འཕགས་པ་ལྷས་མཛད་པའི་བཞི་བརྒྱ་པར་རགས་ཙམ་དཔྱད་པ།

0
1104

༡ སློབ་དཔོན་ཨཱརྱ་དེ་བའི་རྣམ་ཐར།

སིངྒ་ལ་རུ་རྒྱལ་པོའི་རིགས་སུ་འཁྲུངས། །
འཕགས་པས་རྗེས་བཟུང་ཐེག་ཆེན་བསྟན་པ་སྤེལ། །
རྒོལ་ངན་ཚར་བཅད་འཁོར་སློབ་མང་དུ་བསྐྱངས། །
མདོ་སྔགས་གཞུང་མཛད་འཕགས་པ་ལྷ་ལ་འདུད། །

ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ཨཱརྱ་དེ་ཝ་ (आर्यदेवः) (Aryadeva) དང་། རྒྱའི་སྐད་དུ། (聖天) བོད་སྐད་ཀྱི་མཚན་ལ་འཕགས་པ་ལྷ་ཞེས་ཞུ་ཞིང་། རྒྱལ་བས་ལུང་བསྟན་པ་ལྟར། དུས་རབས་གཉིས་པར་སིངྒ་ལའི་རྒྱལ་པོ་པཉྩ་ཤྲི་གའི་སྲས་སུ་འཁྲུངས། མཁན་པོ་ཧེ་མ་དེ་བ་ལས་རབ་ཏུ་བྱུང་བས་ཨཱརྱ་དེ་ཝ་ཞེས་མཚན་གསོལ་ཞིང་བསྙེན་པར་རྫོགས། འཕགས་པའི་ས་ཐོབ་པས་འཕགས་པ་ལྷ་ཞེས་གྲགས། མགོན་པོ་ཀླུ་སྒྲུབ་བླ་མའི་གཙོ་བོར་བསྟེན་ནས་སྡེ་སྣོད་གསུམ་ལ་མཁས་པར་གྱུར། ས་བརྒྱད་པ་དང་མཆོག་གི་དངོས་གྲུབ་ཐོབ་པས། གྲུབ་པ་ལ་གཤེགས་པའི་མཚན་ལ་ཀརྣ་རི་པ་ཞེས་གྲགས། གདན་ས་དཔལ་ནཱ་ལེནྡྲ་དང་། ལྷོ་ཕྱོགས་དཔལ་རི་སོགས་སུ་མཛད་དེ་མུ་སྟེགས་རྟ་དབྱངས་སོགས་རིགས་པས་ཚར་བཅད་པ་དང་། རྨོངས་པ་བཏུལ་ནས་ནང་པར་བཅུག་སྟེ་ཐེག་ཆེན་གྱི་བསྟན་པ་སྤེལ་བ། དམངས་རིགས་སྒྲ་གཅན་འཛིན་བཟང་པོ་སོགས་འཁོར་སློབ་མང་དུ་བསྐྱངས་པ། མདོ་སྔགས་ཀྱི་གཞུང་མང་དུ་བརྩམས་པ་བཅས་མཛད་པ་གཙོ་བོ་ཆེན་པོ་བཞི་བསྐྱངས་ཤིང་། ཤིང་གི་ལྷ་ལས་ཡོ་བྱད་བླངས་ནས་གནོད་སྦྱིན་མོ་སྐལ་བ་བཟང་མོས་འཚོ་བ་སྦྱར་ཏེ་ཐེག་ཆེན་གྱི་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། གཞུང་སྤྱིའི་དབུ་མར་གྲགས་ཤིང་། དབུ་མ་བཞི་བརྒྱ་པ་སྤྱོད་བསྡུས་སོགས་ལེགས་བཤད་ཀྱི་བསྟན་བཅོས་ ༣༢ མཛད། རྒྱན་དྲུག་མཆོག་གཉིས་ལས་གཉིས་པ་དབུ་མའི་རྒྱན་དང་། པཎ་གྲུབ་བཅུ་བདུན་ལས་གཉིས་པ་བཅས་སོ།།

༢ བཞི་བརྒྱ་པའི་མཚན་དང་གཞུང་ཚད་སྐོར།

དེ་ཡང་གཉན་མགོན་སྤྲུལ་སྐུ་གསུང་རབ་ (1903-1957) པས་མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[1]

དེ་ཡི་ཟབ་དོན་ལེགས་བཤད་ག་བུར་ཟེར། །སྙིང་དབུས་ཀུནྡའི་ཟེའུ་འབྲུར་སྨིན་པ་ལས། །
མ་ཁོལ་ལྟ་གྲུབ་དབང་མེད་འདོར་བ་ཡི། །ཡུམ་དོན་དྲི་བསུང་སྟེར་བའི་འཕགས་པ་ལྷ། །

ཞེས་གསུངས་པ་ལྟར་སློབ་དཔོན་འཕགས་པ་ལྷས་ཡི་གེ་བརྒྱ་པ་མཛད་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ལྟར་སློབ་དཔོན་ཨཱརྱ་དེ་ཝས་སྐུ་ཚེའི་ནང་རླབས་ཆེན་གྱི་བསྟན་འགྲོའི་མཛད་བཟང་ཆེན་པོ་བཞི་བསྐྱངས་པ་སྟེ། ཐེག་ཆེན་གྱི་བསྟན་པ་དར་སྤེལ་མཛད་པ་དང་། ཕྱི་རོལ་མུ་སྟེགས་པ་དུ་མ་ཚར་བཅད་པ། རྗེས་འཇུག་གི་སློབ་མ་མང་དུ་བསྐྱངས་པ། མདོ་སྔགས་ཀྱི་གཞུང་ལུགས་དུ་མ་མཛད་པ་བཅས་ལས་སློབ་དཔོན་འདིས་མདོ་སྔགས་གཉིས་ལས་སྔགས་ཀྱི་གཞུང་ལུགས་ཁག་ ༢༣ དང་། དབུ་མའི་གཞུང་ལུགས་ ༨ གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིགས་སུ་བཅད་པ་ཆེན་པོ་བཅས་ཁྱོན་བསྡོམས་བསྟན་བཅོས་ ༣༢ མཛད་པའི་ཁྲོད་ནས་སྙན་གྲགས་ཆེ་བ་གཅིག་ནི་དབུ་མ་བཞི་བརྒྱ་པ་ཡིན་ལ། བསྟན་བཅོས་དེ་དག་གི་དཀར་ཆག་ཞིབ་ཕྲ་ཟུར་དུ་བྱས་པ་དེར་གཟིགས་པར་ཞུ།

བསྟན་བཅོས་བཞི་བརྒྱ་པའི་མཚན་དང་གཞུང་ཚད་ཇི་ལྟ་བུ་སྙམ་ན། དེ་ཡང་རྒྱལ་ཚབ་དར་མ་རིན་ཆེན་ (1364-1432) གྱིས་མཛད་པའི་བཞི་བརྒྱ་པའི་རྣམ་བཤད་ལེགས་བཤད་སྙིང་པོ་ལས[2]། དེ་ལ་འདིར་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པ་འདི་ལ་དོན་བཞི་སྟེ། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན་དང༌། མཇུག་གི་དོན་ནོ། །དང་པོ་ནི། རྒྱ་གར་གྱི་སྐད་དུ། ཙ་ཏུཿཤ་ཏ་ཀ་ནི་བོད་ཀྱི་སྐད་དུ་བཞི་བརྒྱ་པ་དང་། ཤ་སྟྲ་ནི་བསྟན་བཅོས་ཞེས་པ་དང༌། ཀ་རི་ཀ་ནི་ཚིག་ལེའུར་བྱས་པ་དང་། ནཱ་མ་ནི་ཞེས་བྱ་བའོ། །བསྟན་བཅོས་འདི་ལ་ལེའུ་བཅུ་དྲུག་པོ་རེ་རེ་ལ་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་རེ་ཡོད་ལ། ཚིགས་བཅད་རེ་རེས་ཀྱང་ཕལ་ཆེར་དོན་ཚན་རྫོགས་པ་རེ་སྟོན་ཅིང༌། ཚིགས་བཅད་བཞི་བརྒྱ་ཡོད་པས་ན་བཞི་བརྒྱ་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ།།

