རྒྱ་གར་གྱི་ལོ་རྒྱུས་དང་འབྲེལ་བའི་ས་བབ་དང་ཆུ་བོ་འགའ་བཤད་པ།

4
868

[གཙོ་ཚིག]   རྒྱ་གར།  ས་དབྱིབས།  ཆུ་བོ་པཀྵུ ། ཆུ་བོ་སི་ཏ། དྲཝིཌ་མི་རིགས།

[བརྗོད་སྙིང འདིར་སྔོན་གྱི་ཡུལ་མིང་དང་ཆུ་བོ་འགའི་མིང་ངོས་འཛིན་དང་མིང་བརྡ་ཤན་སྦྱར་བྱས་ཡོད་ལ་སྤྱིར་རྒྱ་གར་གྱི་གནས་བབ་རགས་ཙམ་བཀོད་ཡོད།

[དུས་ཚོད སྤྱི་ལོ་2015ལོའི་ཟླ་3ཚེས་23 ཉིན། 2020.6.24 ཉིན་བསྐྱར་བཅོས།

 སྔོན་གླེང།

ཉེ་ལམ་རྒྱ་གར་གྱི་ལོ་རྒྱུས་དང་འབྲེལ་བའི་དཔྱད་གཞི་ཁག་ཅིག་ལ་དཔེ་ཀློག་བྱས་པ་བརྒྱུད་ནས་དེ་དག་ལས་རང་ཉིད་ལ་དོ་སྣང་ཡོད་པ་ཁག་ཅིག་ཚིག་ཐོར་བཀོད་ནས་དེ་དག་གི་ངོས་འཛིན་གསལ་བོར་ཡོང་ཕྱིར་ནག་འགྲོས་སུ་བཀོད་པ་ཙམ་ཡིན། བརྒྱུད་རིམ་དེའི་ཁྲོད་ནས་བོད་ཀྱི་ཡིག་ཚགས་ཁག་ཏུ་ཁ་མི་གསལ་བའི་ས་མིང་དང་ཆུ་མིང་འགའ་ཤས་གང་ཐུབ་ཅི་ནུས་ཀྱིས་ངོས་འཛིན་དང་མིང་བརྡ་ཤན་སྦྱར་བྱས་ཡོད། སྤྱིར་རྒྱ་གར་ལྟ་བུའི་གནའ་བོའི་ཤེས་རིག་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་གི་ལོ་རྒྱུས་དང་ཤེས་རིག་བྱུང་འཕེལ་ལ་རགས་ཙམ་བལྟས་པ་ཡིན་ནའང་རྨོངས་པ་ཁོ་བོ་ལྟ་བུ་ཚོར་བློ་རྒྱ་ཤིན་ཏུ་བསྐྱེད་ཐུབ་པའི་རྒྱུ་མཚན་གྱིས་སྤྲོ་བའི་སྒོ་ནས་འཇུག་པར་བྱའོ། །

དང་པོ།    རྒྱ་གར་གྱི་ཡུལ་དང་འབྲེལ་བའི་ས་དབྱིབས་ཆགས་སྟངས་ཀྱི་གླེང་མོལ།

རྒྱ་གར་གྱི་ཡུལ་ངོས་འཛིན་པ་ལ་ཐོག་མར་གླེང་བར་འདོད་པ་ནི་བོད་སྔ་རབས་མཁས་པ་ཁག་ཅིག་གིས་ལྷོ་འཛམ་བུ་གླིང་གི་དབུས་ན་རྒྱ་གར་རྡོ་རྗེ་གདན་ཡོད་པར་གསུངས་ཡོད་ལ།  དེ་ཡང་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཆོས་མངོན་པ་མཛོད་དང་དུས་འཁོར། མདོ་དྲན་པ་ཉེར་བཞག་སོགས་ལ་ཁུངས་གཏུགས་ནས་བརྗོད་ཀྱིན་ཡོད་མོད།  སྙན་ངག་ཁྲོད་དུ། འཛམ་གླིང་ངང་མོའི་རྗེས་སོང་བ། ། ཞེས་པའི་སྐབས་སུ་འཛམ་གླིང་དེ་རྒྱ་གར་ལ་ངོས་འཛིན་བྱེད་བཞིན་ཡོད་པས་གཅིག་མཐུན་ཞིག་མེད། ང་ཚོས་ངེས་པར་དུ་འཛམ་གླིང་ཞེས་པའི་སྒྲའི་འཇུག་གཞི་ལ་གོ་བ་ལེགས་པར་ལེན་དགོས།  འདིའི་ཐད་ཀྱི་བོད་ཡིག་གི་དཔྱད་གཞི་ཡག་ཤོས་ནི་སྤྱི་ལོ་དུས་རབས་བཅུ་དགུ་བའི་སྟོད་དུ་བརྩམས་པའི་བཙན་པོ་སྐུ་ཕྲེང་བཞི་པ་བསྟན་འཛིན་འཕྲིན་ལས་ཀྱི་ <<འཛམ་གླིང་ཆེན་པོའི་རྒྱས་བཤད་སྣོད་བཅུད་ཀུན་གསལ་མེ་ལོང་>> ཞེས་པ་དེ་རེད། ཕྱག་དཔེ་དེ་ནི་སྤྱི་ལོ་ 1830ལོར་བརྩམས་པ་ཞིག་ཡིན་ལ། སྤྱི་ལོ་2009 ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་འགྲེམས་སྤེལ་བྱས་ཡོད། ཕྱག་དཔེ་དེར། “སྤྱིར་འཛམ་བུའི་གླིང་གི་བཤད་པ་དུས་འཁོར་དང་དྲན་པ་ཉེར་བཞག་པའི་མདོ། ཆོས་མངོན་པ་མཛོད་སོགས་མདོ་རྒྱུད་དུ་མ་ནས་གདུལ་བྱའི་དབང་གིས་མི་འདྲ་བ་མང་པོ་གསུངས་པ་མདོར་དྲིལ་ན། འཛམ་བུའི་གླིང་འདི་ལ་དབུས་ཀྱི་ཆ་དང་ཤར་དང་ལྷོ། ནུབ་དང་བྱང་སྟེ་ཆ་ལྔར་བྱས་པའི་དབུས་ཀྱི་ཆར་བོད་ཡུལ་དང་ལི་ཡུལ་སོགས་ཡོད་ཅིང། ཤར་གྱི་ཆར་རྒྱ་ནག་དང་རྒྱ་ནག་ཆེན་པོ་མན་ཅི་དང་མན་ཇུ་སོགས་ཀྱི་ཡུལ་དང། ལྷོ་ཡི་ཆར་གཙོ་བོ་རྒྱ་གར་དང་གཞན་དེའི་ཆར་གཏོགས་པ་མི་གཏོགས་པའི་གླིང་ཕྲན་མང་པོ་དང། ནུབ་ཀྱི་ཆར་པར་སིག་དང་ཐོད་དཀར་གྱི་ཡུལ་སོགས་ཀླ་ཀློའི་ཡུལ་མང་པོ་དང། ལི་ལྲི་པ་ཡ་དང་ཨི་རྦ་པ་སོགས་ཕེ་རང་དང། ཧིཾ་དུའི་ཡུལ་མང་བ་དང། བྱང་གི་ཆར་ཆེན་པོ་ཧོར་གྱི་ཡུལ་སོགས་ཧོར་སོག་པའི་ཡུལ་མང་པོ་དང། དེ་དག་གི་བྱང་དུ་ཡུལ་གྱི་མཆོག་ཤམ་བྷ་ལ་དང། དེའི་ཁོངས་སུ་གཏོགས་པ་ཙམྤཀའི་ཡུལ། སྤྲེའུའི་ཡུལ། གསེར་མིག་ཅན། རུག་མ་དང། པུ་རསྨ། གསེར་ཞེས་བྱ་བའི་ཡུལ་སོགས་ཡུལ་ཆེན་པོ་དྲུག་དང། གཞན་ཡང་ལྷ་དང་ལྷ་མིན་དང། མི་འམ་ཅི་དང་དྲི་ཟ། གནོད་སྦྱིན་དང་སྲིན་པོ་སོགས་ཀྱི་གནས་མང་ངོ། ”p.4 ཞེས་འཁོད་ཡོད། ཕྱག་དཔེ་འདིར་སྤྱིར་འཛམ་གླིང་ཞེས་པ་དང་མཛོད་ལུགས་ཀྱི་ལྷོ་འཛམ་བུ་གླིང་ཞེས་པ་དེ་དེང་སང་གི་ངོས་འཛིན་ལྟར་སྒྲ་ཡངས་འཇུག་གི་དབང་དུ་བྱས་པའི་གོ་ལ་ཧྲིལ་པོ་ལ་ངོས་འཛིན་བྱེད་བཞིན་ཡོད་མོད། བོད་ཡུལ་དབུས་དང་རྒྱ་གར་ལྷོ་རུ་བཞག་ནས་བཤད་པ་འདི་རང་ཡུལ་གཅེས་པར་བཟུང་བ་ཐལ་དྲགས་སྙམ་སྟེ་དཔྱད་པར་འཚལ།  གང་ལྟར་འདི་ནས་བོད་ཡུལ་ལྟེ་བར་བྱས་ན་རྒྱ་གར་དེ་ཕྱོགས་གར་ཡོད་པ་དང་ཉེ་འཁོར་དུ་རྒྱལ་ཁབ་གང་དག་ཡོད་པ་བཅས་ཤེས་ནུས། གོང་དུ་རྒྱ་གར་ལ་འཛམ་གླིང་ཟེར་བའང་འཛམ་གླིང་ཞེས་པའི་སྒྲ་དོག་འཇུག་གི་དབང་དུ་བྱས་པ་དང།  དགེ་ཆོས་ཡིས་འཛམ་གླིང་ཞེས་པ་རྒྱ་གར་གྱི་ཡུལ་བྱེ་བྲག་པ་ཞིག་ལ་ངོས་འཛིན་བྱས་པ་ནི་སྒྲ་ཤིན་ཏུ་དོག་འཇུག་གི་དབང་དུ་བྱས་ཏེ་ངོས་འཛིན་གནང་དགོས་པ་ལས་དོན་མེད་མགོ་འཁོར་བྱུང་མི་རིགས།   གཞན་ཡང།  གནའ་དུས་སུ་རྒྱ་གར་ཞེས་པ་གྲོང་ཁྱེར་དྲུག་གི་ཡུལ་ཕྱོགས་ལ་ངོས་འཛིན་གནང་ལ། དེ་ནི་དེང་གི་རྒྱ་གར་དབུས་ཀྱི་ས་ཁྱོན་ཆུང་བའི་ས་ཁུལ་འགའ་རེད། དེ་ནས་རིམ་བཞིན་ཁྱབ་ཆེ་རུ་ཕྱིན་ཏེ་བོད་ཀྱི་ལོ་རྒྱུས་ཁག་ཏུ་གསལ་བའི་སོག་པའི་དབྱིབས་ཅན་གྱི་ས་ཁོངས་དེ་དང། ཕྱིས་སུ་ལྷོ་བྱང་རྒྱ་བསྐྱེད་དེ་ད་ལྟའི་འདི་བྱུང་བ་རེད།

