«སྟག་ལུང་བསང་ཆེན»གྱི་གབ་སྦས་དང་རྩོམ་རིག་སྒྱུ་རྩལ།

1
1115

དང་པོ། ཐོག་མའི་གླེང་སློང་དང་དཔེ་ཆ་འདི་ཇི་ལྟར་གྲུབ་ཚུལ།

འདི་ན་བོད་ཀྱི་ལྷ་འདྲེ་གཞི་བདག་རྣམས་ཀྱི་དཀར་ཆག་ལྟ་བུའི «སྟག་ལུང་བསང་ཆེན»ཟེར་བའི་གསང་བའི་གླེགས་བམ་ཞིག་འདུག  འདི་ནི་ལོ་ངོ་སྟོང་ཕྲག་སྔོན་གྱི་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་དང་དད་མོས་སོགས་ཀྱི་ནང་ནས། ཉམས་ཉེས་སུ་མ་སོང་བར་ཇི་མ་ཇི་བཞིན་ལུས་བསྡད་པ་ཉུང་ཤས་ཤིག་ཡོད་པའི་ཁྲོད་ཀྱི་དཔེ་མཚོན་ཡག་ཤོས་དེ་ཡིན་ལ། བན་བོན་གཉིས་ཀྱི་ཆེས་རིང་བའི་མཉམ་སྒྲོག་རོལ་དབྱངས་ཤིག་ཀྱང་ཡིན་ཞེས་ཟེར་རུང་། དཔེ་ཆ་འདི་ད་ལྟ་སྟག་ལུང་མར་ཐང་རི་བོ་ཆེའི་དགོན་པར་གབ་ཅིང་སྦས་པའི་ཚུལ་གྱིས་བཞུགས་ཡོད། གབ་ཅིང་སྦས་ཟེར་ན་ཡང་གླེགས་བམ་འདི་སྟག་ལུང་རི་བོ་ཆེ་ལས་ཕར་བརྒལ་མེད་ཅིང་། དེང་གི་རྩོམ་རིག་ཞིབ་འཇུག་པ་དང་བོད་རིག་པ་མཁས་ཅན་ཚོའི་ཕྱག་ཏུ་མ་སོན་པར་ལུས་བསྡད་ཡོད་པ་ཙམ་ལས།  ཁམས་རི་བོ་ཆེའི་ས་ཆ་ན་ལག་བྲིས་ཀྱི་པར་མ་སྣ་ཚོགས་པ་ཞིག་ཁྱབ་བརྡལ་དུ་སོང་ནས། གང་སར་མཇལ་རྒྱུ་འདུག

རིག་པའི་གཞུང་ལུགས་ཤིག་གི་ངོས་ནས་དཔེ་ཆ་འདིས་བསྟན་དོན་དང་མཚོན་བྱ་ནི་འདིའོ་ཞེས་བསྡོམས་ཚིག་ཚད་ལྡན་འགོད་པ་དང་། གོ་རིམ་ཅན་གྱི་རྣམ་གྲངས་ཡང་དག་བཟོ་དགོས་ན་ཅུང་ཟད་དཀའ་མོ་ཞིག་ཡིན་ཡང་། ངས་རྩོམ་ཐུང་འདིས་དོན་ཚན་ལྔ་ཡི་སྒོ་ནས་ཀློག་པ་པོར་དཔེ་ཆ་རྙིང་པ་འདི་སྟབས་བདེ་བའི་ངོ་སྤྲོད་ལྟ་བུ་ཞིག་ཞུ་ཐབས་བྱས་ཡོད།

དཔེ་ཆ་འདིའི་ནང་བོད་བཙན་པོའི་སྐབས་ཀྱི་མགུར་རྩོམ་དེ་དག་དང་འགྲོས་ཤིན་ཏུ་འདྲ་བ་ཡང་འདུས་ཡོད་པས། རྩོམ་པའི་དབུ་ག་དུས་བཟུང་བ་གཏན་ཁེལ་བ་ཞིག་བཤད་དཀའ་མོད། མ་མཐའ་ཡང་དུས་རབས་དགུ་པ་ལས་མི་འཕྱི་བའི་རྩོམ་ཡིག་དེ་འདྲ་མཆིས། མཇུག་ཡོངས་སུ་བསྡུ་དུས་ནི་དུས་རབས་ཉི་ཤུ་པའི་སྟོད་ཙམ་ལ་ཁེལ་ཡོད་པས། ཧ་ལམ་མི་ལོ་སྟོང་ཕྲག་གཅིག་ལྷག་ཙམ་གྱི་ཡུན་ལ་བྲིས་པའི་ཡིག་ཆ་ངོ་མཚར་ཅན་ཞིག་རེད་འདུག །

ཡིག་ཆ་འདི་ལ་ཤོག་ལྡེབ་ལག་བྲིས་མ ༢༧༡ ཙམ་འདུག་པ་དང་། ནང་དུ་རྩོམ་པ་པོའི་མཚན་གསལ་པོར་འཁོད་པའི་མི་སྣ ༡༧ བྱུང་ཞིང་། རྩོམ་བྱང་མ་འཁོད་པའི་རྩོམ་ཡིག་ཀྱང་མང་ཙམ་ཞིག་བྱུང་། བསང་མཆོད་ཀྱི་ཆོ་ག་འདི་དམངས་ཁྲོད་ཀྱི་ངག་རྒྱུན་དང་།  ལོ་རྒྱུས། སྙན་རྩོམ།  ལྷ་རབས། བན་ལུགས། བོན་ལུགས། དེ་བཞིན་གནའ་སྔ་མོའི་བོད་ཀྱི་འཚོ་བ་དང་མཛེས་ལྗོངས་བཅས་མཉམ་བསྲེས་བྱས་ནས་བྱུང་བ་ཡིན་པས། འདིའི་རྩོམ་པ་པོ་རྣམས་བན་བོན་གཉིས་ཀའི་ཆོ་ག་ཕྱག་ལེན་དང་།ལོ་རྒྱུས་སྙན་ངག་ལའང་གང་འཚམ་མཁས་དགོས་པ་མ་ཟད། གསང་བ་སྔགས་ཀྱི་བསྐྱེད་རྫོགས་དང་ལྟ་སྒོམ་ལ་ཡང་འདྲིས་ཆ་ཆེ་ཙམ་ཞིག་ཡོད་དགོས་པ་འདྲ་བ་མཐོང་།

གླེགས་བམ་འདི་ཉིད་བདག་མདུན་རྗེས་ཆོག་དང་བཅས་པ་གཞི་གཅིག་ཏུ་སྒྲིག་པ་པོ་ནི་མཁར་དྲུང་པ་བསོད་ནམས་བཀྲ་ཤིས (1497 – ?) ཡིན་པར་བཤད་ལ། མར་ཐང་རི་བོ་ཆེའི་ཁྲི་རབས་ཉི་ཤུ་པ་རྗེ་དྲུང་བྱམས་པ་འབྱུང་གནས (1866 – 1923) ཀྱི་སྐུ་དུས་སུ་ཁ་སྐོང་ཆ་ལག་དང་བཅས་པ་ལེགས་པར་གྲུབ་ཐུབ་ཡོད།

མི་ལོ་བདུན་བརྒྱ་ལྷག་ཙམ་གྱི་རིང་ལ་སྟག་ལུང་གི་གདན་ས་ཆེ་བ་ཡར་མར་གཉིས་ཀྱི་བླ་རབས་རིམ་བྱོན་རྣམས་ཀྱིས་རང་བྱུང་ཁམས་ཆེན་མོར་བློ་ཞིབ་མོ་དང་རྟོགས་ཚད་མཐོན་པོས་རོ་མྱོང་བྱས་ཤིང་། དེའི་སྟེང་དུ་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་དང་། ཀརྨ་པ་རང་བྱུང་རྡོ་རྗེ་སོགས་ཀྱིས་མཛད་པའི་བསང་མཆོད་འགའ་ཞིག་ཡར་བསྣན་ཏེ། ཁོང་རྣམ་པའི་ཐུན་མོང་གི་ཉམས་མྱོང«སྟག་ལུང་བསང་ཆེན»ཟེར་བའི་རྣམ་པ་བསང་མཆོད་ཀྱི་ཆོ་ག་ཡིན་ཡང་ངོ་བོ་སྙན་ངག་གི་གླེགས་བམ་ཆེན་པོ་འདི་གྲུབ་ཐུབ་པ་བྱུང་།