༣ དབུ་མ་བཞི་བརྒྱ་པའི་བརྗོད་བྱ།

དབུ་མ་བཞི་བརྒྱ་པའི་བརྗོད་བྱ་གང་ཡིན་ཞེ་ན། དཔལ་ལྡན་ཟླ་བ་གྲགས་པས་ (600-650) མཛད་པའི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་ལས[3]། འདིར་སློབ་དཔོན་འཕགས་པ་ལྷས་ཉེ་བར་སྦྱར་བ་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་བསྟན་བཅོས་ཀྱི་རབ་ཏུ་བྱེད་པ་བཅུ་དྲུག་གི་ཚིག་ལེའུར་བྱས་པའི་དོན་འགྲེལ་པ་གཅིག་གིས་རྣམ་པར་དབྱེ་བར་འདོད་པས་དེའི་སྤྱི་དོན་ཉེ་བར་བསྟན་པའི་ཕྱིར་བཤད་པ།

གང་ལས་འཇིག་རྟེན་པའི་དངོས་པོ་ཇི་ལྟར་གནས་པ་བཞིན། །
རྣམ་པར་ཕྱེ་ནས་རིམ་གྱིས་དོན་དམ་སྟོན་གྱུར་པ། །

དེ་ལ་རབ་ཏུ་བྱེད་པ་དང་པོ་བཞིས་ནི་འཇིག་རྟེན་པའི་དངོས་པོ་ཇི་ལྟར་གནས་པ་ཡོངས་སུ་གསལ་བར་བྱ་སྟེ། འདི་ལྟར་གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་དག་ནི་རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བ་ཡིན་ལ་དེ་དག་ཀྱང་སྐྱེ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་ན་མི་རྟག་པའོ། །གང་དག་མི་རྟག་པ་དེ་དག་གདོན་མི་ཟ་བར་མི་རྟག་པ་ཉིད་ཀྱིས་གནོད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་སྡུག་བསྔལ་བའོ། །གང་དག་སྡུག་བསྔལ་བ་དེ་དག་ནི་རྟག་ཏུ་སྐྱོ་བ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་མི་གཙང་བའོ། །གང་དག་མི་གཙང་བ་དེ་དག་ནི་དོར་བར་བྱ་བ་ཉིད་ཀྱིས་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པས་ཡོངས་སུ་གཟུང་བར་མི་འོས་པ་ཉིད་ཀྱི་ཕྱིར་བདག་མེད་པའོ། །དེའི་ཕྱིར་འཇིག་རྟེན་པའི་དངོས་པོ་དེ་ལྟ་བུ་འདི་ཕྱིན་ཅི་ལོག་ལས་རྣམ་པ་གཞན་དུ་སྣང་བས་གདོན་མི་ཟ་བར་འདི་སྤང་བར་བྱ་བ་ཉིད་དུ་མངོན་པར་གསལ་བར་བྱས་ནས་སངས་རྒྱས་ཉིད་བླང་བར་བྱ་བ་ཉིད་ཡིན་ནོ། །དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་པར་བསྟན་པས་འཐོབ་པའི་ཕྱིར་ལྔ་པས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་ཏོ། །ཉོན་མོངས་པས་ཟིལ་གྱིས་མནན་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་བར་དུ་གཅོད་པར་བྱེད་པ་ཡིན་པས་ན་དྲུག་པས་ཉོན་མོངས་པ་དཔྱད་དོ། །བདུན་པས་ནི་ཡུལ་རྣམས་ཉོན་མོངས་པ་རྣམས་སྐྱེ་བ་དང་གནས་པ་དང་འཕེལ་བའི་རྒྱུ་ཡིན་པས་ཡུལ་དཔྱད་དོ། །ཡུལ་དེ་དག་ཀྱང་སེམས་ཅན་ཆོས་ཀྱི་རང་བཞིན་མ་རྟོགས་ཤིང་ཡུལ་རྣམས་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་ལྡན་པ་རྣམས་ལ་ཉོན་མོངས་པ་སྐྱེ་བའི་རྒྱུ་ཡིན་པས་བསྟན་བཅོས་འདི་ལས་དོན་དམ་པ་བསྟན་པ་དེ་ལ་ཆོས་ཀྱི་རང་བཞིན་རྣམ་པར་བཤད་པ་ཉན་པར་འདོད་པའི་སློབ་མའི་སེམས་ཀྱི་རྒྱུད་ལས་སུ་རུང་བར་བྱ་བའི་ཕྱིར། བརྒྱད་པ་ཡོངས་སུ་སྦྱོང་བའི་རབ་ཏུ་བྱེད་པའོ། །དེའི་འོག་ཏུ་རབ་ཏུ་བྱེད་པ་བརྒྱད་ཀྱིས་ཆོས་རྣམས་ཀྱི་རང་བཞིན་མེད་པ་ཉིད་བསྟན་ཏོ་ཞེས་བྱ་བ་ནི་བསྟན་བཅོས་བཞི་བརྒྱ་པའི་བསྡུས་པའི་དོན་ཏོ། །ཞེས་གསུངས་སོ།།

དེ་བཞིན་མཁས་གྲུབ་དགེ་ལེགས་དཔལ་བཟང་ (1385-1438) མཆོག་གིས་མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས[4]། འཕགས་པ་ལྷས་བཞི་བརྒྱ་པ་མཛད་དེ། རབ་བྱེད་བཅུ་དྲུག་གི་དང་པོ་བརྒྱད་ཀྱིས་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་ལམ་གྱི་རིམ་པ་དང་། ཆེན་པོའི་བྱང་ཆུབ་སེམས་སྦྱོང་གི་རིམ་པ་ཡན་ཆད་སྟོན་ཅིང་། དགུ་པ་མན་གྱིས་བདག་མེད་གཉིས་རིགས་པས་རྒྱས་པར་གཏན་ལ་འབེབས་སོ། །དེ་ལ་སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པ་རང་འགྲེལ་དང་བཅས་པ་མཛད་དེ། ཆོས་དང་གང་ཟག་གི་བདག་མེད་གཉིས་རིགས་པས་རྒྱས་པར་སྟོན་ཅིང་ཐབས་ཀྱི་ཆ་ཡང་སྟོན་ནོ། །རྩ་འགྲེལ་གཉིས་ཀ་ལ་ནག་ཚོའི་འགྱུར་ཡོད་ཅིང་། པ་ཚབ་ཀྱི་ཡང་གཉིས་ཀ་ལ་ཡོད་དོ། །གཙང་ནག་པས་ཚིག་རྐང་ཐུང་དུ་བཏང་ནས། ཚིག་བདེར་བཏང་བ་ཞིག་ཡོད་པ་ལ་ཅི་རིགས་ཤིག་ནག་ཚོའི་འགྱུར་ཡིན་ཟེར་བར་སྣང་ངོ་། །ཞེས་གསུངས་པ་ལྟར་རོ།།

༤ བཞི་བརྒྱ་པ་ཡུལ་གང་དུ་མཛད་མིན།

དེ་ཡང་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་སརྒ་ལས[5]