རྒྱ་གར་གྱི་ས་དབྱིབས་ཆགས་སྟངས་ཀྱི་ཐད་ནས་གོང་དུ་རགས་ཙམ་བཤད་པ་བཞིན་སྙན་གཞུང་མེ་ལོང་མ་སོགས་ན་ཕྱོགས་ཀྱི་ཆ་ནས་ཤར་བའི་ལུགས་དང་ལྷོ་བའི་ལུགས་གཉིས་སུ་དབྱེ་བ་བཞིན་རྒྱ་གར་ཡུལ་གྲུ་ཆེན་མོ་འདི་ལ་ཤར་ནུབ་གཉིས་སུ་དབྱེ་སྟངས་ཤིག་ཡོད་པ་སྤྱི་ལོ་1608 ལོར་བརྩམས་པའི་ཇོ་ནང་ཏཱ་ར་ནཱ་ཐའི་<<དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་>>བྱ་བར།P.316 རྒྱ་གར་ཤར་ཕྱོགས་ལ་དུམ་བུ་གསུམ་སྟེ་ཞེས་པ་ནས་ཉི་འོག་ཤར་ཕྱོགས་དང་གི་རི་ཝརྷ་སྟེ་རིས་བསྐོར་བ། ཀོ་ཀི་བྱ་བ་སོགས་བརྗོད་ཡོད་པས་འདིར་ཞིབ་ཏུ་འགོད་པར་མི་བྱ། དགེ་ཆོས་ཀྱི་གསེར་ཐང་སོགས་ནའང་ཐང་གི་བཙུན་པས་བཤད་པ་བཞིན་སོག་པའི་དབྱིབས་ཅན་ཟེར་བ་ཤིན་ཏུ་མད་དོ། །

མངའ་ཁོངས་ཐད་གླེང་བྱ་བ་ལ། དེང་སྐབས་ཤར་བལ་ཡུལ་དང་འབྲུག་ཡུལ། བོད་བཅས་ཀྱི་མཐའ་རུ་ཐུག་ཡོད་ལ། ཤར་ལྷོའི་མཚམས་ན་གསེར་གླིང་དང་བྷང་ག་ལ་(Bengali孟加拉)ཡོད། ལྷོ་རྒྱ་མཚོ་དང་ནུབ་བྱང་ན་ཕ་ཀི་སི་ཐན་(Pakistan巴基斯坦)དང་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་བཅད་ཡོད་ལ། དེང་སྐབས་རྒྱ་གར་རྒྱལ་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ 3287590 Square kilometer དང་མི་གྲངས་དུང་ཕྱིར་ 1.27 billion འདུག  རྒྱ་གར་ནི་འཛམ་གླིང་སྟེང་མིང་གྲགས་ཆེ་བའི་ཤེས་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་ལ། སྤྱི་ལོ་སྔོན་གྱི་ལོ་ཁྲི་ཕྲག་དུ་མའི་སྐབས་ནས་ཡུལ་འདིར་མིའི་རིགས་འཚོ་གནས་བྱས་ཡོད།

གཉིས་པ།  རྒྱ་གར་གྱི་ཆུ་བོ་འགའི་མིང་དང་འབྲེལ་བའི་གླེང་མོལ།

གནའ་བོའི་ཤེས་རིག་དར་ཡུལ་གྱི་ཡུལ་ལུང་འདིར་མིང་དུ་གྲགས་པའི་ཆུ་ཆེན་མང་པོ་ཞིག་ཡོད་པ་ལ་བརྟེན་ནས་གཙམ་འགྲམ་ནས་གྲོང་ཁྱེར་དང་ཤེས་རིག་འཕེལ་རྒྱས་ཕྱིན་ཡོད།  ལྷག་པར་རྒྱ་གར་བྱང་ཕྱོགས་གངས་ཀྱི་རི་ནས་འབབ་པའི་ཆུ་བོ་ཆེན་པོ་སིན་དྷུ་དང་གངྒཱ། པཀྵུ་དང་སི་ཏ་བཞི་ནི་སྐད་གྲགས་ཆེ་ཤོས་དེ་ཡིན་ལ་བོད་སྔ་རབས་པས་འདི་ལ་ཁ་འབབ་བཞི་ཞེས་བརྗོད། སྔོན་གྱི་མཁས་པ་མང་པོས་གངས་ཏི་སེ་ནས་འབབ་པའི་ཁ་འབབ་བཞི་སྟེ། ཤར་ཕྱོགས་རྟ་མཆོག་ཁ་འབབ་སྟེ་པཀྵུ། ལྷོ་ཕྱོགས་རྨ་བྱ་ཁ་འབབ་སྟེ་གངྒཱ། ནུབ་ཕྱོགས་གླང་ཆེན་ཁ་འབབ་སྟེ་སི་ཏ། བྱང་ཕྱོགས་སེང་གེ་ཁ་འབབ་སྟེ་སིན་དྷུ་བཅས་དྲངས་ལ། དེ་དག་ལས་ཀྱང་གྲགས་ཆེ་བ་སིན་དྷུ་ཆུ་བོ་དང་གངྒཱ་གཉིས་རེད།