དཔེ་ཆ་འདི་ལྷ་འདྲེ་གཞི་བདག་རྣམས་ལ་མཆོད་སྦྱིན་བྱེད་པའི་ཐབས་སུ་གྱུར་པའི་བསང་བསུར་གྱི་ཆོ་ག་རྒྱས་སྤྲོས་ཅན་ཞིག་ཡིན་པ་ཕུད། ཐུན་མོང་རིག་གནས་ཤིག་གི་ངོས་ནས་བལྟས་ན་ཡང་། བོད་ཀྱི་གནའ་བོའི་ལྷ་རབས། སྒྲུང་རབས། རྩོམ་རིག །ལོ་རྒྱུས། མཆོད་སྦྱིན། གདངས་དབྱངས། བཅའ་བཟོ་སོགས་ཀྱི་ནང་དོན་མང་པོ་ཞིག་གབ་ཅིང་སྦས་ཡོད་པ་དང་། མ་ཟད་གདོད་མའི་དུས་ཀྱི་སྤྱི་ཚོགས་རིམ་པའི་ལོ་རྒྱུས་མི་ཉུང་བ་ཞིག་གསལ་པོར་མཚོན་ཡོད་པ་དེ་དག་དོན་སྙིང་ཤིན་ཏུ་ཆེ་བར་སྣང་། ཞིབ་མོར་དཔྱད་ན་ནང་དོན་སྣ་ཁ་མང་ལ་ཕུན་སུམ་ཚོགས་ཤིང་མིའི་ཡིད་དབང་འཕྲོག་ཐུབ་པའི་སྒྱུ་རྩལ་གྱི་བྱང་ཚད་མཐོན་པོ་ཡང་ལྡན་ཡོད།

འོན་ཀྱང་བོད་ཀྱི་དེང་དུས་དགོན་སྡེའི་མཁས་པ་མང་ཆེ་བ་ཤེས་བྱ་སྤྱི་ལྡོག་ལ་སྡོམ་ཚིག་འཇོག་པའི་བར་སྣང་དུ་ལྡིང་ནས།གནས་སྐབས་སུ་རིག་གནས་བྱེ་བྲག་པའི་སྟེང་དུ་འབབ་མི་ཐུབ་པ་འདྲ་བས། འདི་ལྟ་བུའི་བསང་ཡིག་ཅིག་ལ་ཞིབ་ལྟ་བྱེད་པའི་ཡི་ག་མེད་ནའང་། ཉེ་བའི་ལོ་འདི་དག་གི་རིང་རྒྱལ་སྤྱིའི་སྒང་ལ་བོད་རིག་པའི་ཞིབ་འཇུག་གི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་པས། དེ་དང་དེ་ལྟ་བུའི་བོད་ཀྱི་ལྷ་རབས་དང་རྩོམ་རིག་ལ་ཉམས་ཞིབ་གནང་མཁན་ཞིག་ཡིན་ཚེ། དཔེ་ཆ་འདིས་ལེགས་སྐྱེས་མི་དམན་པ་ཞིག་འབུལ་ཐུབ་པའི་ཡིད་ཆེས་བྱེད་ཆོག །རེད་དེ«སྟག་ལུང་བསང་ཆེན»ལ་དེང་རབས་མཁས་པ་སུས་ཀྱང་ཕྱག་གིས་མ་རེག །ཞལ་ཆབ་མ་བྲན་པའི་གནས་ཚུལ་འོག །བོད་རིག་པ་མཁས་ཅན་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་ཀྱང «སྟག་ལུང་བསང་ཆེན» ལ་རྒྱུས་མ་ལོན་པས། ཁོང་གིས་བསང་མཆོད་སྐོར་གྱི་ནང་དོན་རྒྱས་ཤོས་ཀྱི་དཔེ་ཆ་ནི་རྒྱལ་དབང་ལྔ་པ་ཆེན་པོའི «བསང་མཆོད་བཀྲ་ཤིས་འཁྱིལ་བ» ཡིན་པར་གསུངས་ཀྱང་། དཔེ་ཆ་དེ་ལ་ལྡེབ་རིང་དགུ་ཙམ་ལས་མེད་ཅིང་། ཚིག་དོན་གང་གི་ཆ་ནས་ཀྱང«སྟག་ལུང་བསང་ཆེན» ལས་རྒྱས་པ་ལྟ་ཞོག །འདིའི་དོ་ཟླ་ཙམ་ཡང་ཡོང་གིན་མེད་པ་དེ་འདྲ་རེད།

གཉིས་པ། སྲིད་པའི་ལྷ་རབས་དང་བོད་ཀྱི་གནའ་བོའི་ཆ་ལུགས།

བོད་ཀྱི་ལྷ་རབས་ནི་གྷི་རིག་དང་རོམ་གྱི་ལྷ་རབས་གྲངས་འབོར་ལས་ཀྱང་རིང་དུ་བརྒལ་ཡོད་ཅེས་པའི་སྐད་ཆ་དེ་འདྲ་རིགས་གཅིག་མཁས་པའི་ཞལ་ནས་བྱུང་ཡོད། དེ་བས་ལྷ་རབས་ཀྱི་རིག་གནས་ཤིན་ཏུ་ཕུན་སུམ་ཚོགས་པའི་བོད་མི་རིགས་ལ་ཆ་མཚོན་ན། དེའི་ཐད་ཀྱི་མི་འདང་ས་ཆེ་ཤོས་ནི་ལྷ་རབས་མང་ཆེ་བ་ངག་རྒྱུན་དུ་ལུས་ཤིང་། ཡིག་ཐོག་ཏུ་བཀོད་ཐུབ་མེད་པ་འདི་ཡིན།

སྤྱིར་བཏང་བྱས་ན་ལྷ་རབས་ནི་སྒྱུ་རྩལ་རྩོམ་རིག་གི་ཕྱོགས་སུ་གཏོགས་པ་ཡིན་མོད། བོད་ཀྱི་ལྷ་རབས་ནི་ཆོས་ལུགས་དང་ལོ་རྒྱུས་ཀྱི་དོན་སྙིང་གིས་ཕྱུག་ཡོད་ཅིང་། རིག་གནས་འདི་གཙོ་བོ་ཆོས་ལུགས་པ་རྣམ་པས་རྒྱུད་འཛིན་དར་སྤེལ་བཏང་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན།

«སྟག་ལུང་བསང་ཆེན» གྱི་ནང་དུ་ཡང་མགོན་པོ་དང་ལྷ་མོ། རྣམ་སྲས་གསུམ་གྱི་བསང་མཆོད་ཉུང་བསྡུས་ཤིག་བྱུང་ཡོད་པ་ཕུད། མང་ཆེ་བ་བོད་རང་གི་སྲིད་པའི་གཞི་བདག། ལྷ། ཀླུ། གཉན། བདུད། གཟའ། བཙན། དམུ། རྒྱལ་པོ། ཐེའུ་རང་སོགས་ཀྱི་བྱུང་བ་ལོ་རྒྱུས་དང་། ཆ་ལུགས་གོ་མཚོན། སྟོབས་དང་ནུས་པ་བརྗོད་པའི་སྒོ་ནས་བསང་མཆོད་གྲ་རྒྱས་བྱས་ཡོད། བསང་མཆོད་ཀྱི་ཡིག་ཆ་དེ་དག་གི་ལྟག་རྒྱབ་ན། གཞི་བདག་རྣམས་ཀྱི་བྱུང་རྐྱེན་མཐའ་འབྲས་དང་བཅས་པ་གླེང་བར་ནུས་པའི་ལྷ་རབས་ངག་རྒྱུན་མང་པོ་ཞིག་ཀྱང་སྦས་པའི་ཚུལ་གྱིས་བཤད་རྒྱུ་འདུག

