་དང་དགུང་ལོ་གསུམ་བཤོས་སོ།། ཞེས་བྲིས་ལ། མཁས་པ་རྣམས་ལོ་ཚིགས་དེ་ནི་སྤྱི་ལོ650ལ་གཏན་ཁེལ་ཅིང་། དེ་དང་འཁྲུངས་ལོ་གླང་ཡིན་པའི་ཡོངས་གྲགས་ཀྱི་ལོ་ཚིགས་གཉིས་བསྡུར་ཚེ་དགོང་ལོ་སོ་བཞི་པར་འབབ་པ་ཡིན། དེ་ལྟར་ན་ཡིག་ཆ་འདིས་ཀྱང་སྲོང་བཙན་ལོ་སོ་བཞི་ལས་མ་བཞུགས་པར་འདོད་ལ། དེའི་རྒྱུ་མཚན་ནི་དོན་དངོས་དང་མཐུན་པའི་རྒྱུ་མཚན་ཡོད་ལ། ཐོ་འགོད་མཁན་གྱིས་རྒྱལ་ཁྱབ་ཀྱིས་ཇི་ལྟར་བསྒྲགས་པ་བཞིན་ཏུ་བྲིས་པ་ཡིན་ནོ།། སྐབས་དེར་བོད་རྒྱལ་ཁབ་ཀྱིས་ཇི་ལྟར་བསྒྲགས་པ་ནི་འོག་ནས་གླེང་བར་བྱའོ།།
༤ ཐང་གི་ལོ་རྒྱུས།
སྲིད་སྐྱོང་མེ་ལོང་དུ། ཡུང་ཧུའེ་ཁྲི་ལོ་དང་པོ། ཟླ་ལྔ་པའི་ཚེས་ཉེར་བཞི་ཉིན། བོད་ཀྱི་བཙན་པོ་སྲོང་བཙན་འདས། ཞེས་འཁོད་པ་དང་། ཐང་དེབ་རྙིང་མར་ཡང་། ཡུང་ཧའེ་ཁྲི་ལོ་དང་པོར་སྲོང་བཙན་འདས། ཞེས་འཁོད། འདི་དག་གི་བཞེད་པའི་ཕྱོགས་ཀྱང་གོང་གི་ཏུན་ཧུང་ཡི་གེར་མཚུངས་ཞེས་དམ་པ་དགེ་ཆོས་སོགས་ཤེས་ནས་སྨྲ་བ་དག་གིས་གསུངས་ལ། རྒྱུ་མཚན་ཡང་གོང་དང་མཚུངས་པ་སྟེ། བོད་རྒྱལ་ཁབ་ཀྱིས་ཇི་ལྟར་བསྒྲགས་པ་བཞིན་གོ་བར་ཟད་པས། ལོ་རྒྱུས་དོན་དངོས་ལ་གཅར་མ་ཐུབ་པ་དང་ཡུལ་དངོས་ཆེད་ཞིབ་བྱ་མ་ནུས་པ་ནི་མཆིས་སོ།།
༥ དེབ་ཐེར་དཀར་པོ།
ཡིག་ཆ་འདི་ཉིད་ནི་ཕྱིས་ཀྱི་རྒྱལ་རབས་རྣམས་ཀྱི་མིག་འབྱེད་ཐུར་མ་ལྟ་བུར་གྱུར་ཅིང་། དཔྱད་པ་ཤིན་ཏུ་མང་པོ་ཞིག་གི་ཐོག་མའི་དབུ་འདི་ནས་བཙུགས་པས་ན་འདིར་ཡང་མ་གླེང་ཐབས་མེད་ཡིན། ཕྱིས་ཀྱི་ཡིག་ཆའི་ཁྲོད་ན་འདོད་ཚུལ་མང་དུ་ཡོད་མཆི་སྟེ། ཐ་དག་གླེང་བས་མི་ཚར་ཞིང་། དགོས་པ་ཡོད་མེད་ཀྱང་དེ་ཙམ་རེད། དེ་བས་ཡིག་ཆ་འདི་བརྒྱ་ལུག་ནང་ནས་ཐག་ལུག་ཅེས་པ་ལྟར་དམིགས་བཀར་ནས་གླེང་བར་བྱའོ།།
སྤྱིར་སྲོང་བཙན་དགུང་ལོ་ཉུང་ངུ་ལས་མ་བཞུགས་པ་འདི་གསར་པ་གསར་རྐྱང་ཞིག་མིན་ན་ཡང་། ལོ་ངོ་སྟོང་ལ་ཉེ་བར་ཚང་མས་བརྗེད་པར་གྱུར་པ་དང་། ཡི་གེ་འགའ་རེར་ཅུང་ཙམ་སྣང་བ་ཡང་དོན་གཞན་དུ་འཁྲུལ་ནས་ལུས་པར་གྱུར། ཉེ་བའི་ཆར་མཁས་དབང་ཁོང་གིས་སྲོང་བཙན་གྱི་དགུང་ལོའི་ལོ་རྒྱུས་དོན་དངོས་ཀྱི་ཞལ་རས་མཇལ་བར་གོམ་གང་མདུན་དུ་སྤོས་ཏེ་ཉེ་བར་བྱས་ཡོད། ཀོང་ཇོ་བྱོན་པའི་ལོ་དང་། སྲོང་བཙན་འདས་པའི་ལོ་གཉིས་ནི་རིམ་པ་བཞིན། ལྕགས་གླང་དང་ལྕགས་ཁྱི་ཡིན་པར་ལོ་རྒྱུས་ཐམས་ཅད་ཁ་མཐུན། ཞེས་བཞེད་ལ། འཁྲུངས་ལོ་བུ་སྟོན་ལྟར་མེ་གླང་བྱས་ཏེ་དགུང་ལོ་སོ་བཞི་ལ་གཤེགས་པར་བཞེད། ཁོང་གི་རྒྱུ་མཚན་ཏུན་ཧོང་ཡིག་ཆ་དང་དགྱའི་ལོ་རྒྱུས་ལ་གཏུགས་ཏེ་སྨྲས་པ་ལགས་སོ།། དེ་ཡང་ཡིག་ཆ་དེ་གཉིས་བསྒྱུར་མཁན་གྱིས་སྙུག་རྩེས་མ་རེག་པས་ཅིས་ཀྱང་འཐད་ངེས་སྙམ་དུ་དགོངས་པ་ལས། ཡིག་ཆ་དེ་གཉིས་རྩོམ་མཁན་གྱིས་རྒྱང་རིང་ནས་ཉན་ཏེ་བྲིས་པ་ལས། ཉེ་ས་ནས་བལྟས་ཏེ་བྲིས་པ་མིན་པའི་ཞན་ཆའི་སྐོར་ལ་ཐུགས་གཞིག་དེ་ཙམ་མ་འཁོར་བ་འདྲ།
དགུང་ལོ་བརྒྱད་ཅུ་བཞུགས་པར་བཞེེད་པའི་ཡིག་ཆ་དང་དེའི་རྒྱུ་མཚན།
༡ ལྡེའུ་ཆོས་འབྱུང་།
མཁས་པ་ལྡེའུས་བྱས་པའི་ཆོས་འབྱུང་དུ། དགུང་ལོ་བཅུ་གསུམ་ན་ཡབ་འདས་ནས། ཆབ་སྲིད་ལོ་དྲུག་ཅུ་རྩ་དགུ་བཟུང་། སྐུ་ཚེ་ལོ་བརྒྱད་ཅུ་གྱ་གཉིས་ལ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་ཐུགས་ཀར་ཐིམ་མོ།། ཞེས་འཁོད། ཆོས་འབྱུང་འདི་བོད་ཀྱི་ཆོས་འབྱུང་རྣམས་ལས་སྔ་གྲས་ཡིན་ལ། ལྟོས་བཅས་ཀྱིས་བཤད་ན་ཆོས་ལུགས་འཐེན་འཁྱེར་གྱི་ཤུགས་ཆུང་བའི་གྲས་ཡིན། དགུང་ལོ་དེ་ལྟར་བཞུགས་པའི་རྒྱུ་མཚན་ཁ་གསལ་དུ་མ་སྨྲས་མོད། དེའི་གོང་ཙམ་དུ། སྲོང་བཙན་སྒམ་པོའི་ཞལ་ནས། ངས་བོད་འདུལ་བའི་ཆེད་དུ་སྤྲུལ་པ་བྱས་པ་ཡིན། ཞེས་པ་དང་། རྒྱལ་པོ་འདི་ནི་བོད་ལ་སྐུ་དྲིན་ཤིན་ཏུ་ཆེ་བས། ཡི་དམ་དུ་བྱས་ནས་མཆོད་པར་རིགས་སོ།། ཞེས་བྲིས་པས་ཆོས་ལུགས་ཀྱི་དགོས་པ་རྒྱུ་མཚན་ཆེ་བ་དཔོག་ནུས།
༢ ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།
ཆོས་འབྱུང་འདི་ནི་སྤྱིར་རྒྱལ་རབས་ཆོས་ལུགས་ཀྱིས་འགྲེལ་བ་ཤས་ཆེ་ཞིང་། ལྷ་སྒྲུང་གི་རྣམ་པ་ཅི་བས་ཆེ་ན་ཡང་། དུས་རབས་བཅུ་གཉིས་པའི་ནང་དུ་བརྩམས་པས་འབྱུང་སྔ་བའི་ལོ་རྒྱུས་ཀྱི་ཁྱད་ཆོས་ཡེ་ལྡན་དུ་གྲུབ་པའི་སྟོབས་ཀྱིས་ཕྱིས་ཀྱི་ཆགས་སྡང་མང་པོས་ཕྱོགས་སུ་འཐེན་པའི་སྐྱོན་དང་བྲལ་ནས་ཡོད། འདིར། རྒྱལ་པོ་ཡབ་ཡུམ་གསུམ་པོ་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་ལ་ཐིམ་པར་གྱུར་ཏེ། ཞེས་དང་། དེའི་འོག་ཏུ་ཡབ་ཡུམ་གསུམ་ག་ལྷ་ལ་ཐིམ་པར་གྱུར་ཏོ།། ཞེས་དང་། དེར་བློན་པོ་ཐམས་ཅད་ཡིད་ཆེས་ཏེ་ཐམས་ཅད་གྲོས་བྱས་ནས་ཕྱི་རབས་པ་རྣམས་ཀྱི་དོན་དུ་རྒྱལ་པོ་ལོ་བརྒྱད་དུ་རྩ་བཞི་ལ་སྐུ་འདས། ཞེས་འཁོད་པས། ཆོས་འབྱུང་འདིའི་བཞེད་ཕྱོགས་ཀྱང་སྲོང་བཙན་དགུང་ལོ་བརྒྱད་ཅུར་བཞུགས་པ་དེ་ཡིན་པ་སྨྲོས་མ་དགོས། དེའི་རྒྱུ་མཚན་འདི་ཞེས་ཁ་གསལ་དུ་མ་འཁོད་མོད། དོན་གྱི་རྒྱུ་མཚན་ཡོད་པའི་སྟེང་། རྒྱལ་པོའི་ཆེ་བ་འདོན་པ་ལྷུར་བྱས་པ་ཆོས་འབྱུང་རང་གི་བབ་ཀྱིས་རྟོགས་པ་དང་། བློན་པོ་རྣམས་ཀྱིས་དོན་གང་ཞིག་གི་ཆེད་དུ་གྲོས་བྱས་ནས་བསྒྲགས་པ་ཡིན་པར་ཡང་གསལ་འདུག