༡  སིན་དྷུ་ཆུ་བོ། Indus印度河    ཆུ་བོ་འདི་ནི་བོད་ཀྱི་གངས་ཏི་སེ་བྱང་ནས་འབབ་པའི་བྱང་ཕྱོགས་སེང་གེ་ཁ་འབབ་སྟེ་འབྱུངས་ཁུངས་བོད་ཀྱི་དགེ་རྒྱས་རྫོང་ནས་སྟོད་མངའ་རིས་ཀྱི་ས་ཁུལ་རི་ལུང་མང་པོ་བརྒྱུད་ནས་རྒྱ་གར་ནུབ་བྱང་མཐའ་མཚམས་བརྒྱུད་ཨ་རབ་རྒྱ་མཚོར་འདྲེས་པ་ཞིག་ཡིན། འདི་རྒྱ་གར་གྱི་ཡུལ་མིང་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཏེ་བོད་མ་གཏོགས་རྒྱལ་ཁབ་གཞན་གྱིས་རྒྱ་གར་གྱི་མིང་ལ་ཧིན་དྷུ་ India 印度 ཞེས་འབོད་ཀྱིན་ཡོད་པ་ནི་ཨཱརྱཎཱ་མི་རིགས་ Aryan 雅利安人 ཀྱིས་ཐོག་མར་རྒྱ་གར་ནང་བཙན་འཛུལ་བྱེད་དུས་ཆུ་རྒྱུན་འདི་བརྒྱུད་ནས་ཡོང་བ་ཡིན་ལ། པར་སིག་ Persia 波斯སྐད་དུ་སིན་དྷུ་ལ་ཧིན་དྷུ་ཞེས་ཀློག་གིན་ཡོད་སྟབས་མིང་དེ་རིམ་བཞིན་རྒྱུན་འབྱམས་སུ་སོང་བར་བཤད།  སིན་དྷུ་ཆུ་རྒྱུན་དུ་གནས་པའི་གདོད་མའི་མི་རིགས་དསྱཱ་[1] (Dasa 达萨/Dasya 达述) རིགས་ནི་སིན་དྷུའི་ཤེས་རིག་གི་བདག་པོར་བརྗོད། སིནྔྷིའི་ཆུ་རྒྱུན་གྱི་ཤེས་རིག་ལ་ཧ་རའ་ཕའི་ Harappa 哈拉帕 ཤེས་རིག་ཀྱང་ཟེར། ཤེས་རིག་འདི་ནི་སྤྱི་ལོ་སྔོན་གྱི་ལོ་ཉིས་སྟོང་ལྔ་བརྒྱ་2500B·C ཙམ་ཞིག་ནས་རྒྱ་གར་བྱང་ཕྱོགས་ཀྱི་ཆུ་བོ་སིནྔྷི་འགྲམ་རྒྱུད་ཀྱི་གྲོང་ཁྱེར་ཧ་རའ་ཕ་དང་མོ་ཧེན་ཛོ་ད་རོ་ Mohenjo-daro摩汉卓达罗(现属巴基斯坦) གྲོང་ཁྱེར་གཉིས་གཙོ་བྱས་པའི་ཡུལ་ཕྱོགས་དེར་དར་ཞིང། སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་བདུན་བརྒྱ་ལྔ་བཅུ་1750B·C ཙམ་ཞིག་ལ་ཤུལ་མེད་དུ་འཇིག་ཟིན། ཕྱིས་སུ་ཨེ་ཤེ་ཡ་དབུས་ཁུལ་ནས་ཤར་བསྐྱོད་བྱས་པའི་རྒྱ་གར་ཨཱརྱཎཱ་མི་རིགས་འདིས་སྤྱི་ལོ་སྔོན་གྱི་ལོ་ 1500BC ཙམ་ལ་རྒྱ་གར་བྱང་ཕྱོགས་ནས་རིམ་བཞིན་དབུས་ལ་བཙན་འཛུལ་བྱས་ཏེ་མཐར་དབང་བསྒྱུར་བྱས་ཡོད་ལ། རྒྱ་གར་གྱི་གནའ་བའི་རིག་བྱེད་སོགས་ཤེས་རིག་མང་པོ་ཞིག་ཀྱང་མི་རིགས་འདི་ལས་བྱུང་། རྒྱ་གར་གྱི་ཨཱརྱཎཱ་མི་རྒྱུད་ནི་ཆུ་བོ་འདིའི་བཞུར་རྒྱུན་དུ་གནས་པའི་དེང་གི་པཛྙུཔུ་ Punjab 旁遮普  ཆུ་བོ་ལྔའི་ཡུལ་གྱི་མི་རིགས་འདི་ཡིན་པའང་ང་ཚོར་ངོ་འཕྲོད་དགོས། ཆུ་བོ་འདི་ཡུལ་གང་ནས་གང་དུ་འབབ་པའི་ཐད་ལ་སྤྱི་ལོ་དུས་རབས་བཅུ་དགུའི་སྟོད་དུ་བོད་ཀྱི་མཁས་པ་བཙན་པོ་སྐུ་ཕྲེང་བཞི་བ་བསྟན་འཛིན་འཕྲིན་ལས་ཀྱིས་གསུངས་པ་ཤིན་ཏུ་མད། ཕྱི་ལོ་2015 ལོར་ཁོ་བོས་བྲིས་པའི་<<ཆུ་རྒྱུན་ཤེས་རིག་གི་ཁྱད་ཆོས་དང་འབྲེལ་བའི་སྒོ་ནས་རིག་བྱེད་ཀྱི་བརྡ་དོན་ཟུར་ཙམ་གླེང་བ། >>  ཞེས་པའི་དཔྱད་རྩོམ་དེར་འདིའི་སྐར་ཅུང་ཟད་འཁོད་ཡོད།

༢  ཆུ་བོ་གྷ་གྷ་ར་(Ghaghara 加哈拉, 加格拉河)   ཆུ་བོ་འདི་ནི་ལྷོ་ཕྱོགས་རྨ་བྱ་ཁ་འབབ་སྟེ་བོད་ཀྱི་གངས་ཏི་སེའི་ལྷོ་རྒྱུད་ནས་རྒྱ་གར་བྱང་ཕྱོགས་བརྒྱུད་ཡུལ་དབུས་དང་དེ་ནས་རྒྱ་གར་ལྷོའི་བྷང་ག་ལའི་རྒྱ་མཚོར་འབབ་ཀྱིན་ཡོད། དོན་དངོས་སུ་ལྷོ་ཕྱོགས་རྨ་བྱ་ཁ་འབབ་ནི་ཆུ་བོ་གྷ་གྷ་ར་ཡིན་པ་ལས་ཆུ་བོ་གངྒཱ་མ་ཡིན་མོད། བོད་སྔ་རབས་མཁས་པ་རྣམས་ཀྱིས་གྷ་གྷ་ར་གཙང་པོ་དང་གངྒཱ་གཉིས་ངོས་འཛིན་ནོར་བའམ་ཡང་ན་དེ་གཉིས་རྒྱ་གར་ཡུལ་དབུས་སུ་འདྲེས་རྗེས་གངྒཱའི་མིང་དུ་འབོད་ལ་གངྒཱ་སྙན་གྲགས་ཆེ་བས་རྨ་བྱ་ཁ་འབབ་ལ་གངྒཱའི་མི་བཏགས་པར་སྙམ།

བོད་མངའ་རིས་ཀྱི་ངག་རྒྱུན་ལ་གླང་ཆེན་ཁ་འབབ་རྩ་མདའ་ཕྱོགས་ནས་རྒྱུག་རྨ་བྱ་ཁ་འབབ་སྤུ་རང་གཞུང་ལ་རྒྱུག་ཟེར་སྲོལ་ཡོད། དེ་བཞིན་རྨ་བྱ་ཁ་འབབ་ནི་གངས་ཏི་སེ་དང་མ་ཕམ་གཡུ་མཚོའི་ལྷོ་ཕྱོགས་སྤུ་རང་སྟོད་ཀྱི་གངས་འདབ་ནས་ཆུ་སྣ་མང་པོ་མཉམ་འདུས་ཀྱིས་སྤུ་རང་གཞུང་བརྒྱུད་ནས་ལྷོ་ཕྱོགས་རྒྱུ་ཞིང་། སྤུ་རང་གི་གངས་རིའི་འགག་ཕྲེང་བརྒལ་ནས་བལ་ཡུལ་ས་ཁོངས་སུ་འབབ་དུས་གཙང་པོའི་མིང་ཁ་ན་ལི(Karnali 卡纳利)  ཞེས་འབོད་པ་མ་ཟད་བལ་ཡུལ་གྱི་ཆུ་ཆེན་གྲས་སུ་ཡོད། བལ་ཡུལ་ནུབ་རྒྱུད་ཡུལ་ལུང་མང་པོ་བརྒྱུད་ནས་རྒྱ་གར་ས་ཁོངས་སུ་འབབ་དུས་གཙང་པོའི་མིང་གྷ་གྷ་ར་(Ghaghara加格拉河)  ཞེས་འབོད་ལ་རྒྱ་གར་གྱི་གནའ་བོའི་རིག་བྱེད་དང་ར་མ་ཎའི་གཏམ་རྒྱུད་དུའང་ཆུ་བོ་འདིའི་མིང་ཐོན་ཡོད་པར་བརྗོད། ཆུ་བོ་འདིའི་ཆུ་ལག་གཙོ་བོ་གཅིག་ནི་ཆུ་བོ་སཱ་ཏ་(Sharda)  ཞེས་པ་དེ་ཡིན་ལ། ཆུ་བོ་སཱ་ཏ་ནི་སྤུ་རང་སྟོད་ཀྱི་གངས་རིའི་རྒྱབ་ཕྱོགས་རྒྱ་གར་ས་ཁོངས་ནས་ལྷོ་ལ་འབབ་ཅིང་དེང་སང་གི་རྒྱ་གར་ལག་ནོ་(Lucknow)  གྲོང་ཁྱེར་བྱང་ཕྱོགས་ནས་རྨ་བྱ་ཁ་འབབ་སྟེ་ཆུ་བོ་གྷ་གྷ་ར་དང་འདྲེས་ཤིང་ཆུ་རྒྱུན་སྨད་ལ་གྷ་གྷ་ར་འབོད་ཆུ་བོ་གྷ་གྷ་ར་ནི་རྒྱ་གར་ཡུལ་དབུས་སུ་ཆུ་བོ་གངྒཱ་དང་འདྲེས་ཤིང་གངྒཱའི་ཆུ་ལག་གཙོ་བོ་ཞིག་ཡིན་འདུག