སྲིད་པའི་ལྷ་རབས་ཀྱི་བྱུང་རྐྱེན་གླེང་སྐབས། དགེ་རྒན་བཀྲ་བྷ་སོགས་ཀྱིས།  བོད་ཀྱི་གནའ་བོའི་ལྷ་རབས་ནི་རང་བྱུང་ཁམས་ཀྱི་གསང་བ་ལྐོག་གྱུར་གྱི་སྣང་ཚུལ་ལ་གནའ་མི་རྨོངས་རྟུལ་ཚོས་རྟོག་བཟོས་འགྲེལ་སྟངས་ཤིག་ཡིན་པར་བཤད་ཀྱིན་འདུག །དོན་གྲུབ་རྒྱལ་སོགས་ཀྱིས་སྐབས་སུ་བསྡོམས་ཚིག་དེ་ལྟར་བཀོད་པར་ཁག་མེད་ཀྱང་། དུས་རབས་འདིའི་ནང་དུ་ལྷ་རབས་ཀྱི་དཔྱད་དོན་གྲུབ་འབྲས་སྔར་དང་མི་འདྲ་བའི་གསར་པ་ཐོབ་དང་འཐོབ་བཞིན་ཡོད་པས། བཀྲ་བྷས«བོན་གྱི་ལྷ་རབས་ལ་དཔྱད་པ» ཡི་ནང་དུ་བཀོད་པའི་ལྷ་རབས་བྱུང་རྐྱེན་དེ། ལྷ་རབས་ཡོངས་ཀྱི་བྱུང་རྐྱེན་ལ་བསྡོམས་ཚིག་བཀོད་པ་ཡིན་ན། དེ་ནི་ཁབ་མིག་ནང་དུ་རས་ཡུག་བཅུག་པའི་ངང་ཚུལ་ལས་མ་འདས་སོ། །

བོད་ཀྱི་ལྷ་རབས་ནང་དུ་གནའ་མིས་རྟོག་བཟོ་བྱས་པ་ཡོད་སྲིད་པ་བདེན་མོད། ལྷ་རབས་མང་པོ་ཞིག་གི་བྱུང་རྐྱེན་ནི་རྣལ་འབྱོར་པས་རྩ་རླུང་གནད་དུ་སྣུན་པའི་ལག་རྗེས་ལས་བྱུང་བ་ཡིན་ཞིང་། ཡང་ལ་ལ་ཞིག་ནི་རྩ་རླུང་གནད་དུ་མ་གཅུན་ཡང་རང་བཞིན་གྱིས་རྩ་ཁམས་ཁྱད་པར་བའི་དབང་གིས་ལྷ་འདྲེ་ཡི་སྣང་ཚུལ་བྱུང་ནས་ལྷ་རབས་བཤད་པ་ཡང་ཡོད་དོ།། གནད་དོན་འདི་ནི་ཡིད་ཆེས་དང་དད་མོས་ཁོ་ནས་བཤད་པ་ཞིག་མ་ཡིན་པར། དེང་རབས་གསོ་རིག་གི་ཁྱབ་ཁོངས་ནས་བལྟས་ན་ཡང་རྩ་གཅུན་པས་ཕྱིའི་སྣང་ཚུལ་ལ་འཕོ་འགྱུར་ཡ་མཚན་པ་ཡོང་བ་ནི་རྒྱུན་ལྡན་གྱི་ཤེས་བྱ་ཡིན་པ་ལྟ་བུའོ།། (འདིའི་སྐོར་རྗེ་མི་ལའི་རྣམ་ཐར་ཁག་དང་འབྲེལ་ཏེ་སྐབས་གཞན་དུ་གླེང་བར་བྱའོ།།)

དཀྱུས་སུ་ཞུགས་ན། བོད་ཀྱི་དྲེག་པ་སྡེ་ལྔ་དང་གཉེན་ཆེན་སྡེ་བཞི་སོགས་ཀྱི་གྲལ་དུ་ཡོད་པའི་དམག་དཔོན་དབྱི་རྒྱལ་རིན་ཆེན་ནི «སྟག་ལུང་བསང་ཆེན» ནང་གི་སྲུང་མའི་གཙོ་བོ་ཞིག་ཡིན་པ་དང་། དམག་དཔོན་མཆོང་རི་སྨུག་པོ་ཡང་དབྱི་ཤོད་རི་བོ་ཆེའི་ས་ཆར་གནས་ཡོད། སྐབས་འདིར་ཡུལ་ལྷ་འདི་དང་འབྲེལ་བའི་གཏམ་རྒྱུད་ཅུང་ཟད་ཅིག་དྲངས་ན་བཤད་བདེ་པོ་འདུག །དེ་ཡང་དམག་དཔོན་དབྱི་རྒྱལ་ནི་རྨ་རྒྱལ་སྤོམ་རའི་སྲས་ཆེ་བ་ཞིག་ཡིན་ལ། རྨ་རྒྱལ་སྤོམ་ར་ཡིས་རང་གི་གཅེས་ནོར་དགོས་འདོད་འབྱུང་བའི་གཏེར་སྒྲོམ་ཞིག་ཡོད་པ་དེ་དྲང་བདེན་མིན་པར་གཡོ་རྒྱུ་ལ་བརྟེན་ནས་རང་གི་སྲས་ཐ་ཆུང་གསེར་འབྲོང་རི་སྨུག་པོར་གནང་རྩིས་བྱས། མཛད་སྟངས་དེ་ལ་སྐུ་སྲས་ཆེ་བ་དམག་དཔོན་དགྲ་འདུལ་གྱིས་ངོ་རྒོལ་དྲག་པོ་བྱས་ཏེ། ཡབ་ཆེན་རྨ་གཉེན་སྤོམ་རའི་མགོར་གྲི་བརྒྱབ་ནས་གཏེར་སྒྲོམ་དེ་འཕྲོག་སྟེ། དམག་དཔོན་རབ་རྔེ་རྩལ་ཁོང་དབྱི་ཤོད་ལུང་པར་བྲོས་བྱོལ་དུ་ཡོང་བའི་ཤོད་སྲོལ་ཅུང་རིང་པོ་ཞིག་ཡོད།

དེ་ལྟར་དམག་དཔོན་དབྱི་རྒྱལ་ནི་བོད་ཀྱི་ལྷ་རབས་ཁྲོད་ནས་བྱུང་བས། ཁོང་དང་རྗེ་གཉའ་ཁྲི་བཙན་པོ། ཐང་ལྷ་ཡ་བཞུར་སོགས་ཁུ་ཚན་གྱི་འབྲེལ་བ་གྲུབ་ཡོད། དེས་ན་ཡུལ་ལྷ་འདི་ལོ་རྒྱུས་ཐོག་གི་མི་སྣ་ཞིག་ཡིན་པ་ལྟ་བུ་གསལ་པོ་བཤད་སྲོལ་མེད་རུང་། «སྟག་ལུང་བསང་ཆེན» ནང་ནས་བསྟན་པ་ལྟར་ན། ཁོང་གི་མིང་ལ་དབྱི་རྒྱལ་རབ་རྔེ་རྩལ་ཟེར་བ་དང་། མགོ་ལ་དར་དམར་གྱི་ལ་ཐོད་དཀྲིས་ཤིང་སྟག་གི་རྔ་མའི་འཕྲུ་བཙུགས་ཡོད་པ་སོགས་ཀྱིས། བཙན་པོའི་རྒྱལ་རབས་ཡིག་ཚང་ལས་གསལ་པོར་བྱུང་བའི་བོད་ཀྱི་དམག་སྤྱི་ཆེན་མོ་ཞིག་གི་སྣང་བརྙན་མངོན་ཡོང་ལ། ཁོང་གིས་མདུང་དར་ཁྲ་བོ་དར་ལྕེ་བརྒྱད་དང་ལྡན་པ་ཞིག་དང་། དགྲ་མགོ་རྡུང་བའི་ཐོ་བ་སོགས་བཟུང་འདུག་པས། གོ་ཆ་ཕྱག་མཚན་གྱི་ཆ་ནས་བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་ཁ་མི་གསལ་བའི་སྟོང་ཆ་ཞིག་གསལ་སྟོན་བྱས་འདུག་པ་འདྲ། འོན་ཀྱང་རིག་འཛིན་སྟག་ཤམ་པས (1655 – 1708) མཛད་པའི་དམག་དཔོན་གྱི་གསོལ་ཁ་ལྟར་ན། དམག་དཔོན་གྱི་ཕྱག་མཚན་ནི་སྟ་རེ་དང་མདུང་དར་ཡིན་པར་བསྟན་འདུག