༣ སྔོན་གྱི་གཏམ་མེ་ཏོག་ཕྲེང་བ།
ཆོས་འབྱུང་འདི་ཚིག་ཉུང་དོན་འདུས། ལྷ་སྒྲུང་མང་པོས་རྒྱལ་རབས་ཉིད་མོག་མོག་པོར་མ་བྱས་པས། དོན་གྱི་བཞིན་རས་གསལ་ལ། གྲགས་པ་ཚད་མར་མ་བྱས་པར་ཡིག་རྙིང་ལ་ཁུངས་བཅོལ་ཏེ་རང་གི་བློ་གྲོས་ཀྱིས་དཔྱད་ཞིབ་ལེགས་པར་བྱས་པ་ཞིག་ཏུ་མངོན་ལ། ལྷག་པར་རྩོམ་གྱི་དགོས་ཆེད་གླེང་སྐབས། བོད་ཆེན་པོའི་རྒྱལ་རབས་ཤེས་ཤིང་གཞན་དག་ལ་རྗེས་སུ་བསྟན་ན། ཚོགས་རྫོགས་ཤིང་ཐེ་ཚོམ་སེལ་ལ། སྔོན་བྱུང་གི་གཏམ་ལ་མི་རྨོངས་པར་བྱ་བའི་ཕྱིར་འདིར་བརྗོད་པར་བྱའོ།། ཞེས་རྒྱལ་རབས་ལོ་རྒྱུས་ནི་ཆོས་ལུགས་གང་ཞིག་ཁྱབ་སྤེལ་ཁོ་ནའི་ཆེད་མ་ཡིན་པར། རང་སྟེང་ན་རིག་ཚན་ལོགས་ཀ་བའི་ཁྱད་ཆོས་ཚང་པའི་ཚུལ་ལ་སྔ་མོ་ནས་བློ་གྲོས་ཡོད་པ་ཞིག་གིས་བརྩམས་པའི་ཁྱད་ཆོས་མངའ། ཆོས་འབྱུང་འདིར། སྲོང་བཙན་སྒམ་པོ་མེ་མོ་གླང་ལ་འཁྲུངས།། སྤྱན་རས་གཟིགས་ཏེ་ཡབ་དང་བཅུ་གསུམ་འགྲོགས།། ཡབ་འདས་ཆབ་སྲིད་ལོ་གྲངས་དྲུག་ཅུ་དགུར།། བཟུང་ནས་སྤྱིར་ལོ་བརྒྱད་ཅུ་རྩ་གཉིས་ནི།། འཕྲུལ་སྣང་བཅུ་གཅིག་ཞལ་ལ་ཐིམ་མོ་སྐད།། (མ་དག་པའི་སྣང་བ་ལ)འཕན་ཡུལ་ཟལ་མོའི་སྒང་ལ་འདས་ཀྱང་ཟེར།། ཞེས་གསུངས། དེ་ལ་རྒྱུ་མཚན་ལོ་རྒྱུས་ཀྱི་བདེན་ཁ་ཡོད་པ་གཞིར་བཞག་ལ། རྒྱུ་མཚན་གཙོ་བོ་སྔར་གྱི་ཡི་གེ་ལ་བསྟེན་པར་གསལ་ཏེ། གོང་གི་ཐིམ་མོ་སྐད་ཅེས་པས་ཀྱང་བཤད་ཚུལ་དེ་ཉིད་གཞན་ལ་བསྟེན་པ་ལས་རང་གིས་ཕུ་ཐག་ཆོད་མེད་པ་མཚོན་ཡོད། འཕན་ཡུལ་ཟལ་མོའི་སྒང་ལ་འདས་ཀྱང་ཟེར་ཅེས་པས་ཀྱང་། ཁོང་གིས་བཤད་ཚུལ་སྔ་མ་ཁོ་ནར་ཤེད་བཟུང་མེད་པ་རྟོགས་ནུས་སོ།།
༤ བཀའ་ཆེམས་ཀ་ཁོལ་མ།
ཆོས་འབྱུང་འདི་ཉིད་ཆོས་ལ་དང་བ་སྐྱེད་ཕྱིར་བརྩམས་པས་ལྷ་སྒྲུང་རང་བཞིན་ཅི་བས་ཀྱང་ཤུགས་ཆེ་ལ། ཕྱིས་ཀྱི་ཡིག་ཆ་མང་པོས་ཁུངས་སུ་བསྟེན་པས་དཔྱད་འོས་ཀྱང་ཤིན་ཏུ་ཆེ་བར་མཐོང་། བར་སྐབས་ཤིག་ལ་བོད་སིལ་བུར་འཐོར་ཏེ་ཁྲིམས་ཀྱིས་འདུལ་བ་སུས་ཀྱང་དཀའ་བས། གཏམ་གྱིས་དང་བ་འདྲེན་རྒྱུ་ནི་གདུལ་བྱ་བསྡུ་བའི་ཐབས་གཅིག་པུར་མཐོང་ཞིང་། ཆོས་ལུགས་གང་དེ་འདྲེན་མཁན་དེ་ལྷ་ཡི་རྣམ་པར་ཇི་ལྟར་སྒྱུར་ཐུབ་ན་ཆོས་ལུགས་དེར་དད་པ་དེ་ལྟར་ཤུགས་ཆེ་བར་འགྱུར་བའི་ཚུལ་རྟོགས་ནས། བོན་ལ་སྡང་བའི་གྲི་གུམ་བཙན་པོ་སོགས་བོན་གྱིས་བདུད་དུ་བསྒྲུབས་ཡོད་ལ། བན་ལ་སྡང་བའི་འུ་དམ་བཙན་པོ་སོགས་བན་གྱིས་འདྲེ་རུ་བསྒྲུབས་ཡོད། གནས་ཚུལ་དེ་ལྟ་བུའི་དབང་གིས་ཆོས་རྒྱལ་ཕལ་ཆེར་རིགས་གསུམ་མགོན་པོའི་སྤྲུལ་པར་གྱུར་ཏེ། བོད་ཀྱི་རྒྱལ་རབས་དངོས་ནི་ལྷའི་སྤྲུལ་སྒྱུར་དུ་གྱུར་ཏོ།། ཡིག་ཆ་འདི་ཡང་སྤྲུལ་སྒྱུར་དེ་ཉིད་བརྗོད་པའི་ལྷ་སྒྲུང་དུ་གྱུར་ཡོད་ཀྱང་། གཞི་རྩ་ནི་དོན་གྱི་རྒྱལ་རབས་ལོ་རྒྱུས་དངོས་ལ་ཐུག་པས་འཚོལ་བྱེད་ཀྱི་མིག་ཡོད་ཚེ། དོན་གྱི་བཞིན་རས་ཀྱང་གསལ་པོ་མཐོང་རྒྱུ་ཡོད། གཞུང་འདིར། དེ་ནས་རྒྱལ་པོ་ཡབ་ཡུམ་གསུམ་པོ་འོད་ཀྱི་གོང་བུ་གཅིག་ཏུ་བྱས་ནས། དགོང་ལོ་བརྒྱད་ཅུ་རྩ་ལྔ་པ་ཤིང་མོ་གླང་གི་ལོ་དཔྱིད་ཟླ་ར་བའི་ཉའི་ཉིན་པར་སྐར་མ་རྒྱལ་དང་ལྡན་པ་ལྷ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་མོ།། ཞེས་ཞིབ་ཐལ་ཆེ་བའི་གསུངས་དང་བཅས་སྣང་ལ། མཉམ་འཇོག་དགོས་པ་ཞིག་ནི་འདི་ཁུངས་སུ་བྱེད་པའི་ཡིག་ཆ་མང་པོས་ཀྱང་འདས་ལོ་གྱ་གཉིས་ལ་གཏུགས་ཀྱང་འདིར་གྱ་ལྔ་ཉིད་བྱས་པའོ།། འདིའི་རྒྱུ་མཚན་ཡང་སྔ་མ་དག་དང་འདྲ་བར་སེམས།
༥ ཚལ་བའི་དེབ་དམར་སོགས།
ཚལ་བའི་དེབ་དམར་དུ་འཁྲུངས་ལོ་མེ་གླང་བྱས། འདས་ལོ་ས་བྱི་བྱས། དགུང་ལོ་གྱ་གཉིས་ལ་འདས་པར་བཀོད་ཀྱང་། འཁྲུངས་ལོ་འདས་ལོ་དེ་ལྟར་ཡིན་ན་དགུང་ལོ་གྱ་བཞི་བར་གཤེགས་དགོས་ཤིང་། དགུང་ལོ་གྱ་གཉིས་ལས་མ་བཞུགས་ན་འདས་ལོ་ཁྱི་ཡིན་པ་འམ། འཁྲུངས་ལོ་ཡོས་ཡིན་པ་གང་རུང་ལས་མ་འདས་པས་ངེས་པར་འཁྲུལ་ལ། སྤྱིར་དགུང་ལོ་མཐོན་པོར་བཞུགས་པར་བཞེད་པའི་ཕྱོགས་ཡིན། རྒྱུ་མཚན་ནི་ཡིག་ཆ་སྔ་མ་ཁུངས་སུ་བྱས་པ་ཙམ་དུ་བས། དེ་བཞིན་དུ། ཀུན་མཁྱེན་བུའི་ཆོས་འབྱུང་དུ་ཡང་། མེ་གླང་ལ་འཁྲུངས་ནས་གྱ་གཉིས་ལ་གཤེགས་པར་བཞེད་ལ། རྒྱལ་རབས་གསལ་མེར་ཡང་། འཁྲུངས་ལོ་མེ་གླང་། འདས་ལོ་ལྕགས་ཁྱི། བཅུ་གསུམ་པར་རྒྱལ་སྲིད་བཟུང་བར་བཞེད་ལ། དགུང་ལོ་བདུན་ཅུར་རྒྱལ་སྲིད་བཟུང་བར་བཞེད་པ་ནི་མི་འགྲིག་སྟེ། དགུང་ལོ་བཞུགས་ཚད་དང་སྲིད་ལོ་དེ་ལྟར་ཡིན་ན་ཡིག་ཆ་གཞན་ལྟར་ལོ་རེ་དགུ་ལས་རྒྱལ་སྲིད་མ་བཟུང་དགོས་པས་སོ།། དེ་བཞིན་དུ་སྟག་ཚང་དཔལ་འབྱོར་བཟང་པོའི་མཁས་པ་དགའ་བྱེད་དུ་ཡང་། མེ་གླང་ལ་འཁྲུངས། ས་ཁྱི་ལ་འདས་པར་བཞེད་ཅིང་།
མདོར་ན་ཡིག་ཆ་ཤིན་ཏུ་མང་པོ་ཞིག་མི་འདྲ་བ་ཅུང་རེ་མ་གཏོགས། མེ་གླང་ལ་འཁྲུངས། ཁྱིའི་ལོ་ལ་གཤེགས། དགུང་ལོ་གྱ་གཉིས་བཞུགས། བཅུ་གསུམ་ལོར་སྲིད་ཁྲིར་འཁོད་པ་གཅིག་མཐུན་དུ་བཞེད་དོ།།
༦ དེབ་ཐེར་སྔོན་པོ་དང་མཁས་པའི་དགའ་སྟོན།