གོང་དུ་བརྗོད་པ་བཞིན་བོད་ཀྱི་མཁས་པ་མང་པོས་ལྷོ་ཕྱོགས་རྨ་བྱ་ཁ་འབབ་ནི་ཆུ་བོ་གངྒཱ་ལ་ངོས་འཛིན་བྱས་ཡོད་མོད། ཆུ་བོ་གངྒཱ་(Ganges恒河)  ནི་བོད་ཀྱི་ས་ཁོངས་ནས་འབབ་ཀྱིན་མེད་པ་མ་ཟད་རྒྱ་གར་གྱིས་ཆུ་བོ་འདིའི་སྟོད་ཀྱི་ཆ་ལ་གངྒཱ་ཞེས་མི་བརྗོད། དེ་ཡང་གངྒཱའི་སྟོད་ཀྱི་ཆ་ནི་ཆུ་བོ་གཉིས་ཀྱིས་གྲུབ་ཡོད་དེ། བོད་ཀྱི་སྟོད་མངའ་རིས་རྩ་མདའ་རྫོང་གི་ལྷོ་རྒྱུད་གངས་རིའི་རྒྱབ་ཕྱོགས་སུ་གངྒོ་ཐུ་རི་(Gangotri) ཞེས་པའི་གངས་རི་དེའི་ལྷོ་ནུབ་གཉིས་ནས་འབབ་པའི་ཆུ་བོ་བྷ་གེ་ར་ཐུ(Bhagirathi River)  དང་ཆུ་བོ་ཨ་ལ་ཁ་ནན་དྷ་(Alakananda  River) ཞེས་པའི་ཆུ་བོ་གཉིས་མཉམ་དུ་འདུས་རྗེས་ཆུ་བོ་གངྒཱ་ཞེས་འབོད་ལ། ཆུ་བོ་གངྒཱ་ནི་རྒྱ་གར་སྲོལ་རྒྱུན་རིག་གནས་ཁྲོད་དུ་བྱིན་རླབས་ཆེ་བའི་ཆུ་བོ་འགངས་ཆེན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཆུ་བོ་འདི་དང་འབྲེལ་བའི་རིག་བྱེད་གཏམ་རྒྱུད་དང་ལྷ་སྒྲུང་སོགས་ཤིན་ཏུ་མང། གངྒཱའི་ཆུ་རྒྱུན་ཤེས་རིག་ལ་རིག་བྱེད་ཤེས་རིག་ཀྱང་ཟེར་ལ་སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་ལྔ་བརྒྱ་1500B·C ཙམ་ནས་རྒྱ་གར་ནུབ་བྱང་བརྒྱུད་ནས་དབུས་ཁུལ་དུ་དར་བ་ཡིན། སིནྔྷི་དང་གངྒཱའི་བཞུར་རྒྱུན་གྱི་ཤེས་རིག་ལ་གནའ་བོའི་རྒྱ་གར་གྱི་ཆུ་རྒྱུན་ཤེས་རིག་སྔ་ཕྱི་གཉིས་ཞེས་ཀྱང་འབོད། ཆུ་བོ་གངྒཱ་དང་ཆུ་བོ་གྷ་གྷ་ར་གཉིས་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་གྲོང་ཁྱེར་པཱ་ཁྲི་ཎའི་ཉེ་འགྲམ་དུ་མཉམ་དུ་འདྲེས་ཤིང་མཐར་ལྷོའི་བྷང་ག་ལའི་རྒྱ་མཚོར་འབབ་ཀྱིན་ཡོད།

༣  ཆུ་བོ་པཀྵུ། Brahamaputra ཆུ་བོ་འདི་ནི་བོད་ཀྱི་གངས་ཏི་སེའི་ཤར་ནས་འབབ་པའི་ཤར་ཕྱོགས་རྟ་མཆོག་ཁ་འབབ་སྟེ་པཀྵུ་ཟེར་བ་དེ་ཡིན་ལ་བོད་ནས་ཡར་ཀླུང་གཙང་བོར་འབོད་ཅིང་རྒྱ་གར་དུ་པྲཧྨཔུ་དྲ་ Brahamaputra ཟེར།

ཡར་ཀླུང་གཙང་པོའི་འབྱུང་ཁུངས་ཀྱང་གཙང་འབྲོང་པ་རྫོང་ཁོངས་ཀྱི་བྱེ་མ་གཡུང་དྲུང་འཁྱགས་རོམ་དང་རྟ་མཆོག་གཙང་པོ་ཡིན་ལ། ཡར་ཆབ་གཙང་པོ་དང་རྟ་མཆོག་གཙང་པོ། རྟ་མཆོག་ཁ་འབབ་བཅས་ནི་གཙང་པོ་གཅིག་གི་མིང་ཡིན་ཞིང་སྤྱིིའི་མིང་ལ་ཡར་ཀླུང་གཙང་པོར་འབོད་ལ། གངས་ཏི་སེ་ནས་ཁ་ཤར་དུ་ཕྱོགས་ནས་བོད་ཀྱི་གཙང་དང་ཡར་ཀླུང་ཁོག་བརྒྱུད་ནས་ཁ་ལྷོ་རུ་ཕྱོགས་ཏེ་བོད་ཀྱི་ལྷོ་མོན་ཡུལ་གྱི་སྦས་ཡུལ་པདྨ་བཀོད་པ་ནས་རྒྱ་གར་ཨ་རལ་ན་ཅལ་མངའ་སྡེ་ནས་རྒྱ་གར་དུ་འབབ་ཀྱིན་ཡོད་པ་དེང་གི་ས་ཁྲའི་སྟེང་ནས་ངོས་འཛིན་གསལ་བོར་ཐུབ་མོད། འོན་ཀྱང་། བཙན་པོ་བསྟན་འཛིན་འཕྲིན་ལས་ཀྱིས་འཛམ་གླིང་རྒྱས་བཤད་དུ། p.156 ཆུ་བོ་པཀྵུ་ནི་ཏི་སེའི་ནུབ་བྱང་གི་རི་རྒྱུད་ཐོ་དཀར་གྱི་ཡུལ་ན་ཡོད་པ་ཞིག་ཐོན་ཏེ། ཁ་ནུབ་ཀྱི་ཕྱོགས་ལ་བལྟས་ནས་བྷ་ལག་བྷོ་དཀར་དང་ཧེ་བ་སོགས་བརྒྱུད་དེ་འབབ་པ། ཏུརུཥྐ་དག་གི་རྩ་བའི་ཡུལ་རུམ་དང་ཉེ་སར་ཁ་ར་ཁལ་སག་ཟེར་བའི་སོག་སྡེ་ཆེན་པོ་ཡོད་པ་དེའི་སའི་ཆར་མཱན་སརྦ་ཟེར་བའི་མཚོར་འབབ་པར་བྱེད། ཅེས་པ་ལས། ཏི་སེ་ནས་ཁ་ནུབ་ཀྱི་ཕྱོགས་བལྟས་ནས་འབབ་པར་བཤད་པ་ལ་ངེས་པར་དུ་བསམ་གཞིགས་བྱ་དགོས། དེས་ན་རྒྱ་གར་གྱི་ཆུ་བོ་Brahamaputra ལ་བོད་སྐད་ཀྱི་ཐ་སྙད་གཉིས་པ་བྱུང་བ་ཅི་ཡིན་ཞེ་ན། ཆུ་བོ་པཀྵུ་ཞེས་པའི་ཐ་སྙད་དེ་བོད་སྔ་རབས་པའི་ལུགས་ཡིན་ལ་སྔོན་ནས་ཁྱབ་བརྡལ་དུ་ཕྱིན་ཡོད། ཆུ་བོ་པྲཧྨཔུ་དྲ་ཞེས་པའི་ཐ་སྙད་དེ་ཐོག་མར་བེད་སྤྱོད་བྱེད་མཁན་ནི་ཉེ་དུས་ཀྱི་མཁས་པ་མཁན་ཐུབ་བསྟན་མཆོག་སྒྲུབ་ཀྱི་ལུགས་ཡིན། ཁོང་གིས་སྒྲ་བསྒྱུར་བྱས་པ་རེད། དེ་བཞིན་Indus སིན་དྷུ་ཆུ་བོ་ལ་ཧིན་དྷུ་ཆུ་བོ། English དབྱིན་ཡིག་ལ་ཨིན་ཡིག་ཟེར་བ་སོགས་སྔ་རབས་པས་བེད་སྤྱོད་བྱས་པ་སྤྱི་ཚོགས་ནང་ཁྱབ་བརྡལ་དུ་ཕྱིན་ནས་ངོས་འཛིན་དེ་ལྟར་བྱེད་བཞིན་ཡོད་པའི་ཐ་སྙད་ཁག་ཅིག་ལའང་ཕྱིས་ཀྱི་མཁས་ཉམས་ཅན་ཁག་ཅིག་གིས་གསར་བཅོས་བྱེད་བཞིན་པ་ནི་སོས་དུས་ཀྱི་ཉི་མ་ཕུད་རྒྱག་བྱེད་པ་དང་འདྲ་ལ། དེ་ལ་དགེ་ཆོས་ལགས་ཀྱིས། “མིང་ནི་རྣམ་པ་ཐམས་ཅད་དུ་སྐྱེ་བོ་དག་གིས་མཐུན་པར་བསྒྲགས་པ་ཙམ་ཡིན་པས་སོ། དེའི་ཕྱིར་འགའ་ཞིག་གིས་མཁས་ཉམས་སུ་བསྒོམས་ཏེ། མན་ལུང་ལ་སྨོན་ལུང་དང། གཡའ་མ་ལུང་ལ་ཡིད་སྨོན་ལུང་སོགས་བཅོས་པའང་ཡུལ་དེ་གཞན་གྱིས་ངོས་ཟིན་དཀའ་བ་སོགས་ཀྱི་སྐྱོན་ཡོད་པས་མི་ལེགས་སོ། ” ཞེས་གདམས་པ་ནི་ཤིན་ཏུ་མད། གཙང་ཁུལ་གྱི་ཡར་ཀླུང་གཙང་པོ་དང་སྐྱིད་གྲོང་བུམ་ཆུ་དང་སྤུ་ཧྲེང་རྨ་བྱ་ཁ་འབབ་བཅས་ཀྱིས་དབུས་གཙང་ལྷོ་རྒྱུད་ཀྱི་ཡུལ་ལུང་མང་པོ་དང་བལ་ཡུལ་དང་རྒྱ་གར་བྷང་ག་ལའི་རྒྱལ་ཁབ་སོགས་བརྒྱུད་ནས་མཐར་བྷང་ག་ལའི་རྒྱལ་ཁོངས་ནས་གཅིག་ཏུ་འདྲེས་ཏེ་བྷང་ག་ལའི་རྒྱ་མཚོར་འབབ་པའི་གཏམ་འདི་ཁོ་བོས་བསྒྲགས། སྐྱིད་གྲོང་བུམ་ཆུ་དང་གཙང་གམ་པའི་གཡས་རུ་གཙང་པོ་གཉིས་འདྲེས་ཏེ་གཏིང་སྐྱེས་དང་སྐྱིད་གྲོང་མཐའ་མཚམས་ནས་བལ་ཡུལ་རྒྱལ་ཁོངས་བརྒྱུད་ནས་རྒྱ་གར་ནས་ཆུ་བོ་གངྒཱ་ལ་འདྲེས་ཏེ་བྷང་ག་ལའི་རྒྱལ་ཁོངས་ནས་ཡར་ཀླུང་གཙང་བོར་འདྲེས་ཏེ་རྒྱ་མཚོར་འབབ།