དེས་གསུངས་གཞི་ལམ་འབྲས་བུའི་དབུ་མའི་དོན། །སྣོད་ལྡན་མཁས་པའི་སྐྱེ་བོ་དུ་མ་ལ། །
རྒྱ་ཆེར་སྤེལ་མཛད་ཨརྱ་དེ་ཝའི་ཞབས། །རྗེས་འབྲངས་བཅས་ལ་གུས་པས་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་དབུ་མ་བཞི་བརྒྱ་པ་ཡུལ་གང་དུ་མཛད་ཅེ་ན། སློབ་དཔོན་ཨརྱ་དེ་ཝའི་དབུ་མའི་གཞུང་ཡི་གེ་བརྒྱ་པ་ལྗགས་རྩོམ་མཛད་ཡུལ་ནི། ཐང་སན་བླ་མས་ (603-664) མཛད་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ལས[6]། དེ་ནས་ཤར་ལྷོའི་མཚམས་སུ་རྒྱང་གྲགས་བདུན་བརྒྱ་ཙམ་གྱི་སར་གངྒཱ་བརྒལ་ནས་ཆུ་བོ་ཡ་མུ་ནའི་ཚུ་རོལ་ན་བྷ་ར་ན་ག་ཟེར་བའི་ཡུལ་ཡོད། དེའི་ཐ་གྲུར་རྒྱང་གྲགས་ལྔ་སྟོང་ལྷག་དབུས་མཁར་ཆེན་པོའི་ཁོར་ཡུག་ཏུ་ལེ་བར་ཉི་ཤུ་ལྷག་གངྒཱ་དང་ཡ་མུ་ན་སྟེ་ཆུ་ཀླུང་ཆེན་པོ་གཉིས་ལ་མཐའ་གཉིས་བརྟེན་པ། ནམ་དུས་དང་ས་གཞི་མི་སོགས་ཡུལ་སྔ་མ་གཉིས་དང་འདྲའོ། །ཁྱད་པར་ཅུང་མི་འདྲ་བ་ནི་ཕྱི་པ་ལ་དད། གཙུག་ལག་ཁང་གཉིས་དགེ་འདུན་ཉུང་ཞིང་ཐེག་དམན་པ་ཁོ་ན་ཡིན། ཕྱི་པའི་ལྷ་ཁང་བརྒྱ་ཕྲག་དུ་མ་ལ་ཕྱི་རོལ་པ་ལུགས་སྣ་ཚོགས་པ་མང་པོ་མཆིས་སོ། །གྲོང་ཁྱེར་གྱི་ལྷོ་ནུབ་མཚམས་སུ་ཙམ་པ་ཀའི་ཚལ་ཆེན་པོ་དེ་སྔོན་སྟོན་པས་མུ་སྟེགས་པའི་སྟོན་པ་དྲུག་བཏུལ་བའི་གནས་ཏེ། རྒྱལ་པོ་ཨ་ཤོ་ཀས་བཞེངས་པའི་མཆོད་རྟེན་ནང་དུ་སྟོན་པའི་དབུ་སྐྲ་དང་ཕྱག་སེན་བཞུགས་ཡོད། གཙུག་ལག་ཁང་རྙིང་པ་ཞིག་ཡོད་པ་སྔོན་ཨརྱ་དེ་བས་ (དབུ་མའི་གཞུང་) ཡི་གེ་བརྒྱ་པ་ཞེས་བྱ་བའི་བསྟན་བཅོས་མཛད་དེ་ཐེག་དམན་སུན་ཕྱུང་སྟེ་མུ་སྟེགས་པ་ཚར་བཅད་པའི་གནས་ཡིན།

དེའི་ལོ་རྒྱུས་ནི། སྔོན་སློབ་དཔོན་ཨརྱ་དེ་བ་ཐོག་མར་ཡུལ་སིངྒྷ་ལ་ནས་འདིར་ཕེབས། དེ་དུས་ཕྱི་རོལ་པ་རིག་གནས་ཆེན་པོ་ལ་མཁས་པ་ཞིག་གིས་དགེ་འདུན་གྱི་འདུ་སྒོ་ཕྲོག་སྟེ་གཎྜི་མ་བརྡུངས་པར་ཆོས་སྟོན་གསོལ་བ་གཟིགས་ནས་རྒྱུ་མཚན་དྲིས་པར་ཚུལ་དེ་བཤད་པས། ཨརྱ་དེ་བ་ཁང་བརྩེགས་ཀྱི་སྟེང་དུ་ཕེབས་ཏེ་གཎྜི་བརྡུངས་པར་མུ་སྟེགས་པས་ཁྱོད་སུ་ཡིན་ཞེས་དྲིས་པར། ལན་ལ་ལྷའོ། །ལྷ་སུ་ཡིན། ལན་ལ་ངའོ། །ང་སུ་ཡིན། ལན་ལ་ཁྱིའོ། །ཁྱི་སུ་ཡིན། ལན་ལ་ཁྱོད་དོ། །ཁྱོད་སུ་ཡིན། ལན་ལ་ལྷའོ། །ལྷ་སུ་ཡིན། ལན་ལ་ངའོ། །ང་སུ་ཡིན་ཁྱིའོ། །དེ་བཞིན་དུ་ཁྱི་སུ་ཡིན། ཁྱོད་དོ། །ཁྱོད་སུ་ཡིན། ལྷའོ། །ལྷ་སུ་ཡིན། དེ་ལྟར་རྒྱུན་མར་དྲི་བ་དྲི་ལན་བྱས་པས་ཕྱི་པ་སྤོབས་པ་མེད་པར་གྱུར་ནས་ཕམ་པ་ཁས་བླངས་ཏེ་རྟོགས་པ་སྐྱེས་སོ། །ཞེས་གསུངས་པ་ལྟར། དབུ་མའི་གཞུང་ཡི་གེ་བརྒྱ་པ་མཛད་ཡུལ་ལྷོ་ཕྱོགས་སུ་མིན་པར་གངྒཱ་དང་ཡ་མུ་ནའི་ཆུ་ཀླུང་ཆེན་པོ་གཉིས་རྒྱུག་ཡུལ་དབུས་ཕྱོགས་སུ་ཡིན་པར་གསུངས་ལ། ཀུ་མ་ར་ཛི་བས་ (344-413) རྒྱ་ཡིག་ཏུ་བསྒྱུར་བའི་སློབ་དཔོན་ཨཱརྱ་དེ་ཝའི་བྱུང་བ་བརྗོད་པ་ལས་འཆད་འགྱུར་ལྟར་རྒྱ་གར་ལྷོ་ཕྱོགས་སུ་མྱ་ངན་ལས་འདའ་ཁར་མཛད་པར་གསུངས་པས་རྒྱའི་ཡིག་ཆ་དེ་གཉིས་ནང་ཡི་གེ་བརྒྱ་པ་མཛད་ཡུལ་ལ་བཞེད་པ་མི་མཐུན་པས་དཔྱད་དགོས་ལ། སློབ་དཔོན་ཨཱརྱ་དེ་ཝས་མཛད་པའི་དབུ་མའི་གཞུང་ཆུང་ཞེས་པ་ནི་སློབ་དཔོན་འདི་ཉིད་ཀྱི་གསུང་མིན་པའི་སྐོར་རྣམས་དཔྱད་པ་ཟུར་དུ་བྱས་ཡོད་པ་དེར་གཟིགས་པར་འཚལ་ལོ།།

༥ དབུ་མ་བཞི་བརྒྱ་པ་ཇི་ལྟར་མཛད་ཚུལ།

དེ་ཡང་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ (1883-1937)  མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་པཎ་གྲུབ་ཆེན་པོ་འགའ་ཞིག་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་ཕུལ་བྱུང་དོན་ལྡན་ལས[7]