འགོས་ཀྱི་དེབ་སྔོན་ནི་ལོ་ཚིགས་མང་པོར་དཔྱད་ཅིང་། ཡིག་ཆ་མང་པོར་ཁུངས་བཅོལ་བའི་ཆོས་འབྱུང་འགྲན་ཟླ་བྲལ་བ་ཞིག་ཡིན་ལ། ལྷག་པར་ལོ་རྒྱུས་བཤད་པ་ལས་ལྷ་སྒྲུང་བཀོད་མེད་པས་ཆོས་འབྱུང་ཤིན་ཏུ་གཙང་མ་ཞིག་ཀྱང་ཡིན། ཆོས་འབྱུང་མཁས་པའི་དགའ་སྟོན་ནི་དབའ་བཞེད་དང་ལྷ་སའི་རྡོ་རིང་ཡི་གེ་སོགས་ཡིག་རྙིང་ལ་སྙིང་བཅོལ་ཏེ་ཆོས་འབྱུང་སྨྲ་བའི་ཐོག་མ་ལྟ་བུ་དང་། ཡིག་རྙིང་ཉར་ཚགས་ཀྱི་རིན་ཐང་ཆ་ནས་གལ་ཤིན་ཏུ་ཆེ་བའི་ཆོས་འབྱུང་ཤིག་རེད། འདི་གཉིས་ནི་གོང་གི་སྲོང་བཙན་དགུང་ལོ་ག་ཚོད་ལ་བཞུགས་ཡོད་མེད་ཐད་ངེས་པར་གླེང་དགོས་པའི་ཡིག་ཆ་གཉིས་ཏེ། དེབ་སྔོན་དུ། ལོ་བརྒྱད་ཅུ་རྩ་གཉིས་བཞུགས་ཞེས་དང་། ལྕགས་པོ་ཁྱི་ལ་སྲོང་བཙན་སྒམ་པོ་འདས། ཞེས་བཀོད་ཀྱང་འཁྲུངས་ལོ་དང་རྩ་རྒྱུད་ཀྱི་ལུང་སྟོན་སྐབས་བརྒྱད་ཅུ་ཞེས་སྣང་ཡང་། ཁོང་གིས་བརྒྱད་ཅུ་རྩ་གཉིས་བཞུགས་ཀྱང་ཞེས། གྱ་གཉིས་སུ་བཞུགས་པའི་ཕྱོགས་སུ་ཤེད་བཟུང་ནས་གསུངས་པའི་ཁུངས་ནི་མི་སྣང་། སྤྱིར་ཡིག་ཆ་འདི་དགུང་ལོ་གྱ་གཉིས་སུ་བཞུགས་པར་བཞེད་ལ་ཆོས་འབྱུང་ཕལ་དང་མཚུངས་ཀྱང་། འཇམ་དཔལ་རྩ་རྒྱུད་ཀྱི་ཤེས་བྱེད་འདྲེན་པའི་སྲོལ་ནི་སྔ་མ་དག་ལ་མི་སྣང་བས་འདིའི་ཐུན་མིན་གྱི་ཆོས་ཡིན།
དེ་བཞིན་དུ་མཁས་པའི་དགའ་སྟོན་དུ་ཡང་། མེ་གླང་ལ་འཁྲུངས་ནས་ས་ཁྱི་ལ་གཤེགས་པར་བཞེད་ལ། རྩ་རྒྱུད་ཀྱི་ལུང་དེ་བོད་རྒྱལ་དག་ལུང་བསྟན་པའི་ཚིག་ཏུ་འགོའི་ལོས་བཤད་པར་མ་བསྟེན་པར་ཤེས་ཚུལ་འཁོད་ཡོད། དེ་ལྟར་ན་ཡིག་ཆ་འདི་གཉིས་ནི་སྔར་གྱི་ཡིག་ཆ་དང་རྩ་རྒྱུད་ཀྱི་ལུང་གསར་དུ་མཐོང་བ་གཉིས་ཀ་རྒྱུ་མཚན་དུ་བྱས་ནས་དེ་སྐད་དུ་སྨྲའོ།།
༧ ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་རྒྱལ་རབས་ཡིད་ཀྱི་མེ་ལོང་།
རྒྱལ་རབས་འདི་ཉིད་རྩོམ་པ་པོས། དཔྱད་པ་དང་རྒྱུ་མཚན་གཙོ་བོར་བཟུང་བས་ལོ་རྒྱུས་རིག་པའི་ཁྱད་ཆོས་ཆེས་ཆེར་མངའ། སྲོང་བཙན་དགུང་ལོ་ག་ཙམ་བཞུགས་མིན་ཐད། སྲོང་བཙན་སྒམ་པོ་མེ་གླང་ལོར་སྐུ་བལྟམས། དགུང་ལོ་བཅུ་གསུམ་པ་ས་གླང་ལ་རྒྱལ་སྲིད་བཟུང་། དགུ་བཅུ་རྩ་བཞི་ལྕགས་ཕོ་ཁྱི་ཡི་ལོ་ལ་སྐུ་འོད་ཀྱི་གོང་བུར་གྱུར་ནས་འཕགས་པའི་ཐུགས་ཀར་ཐིམ། ཞེས་འཁོད། དེའི་རྒྱུ་མཚན་ནི། རྩ་རྒྱུད་དུ། ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱས།། ཞེས་པ་འདི་ཁོ་ན་ཐུགས་ལ་ཉར་ནས་དེ་ལྟར་དགུང་ལོ་དགུ་བཅུར་བསྣུར་བར་ཟད་ཀྱི་དོན་གྱི་རྒྱུ་མཚན་མེད་པར་མ་ཟད། ཡིག་ཆའི་རྒྱུ་མཚན་ཡང་གཏན་ནས་མེད་པས། འཁྲུངས་འདས་ཐད་ཀྱི་མི་མཐུན་པ་དག་ལ་འདི་ལས་ཐ་ཆད་པ་མེད།
གཅིག རང་གིས་ཕྱོགས་གཉིས་ཀྱི་དབུས་ལ་བསམ་པ།
གོང་དུ་བཀོད་པ་དག་ནི་སྲོང་བཙན་འཁྲུངས་འདས་ཐད་བཞེད་ཚུལ་མི་མཐུན་པ་བདག་གིས་གང་མཐོང་དག་ལས་ཚབ་མཚོན་འགའ་ཞིག་དང་ཁ་གསལ་ཤོས་དག་ཡིན་ལ། བདག་གིས་མ་མཐོང་བ་ལ་ཡང་ཁ་དེ་ལས་གསལ་དང་གྲངས་དེ་བས་མང་བ་ཡོད་པ་ནི་བཤད་མ་དགོས་པས་རིམ་གྱིས་བརྟགས་པར་བྱ་བའི་གནས་སོ།། གོང་དུ་བཀོད་པ་དེ་དག་གིས་ཀྱང་ཕྱོགས་གང་རུང་ཞིག་ལ་ལས་སླ་བོས་ཐག་བཅོད་པར་རྔམས་པ་དང་གཅོད་པའི་སྙིང་ཁམས་དེ་ནི་རིག་གཞུང་ཉམས་ཞིབ་པ་ཞིག་ལ་འབྱུང་དཀའ་བ་ཞིག་ཡིན་པ་རྟོགས་ནུས།
བདག་གིས་དཔེ་ཀློག་ཁྲོད་གོང་ཞུས་ཀྱི་གནད་དོན་དེར་མཉམ་ཅུང་ཙམ་བཞག་ཀྱང་ཆེད་ལས་ཀྱིས་ཞིབ་འཇུག་བགྱི་བའི་ལོངས་དང་ཆ་རྐྱེན་གཉིས་ཀ་མ་འཛོམས་པས་བོད་རིག་པའི་ཉམས་ཞིབ་པ་དག་མགུ་བར་འོས་པའི་གཏམ་མ་མཆིས་ཀྱང་། རང་གིས་མ་འོངས་པར་ཉམས་ཞིབ་ཀྱི་ཤེད་གང་ལ་འཛིན་པའི་གཞི་ཙམ་འཛུགས་པར་འདོད་ནས་རྒྱུ་མཚན་གང་མཐོང་རྣམས་ཀྱིས་དཀྱུས་གཅིག་ཏུ་བསྒྲུབ་པར་བྱའོ།།
དགུང་ལོ་དགུ་བཅུར་བཞུགས་པར་འདོད་པ་སོགས་རྫུན་ཡིན་ཡང་། དགུང་ལོ་གྱ་གཉིས་ལ་བཞུགས་པར་བཞེད་པ་ནི་རྩ་རྒྱུད་ཀྱི་ལུང་སོགས་ལ་རྩ་བ་ནས་མ་བསྟེན་པར་ལོ་རྒྱུས་རང་གི་བཞེད་པ་ཡིན་པས་དེ་ལ་མཐོང་ཆུང་གཞར་ཡང་བྱེད་རྒྱུ་མེད། སུམ་ཅུ་ལས་མ་བཞུགས་པར་འདོད་པ་དེ་ཡང་བོད་རྒྱལ་ཁམས་ཀྱིས་གཞན་ལ་ཇི་ལྟར་བསྒྲགས་པ་ལྟར་བདེན་དུ་བཟུང་ནས་ཡིག་ཆར་བཀོད་པ་ལས་རྫུན་སོགས་འདྲེས་མེད་ཀྱང་ཕྱོགས་གཅིག་ཏུ་བཅད་ནས་སྨྲས་ན་མི་ལེགས།
དོན་དངོས་སུ་དགུང་ན་སུམ་ཅུ་ནི་ཁོང་ཉིད་གསོན་དུར་དུ་གཤེགས་པའི་དུས་ཡིན་ལ། བརྒྱད་ཅུ་ནི་དངོས་སུ་འདས་པའི་ན་ཚོད་ཡིན། ད་བར་དུ་དེ་གཉིས་སོ་སོར་མ་ཕྱེས་ནས་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་པ་འབའ་ཞིག་གིས་རྩོད་པའི་གཡུལ་བཀྱེས་ནས་འོང་མོད། གོང་གི་ལོ་རྒྱུས་ཀྱི་གསང་བ་དེ་ལེགས་པར་ཤེས་ན་རྩོད་པ་དེ་དག་རང་བཞིན་གྱིས་ཞི་བ་ཡིན་ལ། སྐབས་འདིའི་ལོ་རྒྱུས་ཀྱི་དངོས་ཞལ་ཡང་མཇལ་བ་ཡིན་པས། དེ་ཉིད་ཞིབ་ཏུ་གླེང་ན།
གཉིས། སྲོང་བཙན་གསོན་དུར་དུ་གཤེགས་པའི་རྒྱུ་མཚན་ཚང་བ་ལོ་རྒྱུས་སུ་འཁོད་པ།