༤  ཆུ་བོ་སི་ཏ། ཆུ་བོ་ས་ཏ་ལ་ཇུ་ Satluj  ཁ་འབབ་བཞི་ལས་ཆུ་བོ་སི་ཏ་ཞེས་པ་འདི་དེ་སྔ་ངོས་འཛིན་གསལ་བོ་བྱུང་མེད། དགེ་ཆོས་ཀྱིས་བྱང་ཕྱོགས་ན་སྭ་ཏ་བྱ་བའི་ཆུ་བོ་ཆེན་པོ་ཞིག་ཡོད་པར་བཤད་པ་དང་སྒྲ་ཉེ་ཡང་ཆུ་བོ་དེ་ཨོ་རྒྱན་གྱི་ཡུལ་རང་ནས་འབབ་པར་བཤད་པས་ཆུ་བོ་སི་ཏ་གངས་ཏི་སེ་ནས་འབབ་པར་བཤད་པ་དང་མི་མཐུན། བཙན་པོ་བསྟན་འཛིན་འཕྲིན་ལས་ཀྱིས་ཆུ་བོ་སུ་ཏ་ནི་གངས་ཏི་སེའི་བྱང་ཤར་གྱི་རི་རྒྱུད་ཅིག་ལས་ཐོན་ཏེ་ཐོ་དཀར་གྱི་ཚྭ་མཚོར་འབབ་ཟེར་བ་ལ་མཐའ་གཅིག་ཏུ་བདེན་པར་མ་ངེས་མོད། ཡིན་ཡང་དེང་སང་ཏི་སེ་ནས་འབབ་པའི་ཆུ་བོ་ས་ཏ་ལ་ཇུ་ Satluj ཞེས་པ་ཞིག་ཡོད་པ་དེ་ནི་རྒྱ་གར་ནུབ་ཕྱོགས་གླང་ཆེན་ཁ་འབབ་སྟེ་ཆུ་བོ་སི་ཏ་ཡིན་པར་ཁོ་བོས་ངེས་ཤེས་རྙེད་། མངའ་རིས་ཀྱི་ངག་རྒྱུན་དུའང་གླང་ཆེན་ཁ་འབབ་རྩ་མདའ་ཕྱོགས་ལ་རྒྱུག་ཟེར་སྲོལ་ཡོད་ལ།  འཛམ་གླིང་རྒྱས་བཤད་ན།[2] “ཡུལ་པ་ཛ་པ་ན་ནས་ཤར་ལྷོར་ཆུ་ཀླུང་ཀཾ་ཀར་ཟེར་བ་དང་སུ་ཏ་ལ་ཟེར་བ་གཉིས་བྱང་ཤར་ནས་ལྷོ་ནུབ་ཏུ་འབབ་ཀྱིན་ཡོད།” ཅེས་པའི་ཆུ་བོ་སུ་ཏ་ལ་དེ་ཁོ་བོས་ཆུ་བོ་ས་ཏ་ལ་ཇུ་ལ་ངོས་འཛིན་བྱས་ཡོད། དེར་བརྟེན་གླང་ཆེན་ཁ་འབབ་ནི་གངས་ཏི་སེ་བྱང་ཕྱོགས་ནས་མངའ་རིས་རྩ་མདའ་རྫོང་བརྒྱུད་རྒྱ་གར་ཧི་མ་ཅལ་མངའ་ནང་འབབ་ཀྱིན་ཡོད་ལ་སིམ་ལ་ Shimla གྲོང་ཁྱེར་གྱི་བྱང་ཕྱོགས་བརྒྱུད་ནས་པཛྙུཔུ་མངའ་སྡེ་ Punjab Pradesh ནང་བརྒྱུད་དེ་པ་ཀི་སིན་ཐན་རྒྱལ་ཁོངས་ནས་ཆུ་བོ་སིན་དྷུ་དང་འདྲེས་ནས་ཨ་རབ་རྒྱ་མཚོར་འབབ་ཀྱིན་ཡོད། མདོར་ན་ཆུ་བོ་སུ་ཏ་དང་ཆུ་བོ་སི་ཏ་དང་། ཆུ་བོ་ས་ཏ་ལ་ཇུ་ Satluj གསུམ་ཁོ་བོས་ཆུ་བོ་གཅིག་ལ་ངོས་འཛིན་བྱས་ཏེ་གླང་ཆེན་ཁ་འབབ་ཡིན་པར་འདོད་དོ། །

༥  ཆུ་བོ་ཡ་མུ་ནཱ། Yamuna ཆུ་བོ་འདི་ནི་རྒྱ་གར་བྱང་ཕྱོགས་ཀྱི་ཧི་མ་ལ་ཡའི་རི་བརྒྱུད་ནས་བཞུར་ཏེ་རྒྱལ་ས་ལྡི་ལི་ཤར་འགྲམ་བརྒྱུད་དེ་ཡུལ་དབུས་ནས་གངྒཱ་དང་འདྲེས་ཏེ་རྒྱ་མཚོར་འབབ་ལ། འདི་རྒྱ་བོད་ཀྱི་སྙན་ངག་སོགས་ན་མང་དུ་མཐོང་རྒྱུ་ཡོད་པ་དེ་རེད།

གསུམ་པ།  རྒྱ་གར་གྱི་ཡུལ་མིང་འགའ་དང་འབྲེལ་བའི་གླེང་མོལ།

༡  རྒྱལ་བོའི་ཁབ། Rajagrha གནའ་བོའི་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ་དང་རྒྱལ་པོ་གཟུགས་ཅན་སྙིང་བོ་དང་མ་སྐྱེས་དགྲ་བཅས་ཀྱི་སྐབས་སུ་མ་ག་དྷའི་ Magadha རྒྱལ་ས་རྙིང་བ་ཡིན་ལ། མ་ག་དྷའི་རྒྱལ་ས་ཕྱི་མ་ནི་སྐྱ་ནར་བུའི་གྲོང་ Patna ཡིན་ཞིང་། མ་ག་དྷའི་རྒྱལ་རབས་ནི་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བའི་སྔོན་ལ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ཞིང་ནནྡའི་རྒྱལ་རབས་སྐབས་སུ་ཉམས་རྒུད་དུ་ཕྱིན། ད་དུང་གྲོང་ཁྱེར་མཉན་ཡོད་(Srivasti ཤྲཱཝསྟཱི) དང་འཐབ་མེད་(ཨཡོདྷྱཱ) དང་གནས་བཅས་(སཱཀེཏ) རྣམས་ནི་སྔར་ཀོ་ས་ལའི་Kosala རྒྱལ་སར་གྱུར་བའི་དབུས་ཁུལ་གྱི་གྲོང་ཁྱེར་དག་ཡིན་པ་ལ་མ་སྐྱེས་དགྲའི་སྐབས་སུ་འདི་ཐམས་ཅད་མ་ག་དྷའི་ཆ་ཤས་སུ་གྱུར། ཡུལ་ཁམས་འདི་དག་ན་རྒྱ་གར་གྱི་གདོད་མའི་མི་རིགས་ཡོད་པ་རྣམས་ཕྱིས་སུ་ཨཱརྱཎཱ་མི་རིགས་ཀྱི་དབང་བསྒྱུར་བྲན་གཡོག་ཏུ་གྱུར་ཏེ་རིམ་བཞིན་ལྷོ་མཐར་ཆད་པར་བཤད།