མཁས་བཙུན་བཟང་གྲུབ་གངས་རིར་གནས་བཅས་ཤིང་། །
འཆད་རྩོད་རྩོམ་པའི་གད་བརྒྱངས་གསང་མཐོར་སྒྲོག །
འཛིན་སྐྱོང་སྤེལ་བའི་རལ་ཁུར་མངོན་པར་བརྗིད། །
ཨཱརྱ་དེ་ཝའི་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། མཁས་བཙུན་བཟང་གསུམ་ལྡན་པའི་སློབ་དཔོན་འཕགས་པ་ལྷས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལས། དབུ་མ་བཞི་བརྒྱ་པ་མཛད་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་ཡང་ཀུ་མ་ར་ཛི་བས་ (344-413) རྒྱ་ཡིག་ཏུ་བསྒྱུར་བའི་སློབ་དཔོན་ཨཱརྱ་དེ་ཝའི་བྱུང་བ་བརྗོད་པ་ལས[8]། སློབ་མ་མང་དུ་སྐྱོང་བཞིན་ཐེག་ཆེན་གྱི་བསྟན་པ་སྤེལ་བར་དགོངས་ནས་སླར་ཡང་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་པ་ན། སློབ་དཔོན་ཀླུ་སྒྲུབ་སྐུ་གཤེགས་ནས་མི་བཞུགས་པ་དང་། དེ་གའི་རྒྱལ་པོ་ཞིག་ཕྱི་རོལ་པའི་ཆོས་ལ་དད་པ་དེའང་སློབ་དཔོན་འདི་ཆེད་དུ་བྱོན་ནས་ནང་པའི་ཆོས་ལ་བཀོད། སློབ་དཔོན་དགུང་ལོ་མཐོན་པོར་སླེབས་སྐབས་རི་ཁྲོད་ཀྱི་དབེན་གནས་སུ་བཞུགས་ནས་གསུང་རྩོམ་མཛད་ཅིང་ཐེག་ཆེན་སྤེལ། སློབ་དཔོན་འདིས་སྐུ་ཚེ་གང་པོར་ཕྱི་རོལ་པ་རྩོད་པས་ཚར་བཅད་ཅིང་། ཚེ་མཇུག་ཏུ་ཡང་ཕྱི་རོལ་པའི་ལྟ་བ་སུན་འབྱིན་པའི་གསུང་རྩོམ་མང་དུ་མཛད། ཕྱི་རོལ་པ་སེམས་ཁོང་ཤིན་ཏུ་དོག་པ་ཞིག་གིས་སློབ་དཔོན་འདིས་ཕྱི་རོལ་པ་མང་པོ་རྩོད་པས་ཕམ་པ་ལ་མ་བཟོད་པར་འཁོན་ལན་བསློག་པར་འདོད་ནས། དེ་ཝ་ཁྱོད་ཀྱིས་ཁ་ལྕེའི་སྒོ་ནས་ཁོ་བོ་ཅག་ལས་རྒྱལ་ན་ཁོ་བོས་རལ་གྲིའི་སྒོ་ནས་ཁྱོད་ལས་རྒྱལ་བར་བྱེད་ཅེས་དམ་བཅས་སོ།།

དེ་ནས་ལན་མང་པོར་སློབ་དཔོན་དགྲོང་བའི་སྦྱོར་བ་བརྩམས་ཀྱང་དྲུང་ན་སློབ་མ་མང་བས་གླགས་མ་རྙེད། ཉིན་ཞིག་སློབ་དཔོན་ཤིང་གི་དྲུང་དུ་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པའི་ཚེ་ཕྱི་རོལ་པས་བསྒུགས་ནས་སློབ་དཔོན་གྱི་དྲུང་དུ་སོང་ནས། ཨརྱ་དེ་ཝ་ཁྱོད་ཀྱིས་ཤེས་སམ། ངས་ཁྱོད་ལ་བསྒུགས་ནས་ཡུན་རིང་སོང་། སྔོན་ཆད་ཁྱོད་ཀྱི་ཁ་ལྕེ་ཡིས་ཁོ་བོའི་སློབ་དཔོན་དག་ལས་རྒྱལ། དེ་རིང་ཁྱོད་ཀྱི་ལྟོ་བ་གཤགས་ནས་སུ་ངར་བལྟ་ཟེར་ནས་སློབ་དཔོན་ལ་གྲི་བརྒྱབ་བོ། །གྲི་བརྒྱབ་རྗེས་སློབ་དཔོན་རེ་ཞིག་གི་བར་དུ་བསྲན་ནས་བསྡད་ཅིང་། གྲི་རྒྱག་མཁན་ལ་ཁོང་ཁྲོ་མི་ལང་བར་མ་ཟད། མི་འོས་པའི་སྤྱོད་པར་སྙིང་རྗེ་དྲག་པོ་སྐྱེས་ནས། གཞོན་ནུ་ཉོན་ཅིག །གཞུང་ལུགས་སྟེང་གི་རྩོད་པ་ནི་ཡིན་མིན་གྱི་ཤན་འབྱེད་པ་ལས། མཚོན་གྱིས་རྒོལ་ག་ལ་རུང་། ཁྱོད་ཀྱིས་ཁོ་བོའི་ལུས་བརླགས་ཀྱང་སངས་རྒྱས་ཀྱི་ཆོས་བརླག་པར་མི་ནུས། གཏི་མུག་གིས་ཁྱོད་ཀྱི་དྲན་རིག་བརླགས་ནས་འོས་མིན་གྱི་བྱ་བ་འདི་བྱས་པ་རེད། ཁོ་བོ་ཁྱོད་ལ་ཁོང་ཁྲོ་མི་ལང་ཁྱོད་མྱུར་དུ་ཐག་རིང་དུ་བྲོས་ཤིག །ངའི་སློབ་མ་རྣམས་ཐོན་རན་ཡོད། སློབ་མའི་ནང་ན་བཟོད་པའི་ཕར་ཕྱིན་མ་ཐོབ་པ་སྐོར་ཞིག་ཡོད་པས་དེ་དག་གིས་ཁྱོད་ལ་སྲོག་སྐྱིན་ལེན་སྲིད་གསུངས། ཕྱི་རོལ་པ་དེས་སློབ་དཔོན་ཐུགས་རྒྱུད་འཇམ་ཞིང་ཁོང་ཁྲོ་མེད་པ་དེ་མཐོང་ནས་གྲི་རྒྱག་པའི་མཚམས་བྱས་ནས་འགྱོད་བཤགས་ཕུལ་ཏེ་བྲོས་སོ། །སློབ་མ་རྣམས་ཐོན་པའི་ཚེ་སློབ་དཔོན་ཁྲག་གི་ནང་དུ་ཉལ་བ་མཐོང་ངོ་། །བཟོད་པ་མ་ཐོབ་པའི་སློབ་མ་སྐོར་ཞིག་ཁོང་ཁྲོ་ལངས་ནས། གཏེ་པོ་ལག་དམར་དེ་གསོད་དགོས་ཟེར་ནས་ར་མདའ་བརྒྱུག་པར་རྩོམ་པ་ན། སློབ་དཔོན་གྱིས་དགྲ་ལ་བཟོད་པ་སྒོམ་དགོས། དེ་ཡང་རྨོངས་པའི་དབང་གིས་བྱས་པ་རེད། ང་ཡང་ན་སོ་རྒས་ཤིང་གཞན་གྱིས་མ་བསད་ན་ཡང་འཆི་བ་ལས་འོས་མེད། གཅིག་གིས་གཅིག་ལ་འཁོན་ལན་བསློགས་པས་ཅི་ལ་ཕན་ཟེར་ནས་ཞི་བར་གཤེགས་སོ།།