སྲིད་པ་རྒྱུད་ཀྱི་ཁ་བྱང་དུ། རིམས་ནད་ཆེན་པོ་ཕོག་སྟེ། དགུང་ལོ་སུམ་ཅུ་རྩ་གཅིག་ལ་འདས་སོ།། ཞེས་དང་། ལྔ་བ་ཆེན་པོའི་ཆོས་འབྱུང་དུ། འོན་ཀྱང་བོད་འབངས་བྱིངས་ཀྱི་སྣང་ངོར་བྲན་མོ་ཞིག་རིམས་ནད་ཀྱིས་བཏབ་པ་བལ་མོ་བཟའ་ལ་འགོས། དེ་ལས་ཆོས་རྒྱལ་དང་ཀོང་ཇོ་གཉིས་ལ་ཡང་མཆེད་དེ། ཡབ་ཡུམ་གསུམ་ཀ་འཕན་ཡུལ་ཟལ་མོའི་སྒང་དུ་གཤེགས་པའི་པུར་ཡར་ཀླུང་འཕྱོང་རྒྱས་སུ་སྤྱན་དྲངས་ཏེ་བང་སོ་བརྩིགས་སོ།། ཞེས་གསུངས་པས་རྒྱལ་པོ་སྲོང་བཙན་ལ་རིམས་ཐེབས་པར་ཤིན་ཏུ་གསལ་ལ། སྐབས་དེས་བོད་འབངས་རྣམས་ལ་དེས་གཤེགས་རྐྱེན་བྱས་པར་གྲགས་པའང་གོང་གི་ཡིག་ཆས་གསལ་ར་འཕྲོད། དེ་བཞིན་ལྡེའུ་ཆོས་འབྱུང་དུ་བཙུན་མོ་རྣམ་གསུམ་རྒྱལ་པོར་བསྙུན་འདྲིར་ཕེབས་ཚུལ་གསལ་བས་ཀྱང་། བཙན་པོར་ནད་བྱུང་ཚུལ་ཤེས་ཐུབ་བམ་སྙམ། དོན་དངོས་སུ་རྒྱལ་པོ་ཉིད་རིམས་དེས་གཤེགས་མེད་ཀྱང་། རིམས་དེའི་དབང་གིས་ཟུར་བཀར་བྱེད་དགོས་པ་ནི་གཡོལ་དུ་མེད་པ་ཞིག་ཏུ་གྱུར།
གསུམ། གསོན་དུར་ལ་གཤེགས་པ་དངོས་སུ་ཡིག་ཚང་ལས་གསལ་བ།
སྲོང་བཙན་རིམས་ནད་ཀྱི་དབང་གིས་ཟུར་བཀར་བྱས་ནས་བཞུགས་པ་བདེན་ཡང་། དེ་ཙམ་གྱིས་ཁོང་ཉིད་ལོ་ཚོད་དེ་ལ་གཤེགས་པར་གྲགས་པའི་རྒྱུ་མཚན་མེད་དོ་སྙམ་ན། བདེན་ཡང་ཁོང་ཉིད་སྐབས་འདིར་གསོན་དུར་ལ་གཤེགས་པ་ཡིན་པས་འབངས་རྣམས་ལ་གཤེགས་སོ་ཞེས་བསྒྲགས་པ་ཡིན། སྐབས་དེའི་བོད་ཀྱི་ཤེས་རིག་ཁྲོད་དུ་གསོན་དུར་ལ་གཤེགས་པ་ཡང་ཧ་ལམ་གཤེགས་པ་དང་གཅིག་འདྲ་ཡིན་ཏེ། ཤི་བར་གྱུར་ཚེ་ཡང་སྐྱེ་བ་ཕྱི་མ་ཟེར་བ་ཞིག་མེད་པར་བླ་དེ་ཉིད་དུར་ས་སོགས་ལ་གནས་ནས་སྡོད་པར་འདོད་ཅིང་། བང་སོ་སོགས་བཙུགས་པའི་རྒྱུ་མཚན་ཡང་དེ་ཡིན། མནའ་ཡ་རྣམས་ལྷན་དུ་ཤི་དགོས་པའི་གནད་ཀྱང་དེས་དབང་གིས་ཏེ། ཤི་བའི་རྗེས་སུ་ཡང་ཁོ་ཚོའི་བླ་རྣམས་དུར་ས་གཅིག་ནས་འཚོ་བ་མཉམ་དུ་རོལ་དགོས་པས་སོ།། ཤི་ཟིན་པས་གསོན་པོས་མི་མཐོང་བར་གྱུར་པ་ལས་རྣམ་པ་སྔར་བཞིན་གནས་། དེ་བས་གསོན་དུར་ཡང་དེ་དང་འདྲ་སྟེ། དངོས་སུ་མ་ཤི་བས་གསོན་པོ་དག་གིས་མཐོང་ཐུབ་ཀྱང་། ཟས་སྤྲོད་པའི་ཚེ་རི་ལ་འབྲོ་བ་སོགས་བྱེད་པ་དང་། གསོན་པོ་དག་དེར་ཕྱུགས་སོགས་ཤོར་ཡང་འདེད་དུ་མི་འགྲོ་བས་མཐོང་ཐབས་བྲལ། དེ་བས་དེ་ལ་གཤེགས་ཞེས་བསྙད་ཀྱང་གཞི་ཡོད་ལ། ནང་འཁོར་རྣམས་ཀྱིས་གསོན་དུར་དུ་གཤེགས་པ་ནི་ཐ་ཆད་པར་སྙམ་ནས་དངོས་སུ་གྲོངས་པར་བཤད་པ་ཡང་སྲིད། སྐྱེ་བ་ཕྱི་མ་ཁས་ལེན་པ་ནི་ཕྱིས་ཀྱི་རིག་གཞུང་གི་ཤན་ཡིན་པ་ཁྲི་སྲོང་གི་དུས་སུ་བློན་པོའི་ནང་ཁུལ་དུ་སྐྱེ་བ་ཕྱི་མ་ཡོད་མེད་ཀྱི་རྩོད་པ་དབའ་བཞེད་དུ་གསལ་བས་ཀྱང་རྟོགས། སྲོང་བཙན་གསོན་དུར་དུ་གཤེགས་པ་ནི། དགོངས་འདུས་བཀའ་བརྒྱ་མ་དང་། རྒྱལ་པོ་བཀའི་ཐང་ཡིག་གཉིས་ཀར། རྒྱལ་རྒྱུད་རྣམས་ཀྱིས་ཡར་ཀླུངས་སྨུག་རི་རུ།། བང་སོ་བརྩིགས་ནས་ཡབ་ཡུམ་གསུམ་གྱི་པུར།། གསེར་གྱིས་བྱུགས་ནས་དངུལ་གྱི་ག་འུར་བཅུག། བང་སོའི་རེའུ་མིག་དབུས་མར་ཁྲི་ལ་བཞུགས།། ་་་་་་་་ ནང་བློན་གང་ཡིན་རྒྱལ་པོའི་བང་སོ་བསྲུང་།། གཤེན་པོའི་ཚུལ་བཟུང་པུར་གྱི་འབངས་སུ་བསྔོས།། གསོན་གཤེན་བྱེ་བྱས་མི་ཡི་ཁྱུ་ནས་བུད།། རྒྱལ་རྒྱུད་གསོན་པོ་རྣམས་དང་མི་འཕྲད་ཅིང་།། སོགས་ཡིག་ཆ་གཉིས་ཚིག་ཅུང་རེ་མ་གཏོགས་ཞལ་མཐུན། འདི་ནི་མཁས་བླུན་དུ་མས་ཡང་ཡང་སྦས་ཀྱང་སྦེད་མ་ཐུབ་པར་ས་ཡིས་མནན་པའི་ཆུ་མིག་བཞིན་ལོ་ངོ་བརྒྱ་ཕྲག་དུ་མའི་རྗེས་སུ་སླར་ཡང་རྡོལ་བྱུང་བ་ཞིག་གོ།། འདིར་སྲོང་བཙན་གསོན་དུར་ལ་གཤེགས་པ་དང་། གསོན་དུར་ལ་གཤེགས་པའི་འོག་ཏུ་རྒྱལ་པོ་ལ་བསྙེན་བཀུར་བྱས་པ་སོགས་གསལ་པོར་འཁོད་ཡོད།
བཞི། གསོན་དུར་དུ་གཤེགས་པ་གཞན་དང་གཤེགས་ཚུལ་གཅིག་པ།
གསོན་དུར་ལ་གཤེགས་པ་ནི་བོད་ཀྱི་ཡིག་ཆའི་ཁྲོད་བཙན་པོ་འདི་རྐྱང་བ་ཡང་མིན་ཏེ། འབྲོང་གཉན་ལྡེའུ་ཡང་དེ་ལྟར་གཤེགས་ཞེས། ལྡེའུ་ཆོས་འབྱུང་གི་གསང་བ་ཕྱག་རྒྱ་ཅན་འཆད་པའི་སྐབས་སུ་འབྱུང་བ་དང་། གཞན་ཡིག་ཆ་མང་པོར་ཡང་གསལ་བས་ཀྱང་ཤེས། རྒྱལ་པོ་ཁོང་ཉིད་གཤེགས་པའི་སྐབས་རང་གི་སྲས་ལ། ཞལ་ཆེམས་སུ་བཞག་པ་ཡིན་ཞེས། བསམ་པ་བཟང་པོ་གསེར་དང་འདྲ་བ་སྟེ།། བཟང་པོའི་གྲོས་ནི་བདུད་རྩི་ཡིན་ཞེས་ཉོན།། ངན་པ་རྣམས་ཀྱང་མེ་དང་འདྲ་བས་གསོ།། མི་ཆོས་རྟོག་པ་ཡིན་གྱི་རྣམ་རྟོག་སྐྱུངས།། ཞེས་ལེགས་བཤད་སྡེབ་སྦྱོར་ཅན་ཡག་པོ་འདི་བྲིས་སྣང་། སྡེབ་སྦྱོར་སོགས་ཕྱིས་ཀྱི་མཁས་པས་བྱས་པར་གདོན་མི་ཟ་ན་ཡང་། ཞལ་ཆེམས་ཀྱི་གཞི་ཞིག་ནི་ངེས་པར་ཡོད་པར་ངེས་ལ། རྒྱལ་པོ་དང་རྒྱལ་བུ་གསོན་པོར་ཁ་བྲལ་ན་རྒྱལ་པོས་བུ་ལ་སྐད་ཆ་འགའ་འཇོག་པ་ནི་ཅིས་ཀྱང་བདེན་ངེས། དེ་བཞིན་སྲོང་བཙན་གྱི་ཞལ་ཆེམས་ཡིན་ནོ་ཞེས་ཀ་ཁོལ་མ་སོགས་སུ་རྒྱས་ལ་རིང་བ་རེ་བཀོད་འདུག་ཀྱང་། ཕལ་ཆེར་ཕྱིས་ཀྱི་མཁས་པའི་རྫུན་དུ་སྣང་ཡང་། གཞི་ཡོད་པ་ནི་གོང་དང་མཚུངས། བོད་ཀྱི་རྒྱལ་པོ་གསོན་དུར་ལ་གཤེགས་པ་ནི་འདི་གཉིས་ཁོ་ན་ཡིན་ལ། ཞལ་ཆེམས་བཞག་པའི་རྒྱལ་པོ་ཡང་འདི་གཉིས་ཙམ་མོ།།
ལྔ་། གཤེགས་ཚུལ་ཕྱི་ནང་གི་མིའི་གོ་ཚུལ་མི་མཐུན་པ་བྱུང་ཚུལ་ལོ་རྒྱུས་སུ་འཁོད་པ།