དེ་སྔོན་ལོ་རྒྱུས་ཡིག་ཆ་ཁག་ལས་བོད་ཀྱི་དཔའ་རྟུལ་ཚོས་ཐོ་བ་ཡི་མཚོན་ཆ་བྱས་པའི་སྐོར་མཐོང་དུ་མེད་ཅིང་། «སྟག་ལུང་བསང་ཆེན» གྱི་དགྲ་ལྷ་དཔང་བསྟོད་ནང་དུ་ཡང་དགྲ་ལྷའི་རྟེན་རྫས་དགུ་ཚན་ལྔ་ཙམ་གསལ་བ་ལས། དཔེར་ན། རྒོལ་བའི་མཚོན་ཆ་ལ། འུར་རྡོ། སྟ་རེ། མདུང་། གྲི། སྟག་རས། གཟིག་རས། མདའ། ཞགས་པ། དགྲ་ཟོར་སོགས་དང་། སྲུང་བའི་གོ་ཆ་ལ། རྨོག །ཁྲབ། སྙིང་ཁེབ། སྦ་ཁེབ། ལག་ཤག །དཔུང་ཁེབ། རྐང་ཤག །སྟོད་ཟེ། ཕུབ་སོགས་ཧ་ཅང་རྒྱས་པར་བྱུང་འདུག་མོད། ཐོ་བ་འདི་དགྲ་ལྷའི་གོ་མཚོན་གྱི་གྲལ་དུ་སླེབས་མི་འདུག

«སྟག་ལུང་བསང་ཆེན»ནང་གི་ལྷ་འདྲེ་རྣམས་ཀྱི་ཆ་ལུགས་གོ་མཚོན་ནི་ཧ་ཅང་གིས་མི་གཅིག་པ་ཁ་ཁ་སོ་སོ་ཤ་སྟག་ཡིན། ཡུལ་ལྷ་ལ་ལའི་ཆ་ལུགས་ནི་བོད་བཙན་པོའི་རྒྱལ་ཁབ་ཀྱི་སྒྲིག་གཞི་འཐོར་ཟིན་པའི་རྗེས་ཀྱི་མི་ཆེན་དཔོན་པོ་རྣམས་དང་མཚུངས་ལ། འགའ་ཞིག་ནི་བོད་བཙན་རྒྱལ་གྱི་རླུང་རྟ་དར་བཞིན་པའི་སྐབས་ཀྱི་རྒྱལ་པོ་དང་བློན་པོ། དམག་དཔོན་སོགས་ཀྱི་ཆས་གོས་གོ་ལག་ལྟར་བྱས་ཡོད། ཡང་ལ་ལ་ཞིག་ནི་དེ་ལས་ཀྱང་ཆེས་སྔ་བའི་ཡ་ཐོག་གདོད་མའི་བོད་ཀྱི་ཆ་ལུགས་ཀྱང་ཡིན་སྲིད་པ་ལྟ་བུ་ཡང་ཡོད་དོ།།

གསུམ་པ། བོད་ཀྱི་སྙན་ངག་གི་འཕེལ་འགྱུར་དང་སྟག་ལུང་གི་རྩོམ་རིག།

བོད་ལ་ཆེས་གནའ་སྔ་མོའི་དུས་ནས་སྙན་ངག་གི་རྩོམ་སྲོལ་མི་འདྲ་བ་མགུར་དང་གླུ། སྒྲུང་དང་ལྡེའུ་སོགས་དར་ཡོད་པ་ཤེས་ཐུབ་ཅིང་། བོན་གྱི་ཆོ་གའི་རིགས་མང་པོ་ཞིག་ཀྱང་སྙན་ཚིག་གི་ལམ་ནས་བྲིས་ཡོད་པ་རེད། མ་ཟད་དུས་ཕྱིས་སུ་རྗེ་བཙུན་མི་ལ་རས་པ (1040 – 1123) སོགས་བྱོན་པའི་བར་དུ་བོད་རང་ཉིད་ཀྱི་སྐད་བརྡ་དང་མཐུན་པའི་ངག་གི་སྒྱུ་རྩལ་ལ་དར་རྒྱས་ཆེན་པོ་སོང་ཡོད་པར་སྨྲ་ནུས། དེ་ནས་ས་སྐྱའི་སྲིད་དབང་གི་སྐབས་སུ་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན (ཧ་ལམ 1240 -?) གྱིས་རྒྱ་གར་གྱི་སྒྱུ་རྩལ་སྙན་ངག་ལེགས་གྲས «ཀླུ་ཀུན་ཏུ་དགའ་བའི་ཟློས་གར» དང «རྟོགས་བརྗོད་དཔག་བསམ་འཁྲི་ཤིང» སོགས་དང་། སྙན་ངག་གི་གཞུང་ལུགས «མེ་ལོང་མ» བོད་སྐད་དུ་བསྒྱུར་ཅིང་། མུ་མཐུད་ནས་དབུས་ཀྱི་ཆོས་གྲྭ་རྣམས་སུ «མེ་ལོང་མའི» འཆད་ཉན་ཡང་དར་སོ་བྱུང་། དེའི་རྐྱེན་གྱིས་བོད་ཀྱི་རིག་གནས་རིན་ཐང་ལྟ་བར་ཤུགས་རྐྱེན་བཟོ་ནུས་པའི་མཁས་པ་དབང་ཐང་ཅན་ཀློང་ཆེན་རབ་འབྱམས་པ (1308 – 1363) དང་རྗེ་ཙོང་ཁ་པ (1357 – 1419) སོགས་ཀྱིས་རྒྱ་གར་ལུགས་ཀྱི་སྙན་ངག་རྩོམ་སྟངས་དེ་ལ་མཐའ་གཅིག་ཏུ་དང་འདོད་ཆེན་པོ་བྱས་པས། རིམ་གྱིས«མེ་ལོང་མའི»ལུགས་ཀྱི་རྩོམ་ཡིག་མ་བྲིས་ན་བླུན་རྟགས་ཤིག་དུ་གྱུར་ཏེ། མཁས་པ་དང་ཆོས་རྒྱུད་མང་ཆེ་བའི་ནང་དུ་བོད་རང་གི་སྐད་ཀྱི་གཤིས་ལུགས་དང་མཐུན་པའི་ངག་རིགས་སྒྱུ་རྩལ་ལ་ཉམས་ཆག་ཆེན་པོ་ཞིག་བྱུང་སོང་། འོན་ཏེ། བཀའ་བརྒྱུད་པ་སྤྱི་དང་ལྷག་པར་དུ་སྟག་ལུང་གི་བླ་རབས་རྣམས་ཀྱིས་བོད་ཀྱི་གནའ་བོའི་སྙན་ངག་ལ་བདག་པོ་བརྒྱབས་ཏེ། གནའ་བོའི་སྙན་ཚིག་གི་ལམ་ནས་ཉམས་རྟོགས་ཀྱི་མགུར་གླུ་དང་བླ་མའི་གསོལ་འདེབས། བསང་དང་གསོལ་ཁ་སོགས་མང་དུ་བྲིས་ཡོད་ལ། «སྟག་ལུང་བསང་ཆེན» གྱི་ནང་དུ་ཡང་མགུར་རྩོམ་རྙིང་པ་དབྱངས་རྟ་དང་བཅས་པ་ཁ་ཤས་ཤིག་ཉར་ཚགས་བྱས་འདུག།