ཨརྱ་དེ་ཝ་ལ་གསུང་རྩོམ་མང་དུ་ཡོད་པར་གྲགས་ལ། དུས་ཕྱིས་མིག་སྔར་མཇལ་རྒྱུ་ཡོད་པ། རྣལ་འབྱོར་སྤྱོད་པའི་དབུ་མ་བཞི་བརྒྱ་པ་དང་། དབུ་མ་ཡི་གེ་བརྒྱ་པ་གཉིས་ཡིན། དབུ་མ་ཡི་གེ་བརྒྱ་པ་ཟེར་བ་དེ་ཕྱི་རོལ་པས་གྲི་བརྒྱབ་ནས་གཤེགས་ཁར་རང་གི་སྐུ་ཁྲག་གིས་བྲིས་པ་ཡིན་པར་གྲགས་སོ། །ཞེས་གསལ་བ་ལྟར་རྒྱའི་ཡིག་ཆར་སློབ་དཔོན་ཨཱརྱ་དེ་ཝས་མཛད་པའི་དབུ་མ་བཞི་བརྒྱ་པ་དང་། དབུ་མ་ཡི་གེ་བརྒྱ་པ་ཞེས་བརྒྱ་པའི་མཚན་ཅན་གྱི་བསྟན་བཅོས་ཐ་དད་པ་གཉིས་ཀྱི་མཚན་གསལ་བ་ལས། བསྟན་བཅོས་ཕྱི་མ་དེ་ཉིད་སློབ་དཔོན་ཨཱརྱ་དེ་ཝས་སྐུ་ལུས་ནས་འཛག་པའི་སྐུ་ཁྲག་འབྲི་བྱེད་དུ་སྤྱད་ནས་དབུ་མའི་གཞུང་ཡི་གེ་བརྒྱ་པ་གསར་རྩོམ་གནང་ནས་དེ་མུར་སྐུ་གཤེགས་པའི་སྐོར་གསལ་ནའང་། བསྟན་འགྱུར་གྱི་ཁྲོད་དུ་དབུ་མ་བཞི་བརྒྱ་པ་ལས་དེ་མིན་བརྒྱ་པའི་མཚན་ཅན་གྱི་དབུ་མའི་བསྟན་བཅོས་གཞན་མི་བཞུགས་མོད། སྡེ་དགེ་བསྟན་འགྱུར་གྱི་རྒྱུད། ༼ནུ༽ པར། འཇམ་པའི་ ༼མ་བྱུང༌།༽ དབྱངས་ཀྱི་དཔྱད་འཕགས་པ་ལྷས་མཛད་པ་ཤློ་ཀ་བརྒྱ་པ། ཞེས་པ་སྡེ་བསྟན་དཀར་ཆག་ཏུ་མ་བྱུང་ཞེས་འཁོད་པ་ལྟར་སྡེ་དགེ་བསྟན་འགྱུར་ཁྲོད་དུ་མ་བཞུགས་ཀྱང་། པེ་ཅིན་དང་སྣར་ཐང་བསྟན་འགྱུར་གཉིས་སུ་བསྟན་བཅོས་འདི་ཉིད་བཞུགས་པའི་མཚན་བྱང་དུ། བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་དཔྱད་བཞུགས་སྷོ། །ཞེས་དང་། མཇུག་མཐར[9]

འདི་ནི་ཆོ་ག་བསྡུས་ནས་བཤད་པ་སྟེ། །
འཇམ་དཔལ་གཞོན་ནུའི་རབ་ཏུ་གསང་བ་ཡི། །
དཔྱད་འདི་ཚིག་བཅད་བརྒྱ་ཡི་གྲངས་བྱས་པ། །
གྲུབ་པ་འཕགས་པའི་ལྷས་ནི་འདི་བྱས་སོ། །

བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་དཔྱད་རྫོགས་སྷོ། །ཞེས་གསལ་བ་ལྟར། བརྒྱ་པའི་མཚན་ཅན་ཞིག་བཞུགས་པ་འདི་ཉིད་གཞུང་ཚད་དང་བཅས་སློབ་དཔོན་སྐུ་མྱ་ངན་ལས་འདའ་ཁར་སྐུ་ཁྲག་གིས་བྲིས་པའི་བརྒྱ་པའི་མཚན་ཅན་གྱི་བསྟན་བཅོས་དེ་ཡིན་མིན་དང་། བརྒྱ་པ་ཞེས་པ་དེ་ཉིད་དབུ་མའི་གཞུང་ཡིན་ན། གོང་གསལ་གཞུང་ཚད་ཤོ་ལོ་ཀ་བརྒྱ་ཅན་གྱི་བསྟན་བཅོས་འདི་ཉིད་ནི་རྒྱུད་ཀྱི་ཁོངས་སུ་བཞུགས་པས། བརྒྱ་པ་དེ་ཉིད་རྒྱུད་དང་དབུ་མའི་གཞུང་གང་ཡིན་དང་། བཞི་བརྒྱ་པ་དང་བརྒྱ་པ་གཉིས་མཚན་གྱི་རྣམ་གྲངས་ཡིན་མིན་ལའང་དཔྱད་དགོས་པར་སྣང་ངོ་།།

༦ བཞི་བརྒྱ་པ་དང་བརྒྱ་པ་གཅིག་མིན།

བཞི་བརྒྱ་པ་དང་བརྒྱ་པའི་མཚན་གྱི་ཁྱད་པར་གང་ཞེ་ན། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས་ (600-650) མཛད་པའི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་ལས[10]། དེ་འདི་ད་ལྟའི་སྙན་དངགས་མཁན་གྱིས་རྣམ་གཉིས་བྱས། །བསྟན་བཅོས་བཞི་བརྒྱ་པ་དེ་ནི་ད་ལྟའི་སྙན་དངགས་མཁན་བཙུན་པ་ཆོས་སྐྱོང་གིས་ཇི་ལྟར་བཀོད་པ་ཕྱེ་ནས་རྣམ་པ་གཉིས་སུ་བྱས་ཏེ། གཅིག་ནི་ཆོས་བསྟན་པ་བརྒྱ་པ་ཉིད་དུའོ། །གཞན་ནི་རྩོད་པ་བརྒྱ་པ་ཉིད་དུའོ། །ད་ནི་བདག་གིས་གཅིག་ཏུ་དེ་རྣམས་དབྱེ་བར་བྱ། །ད་ནི་བསྟན་བཅོས་བཞི་བརྒྱ་པ་དེ་གཅིག་ཏུ་བྱས་ནས་བདག་གིས་རྣམ་པར་དབྱེ་བར་བྱའོ། །དེ་ལྟར་བྱས་དང་བཀོད་པ་སྔ་མ་ཡང་ཡོངས་སུ་བསྐྱངས་པར་འགྱུར་ལ། དེས་ཕན་གདགས་པར་བྱ་བ་རྣམས་ལ་ཕན་བཏགས་པར་ཡང་འགྱུར་ཏེ། བསྟན་བཅོས་ཀྱི་དོན་བརྗོད་པར་འདོད་པ་མཐའ་དག་བླངས་པས་རང་དང་གཞན་གྱི་དོན་ཡང་དག་པར་འགྲུབ་པའི་ཕྱིར་རོ། །གང་ཞིག་མཚན་ཉིད་སོ་སོར་བྱས་ནས་སྨྲ་བར་བྱེད་པ་དེའི་གཞུང་ལུགས་སོ་སོར་སྨྲ་བ་ཤིན་ཏུ་བབ་ཅོལ་ཡིན་ཏེ། དེའི་ཆོས་ཉིད་ལ་ལོག་པར་རྟོག་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རྒྱ་ནག་གི་འགྱུར་དུ་སེམས་ཙམ་པའི་སློབ་དཔོན་ཆོས་སྐྱོང་ (དྷརྨ་པ་ལ།) གིས་མཛད་པའི་ཐེག་པ་ཆེན་པོ་བརྒྱ་པའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བའི་བསྟན་བཅོས་ (T1571) ཞེས་པའི་མཚན་ཅན་གྱི་བཞི་བརྒྱ་པའི་འགྲེལ་པ་བཞུགས་ཀྱང་། རབ་བྱེད་ཕྱི་མ་དགུ་པ་ནས་བཅུ་དྲུག་བར་གྱི་འགྲེལ་པ་ཡིན་ཅིང་། སློབ་དཔོན་ཆོས་སྐྱོང་གི་འགྲེལ་པའི་སྐོར་ལས་བརྩམས་ཏེ། དཔལ་ལྡན་ཟླ་གྲགས་ཀྱིས་གསུངས་པ་ལྟར། སློབ་དཔོན་ཆོས་སྐྱོང་གི་འགྲེལ་པ་བཞི་པ་ཆོས་བསྟན་པ་བརྒྱ་པ་དང་། རྩོད་པ་བརྒྱ་པ་གཉིས་སུ་ཕྱེ་སྟེ་ཕྱི་མ་ཙམ་ལ་འགྲེལ་པ་མཛད་པར་དགག་པ་མཛད་དེ་དཔལ་ལྡན་ཟླ་གྲགས་རང་ཉིད་ཀྱིས་རབ་བྱེད་ཡོངས་རྫོགས་ལ་འགྲེལ་པ་མཛད། མཚན་ལའང་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་ཚིག་ལེའུར་བྱས་པ་ཞེས་གསལ་བའི་རྒྱུ་མཚན་ལ་གཞིགས་ཏེ་གཞུང་འདི་སེམས་ཙམ་པ་དང་དབུ་མ་པའི་འབྲེལ་བ་བྱེད་སའི་ཟམ་པ་ལྟ་བུའང་ཡིན་པར་མངོན། ཞེས་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་མཛད་པའི་དེབ་སྔོན་གསར་མར་[11]གསལ་ལོ།།