༢  བཅོམ་བརླག Mathura  ལྡི་ལི་གྲོང་ཁྱེར་གྱི་ལྷོ་ཕྱོགས་ན་ཆུ་བོ་ཡ་མུ་ནཱའི་འགྲམ་དུ་ཡོད། སྒྲ་ངན་དང་སྐྱ་བསེང་བུ་ལྔ་འཐབ་པའི་རུས་པའི་རི་བོ་ཡོད་ཅེས་ཐང་སིན་ལམ་ཡིག་ནས་བཤད།

༣  རྡོ་འཇོག Taxila  རྒྱ་གར་བྱང་ཕྱོགས་ཀྱི་ཕ་ཀི་སི་ཐན་ Pakistan གྱི་ནང་དུ་ཡོད་པའི་གནའ་བོའི་རྒྱ་གར་གྱི་ཤེས་རིག་དར་སའི་གྲོང་ཁྱེར་ཞིག་སྟེ་སྔོན་གྲོང་ཁྱེར་དྲུག་གི་རྒྱལ་སྲས་དང་བྲམ་ཟེ་རྣམས་ཀྱིས་སློབ་གཉེར་བྱེད་སའི་ཡུལ་ཡིན་ཞིང་དེང་སྐབས་མཁར་ཤུལ་ཙམ་མ་གཏོགས་ལྷག་མེད་པ་དགེ་ཆོས་[3]ལགས་ཀྱིས་དངོས་སུ་མཐོང། སྤྱི་ལོ་དུས་རབས་དང་པོའི་སྐབས་སུ་གན་དྷཱ་ར་ Gandhara 健陀罗སྟེ་དྲི་ཟའི་ཡུལ་གྱི་རྒྱལ་བོ་ཀནིཥྐཱའི་ Kanishka རྒྱལ་ས་ཡང་རྡོ་འཇོག་ཡིན་པར་གྲགས།  འདུལ་བའི་གླེང་འབུམ་དུའང་རྒྱལ་བོ་གཟིགས་ཅན་སྙིང་བོས་འཚོ་བྱེད་གཞོན་ནུ་ཡུལ་རྡོ་འཇོག་ཏུ་ཀླད་པ་གཤེགས་བཅོས་ཀྱི་དཔྱད་སྦྱང་བར་མངགས་པ་སོགས་ཤིན་ཏུ་མང་ངོ་།

༤  པར་སིག་གི་ཡུལ་དང་ཐོད་དཀར་གྱི་ཡུལ་ཞེས་པ་ནི་དེང་སང་ Persia 波斯དང་ Turkey土耳其 ཞེས་པ་དེ་གཉིས་ཡིན་ལ། རྒྱ་གར་བྱང་ཕྱོགས་ཀྱི་ཆུ་ཀླུང་ཆེན་པོ་ཛལནྔྷ་རའི་བྱང་ཤར་ཕྱོགས་ན་ཡོད་ལ། ཡུལ་འདི་དག་བརྒྱུད་ནས་ཨཱརྱཎཱ་མི་རིགས་དང་ཁ་ཆེ་སོགས་ཀྱིས་རྒྱ་གར་ལ་བཙན་འཛུལ་བྱས་པ་མ་ཟད། གྷི་རིགས་པ་རྣམས་ཀྱིས་ཀྱང་འདི་ནས་བཙན་འཛུལ་བྱས།

༥  བིཀྲམ་ཤཱིལ། ནང་པའི་གསང་སྔགས་དར་སའི་ཆོས་སྡེ་འདི་ནི་པཱ་ལའི་རྒྱལ་རབས་གཉིས་པ་དྷརྨ་པཱ་ལའི་དུས་སུ་བཞེངས་པ་ནས་མཁས་པ་མང་པོ་བྱོན་ཏེ་མཁན་རབས་མང་པོ་བྱུང། དཔལ་ལྡན་ཨ་ཏི་ཤ་ཡང་གནས་འདིར་མཁན་པོར་མཛད་མྱོང། ཕྱིས་སུ་ཁ་ཆེ་པཎ་ཆེན་ཤཀྱཱ་ཤཱིས་མཁན་པོ་མཛད་སྐབས་ཏུརུཥྐའི་རྒྱལ་པོོ་ཟླ་བས་མ་ག་དྷཱའི་ཡུལ་ཐམས་ཅད་བཅོམ་དུས་འདུ་གནས་འདིའང་ནུབ། སྐབས་དེར་པཎྚིཏ་ཤཀྱཱ་ཤྲཱི་ཤར་ཕྱོགས་ཛ་གརྡ་ལར་བྱོན་ནས་ལོ་གསུམ་རྗེས་སུ་བོད་དུ་བྱོན། ཡིན་ཡང་སྐབས་དེར་དཔལ་ནཱལེནྡྲ་བཅོམ་མེད་པར་ལྷག་པ་བཙན་པོ་བསྟན་འཛིན་འཕྲིན་ལས་ཀྱི་བཤད།

བཞི་བ། མི་རིགས་དང་ཆོས་ལུགས་རིག་གནས་ཐད་ཀྱི་གླེང་མོལ།

རྒྱ་གར་ནི་ལོ་རྒྱུས་དང་ཤེས་རིག་དར་སྔ་བའི་གནའ་བོའི་རྒྱལ་ཁབ་ཞིག་ཡིན་ལ་སྤྱི་ལོ་སྔོན་གྱི་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་གནས་འདིར་མིའི་རིགས་འཚོ་གནས་བྱས་ཡོད་པའི་སྐོར་གནའ་རྫས་རིག་བརྟག་དཔྱད་རིག་མཁས་པ་དབང་ཚོས་ར་སྤྲོད་བྱས་ཡོད། རྡོ་ཆས་གསར་རྙིང་དུས་སྐབས་ཀྱི་ཡོ་བྱད་དག་ལ་ཞིབ་འཇུག་བྱས་པ་ལས། གདོད་མའི་དུས་ཀྱི་རྒྱ་གར་མི་རིགས་རྣམས་ནེ་སྒར་མི་རྒྱུད་ Negroid 尼格罗人种ཀྱི་རིགས་ཡིན་པར་བརྗོད་ཡོད།

རྒྱ་གར་གྱི་གདོད་མའི་མི་རིགས་ནི་མུཎྜ་མི་རིགས་ Munda དང་དྲཝིཌ་མི་རིགས་ Dravida གཉིས་ཡིན་ལ། ཕྱིས་སུ་སྤྱི་ལོ་སྔོན་གྱི་ལོ་1500B.C ཙམ་ལ་ཨཱརྱཎཱ་ Aryan 雅利安人 མི་རྒྱུད་ཀྱིས་བཙན་འཛུལ་བྱས་པ་ནས་རྒྱ་གར་གྱི་གདོད་མའི་དྲཝིཌ་མི་རིགས་དང་ཨཱརྱཎཱ་མི་རིགས་གཉིས་བར་ལ་གཉེན་འབྲེལ་བྱུང་བ་ནས་མང་དུ་འཕེལ་ཏེ་“རྒྱ་གར་ལ་མི་རིགས་སུམ་སྟོང”[4] ཡོད་པར་བཤད། སྤྱི་ལོ་དུས་རབས་དང་པོ་ཙམ་ནས་ཨཱརྱཎཱ་མི་རྒྱུད་ལས་རིགས་བཞིའི་དབྱེ་བ་གྱེས་ཏེ་གྲལ་རིམ་གྱི་འཐབ་རྩོད་བྱུང།  རིགས་བཞི་ལས་དང་པོ་གཉིས་ནི་གྲལ་རིམ་གོང་མ་དང་གཞན་གཉིས་ནི་གྲལ་རིམ་དམའ་བར་འཇོག་ལ། དེ་དག་གི་བྱེད་ལས་སོགས་ཀློང་བརྡོལ་བླ་མའི་<<བསྟན་པའི་སྦྱིན་བདག་གི་བྱུང་རིམ་>>པོད་གཉིས་པ་ལས།  འཁོར་བས་སྐྱོ་སྟེ་ནགས་སུ་སོང།།  བསམ་གཏན་སྒོམ་སྟེ་མངོན་ཤེས་ཤར།།  དེ་ལ་མི་ཡི་དྲང་སྲོང་ཟེར།།  བསམ་གཏན་མ་གྲུབ་ཁྱིམ་དུ་བབས།།  སྙན་ངག་སོགས་འཚོ་བྲམ་ཟེ་རིགས།།  དཔྱའ་ཁྲལ་ལ་དབང་རྒྱལ་བོའི་རིགས།།  ཚོང་དཔོན་ལ་སོགས་རྗེའུའི་རིགས་ཏེ།།  སྲོག་གཅོད་ལ་སོགས་ངན་ལས་ཀྱིས།།  འཚོ་བ་གདོལ་བའི་རིགས་ཡིན་ནོ།།  ཞེས་གསུངས་པ་བཞིན་ནོ། །