དེའི་ནང་གི་གཉེན་ཆེན་ཐང་ལྷའི་བསང་མཆོད་འདི “སློབ་དཔོན་པདྨས་གནས་གནམ་མཚོ་ཕྱུག་མོར་མཛད”པར་བཤད་ཡོད་ལ། དངོས་སུ་ལག་ལེན་བྱེད་སྐབས་སུ། “ལུག་དོན[ནག]པོའི་སྙིང་། ཤ་བ་ཡུ་མོའི་སྙིང་། གཡག་དཀར་པོའི་སྙིང་རྣམས་རྟེན་དུ་གཟུགས།” དགོས་པར་བསྟན་འདུག་པ་དང་། བསང་མཆོད་དངོས་ཀྱི་ཚིག་གི་སྦྱོར་བ་ནི་འདི་འདྲ་ཞིག་རེད། “སྐུ་ལྷའི་ཡབ་སྨོས་པ།། འོ་དེ་གུང་རྒྱལ་ལགས།། སྐུ་ལྷའི་ཡུམ་སྨོས་པ།། གཡུ་བྱ་གཤོག་ཅིག་ལགས།། སྐུ་ལྷ་ཉིད་སྨོས་པ།། ཡར་ཞུར་གཉན་གྱི་སྲས།། བཞུགས་ཡུལ་མཚན་གསོལ་བ།། འདམ་ཤོད་སྣོར་མའི་ལྗོངས།། ཁྱེར་ཁ་གཡུ་ལྗང་འཁྱིལ།། དབྱར་མེད་རྒུན་མེད་སྔོ།།…… སྐུ་ལ་ཅི་གསོལ་ན།། དར་དཀར་རས་གུ་གསོལ།། གཡས་ན་ཅི་བསྣམས་ན།། སྦ་ལྕག་དཀར་པོ་བསྣམས།། གཡོན་ན་ཅི་བསྣམས་ན།། ཤེལ་དཀར་ཕྲེང་བ་བསྣམས།། དཀར་དང་ཤ་ར་ར།།…… དབུ་ལ་གཡུ་བུན་འཐུལ།། དབྱར་མེད་རྒུན་མེད་འཐུལ།། ཕྱི་ནས་བུ་ཡུག་འཚུབས།། ཉིན་མེད་མཚན་མེད་འཚུབས།། སྐུ་ལ་ཁུ་འཕང་འཕྲོ།། སྟོན་མེད་དཔྱིད་མེད་འཕྲོ།།” ཞེས་སོགས་དབྱངས་རྟ་རྔ་རོལ་དང་བཅས་འདོན་དགོས་ཤིང་། རྩོམ་འདིའི་རྗོད་པ་སྤེལ་སྟངས་དང་ཚེག་བར་རིང་ཐུང་རྣམས་ལ་ཤིན་ཏུ་བགྲེས་ཉམས་གྱིས་ཕྱུག་འདུག། དེས་ན་ཏུན་ཧོང་ནས་ཐོན་པའི «བོད་བཙན་པོའི་སྐབས་ཀྱི་མགུར་གླུ» དེ་དག་དང་ཅུང་ཟད་བསྡུར་ན། “སྐྱི་ཅུ་ནྀ་སྔོན་མོ་དང་།། ཡར་ཆབ་ནྀ་ཆུ་བོ་ཆེ།། གང་རིང་ནྀ་གང་ཐུང་བ།། ཐང་ལྷ་ནྀ་ཡ་བཞུར་མཁྱེན།། གནུབས་མཚོ་ནྀ་ཀླིང་དགུའ་དང་།། གྲང་པོ་ནི་མཚོ་ལེ་གོང་།། གང་ཆེ་ནྀ་གག་ཆུང་བ།། ཤ་མྱེད་ནྀ་གངས་དཀར་མཁྱེན།།” ཞེས་སོགས་ཚེག་བར་དྲུག་མ་འདི་འདྲ་ཧ་ཅང་མང་པོ་ཞིག་བྱུང་ཡོད། མགུར་གླུ་རྙིང་པ་འདི་དག་མང་ཆེ་བའི་ནང་། ཚེག་བར་གཉིས་རེའི་མཚམས་སུ‘ནི’སྒྲ་ཞིག་རྒྱུན་དུ་ཡོང་གིན་ཡོད་པས། ཐང་ལྷའི་བསང་མཆོད་ཀྱི་ཚིག་འགྲོས་ལ་བལྟས་ན‘ནི’སྒྲ་དེ་ཕྱིས་སུ་བླངས་སོང་བ་མིན་ནམ་སྙམ་པ་ཡོང་ངེས། གཞན་ཡང་བོན་གྱི་དཔེ་ཆ «སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས» ལས། “གཤེན་རབ་མྱི་བོ་ཆེ།། སྐུ་དང་དུང་གདའ་འདྲ།། འཛུམ་དང་མེར་རེ་རེ།། སྐུ་ལྟོས་རི་ལ་རྗིད།།  མུ་ཐིང་རལ་པ་ནི།། མུ་འོད་འཁྱུགས་སེ་འཁྱུགས།། སྐུ་ལ་ཅི་སྲོལ་ན།། རྒོད་ཐུལ་ལྷམས་སེ་ལྷམས།། གཞའ་ཡི་སྨད་གཡོགས་ལ།། བྱིན་རླབས་ཐིབས་སེ་ཐིབས།། ཕྱག་ན་ཅི་སྣོམ་ན།། སྲིད་པའི་སྒྲོམ་བུ་སྣོམ།།” ཞེས་སོགས་འཁོད་འདུག་པ་དང་བསྡུར་ན། གཅིག་ལ་དཔེ་བླངས་ནས་གཅིག་ཤོས་བྲིས་སོང་བ་ལྟ་བུའི་འདྲ་མཚུངས་ཆེན་པོ་མཆིས། དེ་ལྟར་བརྟགས་པས་ཐང་ལྷའི་བསང་མཆོད་འདི“སློབ་དཔོན་པདྨས་མཛད”ཟེར་བ་ལ་ཡིད་ཆེས་པར་དཀའ་ཞིང་། སློབ་དཔོན་རིན་པོ་ཆེ་ལས་ཀྱང་ཆེས་སྔ་བའི་དུས་ཀྱི་བོད་མིས་རྩོམ་སྟངས་དང་ཡུལ་ལྷ་ལ་དད་གུས་ཡིད་ཆེས་བྱེད་སྟངས་དེ་མངོན་འདུག་པར་སྙམ།