དེ་བཞིན་ཆོས་བསྟན་བརྒྱ་པ་དང་། རྩོད་པ་བརྒྱ་པ་གཉིས་ཀྱང་དབུ་མ་བཞི་བརྒྱ་པའི་སྟོད་སྨད་གཉིས་སུ་དབྱེ་བའི་མཚན་ཡིན་པ་ལས། བསྟན་བཅོས་ཐ་དད་པ་གཉིས་མིན་ཏེ། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་མཛད་པའི་དེབ་སྔོན་གསར་མ་[12]ལས། ཤོད་མི་དགོས་པར་བཞི་བརྒྱ་པ་ནི་སློབ་དཔོན་གྱི་གཞུང་གི་ཚབ་མཚོན་ཡིན་ཅིང་། སྟོད་ཆ་རབ་བྱེད་བརྒྱད་ལ་ཆོས་བསྟན་པ་བརྒྱ་པ་ཞུ་ཞིང་རྒྱ་ཆེ་བའི་ཉམས་ལེན་གཙོ་བོར་སྟོན་ལ། སྨད་ཆ་རབ་བྱེད་བརྒྱད་ལ་རྩོད་པ་བརྒྱ་པ་ཞུ་ཞིང་ཕྱི་རོལ་པའི་འདོད་པ་སུན་འབྱིན་ཡང་དག་ལམ་ནས་འགོག་པ་དང་ཆབས་ཅིག་སྟོང་ཉིད་སུན་འབྱིན་ཡང་དག་ལམ་ནས་བསྒྲུབས་ཡོད། གཞུང་ཚད་རབ་བྱེད་རེར་ཚིགས་བཅད་ཉེར་ལྔ་རེ་དང་། ཐམས་ཅད་བསྡོམས་ན་ཚིགས་བཅད་བཞི་བརྒྱ་ཡོད་པས་བཞི་བརྒྱ་པ་ཞེས་མཚན་བཏགས། ཞེས་གསལ་ལོ།།

གཞན་ཡང་བཞི་བརྒྱ་པ་དང་བརྒྱ་པ་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་ཏེ། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས་ (600-650) མཛད་པའི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་ལས[13]། བསྟན་བཅོས་བཞི་བརྒྱ་པ་འདི་ནི།

བཞི་སྒྲ་མི་མངོན་བྱས་པ་དང༌། །རྟོག་རྣམས་སེལ་བར་བྱེད་པའི་ཕྱིར། །
བརྒྱ་པ་ཞེས་བྱར་བརྗོད་པ་སྟེ། །འཛིན་པའི་ཆོས་ཕྱིར་བསྟན་བཅོས་སོ། །

དང་པོའི་སྒྲ་མི་མངོན་པར་བྱས་པའི་ཕྱིར་དང་། རྟོག་པ་རྣམས་སེལ་བར་བྱེད་པའི་ཕྱིར་བརྒྱ་པ་ཡིན་ལ། འཛིན་པ་རྣམ་པ་སྣ་ཚོགས་པ་འཆོས་པའི་ཕྱིར་ན་དེ་ཉིད་བསྟན་བཅོས་ཏེ། བཞི་ཡང་དེ་དག་ཡིན་ལ་ཚིགས་སུ་བཅད་པ་བརྒྱ་ཡང་ཡིན་ནོ། །དེ་ལ་མི་རྟག་པ་ཉིད་ནི་སྐྱོ་བ་དང་རྗེས་སུ་མཐུན་པའི་ཕྱིར་དང༌། དེ་རྟོགས་པས་སྡུག་བསྔལ་ལ་སོགས་པ་རྣམས་ཁོང་དུ་ཆུད་པར་སླ་བ་ཉིད་ཀྱི་ཕྱིར་ན་དངོས་པོ་ཇི་ལྟར་གནས་པ་བཞིན་ཡོངས་སུ་གསལ་བར་བྱ་བའི་ཕྱིར་རེ་ཞིག་མི་རྟག་པ་ཉིད་བསྟན་པའི་ཕྱིར་བཤད་པ།

གང་ལ་འཇིག་རྟེན་གསུམ་མངའ་བདག །རང་ཉིད་འཆི་བདག་བྱེད་པོ་མེད། །
ཡོད་དེས་རྣལ་བཞིན་གཉིད་ལོག་ན། །དེ་ལས་མ་རུངས་གཞན་ཅི་ཡོད། །

སངས་རྒྱས་བཅོམ་ལྡན་འདས་ལ་བརྟེན་ནས་བསྟན་བཅོས་བཞི་བརྒྱ་པ་འདི་ལ་གུས་པ་བསྐྱེད་པར་བྱ་བའི་ཕྱིར། གདོན་མི་ཟ་བ་ཁོ་ནར་བསྟན་བཅོས་ཀྱི་རྩོམ་པར་སྟོན་པ་ལ་མཆོད་པ་བསྒྲུབ་པར་བྱ་དགོས་སོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་སྔོན་གྱི་སློབ་དཔོན་རྣམས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས།

གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགགས་པ་མེད་པ་སྐྱེ་མེད་པ། །

ཞེས་བྱ་བ་ལ་སོགས་པས་བསྟན་བཅོས་དབུ་མའི་རྩ་བ་ལས་ཐོག་མར་བཅོམ་ལྡན་འདས་ལ་བསྟོད་པ་བརྗོད་པར་མཛད་ལ། བསྟན་བཅོས་འདི་ཡང་བསྟན་བཅོས་དེའི་ཁོངས་སུ་གཏོགས་པ་ཉིད་ཀྱི་ཕྱིར་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་ལ་ལོགས་སུ་བསྟོད་པ་བརྗོད་པ་ཉེ་བར་མ་བཀོད་དོ་ཞེའོ། །འདིར་རབ་ཏུ་བྱེད་པ་བརྒྱད་ཀྱི་ཚིག་ལེའུར་བྱས་པ་དག་རེ་རེ་ལ་སློབ་དཔོན་ཆོས་ཀྱི་འབངས་ཀྱིས་སྦྱར་བའི་དཔེ་རྣམས་འདོན་པ་དེ་དག་དང་ལྷན་ཅིག་རྣམ་པར་བཤད་པར་བྱའོ། །ཞེས་གསུངས་སོ།།