བཀའ་བརྒྱ་མ་དང་། ཐང་ཡིག་ཏུ། སྲོང་བཙན་གཤེགས་པའི་ཚེ་སྣང་ཚུལ་མི་འདྲ་བ་གསུམ་བྱུང་བར་གླེང་བའི་དང་པོ་ནི་སངས་རྒྱས་རྣམས་ཀྱི་གཟིགས་ངོར་ཇི་ལྟར་བྱུང་བ་སྟེ། འུ་ཅག་ཕལ་བ་རྣམས་ཀྱིས་དགག་སྒྲུབ་ཅི་ཡང་མི་ནུས་པས། ཁོང་ཅག་དག་སྣང་ཅན་རྣམས་ཀྱིས་ཅི་དགར་བསྒྲགས་པས་ཆོག གཉིས་པ་བློན་པོ་རྣམས་ཀྱིས་ལྷ་ལ་ཐིམ་པར་གཟིགས་ཟེར་ཞིང་། དེ་ནི་ཕྱིས་ཀྱི་སྲོང་གཙན་སྤྱན་རས་གཟིགས་ཀྱི་སྤྲུལ་པར་བསྒྲགས་པ་དང་། གསོན་དུར་དུ་གཤེགས་པ་བསྒྲགས་ན་རྒྱལ་པོའི་ཆེ་བ་བརྗོད་པའི་གཏམ་ལ་གནོད་ཅིང་། དེ་ལྟར་ན་དེས་སྤེལ་བས་མཆོག་ཏུ་བསྔགས་པའི་ཆོས་ལུགས་གཙིགས་འཛིན་ལ་གནོད་པར་རྟོགས་པའི་འདུ་ཤེས་ཀྱིས་ཕྱིས་སུ་བཅོས་པ་ཞིག་ཡིན་པ་དང་། གསུམ་པ་ནི་སྐབས་དེར་བོད་འབངས་དང་རྒྱལ་ཁབ་རྣམས་ལ་བསྒྲགས་པ་གང་ཡིན་པ་དེ་ཡིན་ནོ།། དེ་ལྟར་ཡིན་པ་ཡིག་ཆ་འདིས་གསོན་དུར་དུ་གཤེགས་པ་ནང་བློན་རྣམས་ལ་གྲགས་པ་ཡིན་པར་བསྒྲགས་པར་མ་འདོད་པས། གསེར་གྱིས་བྱུགས་ནས་དངུལ་གྱི་ག་འུར་བཅུག། ཞེས་དངོས་སུ་གྲོངས་པ་ལྟར་བྲིས་པ་དང་། དེའི་འོག་ཏུ་གསོན་གཤེན་བྱེ་བྱས་མི་ཡི་ཁྱུ་ནས་བུད།། ཅེས་གསོན་དུར་དུ་གཤེགས་པར་བཤད་པ་ནང་འགལ་བས་ཀྱང་ཤེས་སོ།། ཡིག་ཆ་གཞན་གྱིས་འབངས་རྣམས་ལ་དངོས་སུ་གྲོངས་པར་སྣང་ཚུལ་བཤད་པས། གསོན་དུར་དུ་གཤེགས་པ་ནི་འདིར་བཤད་པའི་གཤེགས་ཚུལ་གསུམ་པོར་མ་ཐེ་ཡང་། དོན་གྱིས་ལྷ་ལ་ཐིམ་པའི་ཚབ་ཏུ་བཞག་པས་འཐུས་ཏེ། ཆོས་རྒྱལ་རྣམས་ཀྱིས་ངན་པ་བྱས་ཀྱང་བཟང་པོར་བཅོས་པ་འདི་ཕྱིས་ཀྱི་ཡིག་ཆ་རྣམས་ཀྱི་ཧུར་འདོན་ས་ཡིན་པས་སོ།། ནེལ་པ་པཎྜི་ཏའི་ཆོས་འབྱུང་དང་། ལྔ་བ་ཆེན་པོའི་ཆོས་འབྱུང་སོགས་སུ་བཤད་ཚུལ་གཉིས་ལས་མི་སྣང་ཞིང་། ལྷག་པར་སྟག་ཚང་བའི་མཁས་པ་དགའ་བྱེད་དུ། འགའ་རེ། རྒྱལ་པོ་འཕན་ཡུལ་ཟམ་མོ་སྒང་དུ་གྲོངས་ཟེར་བའང་འདུག་སྟེ། བློན་པོ་སྣ་ཆེན་པོ་དང་། སིའུ་གུང་སྟོན་ལ་སོགས་གྲོས་ལ་དབང་བ་རྣམས་ཀྱིས་བོད་འབངས་བྱིན་པོ་སྤྲོ་བ་སྲིང་བའི་ཕྱིར་དུ་རེ་ཞིག་ཟམ་མོ་སྒང་དུ་བསྙུངས་བ་སྐད་དང་། སྐུ་གཤེགས་པའི་ཚུལ་དུ་བྱས་པར་བྱེད་དོ།། ཞེས་ཁོ་བོའི་འདོད་པ་ཤིན་ཏུ་གསལ་པོར་སྨྲས་པ་ལགས་ཏེ། བསྙུང་ཚུལ་བཤད་པ་དང་། གཤེགས་ཚུལ་བཤད་པ་དེ་སྤྲོ་བ་འཕེལ་བའི་ཕྱིར་ཡིན་ན། དོན་དངོས་ནི་དེ་ལས་ཀྱང་མི་སྤྲོ་བ་ཞིག་ཡིན་པ་ཤིན་ཏུ་གསལ་བས་སོ།། དེ་བས་ན་སྐབས་མང་པོ་ཞིག་ཏུ་ཡིག་ཚང་འདི་ནི་དངོས་གནས་མཁས་པ་དགའ་བར་བྱེད་པ་ཞིག་གོ།། རྒྱུ་མཚན་གཞན་ཡང་། ལྡེའུ་ཆོས་འབྱུང་དུ། འབྲོང་གཉན་ལྡེའུ་གསོན་དུར་དུ་གཤེགས་པ་དེ། གསང་བ་ཕྱག་རྒྱ་ཅན་གྱི་སྐབས་སུ་བཤད་པས་ཀྱང་གསོན་དུར་དུ་གཤེགས་པ་ནི་གསང་དགོས་པ་ཞིག་དང་། རྒྱལ་པོ་གཙུག་ཏུ་བཀུར་བའི་བློན་ཚོགས་དང་། རྒྱལ་པོ་ལྷ་རུ་སེམས་པའི་མཁས་པ་ཚོས་རྒྱལ་པོ་ནི་གསོན་དུར་དུ་གཤེགས་སོ་ཞེས་སྨྲ་མི་རུང་བ་ནི་ཤིན་ཏུ་གསལ་པོར་བྱས་སོ།།
བང་སོའི་ཚུལ་ལ་བསམ་ནས་ཀྱང་གསོན་དུར་དུ་གཤེགས་ཚུལ་ར་འཕྲོད་པ།
གནམ་གྱི་ཁྲི་བདུན་བང་སོ་གནམ་ལ་བཏབ་ཟེར་ཡང་། དོན་གྱིས་ཁྲི་བདུན་ལ་བང་སོ་གཏན་མེད་དེ། སྲས་ཀྱིས་ཆིབ་ཁ་ཐུབ་པ་ན་བོན་གཤེན་དབང་གི་བདག་པོ་རྣམས་ཀྱིས་རྒྱལ་པོ་བསད་དེ། འབངས་ལ་གནམ་དུ་གཤེགས་སོ་ཞེས་བསྒྲགས་པས་རྒྱལ་པོའི་པུར་སྦས་སྐུང་བགྱིད་དགོས་ཤིང་པུར་མེད་ན་བླ་གང་ལ་གནས་པའི་གཞི་མེད་པས། དེའི་ཆེད་དུ་བང་སོ་བརྩིགས་པ་ཡང་དོན་མེད། ཁོ་བོས་དེ་ལྟར་བསམ་གཞིག་གི་གཏིང་ཐོན་པའི་འོག་ཏུ། ཡིག་ཆར་ཡང་དེ་ལྟར་འཁོད་པ་མཐོང་སྟེ། དེ་ཡང་ཁྲི་བདུན་བང་སོ་གནམ་ལ་བཏབ།། ལྷའི་ལུས་ལ་རོ་མེད་འཇའ་ལྟར་ཡལ།། ཞེས་སོ།། དེ་བས། ཆོས་འབྱུང་ཁག་ཏུ་སྲོང་བཙན་་ཡབ་ཡུམ་འོད་དུ་ཞུ་ནས་ལྷ་ལ་ཐིམས་སོ་ཞེས་དང་། སྲོང་བཙན་བང་སོ་འཕྱོངས་པོའི་མདའ་རུ་བརྩིགས། ཞེས་པ་ནི་ཤིན་ཏུ་འགལ་བ་ཆེན་པོ་ཡིན་ནོ།། སྲོང་བཙན་ལྷ་ལ་ཐིམས་ན་སྲོང་བཙན་ལ་བང་སོ་མེད་དགོས་པ་གནམ་གྱི་ཁྲི་བདུན་ལྟར་ཡིན་ཡང་། སྲོང་བཙན་ནི་དེ་ལས་ལྡོག་སྟེ། བང་སོའི་ཚུལ་གཞན་དང་མི་འདྲ་བ་ཞིག་ཡོད་པས་ཀྱང་ཁོང་ཉིད་ལྷ་ལ་མ་ཐིམ་པར་མ་ཟད། གཞན་ལྟར་འདས་གྲོངས་མ་ཐུབ་པར་གསོན་དུར་དུ་གཤེགས་དགོས་བྱུང་བའི་ཚུལ་ཤིན་ཏུ་གསལ་བ་སྟེ།
༡ བང་སོའི་ནང་གི་བཀོད་པ།
སྲོང་བཙན་གྱི་བང་སོ་ནི། རྒྱལ་རབས་གསལ་མེ་དང་། ཡར་ལུང་ཇོ་བོའི་ཆོས་འབྱུང་། སྟག་ཚང་བའི་ཆོས་འབྱུང་རྣམས་ཞལ་མཐུན་པར། བང་སོ་ནང་རྒྱན་ཅན་དུ་གྲགས་པར་གྱུར།། ཅེས་གསུངས་པས། མི་འཚོ་སྡོད་བྱེད་སའི་ཁང་པ་ལྟར་ནང་དུ་ཡང་རྒྱན་བཀོད་ཕུན་སུམ་ཚོགས་པ་བྱས་པར་རྟོགས་ཐུབ། སྤྱིར་བང་སོ་གཞན་ཡིན་ན་ནང་དུ་དེ་འདྲའི་རྒྱན་བཀོད་མི་བྱེད་པར་ས་ཕུང་བརྡལ་བ་ལྟར་བྱེད་པ་ལ། འདིར་རྒྱལ་པོ་འཁོར་བཅས་གསོན་པོར་བཞུགས་དགོས་པའི་གནད་ཀྱིས་བང་སོ་གཞན་དང་མི་འདྲ་བར་ནང་རྒྱན་ཅན་དུ་གྱུར་པར་སེམས། ནང་དུ་ལྷ་ཁང་ལྔ་ཡང་བཞུགས་པ་ཡིན།། ཞེས་གསུངས་པ་ལྟར། ནང་དུ་ཁང་མིག་མང་པོ་བྱས་ཏེ་རྒྱལ་པོའི་ཕོ་བྲང་ཅི་བཞིན། མཆོད་ཁང་དང་། རྒྱལ་པོའི་བཞུགས་ཁང་། ནང་བྱོན་འདུག་གནས། བཙུན་མོའི་ཕོ་བྲང་སོགས་བྱས་པར་ངེས། ལྡེའུ་ཆོས་འབྱུང་དུ། ལྷ་ཁང་བཞི་ཟུར་ན་ཡོད་པར་གསུངས་ཀྱང་། ལྔ་དང་བཞི་འགལ་བ་མ་གཏོགས་ཟུར་དང་ནང་ནི་མི་འགལ་ལོ།།
