“ལོ་ཙཱ་བ་ཤམ་བྷ་ལ་བ”འཚོལ་ཞིབ།

ནང་དོན་གནད་བསྡུས།  རྩོམ་ཡིག་འདིའི་ནང་དུ་ལོ་ཙཱ་བ་ཤམ་བྷ་ལ་བའི་སྐོར་གླེང་མཁན་ཚོས་ཁོང་གི་མིང་ཙམ་སྨྲས་པ་ལས། དོན་དངོས་སུ་ཁོང་ནི་དུས་རབས་ནམ་ཞིག་ལ་བྱོན་པ་དང་། སྐྱེས་བུ་སུ་ཞིག་ཡིན་མིན་གྱི་ཐད་ལ་འགྲེལ་བཤད་གནང་མཁན་ཉུང་བ་དང་། ལར་ནས་གྲུབ་ཐོབ་མན་ལུང་པ་རེད་ཅེས་གསུང་མཁན་བྱུང་འདུག་མོད། གྲུབ་ཐོབ་མན་ལུང་པ་ཞེས་གྲགས་པ་དེར་ཆེ་ཆུང་གཉིས་ཡོད་པ་དང་། དེ་གཉིས་ལས་སུ་ཞིག་ལོ་ཙཱ་བ་ཤམ་བྷ་ལ་བ་ཡིན་པའི་སྐོར་ལ་ཞིབ་འཇུག་གནང་མཁན་བྱུང་མེད་པའི་གནས་ཚུལ་སོགས་གསལ་བཤད་བགྱིས་ཏེ། ལོ་ཙཱ་བ་ཤམ་བྷ་ལ་བ་ནི་མན་ལུང་པ་ཆེ་ཆུང་གཉིས་ལས་གང་ཟག་སུ་ཞིག་ལ་ངོས་འཛིན་བྱེད་དགོས་མིན་ཐད།  ཁོང་གཉིས་ཀྱི་རྣམ་ཐར་རྩད་འཚོལ་དང་བརྩམས་ཆོས་ཀྱི་སྐོར་གླེང་སློང་བྱས་རྗེས། རྒྱུ་མཚན་དང་སྒྲུབ་བྱེད་དྲངས་ཏེ་ལོ་ཙཱ་བ་ཤམ་བྷ་ལ་བ་ངོས་འཛིན་བྱས་ཡོད་པར་མ་ཟད།  ཁོང་དང་ཆོས་རྗེ་འབྱོར་ལྡན་གྲགས་པ་གཉིས་ཀྱང་གང་ཟག་གཅིག་ཡིན་མིན་གྱི་གླེང་སློང་ཞིག་ཡོད་པ་དེ་ཡང་བདེན་པ་ཡིན་མིན་གྱི་ཕུ་ཐག་བཅད་ཡོད།

གནད་ཚིག ལོ་ཙཱ་བ་ཤམ་བྷ་ལ་བ། མན་ལུང་བསོད་ནམས་དཔལ། མན་ལུང་གུ་རུ། ཆོས་རྗེ་འབྱོར་ལྡན་གྲགས་པ།