དེ་མཚུངས་རྒྱལ་ཚབ་དར་མ་རིན་ཆེན་ (1364-1432) གྱིས་མཛད་པའི་བཞི་བརྒྱ་པའི་རྣམ་བཤད་ལེགས་བཤད་སྙིང་པོ་ལས་[14]ཀྱང་། རྩ་བའི་གླེགས་བམ་དུ་ཤ་ཏ་ཀ་ཤ་སྟྲ་ཞེས་བསྟན་བཅོས་བརྒྱ་པ་ཞེས་བྱུང་བ་ནི། འགྲེལ་པར་བསྟན་བཅོས་བཞི་བརྒྱ་པ་འདི་ནི། བཞིའི་སྒྲ་མི་མངོན་པར་བྱས་པ་དང༌། རྟོག་རྣམས་སེལ་བར་བྱེད་པའི་ཕྱིར། །བརྒྱ་པ་ཞེས་བྱར་བརྗོད་པ་སྟེ། །འཛིན་པ་འཆོས་ཕྱིར་བསྟན་བཅོས་སོ། །ཞེས་ཙ་ཏུ་ཞེས་པའི་སྒྲ་མི་མངོན་པར་མཛད་པ་ཡིན་ལ། དེའི་དགོས་པ་ནི། ཕྱིན་ཅི་ལོག་གི་རྟོག་པ་བརྒྱས་མཚོན་པའི་མཐའ་ཡས་པ་སེལ་བར་བྱེད་པས། བསྟན་བཅོས་བརྒྱ་པ་ཞེས་བྱེད་ལས་ཀྱི་སྒོ་ནས་མིང་བཏགས་པ་མཛད་པ་ཡིན་ལ། བརྒྱ་པ་ཞེས་པ་ལ་བརྟེན་ནས། འགྲེལ་བྱེད་གཞན་གྱིས་དོན་ལོག་པར་བཀྲལ་བ་མི་འཐད་པར་བཤད་དོ། །མཚན་དོན་འདི་ལྟར་བྱུང་བ་ནི་རྩ་བའི་དགོངས་པར་དོན་གྱིས་འཐོབ་པས། གཞན་གྱི་ལོག་རྟོག་དགག་པའི་ཆེད་དུ་འགྲེལ་པ་མཛད་པས་གསལ་དུ་བཏང་བ་ཡིན་ནོ། །ཞེས་གསུངས་པ་ལྟར། བསྟན་བཅོས་འདི་ཉིད་ལ་བཞི་བརྒྱ་པ་དང་བརྒྱ་པ་ཞེས་མཚན་གཉིས་ཡོད་པ་ལས་སྔ་མ་ནི་བསྟན་བཅོས་འདི་ཉིད་ལ་ཤླཽ་ཀ་བཞི་བརྒྱ་ཡོད་པས་གཞུང་ཚད་ཀྱི་ཆ་ནས་བཏགས་པ་དང་། བརྒྱ་པ་ཞེས་པ་ནི་བརྒྱས་མཚོན་པའི་ལོག་རྟོག་གྲངས་ལས་འདས་པ་སེལ་བར་བྱེད་པས་བྱེད་ལས་ཀྱི་ཆ་ནས་བཏགས་པ་སྟེ། བཞི་སྒྲ་མི་མངོན་པར་བྱས་ཤིང་། བྱེད་ལས་ཀྱི་ཆ་ནས་མཚན་ལ་བརྒྱ་པ་ཞེས་བཏགས་པ་ལྟར་བཞི་བརྒྱ་པ་དང་བརྒྱ་པ་གཉིས་མཚན་གྱི་རྣམ་གྲངས་ཡིན་པར་དཔལ་ལྡན་ཟླ་གྲགས་དང་། རྒྱལ་ཚབ་དར་མ་རིན་ཆེན་གྱིས་གསུངས་སོ།།

༧ བཞི་བརྒྱ་པའི་རྒྱ་དཔེ་དང་འགྲེལ་པའི་སྐོར།

མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་མཛད་པའི་དེབ་སྔོན་གསར་མ་ལས[15]། མཁས་པ་ཤཱསྟྲི་ཡིས་བལ་ཡུལ་ནས་བཞི་བརྒྱ་པའི་ལེགས་སྦྱར་མ་དཔེ་ཚིགས་བཅད་ ༡༢༩ རྙེད་དེ་པར་སྐྲུན་བྱས། དེ་རྗེས་ཉི་ཧོང་མཁས་པ་ཨུ་ཨིས་གསར་དུ་རྙེད་པ་བསྡོམས་ནས་ལེགས་སྦྱར་མ་དཔེ་ཚིགས་བཅད་ ༡༣༢ ཡོད་པར་གསུངས།

རྒྱ་གར་མཁས་པ་གསུམ་གྱིས་བོད་འགྱུར་ནས་ལེགས་སྦྱར་དུ་བསྐྱར་གསོ་བྱས་ཏེ་པར་སྐྲུན་བྱས། འོན་ཀྱང་གསུམ་པ་བྷསྐ་ཡིས་ལེགས་སྦྱར་དུ་བསྐྱར་གསོ་བྱས་པ་འདི་མཁས་པ་སྔ་མ་གཉིས་ཀྱིས་ལེགས་སྦྱར་དུ་བསྐྱར་གསོ་བྱས་པ་དེ་བཞིན་ཕྱོགས་གཅིག་ཏུ་བསྡོམས་པ་ཙམ་ལས་ཁྱད་ཆོས་མེད། ལྷག་པར་ཉི་ཧོང་གི་མཁས་གཞོན་སུ་ཟུ་ཁིས་བཞི་བརྒྱ་པའི་ལེགས་སྦྱར་ཕྱི་མོ་གསུམ་ཆ་ཙམ་བཞུགས་པ་དེ་དང་། དཔལ་ལྡན་ཟླ་གྲགས་ཀྱི་བཞི་བརྒྱ་པའི་འགྲེལ་པའི་ལེགས་སྦྱར་ཕྱི་མོ་ཇི་ཡོད་དང་། བོད་འགྱུར་ཤན་སྦྱར་དང་། བཞི་བརྒྱ་པའི་འགྲེལ་པའི་ལེགས་སྦྱར་དང་། བོད་འགྱུར་ཚིག་བྱང་དང་། བོད་འགྱུར་དང་ལེགས་སྦྱར་ཚིག་བྱང་བཅས་པར་སྐྲུན་གནང་། གཞན་ཡང་མཁས་པ་ཀ་རེན་ལོང་གིས་བཞི་བརྒྱ་པའི་ལེགས་སྦྱར་ཕྱི་མོ་ཇི་ཡོད་དང་། བོད་འགྱུར་ལ་ཞུས་ཆེན་ཐོག་གཞུང་ཡོངས་རྫོགས་དབྱིན་ཇིའི་སྐད་དུ་བསྒྱུར་བར་མ་ཟད། ཚིགས་བཅད་ཀྱི་ཚིག་བྱང་དང་སྦྲགས་པར་སྐྲུན་གནང་། མཁས་པ་མེས་སོགས་ཀྱིས་ཉམས་ཞིབ་ཡོད།