༢ བང་སོའི་ཕྱིའི་རྣམ་པ།
གསོན་དུར་དུ་གཤེགས་པ་ནས་གསོན་པོ་རྣམས་དང་འཕྲད་མི་ཆོག་ཅིང་། མཆོད་འབུལ་དུ་འོང་བའི་ཚེ་རང་ཉིད་གཞན་དུ་གབ་ནས་སྡོད་དགོས། རྒྱུ་མཚན་དེས་གསོན་དུར་དུ་གཤེགས་ཕན་ཆད་འབྱོན་བཞུགས་བྱ་ས་གཙོ་བོ་ནི་བང་སོའི་ནང་ཡིན་པས། བཙན་པོ་སྲོང་བཙན་ལྟ་བུའི་སྟོབས་ཀྱི་བདག་པོ་ཞིག་ལ་བང་སོ་ཅི་བས་ཆེ་འོས་ཤིང་ཆེ་ངེས་པའང་ཡིན། དེ་ལྟར་དུ་ཡིག་ཚང་དུ་ཡང་། དཔག་ཚད་ཡོད་ཅེས་དང་། དཔག་ཆེན་མདའ་རྒྱང་གང་ཡོད་ཅེས་བྲིས་ཡོད། མདའ་རྒྱང་དེ་ཡང་ཚད་ཐིག་ངེས་གཏན་ཅན་མིན་ཡང་སྐབས་འདིར་དཔག་ཚད་གཅིག་ལ་གོ། དེ་ཡང་དཔག་ཚད་གཅིག་ཏག་ཏག་ཡོད་མེད་མ་འཚལ་ཡང་། གཞན་བས་ཆེ་བ་ནི་ལུང་འདི་དག་གིས་དཔོག་ནུས།། སྤྱིར་བང་སོའི་རྣམ་པ་ནི་ཟླུམ་པོ་སོགས་ཡིན་ཡང་། རྒྱལ་པོ་འདི་ཉིད་མ་གྲོངས་པར་དངོས་སུ་བཞུགས་དགོས་པས་བང་སོའི་རྣམ་པ་ཇི་བཞིན་ཞིག་མ་བྱས་པར་མངོན་ཏེ། ཡིག་ཆ་མང་པོར། བང་སོ་གྲུ་བཞིར་བརྩིགས་པ་དེ་ནས་བྱུང་།། ཞེས་བོད་ཀྱི་ཁང་པའི་རྣམ་པ་ཇི་བཞིན་བྱས་པར་གསལ་བས་སོ།།
༣ དེ་རུ་ཕེབས་བཞུགས།
སྲོང་བཙན་སྒམ་པོ་སྐུ་མ་གྲོངས་བཞིན་ཏུ་བང་སོར་ཕེབས་དགོས་བྱུང་བས། སྐུ་འགྲེང་བཞིན་དུ་ཕེབས་གནང་ཡོད་ལ། ཕེབས་པའི་འོག་ཏུ་དུར་སྦས་བྱས་མེད་པར་གསེར་གྱི་ཁྲི་ལ་བཞུགས་གནང་ཡོད། དེ་ཡང་། སྐུ་བཞེངས་ནས་ཕེབས་ཚུལ་ནི། དར་དང་ཤོག་བུ་བསྲེས་པའི་འཇིམ་པ་ལ།། དེ་ལ་ཆོས་རྒྱལ་ཆེན་པོ་སྐུ་བཞེངས་ནས།། ཤིང་རྟར་སྤྱན་དྲངས་རོལ་མོར་བཅས་ནས་ནི།། སྐུ་དེ་བང་སོའི་ནང་དུ་བཞུགས་པར་མཛད།། ཅེས་གསལ་པོར་གསུངས་ལ། རྒྱལ་པོ་འཁོར་བཅས་ལྷ་ལ་ཐིམས་སོ་ཞེས་འདོད་པའི་རྩོམ་མཁན་རང་ལ་ནི་འགལ་བའི་ཁུར་མི་བཟད་པ་ཆེན་པོ་ཡིན་མོད། ཁོ་བོའི་ལུགས་ལ་ནི་འདི་ཉིད་ལེགས་བཤད་ཀྱི་སྐྱེས་ཆེན་པོ་ལོ་རྒྱུས་ཀྱི་དོན་དངོས་སྐུང་མ་ཐུབ་ཅིང་། ཡིག་རྙིང་གི་རྒྱུན་མ་ཆོད་པར་ལུས་པ་ཞིག་གོ།། དེ་བཞིན་དུ། ཐང་ཡིག་ཏུ། བང་སོའི་རེའུ་མིག་དབུས་མར་ཁྲི་ལ་བཞུགས།། གསེར་དངུལ་གཡུ་སོགས་བྲེ་ཡི་ཁལ་རེ་དང་།། རྒྱལ་པོའི་དཀོར་ནོར་གང་ཡིན་སྤྱན་སྔར་སྤུངས།། ཞེས་རྒྱལ་པོ་བང་སོར་ཕེབས་ནས་གསེར་ཁྲིར་བཞུགས་པ་དང་། དེའི་མདུན་དུ་རང་རེའི་བླ་མ་དག་ལ་ཁ་དག་འབུལ་བ་ལྟར་རིན་པོ་ཆེ་སྤྱན་སྔར་སྤུངས་པའི་ཚུལ་གསལ་པོར་འཁོད་འདུག་པས་བློ་ལྡན་དག་ཡིད་མགུ་བར་གྱུར་ཅིག
༤ ཕེབས་རྗེས་ཀྱི་ནང་འཁོར།
སྲོང་བཙན་བང་སོར་ཕེབས་པ་ན་བཙུན་མོ་རྣམ་གཉིས་ལ་ཡང་རིམས་ཀྱིས་ཐེབས་པས་ཕེབས་པར་སྨྲ་མ་དགོས་ལ། ནང་བློན་མང་པོ་ཡང་ཕེབས་པར་གསལ། དེ་ཡང་བཙུན་མོ་རྣམ་གཉིས་ཕེབས་པ་ནི། ཡིག་ཆ་དག་ཏུ་ལྷ་ལ་ཐིམས་པར་བཤད་པ་དང་འདིར་གསོན་དུར་དུ་གཤེགས་པ་གནད་གཅིག་ཏུ་སོང་བས། དེ་ལྟར་བཤད་པའི་ཡིག་ཆ་གང་ཇི་སྙེད་མཆིས་པ་རྣམས་འདིར་སྒྲུབ་བྱེད་ཡིན་ལ། མཁས་པ་ལྡེའུས་བཙུན་མོ་རྣམ་གཉིས་ལ་བང་སོ་མེད་པའི་རྒྱུ་མཚན་ལ། ལྷ་ལ་ཐིམས་པའི་རྒྱུ་མཚན་བཀོད་པ་དེ་ཡང་འདིར་མཚུངས། ཡང་ན་བཙུན་མོ་རྣམ་གཉིས་ལ་བང་སོ་མེད་པ་ནི་ཡིག་ཆ་དེས་གསལ་ལ། རྒྱུ་མཚན་ནི་སྲོང་བཙན་གྱི་བང་སོར་ཡབ་ཡུམ་གསུམ་ལྷན་དུ་གཤེགས་པས། བང་སོ་ལོགས་ཀ་མ་བྱུང་ཞེས་བསྙད་ན་དེ་བས་ཀྱང་རྒྱུ་མཚན་ཁ་གསལ་བ་ཡིན། དེ་བཞིན་དུ། ནང་བློན་གང་ཡིན་རྒྱལ་པོའི་བང་སོ་སྲུང་།། ཞེས་ཐང་ཡིག་ཏུ་གསལ་བས། སྲུང་ཚུལ་དེ་ཡང་སྒོ་སྲུང་ལྟ་བུར་མི་སེམས་པར་འདིར་རྒྱལ་པོའི་ནང་འཁོར་ལྟ་བུར་གོ་བ་བླངས་ན་ཆ་ཚང་བ་ཡིན། ཏུའུ་ཆིས་ནང་བློན་ཞིག་གིས་བང་སོ་བསྲུངས་ནས་ཡུན་རིང་སྡོད་ཅེས་བཤད་པའང་བང་སོ་ཀུན་ལ་མིན་པར་སེམས་ཤིང་། འདི་ལྟ་བུར་བསམ་ན་ཅུང་ཙམ་འཐད་དོ།། ནང་བློན་གཅིག་ཙམ་ཡང་མིན་ཏེ། འབྲོང་གཉན་ལྡེའུ་འཁོར་འབངས་བདུན་གཤེགས་པར་བཤད་མཛོད་ཡིད་བཞིན་ནོར་བུར་བཤད་ལ། སྟོབས་ཀྱི་རྒྱལ་པོ་ཁོང་ནི་འཁོར་འབངས་དེ་ལས་མང་བ་གཤེགས་པ་བཤད་ཅི་འཚལ།
དེ་ལྟར་རྒྱལ་པོ་སྲོང་བཙན་སྒམ་པོ་གསོན་དུར་དུ་གཤེགས་པའི་ཚེ་བང་སོ་སོགས་གྲ་སྒྲིག་གནང་བ་དང་། འབངས་དང་ཕྱིའི་རྒྱལ་ཁབ་ལ་ཇི་ལྟར་བསྒྲགས་པའི་ལས་མཛད་ཀྱི་གཙོ་བོ་ནི་ཡིག་ཆ་མང་པོར་བློན་པོ་སྣ་ཆེན་པོ་ཞེས་པ་དེ་ཡིན་པར་གསལ་ཡང་། སྣ་ཆེན་པོ་ནི་གཙོ་བོའི་དོན་དུ་ལི་ཤའི་གུར་ཁང་དུ་འགྲེལ་པ་ལྟར་ལགས་པས་ཁོང་གི་དངོས་མིང་མིན་ལ། དོན་དངོས་སུ་བློན་པོ་འདི་སུ་ཡིན་སྙམ་དུ་ཁོ་བོས་བཙལ་བ་ན། ད་རྒྱལ་མང་པོ་རྗེ་ཡིན་པའི་ཚིག་སྣེ་མངོན་ཏེ། མཁས་པའི་དགའ་སྟོན་དུ། དར་རྒྱལ་སྣ་ཆེན་པོ་ཁྱོད་ཅེས་པའི་ཚིག་ཐོན་འདུག་པས་སོ།། དར་རྒྱལ་འདི་ནི་བོད་ཀྱི་ཕྱི་རྒྱ་རླབས་ཀྱིས་གཅོད་པའི་མགར་ལྟར་གུང་བློན་མིན་པར། ནང་ཚིས་མཛངས་ཀྱིས་བགྱི་བའི་ནང་བློན་ཡིན་ཡང་། རྒྱལ་པོའི་བང་སོར་རྒྱལ་པོ་དང་ལྷན་དུ་གཤེགས་དགོས་པའི་ནང་བློན་དེ་འདྲ་ནི་མིན་པར་སེམས་ལ། ནང་བློན་ཞེས་ཐ་སྙད་འདྲ་བ་ལས་དེ་གཉིས་ལ་དོན་མི་འདྲ་བ་ཡོད་པར་ཁོ་བོས་འདོད་དོ།། གཞན་ཡང་། བློན་པོ་སྣ་ཆེན་པོ་ཐེམ་པ་ཁ་ན་རྐང་པ་ཕྱི་ན་བཞག