གླེང་གཞི།

ཕྲན་གྱིས་ལོ་ཙཱ་བ་ཤམ་བྷ་ལ་བ་ཞེས་པའི་མིང་འདི་ཐོག་མར་མཁས་དབང་དགེ་འདུན་ཆོས་འཕེལ (༡༩༠༣-༡༩༥༡)གྱི་གཏམ་རྒྱུད་གསེར་ཐང་དུ་མཐོང་བར་མ་ཟད། ཕྱི་ལོ་ ༡༩༩༥ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤར་སྐྲུན་བགྱིས་པའི་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་གསུམ་གྱི་བདག་ཉིད་ཅན་དེ་འཚོ་བ་ངན་ངོན་རོལ་བའི་དུས་སྐབས་ཤིག་ལ་ཉོས་པའང་གསལ་པོར་དྲན་གྱི་འདུག  གསུང་རྩོམ་དེ་དག་དཔེ་སྒྲོམ་དུ་ཉར་ནས་མི་ལོ་ཉེར་ལྔ་ཕྱིན་པའི་དུས་ཚོད་ཀྱི་ནང་དུ། བརྩམས་ཆོས་དེ་དག་ལ་སློབ་སྦྱོང་གང་འཚམ་བགྱིས་མོད། ཧྥ་རན་སིའི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་ནད་ཡམས་ལ་རྐྱེན་བྱས་ཏེ་ཐེམ་སྤང་བཀའ་རྒྱ་བསྒྲགས་རྗེས། ཧ་ཅང་ཞིབ་ཚགས་དང་གཟབ་ནན་གྱིས་ཡང་བསྐྱར་ཐེངས་གཅིག་བཀླགས་པ་ཡིན། སྐབས་དེར། ལོ་ཙཱ་བ་ཤམ་བྷ་ལ་བ་ཞུ་བའི་མིང་འདི་སླར་ཡང་མིག་ལམ་དུ་མངོན་ཞིང་། དོན་དངོས་སུ་སྐྱེས་བུ་ཁོང་ནི་སུ་ཞིག་ཡིན་མིན་དང་། བསྟན་བཅོས་གང་དང་གང་ཞིག་བསྒྱུར་མིན་ཐད་ལ་དོ་སྣང་སླེབས་པ་ལ་བརྟེན་ནས། བོད་ཀྱི་སྔོན་བྱོན་མཁས་པ་སྐུ་དྲིན་ཅན་སྐོར་ཞིག་གི་ལམ་ཡིག་དང་འབྲེལ་བའི་བརྩམས་ཆོས་ཁག་ཅིག་ལ་ཞིབ་མཇལ་གྱིས་ཐོ་ཡིག་ཅིག་འདེབས་བཞིན་རྩད་འཚོལ་བགྱིས་པ་ཡིན་མོད་ངལ་བ་འབྲས་མེད་དུ་གྱུར།

དེ་ནས་ཟླ་ཤས་ཕྱིན་རྗེས། མཁྱེན་ལྡན་གྲོགས་པོ་ཞིག་གིས་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་ལ་མཆན་འགྲེལ་རྒྱས་པ་ཞིག་འབྲི་བཞིན་ཡོད་སྟབས། རྒྭ་ལོ་གཞོན་ནུ་དཔལ་[1]དང་ལོ་ཙཱ་བ་ཤམ་བྷ་ལ་བ་གཉིས་སུ་ཡིན་དང་འབྲེལ་བའི་སྐོར་གྱི་སྐད་ཆ་དྲིས་བྱུང་བས། ཕྲན་གྱིས་ཡང་བསྐྱར་ལོ་ཙཱ་བ་ཤམ་བྷ་ལ་བའི་སྐོར་འཚོལ་ཞིབ་བྱེད་མགོ་བརྩམས། ལོ་ཙཱ་བ་འདིའི་མིང་གཏམ་རྒྱུད་གསེར་ཐང་གི་ལེའུ་དང་པོའི་མཇུག་ཏུ་ལི་ཡུལ་དང་བལ་ཡུལ་གྱི་སྐོར་འཆད་པའི་སྐབས་སུ་གསལ་བ་འདི་ལྟར། ‘‘ལོ་ཙཱ་བ་ཤམ་བྷ་ལ་བས་བོད་དུ་ལི་ཡུལ་ངོས་ཟིན་མཁན་རེད་མདའ་བ་དང་ངེད་གཉིས་ལས་མ་བྱུང་གསུངས་པ་བདེན་ལ་ཁད།’’[2]ཅེས་འཁོད་ཡོད་པ་དང་། «རྒྱལ་རབས་དེབ་ཐེར་དཀར་པོ»ཡི་ནང་དུའང་གོང་གི་ཚིག་རིས་ཇི་བཞིན་དུ་དྲངས་འདུག དེ་བཞིན་དུ། ཉེ་ཆར་ལི་ཡུལ་གྱི་སྐོར་ལ་རྩོམ་ཡིག་འབྲི་མཁན་ཚོའི་ཁྲོད་དུ་ཚིག་དུམ་འདི་ལུང་འདྲེན་མང་ཙམ་བྱས་པ་མཐོང་རྒྱུ་འདུག་མོད། འོན་ཀྱང་། སུ་ཞིག་གིས་ཀྱང་ལོ་ཙཱ་བ་ཁོང་གི་སྐོར་ལ་ཚིག་ཟུར་ཙམ་ཡང་བྲིས་པ་མ་མཐོང་། ལྷག་ཏུ་སྒོ་ཤེས་རབ་རྒྱ་མཚོ་[3]དང་། རྒྱ་ཡེ་བཀྲ་བྷོ་གཉིས་ཀྱི་གཏམ་རྒྱུད་གསེར་ཐང་གི་འཆད་ཁྲིད་[4]ཀྱི་སྐབས་སུ། ལོ་ཙཱ་བ་འདིའི་སྐོར་ལ་འགྲེལ་བཤད་ཅི་ཡང་གནང་མི་འདུག་ལ། ལྡོང་ཡོན་ཏན་རྒྱ་མཚོའི་དེབ་དཀར་མཆན་འགྲེལ་[5]དང་། ལྕང་སྐྱའི་དགེ་འདུན་བཀྲ་ཤིས་ཀྱི་དེབ་དཀར་གྱི་འཆད་ཁྲིད་[6]དུའང་གསལ་བཤད་བགྱིས་མི་འདུག