སྟག་ལུང་གི་བླ་མ་རིམ་བྱོན་དེ་ཚོས་གནའ་བོའི་མགུར་རྩོམ་གྱི་མཚར་སྡུག་དང་སྒྱུ་རྩལ་གྱི་ཉམས་འགྱུར་ལ་རྗེས་སུ་ཆགས་ཏེ་འདོར་མ་བྲ་བའི་སྟེང་དུ། ཁོང་རྣམ་པས «མེ་ལོང་མའི» ལུགས་ཀྱི་སྙན་ཚིག་ལ་སྦྱོང་བརྡར་བྱས་ཤིང་དེའི་སྟེང་ནས་ཀྱང་གྲུབ་འབྲས་ཆེན་པོ་བླངས་འདུག། དཔེ་མཚོན་ཙམ་དུ།  «སྟག་ལུང་བསང་ཆེན» ནང་གི་འཕགས་མཆོག་སྐུ་ཕྲེང་གསུམ་པ་ཆོས་དབྱིངས་ལྷུན་གྲུབ (1786 – 1829) ཀྱིས་མཛད་པའི་རི་བོ་ཆེའི་བསང་མཆོད་ལས་འདིར་ཅུང་ཟད་དྲངས་ན། “གནས་མཆོག་ལྷུན་པོ་ཕྱི་ལྟར་བྱང་ཕྱོགས་ཀྱི།། ནོར་བདག་གནོད་སྦྱིན་རྒྱལ་པོ་འགྱིང་བའི་ཚུལ།། ལེགས་བྲིས་དགའ་ཚལ་འཛིན་མར་འཕོས་འདྲ་བའི།། དབྱར་གྱི་དགའ་མའི་མར་གད་འོག་པག་གྱོན།། ཨ་ཤད་ཐ་དང་ཚང་ཚིང་ལྗོན་པའི་ལྕུགས།། རིག་འཇམ་བསིལ་བུས་ཅུང་ཟད་གཡོབ་པ་ནི།། འཆི་མེད་སྨིན་ལེགས་དགའ་སྟོན་ལ་ཞུགས་ནས།། ཟློས་གར་གློག་ཕྲན་མིག་འཕྲུལ་རྩེ་བ་དང་།། མཚར་སྡུག་ཆུ་སྐྱེས་གཞོན་ནུའི་ལང་ཚོ་ལ།། རྐང་དྲུག་གཞོན་ནུས་རྩེ་བཞིན་གླུ་དབྱངས་ལེན།། མི་འཇིག་སྦྱིན་པའི་གཡབ་མོས་བསྡུས་པ་ཡི།། རི་སྐྱེས་ཚོགས་རྣམས་བག་ཕེབས་བརྩེ་འཇོའི་རྒྱུ།། སྣུམ་ཞིང་གཙང་ལ་མཐོང་བས་ཡིད་འཕྲོགས་པ།། དུས་བཞིར་མ་ངེས་རྒྱན་ཆ་ཅི་ཡང་མཐོང་།། བསམ་གཏན་སྒྲུབ་དང་ཀློག་པ་ཐོས་བསམ་གྱིས།། ཡིད་ཅན་མ་ལུས་ངལ་གསོ་དགའ་བའི་བསོས།།” ཞེས་སོགས་རྟ་ལ་དྲངས་ཏེ་དལ་མོར་གྱེར་ཡོང་དུས། འདི་ནས་ཕུལ་དུ་བྱུང་བའི་སྙན་ངག་པ་ཞིག་གི་ཞལ་རས་མཇལ་ཐུབ་ཀྱི་ཡོད། དོན་དངོས་ཐོག་ཚིག་གི་སྦྱོར་བ་མཛེས་ཆ་ཅན་ཁ་ཤས་སྤེལ་བ་ཙམ་གྱིས། མི་དེ་སྙན་ངག་པ་རེད་ཟེར་དགོས་ན་ཨ་དགོས་ཆུང་མོད། རྩོམ་ཡིག་འདིའི་ཡིག་འབྲུ་རེ་རེ་ལས་སྐྱེས་བུ་སུ་ཞིག་གིས་རང་གི་ཕ་ཡུལ་དང་རང་བྱུང་ཁམས་ཆེན་མོར་བཅངས་བའི་བརྩེ་མདངས་ཟབ་མོ་ལྷད་མེད་པ་དེ་ངམ་ངམ་ཤུགས་ཀྱིས་ཚོར་ཡོང་གིན་ཡོད། དེ་ནི་ཕུལ་དུ་བྱུང་བའི་སྙན་ངག་པ་ཞིག་གི་སྙོན་དུ་མེད་པའི་རྟགས་དང་མཚན་མ་དེ་མ་ཡིན་ནམ།

དེ་ལྟར «སྟག་ལུང་བསང་ཆེན» ནི་ཆེས་གནའ་བོའི་དུས་ནས་དེང་རབས་ཀྱི་སྙན་ངག་གསར་མ་འདི་མ་དར་བར་གྱི་བོད་ཀྱི་སྙན་ངག་རིག་པའི་བསྡུད་གཟུགས་ཤིག་གམ། འདས་པའི་དུས་ཀྱི་བོད་པའི་སྙན་ངག་གི་རིག་གཞུང་འདི་ཇི་ལྟར་འཕེལ་འགྱུར་བྱུང་བའི་དབྱིབས་གཟུགས་ལྟ་བུ་ཅུང་ཟད་ཆ་ཚང་བའི་ངག་རིགས་སྒྱུ་རྩལ་གྱི་གླེགས་བམ་ཞིག་རེད་འདུག་གོ།

བཞི་པ། སྟག་ལུང་བསང་ཆེན་གྱི་གྱེར་རྟ་གདངས་གསུམ་དང་དེའི་མྱོང་ཚོར།

ངས་འདི་ནས“གྱེར་རྟ་གདངས་གསུམ”ཟེར་ནས་བཤད་ན་ཁྱེད་ཀྱིས་ཧ་གོ་ཚོད་རེད། «སྟག་ལུང་བསང་ཆེན» གྱི་གསོལ་མཆོད་དངོས་སུ་ལག་ལེན་བྱེད་པའི་སྐབས་སུ། ཆོ་ག་དབུ་བཟུང་ནས་མཇུག་ཡོངས་སུ་མ་སྒྲིལ་གྱི་བར་དུ། དབྱངས་སུ་གྱེར་བཞིན། རྟ་ལ་དྲངས་ཏེ། གདངས་ཀྱིས་འཐེན་དགོས་པ་རེད་འདུག། དེ་ལ་འགྱུར་ཁུག་མི་འདྲ་བ་ཤ་སྟག་བརྩིས་ན་ཡང་དབྱངས་རྟ ༨༠ ལྷག་ཙམ་ཞིག་གདའ། དེ་ཐམས་ཅད་ཚུར་བསྡུས་ན“གྱེར་རྟ་གདངས་གསུམ”ཟེར་བའི་དབྱངས་འགྲོས་ཀྱི་རིགས་མི་འདྲ་བ་གསུམ་དུ་འདུས་ཡོད་ལ། དེ་དག་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མའི་སྐད་གདངས་ཇེ་དལ་དུ་སོང་བའི་ངག་གི་འགྱུར་བག་ཅིག་ཡིན། དཔེར་ན། “གྱེར”ཞེས་པ་ནི། ཚིག་ལྷུག་དག་དང་ཚིགས་བཅད་ཁ་ཅིག་ཅུང་ཟད་འགྲོས་མགྱོག་ཙམ་གྱི་སྒོ་ནས་གྱེར་འདོན་བྱས་པ་ལ་ཟེར་ཞིང་། “རྟ”ཞེས་པའི་དོན་ནི། ཚིགས་བཅད་ཀྱི་རིགས་ཁ་ཅིག་མཉེན་ལྕུག་དང་ལྡན་པའི་ངག་གི་འགྱུར་ཁུག་གམ། དབྱངས་རྟ་ཅན་གྱི་འདོན་སྟངས་དེ་ལ་ཟེར་གྱི་ཡོད་པ་གསལ།  “གདངས”ཟེར་བ་དེ་ཡང་། ཚིག་ལེའུར་བྱས་པའི་རྩོམ་ལུས་ཀྱི་ཐོག་ནས། མགྲིན་དབྱངས་ཤིན་ཏུ་དལ་མོ་ཅན་གྱི་ངག་རྩལ་དག་ལ་ཟེར་ཏེ། བབས་ཆགས་དང་ལྷོད་ཡངས་ལྡན་པའི་འདོན་སྟངས་འདིའི་མིང་ལ“གདངས་འཐེན་པ”ཟེར་ནས་འབོད་པའི་སྐབས་མང་།

ལྷ་གཞི་དཀར་པོ་ཞིག་གི་སྟེང་དུ «སྟག་ལུང་བསང་ཆེན» གྱི་གཏོར་མ་སོགས་མཆོད་པའི་ཡོ་བྱད་དག་སྒྲིག་ཤོམ་བྱས་ཤིང་། གླེགས་བམ་གྱི་ཞལ་སྒོ་དངོས་སུ་ཕྱེས་ཏེ་རྔ་རོལ་དང་བཅས་དགྱེར་རྟ་གདངས་གསུམ་གྱི་ལམ་ནས་བསང་མཆོད་བྱེད་སར་ཐོན་ན། མི་རྒན་དར་སུ་ལ་ཡང་བསང་མཆོད་ཀྱི་ཆོ་ག་འདིས་མི་ཚེ་གཅིག་ལ་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་ཀྱི་འདུག། ངས་བལྟས་ན་དེ་ལྟ་བུའི་ནུས་པ་དེ་ནི་སྒྱུ་རྩལ་གྱི་བཟི་ཁ་ཤིན་ཏུ་ཆེ་བའི «སྟག་ལུང་བསང་ཆེན» གྱི་གྱེར་དབྱངས་འདི་དག་ཡིན་པར་ངེས།

གདངས་དབྱངས་འདི་དག་ན་གཞོན་རྣམས་ཀྱིས་རྐྱང་སྐད་བྱས་པའི་གྱེར་རྟ་ལྟ་བུ་མ་ཡིན་པར། སྐྱེས་བུ་ཞིག་གིས་རང་སྐད་སོ་ན་གནས་པའི་སྒོ་ནས་གྱེར་བ་ཡིན་ན། སྐྱེ་བོ་གང་འདྲ་ཞིག་ཡིན་ཡང་ཟབ་ཅིང་ཞི་བའི་འཇིག་རྟེན་རྒྱུས་མེད་ཅིག་ལ་དལ་ཅིག་འཁྲིད་པར་བྱེད་ནུས།