ལག་པ་སྒོའི་སྐྱེས་བུ་གཉིས་ལ་བརྒྱངས། གློ་ལ་རལ་གྲི་བཏགས། མགོ་བོ་ནང་དུ་བཅུག་ནས་འདུག་པའི་ཚེ། རྒྱལ་པོ་ཞལ་ཕྱིར་ལོགས་མཛད་ནས། སོགས་བྲིས་ལ། མཁས་པ་རྣམས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་ཡབ་ཡུམ་ལྷ་ལ་ཐིམས་ཚར་རྗེས་ཀྱི་རྣམ་པ་བྲིས་པ་ཡིན་པས། རྒྱལ་པོ་ཞལ་ཕྱིར་ལོག་སོགས་འགལ་བ་ཡིན་མོད། བདག་གིས་ནི་འདིར་ཡང་། བཙན་པོ་བང་སོར་གཤེགས་ཟིན་ནས་དར་རྒྱལ་མང་པོ་རྗེ་ཕྱིར་ལོག་ཁའི་རྒྱལ་བློན་གདུང་སེམས་ཀྱིས་འབྲལ་མི་ཕོད་པའི་རྣམ་པ་ཡང་སྦ་མ་ཐུབ་པར་ཕྱིར་ཤོར་བ་ཡིན་ནམ་སྙམ་དུ་བསམ་ཡང་། སྒྲུང་གཏམ་འདྲེས་པར་དོགས་ནས་ཞིབ་པར་ནི་གླེང་མ་སྤོབས་ལགས་སོ།། འདི་ལྟར་བཅོས་མའི་ཁྲོད་ནས་བདེན་པ་རྣམས་ཤིན་ཏུ་ཉམ་ཆུང་བར་གནས་ཀྱང་། ད་དུང་ཡང་ཅུང་ཙམ་ལུས་པ་དེས། མདོ་མྱང་འདས་ཆེན་པོར། ཡུན་རིང་བ་དང་། ལག་བརྒྱུད་པའི་ཉེས་པས་ཚིག་དོན་ཕྱེད་ཕྱེད་ཙམ་དུ་གྱུར་པ་སྤྱོད་ཅིང་། མདོ་སྡེ་ལྷག་མ་ཆུང་ཤས་ཙམ་ཞིག་ལྡུས་པར་ཟད་དོ།། ཞེས་གདམས་པ་དེ་ཡང་ཡང་དྲན་དགོས་པ་ཞིག་བྱུང་སྟེ། ཆེད་དུ་དོན་འདི་ལ་གདམས་པ་ལྟ་བུར་འདུག་གོ།།
རྒྱུ་མཚན་དེ་དག་གི་གྲུབ་དོན་གླེང་བ།
གོང་དུ་བཤད་པའི་རྒྱུ་མཚན་དེ་དག་གིས་སྲོང་བཙན་སྔ་མོ་ནས་གསོན་དུར་ལ་གཤེགས་པར་གསལ་ཞིང་། དེ་ཉིད་དངོས་སུ་གྲོངས་པར་བསྒྲགས་པས་ཕོ་བྲང་ནང་འཁོར་ལས་གཞན་པའི་ཟིན་བྲིས་འདེབས་མཁན་ནམ་ཐོ་འགོད་མཁན་ཚོས་ལོ་དེ་དང་དེ་ལ་རྒྱལ་པོ་གཤེགས་ཞེས་བྲིས་ལ། འབངས་རྣམས་ཀྱིས་ཀྱང་དེ་ལྟར་འདོད་ཀྱང་ཡིག་ཆ་སོགས་ལ་བཀོད་མེད་པས་ཁོ་ཚོ་ཤི་བ་ན་ཁོ་ཚོའི་འདོད་ཚུལ་ཡང་ཤི་བར་གདོན་མི་ཟ། དེ་བས་གཞན་ནས་ཐོ་བཀོད་པའི་ཡིག་ཆ་ནི་རེ་ཞིག་འགྲིམ་འགྲུལ་སོགས་ཀྱིས་ནང་དུ་མ་སླེབས། བོད་རང་གི་སྐབས་དེའི་འབངས་རྣམས་ནི་ཤི་ནས་ཚར་བ་ན། སྲོང་བཙན་དགུང་ལོ་ཆུང་ངུའི་དུས་ནས་གཤེགས་སོ་ཞེས་པའི་བཤད་ཕྱོགས་དེ་ནི་བོད་རྒྱལ་ཁམས་ཆེན་པོར་རེ་ཞིག་ཡོངས་སུ་འཇགས་སོ།། དེ་ནས་མཁས་པ་རྣམས་བཙན་པོའི་གདུང་རྒྱུད་ཀྱི་ནང་འཁོར་ལྟ་བུར་གྱུར་ཅིང་། རྒྱལ་པོ་དག་གིས་ཀྱང་མཁས་པ་རྣམས་རང་གི་མཛུབ་སྟོན་མཁན་དང་དགེ་རྒན་ལྟ་བུར་བཀུར་བས་ཁོང་ཅག་གིས་སྲིད་གཞུང་ནང་འཁོར་ནས་ཐོ་གང་བཀོད་པའི་ཡིག་ཆ་མཐོང་ཐུབ་ཅིང་། དེ་ལ་བསྟེན་ནས་བསྟན་བཅོས་ཀྱང་རྩོམ་ཐུབ་པར་གྱུར། དེ་ནས་ཁོ་ཚོས་སྲོང་བཙན་སྒམ་པོ་གསོན་དུར་དུ་གཤེགས་པ་སོགས་རྒྱལ་པོའི་ཆེ་བ་བརྗོད་པར་མི་མཁོ་བ་རྣམས་བསྐྱུར་ནས་དགུང་ལོ་བརྒྱད་ཅུ་རྩ་གཉིས་ལ་བཞུགས་པ་སོགས་ཆེད་དུ་སློང་བར་བྱས་སོ།། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སྲོང་བཙན་དགུང་ལོ་བརྒྱད་ཅུར་བཞུགས་པར་འདོད་པ་ནི་རྒྱུད་ཀྱི་ལུང་དེ་ཁོ་ནར་བསྟེན་འདུག་ཅེས་བཀྱོན་པ་ནི་ཁོང་གི་ནོར་བ་ཆེ་སྟེ། ཉང་ཉི་མ་འོད་ཟེར་དང་། མཁས་པ་ལྡེའུ། ནེལ་པ་གྲགས་པ་སྨོན་ལམ་བློ་གྲོས་སོགས་ཀྱིས་དེ་ལྟར་བཞེད་ལ། རྒྱུད་དེ་ལ་བསྟེན་ནས་སྨྲ་མཁན་གྱི་ཐོག་མ་ནི་འགོའི་ལོ་ཙ་བ་དང་མཁས་པ་ལྷོ་བྲག་པ་གཉིས་ཡིན་པ་དེ་ཉིད་གཉིས་ཀྱི་གཞུང་གིས་ཤེས་པས་སོ།། དེ་གཉིས་ཀྱང་སྲོང་བཙན་བརྒྱད་ཅུ་གྱ་གཉིས་ལ་གཤེགས་པ་སྔར་ནས་ཐུགས་ལ་ཡོད་པ། ཕྱིས་ལུང་དེ་དང་འགྲིག་པར་མཐོང་ནས་དགའ་བ་ཡིན་གྱི། ལུང་དེས་འདས་ལོ་ཕར་བཅོས་པ་ནི་མིན་ནོ།། ལུང་དེ་ཁོ་ནར་བསྟེན་ནས་གཞི་མེད་ཀྱི་གཏམ་སྨྲ་མཁན་ནི་ཀྭ་ཐོག་ཚེ་དབང་ནོར་བུ་ཞུ་བ་དེ་ཡིན།
སྲོང་བཙན་བང་སོ་ནས་ཡུན་རིང་བཞུགས་པ་ནི་བང་སོ་ནམ་རྒྱུན་མཆོད་མཁན་རྣམས་ལ་གསལ་ཞིང་། ནམ་ཞིག་བང་སོར་མཆོད་པའི་མཆོད་རྫས་བཞེས་མཁན་མེད་པར་གྱུར་ཚེ། ཁོང་ཉིད་གཤེགས་པར་ཚོད་དཔོག་བགྱིད་ཐུབ་ཅིང་། ལོ་ཟླ་ཞག་གྲངས་དག་དག་ཅིག་ཀྱང་ཐོར་འགོད་མ་ཐུབ་པས་གྱ་གཉིས་ལ་བཞུགས། གྱ་ལྔར་བཞུགས་སོགས་མི་མཐུན་པ་བྱུང་བ་ཡིན་ནམ་སྙམ། ཇི་ལྟར་གཤེགས་པའི་ཚུལ་ནི་སུ་ལ་ཡང་གསལ་ཆ་མེད་དེ། གསོན་དུར་ལ་གཤེགས་ཕན་ཆད་སུ་ཡང་ཐུག་མི་ཆོག་པས་སོ།། དེ་བས་སྲོང་བཙན་དངོས་སུ་ཇི་ལྟར་གྲོངས་པ་ནི་སུ་ལ་ཡང་གསལ་ཆ་མེད་པས། མཁས་པ་ཚོས་བསྟན་བཅོས་ཀྱི་ཡན་ལག་རྫོགས་པ་དང་རྒྱལ་པོའི་ཆེ་བ་བརྗོད་པའི་ཕྱིར་གསོན་དུར་ལ་གཤེགས་པའི་ཚུལ་དེ་ཉིད་གཞི་བྱས་ནས་ལྷ་ལ་ཐིམས་སོ་ཞེས་པའི་ལོ་རྒྱུས་རྒྱས་པ་འདི་བྲིས་པར་གསལ། དེའི་རྒྱུ་མཚན་ནི། གོང་དུ་བཤད་པ་ལྟར་དངོས་སུ་གྲོངས་པའི་ཚུལ་སུ་ལ་ཡང་གསལ་ཆ་མེད་པས་ཡིག་ཆར་གང་ཡང་འབྲི་མི་ཐུབ་པ་དང་། མ་བྲིས་ན་གཞུང་ལ་ཆད་སྐྱོན་འབྱུང་བ་སོགས་ཀྱི་སྐྱོན་གནས་པ་དང་། གསོན་དུར་དུ་གཤེགས་ཚུལ་ཕོ་བྲང་ནང་འཁོར་དུ་གསལ་རྒྱས་སུ་ཡོད་ངེས་པ་དང་། ཡིག་ཆ་དག་ལས་ལྷ་ལ་ཐིམ་ཚུལ་བཤད་པ་དང་། གསོན་དུར་དུ་གཤེགས་ཚུལ་ལྟོ་སྦྱོར་ནུས་པ་དང་། ལྷ་ལ་ཐིམ་པར་བཤད་པའི་ཞར་ནས་གསོན་དུར་དུ་གཤེགས་པའི་ལོ་རྒྱུས་དངོས་སུ་ཤོར་འདུག་པ་དང་། དེ་ལས་ཀྱང་རྒྱུ་མཚན་གསལ་པོ་ཞིག་ནི། མཁས་པའི་དགའ་སྟོན་དུ། རྒྱལ་པོ་ལྷ་ལ་ཐིམས་པའི་ཚེ། བློན་པོ་མགར་རྒྱའི་སོ་ཁ་སྲུང་བའི་དམག་དཔོན་ལ་ཡོད་པ་ཕེབས་པར་བཤད་པ་འདི་ཡིན་ཏེ། མགར་ཕེབས་པ་དེ་སྲོང་བཙན་དགུང་ལོ་གྱ་གཉིས་སུ་བཞུགས་ནས་གཤེགས་པའི་སྐབས་དེ་ཡིན་ན་མི་འགྲིག་ཚུལ། སྲོང་བཙན་ཆུང་དུས་མགར་དང་ཐོན་མི་གཉིས་བྱིས་པ་ཡིན་ཚུལ་མཁས་པའི་དགའ་སྟོན་དང་ཀ་ཁོལ་མར་བཤད་པ་བདེན་ན་སྲོང་བཙན་གཤེགས་ཚེ་མགར་མཐའི་སོ་མཚམས་སྲོང་མཁན་དུ་མི་རུང་བ་སྨྲ་མ་དགོས་ཀྱང་། དེ་ནི་ཏུན་ཧོང་ཤོག་དྲིལ། p1287.0102 