དེ་ལྟ་ནའང་། གུར་མགོན་སྐྱབས་ཀྱི་དེབ་དཀར་མཆན་འགྲེལ་གྱི་དཔེ་ཆ་སྟེ«དྲིན་གྱི་བུ་ལོན»ཞེས་པའི་ནང་དུ། གོང་གི་དགེ་ཆོས་ཀྱི་ཚིག་དུམ་དེར་འགྲེལ་བཤད་རྒྱག་སྐབས། ཤམ་བྷ་ལ་བའི་མཚན་གཞན་ལ་ཆོས་རྗེ་འབྱོར་ལྡན་གྲགས་པ་ཞུ་བ་རེད་[7]ཅེས་བྲིས་ཡོད་པ་མཐོང་ལ། དེ་ནི་གླེང་སློང་གསར་པ་ཞིག་ཀྱང་ཡིན་པར་འདོད། དེ་བས། ཕྲན་གྱིས་ལོ་ཙཱ་བ་ཤམ་བྷ་ལ་བ་ནི་དུས་རབས་ནམ་ཞིག་ལ་བྱོན་པ་དང་། སྐྱེས་བུ་སུ་ཞིག་ཡིན་མིན་བཅས་ཀྱི་སྐོར་གསལ་ཁ་འདོན་རྒྱུ་ཡིན།

༡ ཤམ་བྷ་ལ་བ་ནི་མན་ལུང་པ་ཡིན་པའི་ཡིག་ཆ།

བོད་ཀྱི་སྔོན་བྱོན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་རྣམས་ཀྱི་ཁྲོད་དུ། ལི་ཡུལ་ཕྱོགས་གང་དུ་ངོས་འཛིན་བྱེད་དགོས་མིན་གྱི་སྐོར་ལ་བཞེད་པ་མི་མཐུན་པ་སྣ་ཚོགས་བྱུང་ཡོད་དེ། ལི་ཡུལ་བལ་ཡུལ་ལ་ངོས་འཛིན་གནང་མཁན་དང་། དེ་ནས་འཇང་ཡུལ་དང་། ཤིན་ཅང་དང་། མངའ་རིས་སྐོར་གསུམ་དང་། ཐ་ན་སྦལ་ཏི་བཅས་ལ་ངོས་འཛིན་གནང་མཁན་གྱི་མཁས་པའང་བྱུང་ཡོད།

དེ་ལྟ་ནའང་། དགེ་འདུན་ཆོས་འཕེལ་གྱིས་ལི་ཡུལ་ནི་བོད་ཀྱི་བྱང་རྒྱབ་དང་། ཨུ་རུ་སུའི་ལྷོ་མཐར་ཆགས་པའི་ཡུལ། རྒྱ་གར་གྱི་སྐད་དུ་ཀཾ་ས་དེ་ཤ། ཡུལ་གཞན་དུ་ཏུར་ཀི་སི་སྤན་དང་། རྒྱ་ནག་པས་སིན་ཇང་དུ་འབོད་པ་ཡིན་ཚུལ་གསུངས་[8]ཏེ། བླ་མ་རེད་མདའ་བ་དང་ལོ་ཙཱ་བ་ཤམ་བྷ་ལ་བ་གཉིས་ཀྱིས་ཀྱང་ལི་ཡུལ་ཤིན་ཅང་ལ་ངོས་འཛིན་གནང་ཡོད་ཚུལ་གསུངས་ཡོད། འོན་ཀྱང་། «ཆོས་འབྱུང་མཁས་པའི་དགའ་སྟོན»དུ། ཡུལ་འདི་རྒྱ་ནག་གི་བྱང་ངོས་བོད་ནས་བྱང་ཤར་གྱི་མཚམས་ན་ཡོད་ཅེས་ཤམྦྷ་ལ་པས་ཁོང་རང་གིས་ཕྱིན་ཞིང་བོད་དུ་ཡུལ་འདི་ངོ་ཤེས་པ་རེད་མདའ་པ་དང་ང་རང་ལས་མ་བྱུང་ཞེས་འཆད་པར་སྣང་[9]ཞེས་གསལ་བ་ལ་བརྟག་ན། དགེ་འདུན་ཆོས་འཕེལ་གྱིས་དཔའ་བོ་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་པའི(༡༥༠༤-༡༥༦༦ )ཆོས་འབྱུང་ལ་གཟིགས་ནས་དེ་ལྟར་གསུངས་པ་ལས། བླ་མ་རེད་མདའ་བ་དང་ལོ་ཙཱ་བ་ཤམ་བྷ་ལ་བ་གཉིས་ཀྱི་གསུང་རྩོམ་ལ་དངོས་སུ་མཇལ་ནས་བྲིས་པ་ཞིག་མིན་པར་སྙམ། འོན་ཀྱང་། ཚིག་དུམ་འདི་ལས་རྟོགས་ཐུབ་པ་ནི། དཔའ་བོ་གཙུག་ལག་ཕྲེང་པས་ལོ་ཙཱ་བ་ཤམ་བྷ་ལ་བའི་གསུང་གང་རུང་ཞིག་ལ་མཇལ་ནས་དེ་ལྟར་གསུངས་ཡོད་པ་དང་། ལོ་ཙཱ་བ་ཤམ་བྷ་ལ་བ་ནི་རྗེ་རེད་མདའ་བའི་རྗེས་སུ་བྱོན་པའི་སྐྱེས་བུ་ཞིག་ཡིན་པ་བདེན་དཔང་བྱས་འདུག