གྱེར་རྟ་འདི་དག་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་ཟབ་ཚད་ལ་རོ་མྱོང་བྱེད་བཞིན་པའི་སྐབས་ཀྱི། རྟོགས་པའི་གོམ་འགྲོས་དག་སྒྲ་གདངས་ཀྱི་ཚུལ་གྱིས་མངོན་པའི་ཉམས་དབྱངས་ལས་བྱུང་བ་ཡིན་ཟེར་རུང་བ་འདྲ།

འོན་ཀྱང་། ཀོང་སྤྲུལ་བློ་གྲོས་རབ་འཕེལ (1901 – 1959) རི་བོ་ཆེའི་དགོན་པར་ཕེབས་སྐབས། «སྟག་ལུང་བསང་ཆེན» གྱི་ངག་རྟ་འདི་དག་ནི་གནའ་བོའི་བོད་ཀྱི་གཏོ་གླུད་རྣམས་ཀྱི་འདོན་རྟ་ཞིག་ཡིན་པའི་དགོངས་ཚུལ་ཡང་བཏོན་མྱོང་བ་རེད་ཟེར་སྲོལ་འདུག་མོད། «སྟག་ལུང་བསང་ཆེན» གྱི་གདངས་དབྱངས་ཁ་ཤས་ཤིག «བླ་མ་གསང་འདུས» «གུ་རུ་ཞི་བ» «བསྐང་གསོ» སོགས་རྒྱུད་སྡེ་དང་སྒྱུབ་ཐབས་ཁག་ལས་ཚུར་བླངས་བ་མངོན་མོད། གཏོ་དང་གླུད་ཀྱི་འདོན་རྟ་དང་འདྲ་བ་ཞིག་ནི་འདི་ནས་རྙེད་མ་བྱུང་ངོ་།།

ལོ་ངོ་སྟོང་ཕྲག་རིང་གི་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་ཕྱོགས་སྒྲིག་བྱས་ཤིང་། སྙན་ཚིག་གི་གྱེར་གདངས་དང་བཅས་པ་མཉམ་དུ་གནས་པའི་སྙན་ངག་གི་གླེགས་བམ་འདི་འདྲ་ཞིག་དེ་སྔོན་འཛམ་བུའི་གླིང་འདིར་བྱུང་མྱོང་ངམ།

ལྔ་པ། གདོད་མའི་མཆོད་རྫས་ཀྱི་འགྱུར་རྡོ་བརྔན་གཏོར་དང་བརྔན་པར། 

«སྟག་ལུང་བསང་ཆེན» གྱི་བཅའ་བཟོའི་ཐད་ནས་གླེང་ན་གཏོར་མའི་རིགས་མི་འདྲ་བ་ཅུང་མང་པོ་ཞིག་དགོས་ཀྱིན་ཡོད། དེ་ཡང་དཔེར་ན། གཉན་ཆེན་ཐང་ལྷའི་གཏོར་མ་ལ་གཡག་དཀར་པོ་ཞིག་དང་། ག་ཟི་ལ་གཏོར་མ་ལུག་གི་གཟུགས་ཅན་ཞིག་དགོས་ཀྱིན་ཡོད་པ་སོགས་སོ།། དེ་དག་གི་ནང་ནས་ཡ་མཚན་མང་བ་དང་དཔྱད་པ་གཏོང་རིན་ཆེ་བ་ནི“བརྔན་གཏོར”ཞེས་པ་དེ་ཡིན། “བརྔན”གྱི་ནང་དོན་ནི་གཏང་རག་གམ་ཡང་ན་ལེགས་སྐྱེས་ཞེས་པའི་དོན་དང་འདྲ་བ་ཡིན་པས། བརྔན་གཏོར་འབུལ་བའི་ཡུལ་ནི་དཀོན་མཆོག་སྲིད་ཞིའི་མགྲོན་ཐམས་ཅད་གམ། ཡང་ན་ལྷ་མ་སྲིན་སྡེ་བརྒྱད་སོགས་ཡུལ་གྱི་གཞི་བདག་རྣམས་དམིགས་པའི་ཡུལ་གཙོ་བོར་བསྟན་འདུག

བརྔན་གཏོར་འདི་ནི་བོད་ཀྱི་གནའ་བོའི་མཆོད་རྫས་ཡོད་ཚད་ཕྱོགས་གཅིག་ཏུ་སྤུངས་པའི་འགྱུར་རྡོ་ཞིག་དང་འདྲ་བར། བན་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ་དང་། བོན་ལུགས་ཀྱི་སྲིད་པ་གྲོལ་ལུགས་རྣམས་མཉམ་དུ་བསྲེས་ཏེ་གཏོར་མ་ཞིག་བཅས་ཡོད། གཏོར་མ་དེ་ནི་བང་རིམ་གསུམ་དང་ལྡན་པ་ཞིག་ཡིན། དེའི་ནང་གི་བང་རིམ་ཐ་མ་ཇི་ལྟར་བཅའ་ཚུལ་ཆ་ཚང་གཤམ་དུ་དྲངས་ཡོད་པ་འདི་རེད། “བང་རིམ་ཐ་མ་ལ་བརྟན་མ་བཅུ་གཉིས་ལ་བཤོས་བུ་བུ་ཁུར་བཅུ་གཉིས། ལྷ་ཡི་དབང་པོ་ལ་རིན་པོ་ཆེའི་ཕྲེང་བ་དང་ན་བཟའ་སྣ་ཚོགས། ཚངས་པ་ལ་གསེར་གྱི་ཕྱེ་མ། རྒྱལ་ཆེན་བཞི་ལ་སྟག །ལེགས་ལྡན་མགོན་པོ་ལ་ཤ་ཁྲག་གཏོར་མ་དང་ལུག་ནག་སྤྱི་དཀར། ལྷ་མོ་ལ་བྱ་ནག་གསེར་མིག །ལྷ་རྣམས་ལ་འདོད་ཡོན་ལྔ། ལྷ་མིན་ལ་མེ་ཏོག་ཕྲེང་བ། ལྷ་མོ་བརྟན་མ་ལ་བུམ་པ། ལྷ་ལ་བཤོས་གཙང་རྒྱབ་ཡོལ། ཀླུ་ལ་དཀར་ཟླུམ་པད་བཤོས་དང་སྦྲུལ་དཀྲིས། གཉེན་ལ་ཕྲག་འགེལ་དང་སྟག་རས། གཟའ་ལ་ར་རྒོད་དང་ཁ་མིག །བཙན་ལ་ཟུར་གསུམ་དང་སྒྲོ་རིས་གོང་ཀ །དམུ་ལ་སྒོ་རུ། བདུད་ལ་གཡས་དཀྱུས་དང་གཡོན་དཀྱུས། ས་བདག་ལ་གསེར་དངུལ་དང་རྩེ་ལྔ། མ་མོ་ལ་ཟུར་གསུམ་དང་སྒབ་བཅད། རྒྱལ་པོ་ལ་མཁར་ཐབ་དང་སྟག[འདི་ན་ཡིག་འབྲུ་ཞིག་ཆད]ལ་ཐོད། དྲི་ཟ་ལ་དྲི་དང་བསུར། དགེ་བསྙན་ལ་ཤ་ཆང་དང་ཟླུམ་པོ། སྲིན་པོ་ལ་མི་ཡི་ཁོག་སྨད། པེ་དཀར་ལ་སྦ་སྙུག་བཞི་ཚིགས། རྒྱུ་སྐར་ལ་བཤོས་བུ་རྩེ་ཚངས། སྐར་ཕྲན་ལ་རིལ་བུ་ཅི་མང་། ལོ་སྐོར་སྤར་སྨེའི་གཟུགས། ཟླ་བཤོས། ཉི་བཤོས། འཕྲོག་མ་མ་བུ་ལ་ཆང་བསྐྲད་ལྔ་ཆངས་བཅངས། སྒོ་བཞི་ལ་དོང་རྩེ་བཤོས་བུ་རྩེ་གཅིག་རྩེ་གཉིས། ཟུར་གསུམ། ལྕགས་ཀྱུ། ཐེའུ་རང་ལ་མདུང་སོ་རྩེ་ལྔ་རྩེ་བཞི། བགེགས་རིགས་ལ་ཏིང་ལོ་དང་ཆང་བསྐྲད། སྨན་གྱི་ཁུ་ཁུར། འབྲང་རྒྱས། ཤེལ་ཚིག་ཁྲི་དཀར། ཀླུ་ལ་དཀར་གསུམ། སྦལ་པ། སྦྲུལ། ཉ། འཕྱོང་མོ་སོགས། སྤྱི་ལ་མར་མེ། བྱ་ཁྱུང་། སེང་གེ། སྟག། གཟིག། དོམ། མ་ཧེ། རྟ། ལུག། ར། འགྱིང་གཡག། འབྲི། མཛོ། བ་གླང་། རི་དྭགས་སྣ་ཚོགས། ཕག །ཁྱི། རི་བོང་། གཞན་ཡང་གཟུགས་འགྲོས་སྣ་ཚོགས་ཅི་མང་། མཐར་ཐེབ་ཀྱུས་བསྐོར། ལྷག་ཆད་རིལ་བུས་ཁ་བསྐང་།” ཞེས་འཁོད་ཡོད། འདིའི་ནང་གི་མཆོད་རྫས་མང་ཆེ་བ་པར་ཤིང་སྟེང་དུ་བརྐོས་ཏེ། གཟུགས་བརྙན་དེ་ཉིད་གཏོར་མའི་སྟེང་དུ་པར་འདེབས་དགོས་པས། “བརྔན་པར”ཟེར་བའི་ཤིང་གི་ཡོ་བྱད་ཅིག་ཟུར་དུ་བཟོས་ཡོད་པ་རེད།