ལས་ཁྱུང་པོ་སྤུང་ཟད་ཟུ་ཙེ་འདས་པའི་འོག་ཏུ་མགར་གྱིས་བློན་བྱས་པར་གསལ་བས་ཅུང་མི་འགྲིག་ན་ཡང་། སྲོང་བཙན་གྱ་གཉིས་ལ་འདས་པའི་ཚེ་མགར་ཡང་ཅིས་ཀྱང་ཉི་མར་འདས་གནང་བའི་སྐབས་ནི་ཡིན་དགོས་ཏེ། རྗེ་ཡི་ནི་མཚན་ལ་འདྲི།། ཁྲི་ཡི་སྲོང་བཙན་ཞིག། བློན་གྱི་མིང་ཅན་ཞིག། སྟོང་བཙན་ནི་ཡུལ་བཟུང་ཞིག། ཅེས་སྲོང་བཙན་གྱིས་ཞང་ཞུང་བརླགས་པའི་ཚེ་བློན་གྱི་གཙོ་བོ་མགར་སྟོང་བཙན་ཡིན་པར་གསལ་བ་དང་། མང་སྲོང་ཁྲི་ལོ་བཅུ་བདུན་བར་མགར་བློན་གྱི་གཙོ་བོ་ཡིན་པ་དང་། གཤེགས་རྐྱེན་ཡང་འབྲས་ནད་ཡིན་པ་ལས་རྒས་ནས་གྲོངས་པ་མིན་པར་གསལ་བ་དང་། མ་འདས་པའི་ལོ་གོང་མར་འ་ཞར་བསྐྱོད་པ་ཏུན་ཧོང་ཡི་གེར་གསལ་བ་དང་། ལོ་དེར་བོད་དང་འ་ཞ་མ་འཆམ་པ་དགྱའི་ཡི་གེ་སྲིད་སྐྱོང་མེ་ལོང་དུ་འཁོད་པས། ཁོང་ཉིད་དམག་འཁྲུགས་ལ་ཕེབས་པ་ཡིན་ཚུལ་དེས་ར་འཕྲོད་པ་དང་། ལོ་རྗེས་མར་ཕྱིར་ལོག་པ་སོགས་ཀྱིས་སྐུ་ན་བགྲེས་བའི་ཚད་ལ་ཐོན་མེད་པར་ངེས་པ་འདི་ཡང་སྲོང་བཙན་གྱ་གཉིས་ལ་གཤེགས་སོ་ཞེས་ཕྱོགས་གཅིག་ཏུ་སྨྲ་མཁན་རྣམས་ལ་གནོད་བྱེད་ཀྱི་ཐོག་ཆེན་པོ་ཡིན་ནོ།། དེ་བས་ཅིས་ཀྱང་ལྷ་ལ་ཐིམ་པར་བཤད་པའི་ལོ་རྒྱུས་ཀྱི་གཞི་ནི་གསོན་དུར་གཤེགས་པ་ཉིད་ཡིན་འདུག
སྲོང་བཙན་རིམ་ནད་ཀྱིས་གསོན་དུར་དུ་གཤེགས་ཀྱང་། སྐབས་དེའི་ནད་ཡམས་དེ་ཙམ་གྱིས་ཞི་ཐུབ་པ་ཞིག་མ་ཡིན་པས། འབངས་ཕལ་བ་རྣམས་ནི་དེ་མུར་བསད་པར་སེམས་ཤིང་། ཕྱིས་ཀྱི་མང་སྲོང་ཁྲི་ལོ་ཉེར་གཉིས་པར། ནད་འབྲུམ་བུས་བསྙེངས་པར་ལོ་གཆིག ཅེས ཏུན་ཧོང་ཤོག་དྲིལ། S0750.0003 ལ་གསལ་བ་དང་། དེ་ནས་ལོ་འགའ་ཞིག་གི་སྔོན་ལ་མགར་ཡང་འབྲས་ནད་ཅིག་གིས་གྲོངས་པར་བཤད་པས་སོ།། ནད་དེ་དག་སྒོ་གཅིག་པའམ་རིགས་གཅིག་པ་ཡིན་པ་ནི། སྲོང་བཙན་ལ་རིམས་ཀྱི་ཐེབ་ཚུལ་ལུང་གསལ་ཁ་ཅན་སྔར་དྲངས་ཟིན་ལ། མགར་དང་མང་སྲོང་གི་ནད་ནི་འབྲུམ་བུ་ཡིན་པ་གསལ་བས། རིམས་ནི་ནད་ཀྱི་བྱེ་བྲག་ཅིག་ཡིན་ལ། འབྲུམ་བུ་ནི་དེའི་ནང་གསེས་ཡིན་ཚུལ། བཤད་རྒྱུད་དུ། རིམས་ལ་བལ་ནད་རྒྱུ་གསེར་འབྲུམ་པ་དང་།། གག་ལྷོག་ཆམ་པའི་ནད་དང་རྣམ་པ་ལྔ།། ཞེས་གསུངས་པས་ཤེས་ནུས་སོ།། དེ་ལྟར་སྒོ་དུ་མ་ནས་བསམ་ན་ཕྱོགས་གཅིག་ཁོ་ནར་བཟུང་ན་ནི་ལུང་རིགས་གཉིས་ཀས་གནོད་པས། དབུས་ཀྱི་ལམ་ཞིག་འཚོལ་དགོས་པ་ནི་སྨྲ་མ་དགོས་ལ། དེ་ཡང་མཐའ་གཞན་བཀག་པའི་རིགས་པས་འདི་ཁོ་ནར་ངེས་སོ།།
འོ་ན། གོང་དུ་ཀོང་ཇོ་སྲོང་བཙན་དང་ལྷན་དུ་གཤེགས་ཞེས་བསྒྲགས་པ་དེ། སྲོང་བཙན་གསོན་དུར་ལ་གཤེགས་པའི་སྐབས་ཡིན་དགོས་ལ། དེ་ལྟར་ན། ཏུན་ཧོང་ཤོག་དྲིལ་དུ་ཀོང་ཇོ་འདུས་སྲོང་ཁྲི་ལོ་དྲུག་པར་འདང་བཏང་བར་བཤད་པ་དང་། དེབ་དམར་ནང་གི་དགྱའི་ཡིག་ཆ་དེར་ཀོང་ཅོ་བོད་དུ་ལོ་བཞི་བཅུར་བསྡད་དེ་ལྕགས་འབྲུག་ལ་འདས་པར་བཤད་པ་སོགས་དང་ཤིན་ཏུ་འགལ་ལོ་སྙམ་ན། ཀོང་ཇོ་བོད་དུ་ཕེབས་པ་ནི་ཆབ་སྲིད་ཀྱི་དགོས་པ་སྐོར་ཞིག་གི་ཆེད་ཡིན་ལ། མོ་རང་གྲོངས་པ་དང་དེ་བསྒྲགས་པའང་ཅིས་ཀྱང་ཆབ་སྲིད་ཀྱི་དགོས་པའི་ལམ་ན་གནས་ཡོད་པ་ཞིག་ཡིན་ངེས། དེ་བས་རྒྱ་ནག་དབང་བསྒྱུར་སོགས་དགོས་པ་གཞན་གྱི་དབང་གིས་གསོན་དུར་ལ་གཤེགས་པའི་ཚེ་ཤི་སྐད་མ་བསྒྲགས་པར། ཕྱིས་སུ་དངོས་གནས་དེ་ཙམ་གྱིས་ཤི་སོང་བའམ། གསོན་དུར་ལ་སོང་ནས་མེད་པར་གྱུར་པའི་གསང་བ་དེ་ཙམ་གྱིས་བརྟོལ་ཏེ་ཐོ་དེ་ལྟར་བརྒྱབས་པར་ངེས་སོ།། ཤིན་ཏུ་སྤྲོས་པས་ཆོག་གོ།
གངས་ཅན་འདི་ན་ཆོས་སྲིད་ལེགས་དགུའི་དཔལ།།
ཐོག་མར་འདྲེན་མཁས་མེས་པོ་སྲོང་བཙན་གྱི།།
འཁྲུངས་འདས་དགུང་གྲངས་ཚད་ལ་ལེགས་བཤད་འདི།།
ཡོ་སྲིང་མེད་པ་གཟུར་གནས་ཚངས་ཐིག་ཡིན།།
རྣམ་དཔྱོད་འགྲན་གྱི་དོ་མེད་མཁས་པ་བརྒྱས།།
ཡང་ཡང་དཔྱད་ཀྱང་ཕྱོགས་སུ་མ་ཕྱིན་ཡང་།།
བློ་ཆུང་བདག་གིས་ཡུད་ཙམ་གཞིག་པས་ཀྱང་།།
དོན་གྱི་གཤིས་ལ་ཕྱིན་དེ་ངོ་མཚར་གནས།།
སྔོན་མེད་ལེགས་བཤད་ཡིན་ཡང་འདི་གཅིག་པུས།།
མཁས་མཆོག་རྣམས་ཀྱི་ལེགས་བཤད་བརྒྱ་སྟོང་ལ།།
བདོ་བའི་རེ་བ་ཁོང་ན་མ་མཆིས་ཀྱང་།།
དབུལ་ཕྱུག་ཁྱད་ཀྱང་རང་རང་ནོམ་ལ་གཙིགས།།
ཞེས་པ་འདི་ཡང་བོད་ཀྱི་རིག་གཞུང་ལ་འཇུག་པ་ཀུན་དགའ་དོན་གྲུབ་ཀྱིས་དབའ་བཞེད་ལ་དཔྱད་པའི་སྐབས་ཟུར་ནས་ཐོན་པའི་གཏམ་སྟེ། ༢༠༢༠/༠༨/༠༡ ལ་དག་བཅོས་དང་བཅས་གྲུབ་པ་འདིས་ཀྱང་བོད་ཀྱི་རིག་གཞུང་གི་རྒྱུན་དང་དྭངས་གཙང་ལ་སྨན་པར་གྱུར་ཅིག་གུ།
– – – – –