འཕགས་རིགས་བཞི་ནི།     བྲམ་ཟེའི་རིགས། (Brahmana  婆罗门 )   རྒྱལ་རིགས། (Ksatriya  刹帝利)    རྗེའུའི་རིགས། (Vaisya吠舍)     དམངས་རིགས། (Sudra首陀罗)

རིགས་བཞིའི་དབྱེ་འབྱེད་ཀྱི་མཐོ་དམན་དབང་གིས་སྤྱི་ཚོགས་ཁྲོད་འཐབ་རྩོད་རབ་དང་རིམ་པར་བྱུང་ཞིང་སྐབས་དེའི་རིགས་ཀུན་གྱི་མཆོག་ཏུ་བརྩི་བཞིན་པའི་བྲམ་ཟེའི་རིགས་འགོག་པའི་གསུང་རྩོམ་མང་དུ་མཐོང་རྒྱུ་ཡོད་ལ། སློབ་དཔོན་རྟ་དབྱངས་ཀྱིས་བརྩམས་པའི་<<རྡོ་རྗེ་ཁབ་>>ཅེས་པ་ནི་སྐབས་དེའི་བྲམ་ཟེའི་རིགས་འགོག་པའི་འཐུས་ཚབ་བསྟན་བཅོས་གྲགས་ཅན་ཞིག་ཡིན། གོང་དུ་བཤད་པའི་རིགས་བཞི་ནི་རྒྱ་གར་གྱི་ཆོས་ལུགས་རིག་གནས་ལ་འབྲེལ་བ་ཅི་ཡོད་ཅེ་ན། རིགས་བཞི་ནི་གོང་དུ་བཤད་པ་བཞིན་ཨཱརྱཎཱ་མི་རྒྱུད་ལས་གྱེས་པ་ཡིན་ལ། མི་རྒྱུད་དེ་ནི་བྱང་ཕྱོགས་ནས་སིན་དྷུ་གཙང་འགྲམ་ནས་རིམ་བཞིན་བཙན་འཛུལ་བྱས་ཏེ་ཡོང་བའང་བཤད་ཟིན། མི་རྒྱུད་འདི་ལས་རྒྱ་གར་གྱི་གནའ་བོའི་ཤེས་རིག་གི་འབྱུང་ཁུངས་ངེས་བརྗོད་སོགས་རིག་བྱེད་ཀྱི་ཤེས་རིག་དང་འབྲེལ་བ་ཡོད།  གནའ་བོའི་ཆོས་ལུགས་ནི་བྲམ་ཟེ་ཆོས་ལུགས་ 婆罗门教དང་དགེ་སྦྱོང་ཆོས་ལུགས་ samana沙门教གཉིས་ཡིན་པར་ཧྥང་ལི་ཐེན་གྱི་<<佛教哲学>>[5]ནང་བཀོད་ཡོད་མོད། གདོད་མའི་དྲཝིཌ་མི་རིགས་ Dravida ཀྱི་སྐབས་ནས་ཆུ་ལྷ་སོགས་ལ་མཆོད་འབུལ་བྱེད་པའི་ཆོས་ལུགས་ཤིག་ཡོད་པར་ལོ་རྒྱུས་མཁས་པ་ཚོས་སྨྲ་བར་ཐུབ་བསྟན་མཆོག་སྒྲུབ་ཀྱིས་བཤད།[6] གང་ལྟར་བྲམ་ཟེ་དང་དགེ་སྦྱོང་ཆོས་ལུགས་དར་སྔ་ཞིང་གྲུབ་མཐའ་མང་དུ་ཕྱིན། རྗེས་སུ་མགདྷའི་རྒྱལ་རྒྱུད་སྐབས་ནས་སངས་རྒྱས་ཆོས་ལུགས་དར་བ་དང་ལྷག་པར་རྒྱ་གར་གྱི་དབང་བསྒྱུར་གྱི་ཁྱབ་ཁོངས་རྒྱ་ཆེ་བའི་རྒྱ་གར་གྱི་རྒྱལ་རབས་བཞི་སྟེ། མོརྱ་རྒྱལ་རྒྱུད། (Mauryan Empire 孔雀王朝) དང་ཀནིཥྐཱའི་རྒྱལ་རྒྱུད། (Kanishka dynesty ) དང་གུཔྟ་རྒྱལ་རྒྱུད། (Gupta dynesty 笈多王朝) དང་ཧརྵཝརྔྷན་རྒྱལ་རྒྱུད། (Harahavardhana ) བཅས་ཀྱི་སྐབས་སུ་ནང་ཆོས་དང་ཁ་ཆེ་ཆོས་ལུགས་ཤུགས་ཆེར་དར་ཡོད་ལ། སྙན་ངག་དང་གསོ་རིག་སོགས་ཀྱང་ཤིན་ཏུ་དར་ཡོད་མོད་རྒྱས་པར་འགོད་པར་དཀའ་ཙམ་བྱུང།

མཇུག་བསྡུའི་གླེང་མོལ།

སྤྱིར་སིན་དྷུ་ཆུ་བོ་དང་ཆུ་བོ་གངྒཱའི་འགྲམ་རྒྱུད་ནས་དར་བའི་རྒྱ་གར་གྱི་གནའ་བོའི་ཤེས་རིག་འདི་འཛམ་གླིང་ཤར་ནུབ་ཀུན་ཏུ་བསྟོད་པའི་མཐེ་བོང་མི་བགྲང་བའི་སྐྱེས་བོ་མ་མཆིས་ཀྱང།  ནུབ་ཕྱོགས་ཀྱི་ལོ་རྒྱུས་རིག་པའི་མཁས་དབང་ཁོའོ་སན་པེ་ (D.D. Kosanbi  高善必 1907—1966) ལགས་ཀྱིས། “དཔྱོད་ལྡན་གྱི་མཁས་དབང་ཚོས་རྒྱ་གར་ལ་ལོ་རྒྱུས་མེད་པར་བརྗོད་བཞིན་ཡོད། འདི་དོན་དངོས་རེད། རྒྱ་གར་ལ་གནའ་བོའི་རོམ་དང་གྷི་རེ་སི་ལྟ་བུའི་ཕྱི་གསལ་དང་ངེས་དག་གི་གླགས་བམ་གཅིག་ཀྱང་ཡོད་པ་མ་རེད། ”[7] ཅེས་གསུངས་པ་བཞིན། རྒྱས་གར་ལ་ལོ་ཚིགས་དང་དུས་རབས་སོགས་ཀྱི་ཆ་ནས་གཅིག་གྱུར་དང་ཁུངས་ཐུབ་ཀྱི་དཔྱད་གཞི་ཤིན་ཏུ་དཀོན་པས། འདིའི་ཐད་དུ་དགེ་ཆོས་ནས་ཀྱང་རྒྱ་གར་གྱི་རྒན་པོ་ཚོ་བོད་ལས་ཀྱང་ངན་པར་འདུག་ཅེས་སྡུག་གཏམ་བརྗོད་ཡོད། དེ་བས་ཁོ་བོ་ལྟ་བུ་ལས་རྒྱ་གར་གྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་བརྗོད་པའི་སྤོབས་པ་ཡེ་ནས་མེད་མོད། རྒྱ་གར་གྱི་ལོ་རྒྱུས་དང་འབྲེལ་བའི་གནས་བབ་ཁག་ཅིག་བརྗེད་ངེས་རྐུན་པོས་མི་འཁྱེར་བའི་ཕྱིར་དུ་བཀོད་པ་དགེའོ། །  ། །

དཔྱད་གཞི།
  1. <<མངོན་བརྗོད་འཆི་མེད་བང་མཛོད >> སློབ་་དཔོན་འཆི་མེད་སེངྒེ། བསྟན་འགྱུར་དཔེ་བསྡུར་མ། པོད་110
  2. <<རྒྱ་གར་ཆོས་འབྱུང>> ཏཱ་ར་ནཱ་ཐ།1608ལོར་བརྩམས། 1994 ལོར་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང།
  3. <<འཛམ་གླིང་རྒྱས་བཤད>>བཙན་པོ་བསྟན་འཛིན་འཕྲིན་ལས། 1830ལོར། 2009 ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང།
  4. <<རྒྱ་གར་རྒྱལ་རབས>>ཐུབ་བསྟན་མཆོག་སྒྲུབ། 2002 ལོར་ལྡི་ལི་བོད་ཁང་ནས་དཔར།
  5. <<གཏམ་རྒྱུད་གསེར་ཐང>>དགེ་འདུན་ཆོས་འཕེལ། གསུང་འབུམ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང། 1990
  6. <<དེབ་ཐེར་དཀར་པོ>>དགེ་འདུན་ཆོས་འཕེལ། མི་རིགས་པར་སྐྲུན་ཁང། 2004
  7. <<རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན >> རྒྱ་ཡེ་བཀྲ་བྷོ། འབུམ་རམས་པའི་ཆེད་རྩོམས། 2008
  8. <<A History of Indian Literature>> Maurice Winternitz
  9. <<A History of Sanskrit Literature>> A.Berriedale Keith
  10. <<印度古代文化与文明史纲>> 高善必 Cosanbi
  11. <<佛教哲学>>方立天. 1997年中国人民大学出版社.
  12. <<印度佛教史>>
  13. <<季羡林全集>>第十卷. 2009年北京外语教学与研究出版社
  14. <<梵语文学史>> 金克木. 江西教育出版社. 1999年.
  15. <<季羡林全集>> 第九卷.  季羡林.  中国外语教学研究出版社.  2009
  16. <<印度哲学宗教史>>高楠顺次郎 , 木村泰贤  著  高观庐译     中华全国 80 年.  第二  6 次印刷.
  17. <<宗教与印度社会>> 王树英.  人民出版社.  2009年.