བརྒྱ་པ་ནི་བསྟན་བཅོས་གསུམ་གྱི་ལུགས་སམ་རྒྱ་ནག་གི་དབུ་མའི་ཆོས་བརྒྱུད་པར་ཤིན་ཏུ་གལ་ཆེ་བས་རྒྱ་ནག་དང་ཉི་ཧོང་དུའང་ཉམས་ཞིབ་མང་། བསྟན་བཅོས་གསུམ་ནི་རྩ་ཤེ་དང་། བརྒྱ་པ། སྒོ་བཅུ་གཉིས་པའི་བསྟན་བཅོས་བཅས་རེད། ཡི་གེ་བརྒྱ་པ་བོད་འགྱུར་འགྱུར་བྱང་དུ་ཡི་གེ་བརྒྱ་པ་རྩ་འགྲེལ་གཉིས་ཀ་ཀླུ་སྒྲུབ་ཀྱིས་མཛད་པར་གསལ་ཡང་། དེང་སང་འཕགས་པ་ལྷས་མཛད་པར་གསལ་བ་ལྟར་འཐད་ཅིང་། འདི་ལའང་དེང་སང་ཉམས་ཞིབ་མང་པོ་ཡོད། ཡི་གེ་བརྒྱ་པ་ནི་མཚན་དོན་བཞིན་འདིའི་ལེགས་སྦྱར་ཕྱི་མོར་ཡིག་འབྲུ་བརྒྱ་ལྡན་བསྟན་བཅོས་ཆུང་ངུ་ཞིག་ཡིན་འདུག །ནང་དོན་བཞི་བརྒྱ་པ་དང་ཐུན་མོང་བ་མང་པོ་ཡོད་པར་བརྟེན། སློབ་དཔོན་འཕགས་པ་ལྷས་གདུལ་བྱ་རྒྱས་པ་ལ་མོས་པ་རྣམས་ཀྱི་ཆེད་བཞི་བརྒྱ་པ་མཛད། དེ་རྗེས་གདུལ་བྱ་འབྲིང་པོ་ལ་མོས་པ་རྣམས་ཀྱི་ཆེད་དུ་ཚིག་དོན་ཅུང་ཟད་བསྡུས་ཏེ་བརྒྱ་པ་མཛད། དེ་རྗེས་གདུལ་བྱ་བསྡུས་པ་ལ་མོས་པ་རྣམས་ཀྱི་ཆེད་དུ་ཚིག་དོན་ཤིན་ཏུ་བསྡུས་ཏེ་ཡི་གེ་བརྒྱ་པ་མཛད་དམ་སྙམ། ཞེས་བརྒྱ་པ་ལ་རྒྱས་འབྲིང་བསྡུས་གསུམ་དང་། བརྒྱ་པ་དེ་བཞི་བརྒྱ་པ་ལས་ཐ་དད་པའི་ཕྱོགས་སུ་བཞེད་པར་སྣང་ངོ་།།

༨ བཞི་བརྒྱ་པའི་གཞུང་ཚིག་དང་མཐུན་མིན་སྐོར།

ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་མཛད་པའི་དེབ་ཐེར་སྔོན་པོ་གསར་མ་ལས[16]། འཕགས་པ་ལྷས་མཛད་པའི་བསྟན་བཅོས་དེང་སང་རྩོད་མེད་ནི། བཞི་བརྒྱ་པ་དང་། བརྒྱ་པ། ཡི་གེ་བརྒྱ་པ་བཅས་གསུམ་ཡོད། བོད་འགྱུར་ཁོ་ནར་བཞུགས་པ་འཁྲུལ་པ་བཟློག་པའི་གཏན་ཚིགས་གྲུབ་པ་དང་། དབུ་མ་ལག་པའི་ཚད་རྩ་འགྲེལ། དབུ་མ་འཁྲུལ་པ་འཇོམས་པ་དང་། གྲུབ་མཐའི་རྣམ་གཞག་སྟོན་པ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས། སྔགས་ཀྱི་བསྟན་བཅོས་སོགས་མང་དུ་ཡོད་ཀྱང་། དེ་དག་བཞི་བརྒྱ་པ་མཛད་མཁན་དང་སློབ་དཔོན་གཞན་ཡིན། གཞན་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་དབུ་མ་དགོངས་པ་རབ་གསལ་ལས[17]། འཕགས་པ་ལྷས། དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། ། ཞེས་དྲངས་པའི་ལུང་འདི་ཉིད་དེང་སང་མཁས་པ་ཞིག་གིས་བཞི་བརྒྱ་པ་ཡིན་པར་བཤད་འདུག་ཀྱང་འདི་དགུ་ཚིག་ཡིན་ལ། བཞི་བརྒྱ་པ་བདུན་ཚིག་ཡིན་པས་བཞི་བརྒྱ་པའི་དོན་མི་རུང་། ཡེ་ཤེས་སྙིང་པོའི་ཀུན་བཏུས་བཤད་སྦྱར་ལས[18]། ཀུན་རྫོབ་ཏུ་ནི་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་སྟེ། དུས་གསུམ་ཡང་སེམས་ཙམ་མོ་ཞེས་གསུངས་པས། རང་གི་སེམས་ཤེས་པས་མ་ལུས་པ་ཤེས་པ་ཡིན་ལ། དོན་དམ་པར་ནི།

དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །
དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །
གང་གིས་དངོས་གཅིག་དེ་བཞིན་ཉིད་དུ་མཐོང་། །
དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །

ཞེས་གསུངས་པས་ན་འདི་འཐད་པར་འགྱུར་རོ། །ཞེས་གོང་གི་ཚིགས་བཅད་དེ་དྲངས་འདུག་ཀྱང་། གཞུང་གང་གི་གཞུང་ཚིག་ཡིན་མིན་གསལ་ཁ་གསུངས་མི་འདུག་པས་དཔྱད་དགོས། ཞེས་གསུངས་སོ།།  །།

དཔྱད་གཞིའི་ཡིག་ཆ། 

[1]  གཉན་མགོན་སྤྲུལ་སྐུ་གསུང་རབ་པའི་གསུང་རྩོམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ལོ། ཤོག་ ༤༡༣

[2]  བཞི་བརྒྱ་པའི་རྣམ་བཤད་ལེགས་བཤད་སྙིང་པོ། ཝཱ་ཎ་དགེ་ལྡན་སྤྱི་ལས་ཁང་། ༡༩༧༡ ལོ། ཤོག་གྲངས་ ༢

[3]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༡༠༠༨

[4]  མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༠

[5]  ཨ་མེས་ཞབས་བཀའ་འབུམ། ༼ཀ༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་ཤོག་ ༡༨ན༥

[6]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༣༥

[7]  པཎ་ཆེན་ཆོས་ཀྱི་ཉི་མའི་གསུང་འབུམ། ༼ཁ༽ བཀྲས་ལྷུན་པར་མ། དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༤ན༣ བར།

[8]  ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞིས་བོད་ཡིག་ཏུ་བསྒྱུར། སྦྲང་ཆར། ༢༠༠༥ ༼༤༽ ཤོག་གྲངས་ ༡༣༧

[9]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ པ། ཤོག་གྲངས་ ༢༨༣

[10]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༡༠༠༩

[11]  དེབ་ཐེར་སྔོན་པོ་གསར་མ། སྨད་ཆ། གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་གྲངས་ ༨༣

[12]  དེབ་ཐེར་སྔོན་པོ་གསར་མ། སྨད་ཆ། གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་གྲངས་ ༨༣

[13]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༡༠༡༠

[14]  བཞི་བརྒྱ་པའི་རྣམ་བཤད་ལེགས་བཤད་སྙིང་པོ། ཝཱ་ཎ་དགེ་ལྡན་སྤྱི་ལས་ཁང་། ༡༩༧༡ ལོ། ཤོག་གྲངས་ ༢

[15]  དེབ་སྔོན་གསར་མ། སྨད་ཆ། གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་གྲངས་ ༨༤

[16]  ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ། ༼༥༽ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་ ༤༤༠

[17]  བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། དབུ་མ། ༼༡༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༥༨༤

[18]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༨༦༩

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།