དེང་རབས་ཀྱི་མཁས་པ་ལ་ལས་བོད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་སོགས་ལ་ཞིབ་འཇུག་གནང་སྐབས། སྡེ་བརྒྱད་ནི་གདོད་མའི་མངའ་མཛད་བཅུ་གཉིས་དུས་ཙམ་གྱི་བོད་པའི་མེས་པོ་དེ་འདྲ་ཡིན་སྲིད་ལ། གཉན། བཙན། བདུད་ཟེར་བ་སོགས་གནས་ཡུལ་དང་སྤྱོད་ལམ་མི་འདྲ་བའི་རུས་རྒྱུད་ཚོ་ཁག་གི་མིང་ཡིན་སྲིད་པ་ལྟར་བཤད་ཡོད། བཤད་ཚུལ་དེ་དག་ལ་ད་དུང་ལོ་རྒྱུས་རང་བཞིན་ལྡན་པའི་གཏན་ཚིག་བཙན་པོ་ཞིག་རྙེད་མི་འདུག་མོད། དེ་ལྟར་ཞིབ་འཇུག་བྱེད་པ་ལ “བརྔན་གཏོར”འདིས་དཔྱད་གཞི་དང་ཁུངས་སྣེ་ཡག་པོ་རེ་ཡང་སྟོན་ཐུབ་སྲིད་པ་རེད་འདུག་ལ། བརྔན་གཏོར་གྱི་ནང་དོན་ནི་དེ་ཙམ་གྱིས་ཚད་ཀྱི་མེད་པ་ཞིག་ཀྱང་ཡིན་པར་སྣང་།

དེ་ལྟར «སྟག་ལུང་བསང་ཆེན» ནི་བསང་མཆོད་ལ་བརྟེན་ནས་མནོལ་གྲིབ་སེལ་བ་དང་རླུང་རྟ་གསོ་བར་བྱེད་པའི་གནའ་བོའི་བོན་ལུགས་ཤུགས་ཆེར་འདུས་ཡོད་པ་དང་། ཤུག་པ་དང་བ་ལུ། འཁན་པ་སོགས་ཀྱི་བསང་མེའི་སྟེང་དུ་གཏོར་མ། ཕྱེ་མར། ཇ། ཆང་། འོ་མ། ཡོས་བཀྲ་སོགས་བསྣན་ནས། དཀོན་མཆོག་གསུམ་དང་། གསང་སྔགས་གསར་རྙིང་གི་བླ་མ། ཡི་དམ། མཁའ་འགྲོ། དེ་བཞིན་དུ། སྟག་ལུང་བཀའ་བརྒྱུད་ཀྱི་ཡུལ་ལྷ་དང་སྲུང་མ་གཙོ་བོར་བྱས་ཏེ། རྗེ་ཡི་མགུར་ལྷ་བཅུ་གསུམ། བོད་ཀྱི་བརྟན་མ་བཅུ་གཉིས། སྲིད་པ་ཆགས་པའི་ལྷ་དགུ། ལྷ་སྲིན་དྲེག་པ་སྡེ་བརྒྱད་དང་བཅས་པའི་བོད་ཀྱི་གཞི་བདག་ཡོངས་ལ་མཆོད་སྦྱིན་གྱི་མགྲོན་ཤིན་ཏུ་ཆེན་པོ་ཞིག་འབོད་པའི་རྣམ་པར་གྲུབ་ནས་གདའ།

མགྲོན་འབོད་ཚད་ལྡན་ཞིག་བྱེད་པ་ལ་བླ་མཆོད་རང་ཉིད་ཀྱིས་མ་མཐའ་ཡང་རིགས་གསུམ་གྱི་རྗེས་གནང་ཐོབ་པར་བྱེད་དགོས་པ་སོགས་གསལ་འདེབས་ཞུ་དགོས་པ་ཅུང་ཟད་ཡོད་མོད། འདི་ནས་ཐུན་མོང་རིག་གནས་ཀྱི་སྐོར་གླེང་བའི་སྐབས་ཡིན་པས།  ཐུན་མིན་ཆོས་ལུགས་ཀྱི་སྐོར་མི་བརྗོད་དོ། །

ཞེས་ཆུ་བོ་ཆེན་པོ་དངུལ་ཟླ་གཉིས་ཀྱི་བར་དུ་ཆགས་པའི་ཡུལ་ཚ་བའི་ཀླུང་སྒང་རིང་མོ། དབྱི་ཤོད་རི་བོ་ཆེའི་ས་ཆ། ཨ་ཅོག་རིན་ཆེན་སྤུངས་པའི་རི་བོར་བྲིས་སོ། །

ཟུར་ལྟའི་ཡིག་ཆ་གཙོ་བོ་དག་གི་མཚན་ཐོ།

 

[1] རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། ཏཱ་སི་བྱང་ཆུབ་རྒྱལ་མཚན་སོགས།

[2] དེབ་ཐེར་དཀར་པོ། དགེ་འདུན་ཆོས་འཕེལ།

[3] ཆོས་འབྱུང་ངོ་མཚར་རྒྱ་མཚོ། དཔེ་ཚོགས། སྟག་ལུང་པ་ངག་དབང་རྣམ་རྒྱལ།

[4] དེབ་ཐེར་རྒྱ་མཚོའི་ཉིང་བཅུད། རྗེ་དྲུང་འཇམ་དཔལ་ལུང་རྟོགས།

[5] དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།

[6] « བོན་གྱི་ལྷ་རབས་ལ་དཔྱད་པ། བཀྲ་བྷ།

[7] མདའ་དང་འཕང་།  མཁར་རྨེའུ་བསམ་གཏན་རྒྱ་མཚོ།

[8། ཕྱི་གླིང་པས་བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་བསྒྱུར།

[9] སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས།

– – – – –

Loading

1 མཆན་བུ།

  1. བོད་ཀྱི་སྐོར་ལ་ཞིབ་འཇུག་གྱིས་དང་བོད་ཀྱིས་ལྷ་སྒྲུང་འདྲེ་སྒྲུང་ག་ཚོད་བཤད་ཡོད་ཤེས་ཐུབ། མ་ཚད་ལྷ་ཡུལ་དང་དམྱལ་བ་བཤད་ནས་ག་འདྲ་ཕོངས་པ་ཡང་ཤེས་ཐུབ།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།