ལུང་འདྲེན་ཡིག་ཆ།   

[1] དགེ་ཆོས་གསེར་ཐང་ p.157

[2] འཛམ་གླིང་རྒྱས་བཤད། p.118

[3] གསེར་ཐང་། p.114

[4] <<季羡林全集>>第十卷.P.41

[5] <<佛教哲学>>方立天.p.14 1997年中国人民大学出版社.

[6] <<རྒྱ་གར་རྒྱལ་རབས>> སྟོད་ཆ། p.98

[7]  <<རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་ཤེས་རིག་ལོ་རྒྱུས་ཀྱི་སྤྱི་དོན>>  ཞེས་པ་རྒྱ་འགྱུར་གཞིར་བཞག་གིས་སྤྲེལ་ནག་པའི་འགྱུར་ལས།

– – – – –

Loading

4 མཆན།

  1. མགྱོགས་པར་ཐེངས་གཅིག་བཀླགས་ཀྱང་གནད་ལ་ཁེལ་མེད་པའི་ཆ་དང་འགལ་འདུ་མང་པོ་ཞིག་མཐོང་བྱུང་། ཞིབ་འཇུག་གི་ཁྲོད་ནས་རྒྱུ་ཆ་ལ་དཔྱད་ཞིབ་བྱ་རྒྱུ་ཤིན་ཏུ་གལ་ཆེ། ཁ་འབབ་བཞི་བཤད་སྐབས་དེ་འབྲེལ་གྱི་རྒྱུ་ཆ་ཚད་དག་ཁུངས་འདྲེན་དགོས་པ་ཡིན་གྱི་དུས་རབས་བཅུ་དགུ་བའི་ནང་དུ་མཛད་པའི་འཛམ་གླིང་རྒྱས་བཤད་སོགས་ཁུངས་གཏུགས་གཙོ་བོར་འཛིན་མི་རུང་བར་འདོད། ད་དུང་ཆོས་མངོན་པ་མཛོད་ཀྱི་རྩ་བ་དང་རང་འགྲེལ་ཡང་ཡག་པོ་ཞིག་བཀླགས་ན་ཕྱིས་སུ་བྱུང་བའི་མཛོད་འགྲེལ་དག་དང་མི་མཐུན་པས་དེ་ལུགས་རྟོགས་དགོས་པར་སྙམ། ཕྱིས་འབྱུང་ཡིག་ཆ་དག་ཏུ་འགལ་འདུ་སྣ་ཚོགས་ཤིག་མཆིས་པ་དེ་དག་ཉིད་ཀྱིས་མ་རྟོགས་པ་དང་གླེང་མ་འདོད་པ་གང་ཡིན་བརྗོད་མི་ནུས་ཀྱང་། འགལ་འདུ་དེ་དག་གི་མདུད་པ་མ་གྲོལ་བར་ཁ་འབབ་བཞིའི་སྐོར་བརྗོད་ག་ལ་ཐུབ།
    འདི་གར་ངས་ཡིག་ཆ་གལ་ཆེ་བ་རྣམས་རེ་རེ་བཞིན་བགྲང་མི་དགོས་པར་༼༼བོད་མདོ་དབུས་མཐོ་སྒང་གི་གཙང་པོ་༽༽དང་༼༼ཁ་འབབ་བཞིའི་སྐོར་ལ་མདོ་ཙམ་དཔྱད་པ་༽༽ཞེས་པར་གསལ་པོར་བཀོད་ཡོད་གཤིས་དེ་གར་གཟིགས་པར་འཚལ། ལར་བསྟན་པ་སྔ་དར་སྐབས་ཀྱི་ཡིག་ཆ་རྙིང་པའི་ནང་དུ་རྨ་བྱ་ཁ་འབབ་ཅེས་པ་ཞིག་མེད་ཅིང་། མིང་དེ་དུས་ནམ་ཞིག་ཏུ་བྱུང་བ་སོགས་རྒྱུ་ཆ་དག་ཏུ་ལོ་ཚིགས་བསྟར་ཆགས་སུ་གོང་བསྒྲིགས་ན་ཁ་འབབ་བཞིའི་རྒྱབ་ལྗོངས་རྟོགས་ཡོང་བ་ཐེ་ཚོམ་མེད། ཕྱིས་འབྱུང་ཡིག་ཆ་འགའ་ཤས་བཀླགས་ནས་རང་ཉིད་ཀྱི་བསམ་ཚུལ་བརྗོད་བསྡད་ན་ཞིབ་འཇུག་གི་གྲུབ་འབྲས་ལོན་ཁག་པོ་རེད།
    དཔེར་ན། སི་ཏ་དང་། སྭ་ཏ། ས་ཏ་ལེ་ཇུ། གླང་ཆེན་ཁ་འབབ་བཅས་ནི་ཆུ་བོ་གཅིག་རེད་ཟེར་བ་སོགས་རྒྱུས་མེད་ཀྱི་གཏམ་འབའ་ཞིག་ཏུ་སྣང་། ག་ལེར་རྒྱུ་ཆ་སྔ་མ་དག་དང་ཕྱི་མ་དག་ལ་གཤིབ་བསྡུར་གྱི་སྒོ་ནས་གཟིགས་དང་། བཙལ་ནས་རྒྱབ་ལྗོངས་རྙེད་རྒྱུ་ཞིག་དང་རྙེད་ནས་གོ་བརྡ་སྤྲོད་རྒྱུ་ཞིག་ཡོད་ངེས། བསམ་ཚུལ་ཐད་ཀར་བཤད་པ་དེས་ཉིད་ཀྱི་ཐུགས་ལ་མི་གནོད་པར་ཞུ།

  2. ༡ མངོན་པ་མཛོད་དུ་འཛམ་བུ་གླིང་དེ་རྒྱ་གར་རང་དུ་ངོས་འཛིན་གནང་ཡོད་དེ། གསེར་གླིང་དང་ཟངས་གླིང་རྣམས་འཛམ་གླིང་གི་ཕྱི་རུ་ཡོད་པ་གསལ་བར་གསུངས་པས་སོ། །
    ༢ དགེ་ཆོས་ཀྱིས་འཛམ་གླིང་ཞེས་པ་རྒྱ་གར་གྱི་ཡུལ་བྱེ་བྲག་པ་ཞིག་ལ་ངོས་འཛིན་གནང་ཡོད་ཅེས་པའི་ཁུངས་འདྲ་ཡོད་དམ། ཁོང་གི་དཔེ་དེབ་ཅིག་ཏུ་”སིངྒ་ལ་པ་རྣམས་རྒྱ་གར་ལ་ཛམ་བུ་དིབ་སྟེ་འཛམ་བུ་གླིང་དུ་འབོད་དོ”བྱ་བ་ཞིག་ནི་ཁོ་བོས་ཀྱང་མཐོང་།

  3. བུམ་ཆུ་དང་གཡག་རུ་གཙང་པོ་གཉིས་འདྲེས་ཏེ་སྐྱིད་གྲོང་དང་སྟེང་སྐྱེས་ཀྱི་མཐའ་མཚམས་ནས་བལ་ཡུལ་དུ་འབབ་ཅེས་པའི་ཐད། སྐྱིད་གྲོང་དང་དིང་རི་ནོར་མེད་དམ་སྙམ། རྡོ་འཇོག་ཅེས་པའང་དེང་སང་མང་པོ་ཞིག་གིས་པ་ཁི་སི་ཐན་དུ་ངོས་འཛིན་བྱེད་ཀྱི་འདུག་སྙམ་སྟེ་དཔྱད།

  4. འབྲོག་རུ་ལགས་ཀྱིས་སྔོན་གྱི་ཡུལ་མིང་དང་ཁ་འབབ་བཞི་སོགས་ཀྱི་སྐོར་དགོས་མེད་ཀྱི་སྤྲོས་བཤད་མེད་པར་གནད་དུ་ཁེལ་བའི་ཞིབ་འཇུག་གནང་འདུག

    འདི་གར་ཡང་སྐབས་འཚོལ་བ་རང་ཉིད་ཁོ་ན་མཆོག་པར་འཛིན་པ་འགས་རང་ཉིད་སྒྲོགས་པར་སླེབས་ནས་ཚིག་མཚོན་མང་པོ་སྤྲོས་འདུག་ཀྱང་། གཟུརགནས་ཤེས་རབ་ལྡན་པ་དག་གིས་གནས་ལུགས་དངོས་མཐོང་བ་ལ་མི་གནོད་པས་རྕོམ་མཁན་ལ་ཡག་བྱུང་ཞུ་རྒྱུ་ཡིན།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།