རྗེ་རེད་མདའ་བ་དང་ཤམ་བྷ་ལ་བ་སོགས་ཀྱིས་ལི་ཡུལ་གྱི་སྐོར་དེ་གླང་རུ་ལུང་བསྟན་པའི་མདོའི་དངོས་བསྟན་གྱི་གླང་རུར་གསུངས་ཡོད་པར་གྲགས་མོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་ཕྱི་ལོ་ ༢༠༡༥ ལོར་སྤར་སྐྲུན་བགྱིས་པའི་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ་ཞེས་པའི་པོད་བཅུའི་བདག་ཉིད་ཅན་དེ་དག་ལ་ཅི་ཙམ་མཇལ་ནའང་། ཁོང་གིས་ལི་ཡུལ་གྱི་སྐོར་ལ་གསུངས་པའི་ཚིག་དུམ་ཙམ་ཡང་རྙེད་སོན་མ་བྱུང་བས། གསུང་རྩོམ་གང་དུ་ལི་ཡུལ་གྱི་སྐོར་འཁོད་ཡོད་མེད་མུ་མཐུད་དུ་ཞིབ་འཚོལ་བྱེད་བཞིན་ཡོད་ལ། དེའི་སྐོར་ཕྱོགས་གཞན་ཞིག་ནས་གླེང་བར་བྱའོ། ། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་མཆོག་ནི་ཕྱི་ལོ་ ༡༣༤༩  ལོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༤༡༢ ལོར་སྐུ་གཤེགས་ཡོད་ལ། ཞིབ་པར་ཤེས་འདོད་ཅན་དག་གིས་མངའ་རིས་པ་སངས་རྒྱས་རྩེ་མོས་མཛད་པའི«རྗེ་བཙུན་རེད་མདའ་བ་ཆེན་པོའི་རྣམ་ཐར་ངོ་མཚར་རྨད་བྱུང»ཞེས་པར་གཟིགས་འཚལ། ཤམ་བྷ་ལ་བའི་གསུང་དུ་ལི་ཡུལ་གྱི་སྐོར་འཁོད་ཡོད་མེད་འོག་ཏུ་འཆད་པར་བྱའོ། །

འོན་ཀྱང་། བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་བསྟན་འཛིན་ཆོས་ཀྱི་འཕྲིན་ལས་ཀྱིས་མཛད་པའི(༡༧༨༩-༡༨༣༨)«འཛམ་གླིང་རྒྱས་བཤད»དང་། སོག་པོ་བློ་བཟང་རྟ་དབྱངས(༡༨༦༧-༡༩༣༧)ཀྱིས་མཛད་པའི«ཆེན་པོ་ཧོར་གྱི་རྟོགས་བརྗོད་ངོ་མཚར་གསེར་གྱི་དེབ་ཐེར»གྱི་ནང་དུ་ལོ་ཙཱ་བ་ཤམ་བྷ་ལ་ནི་མན་ལུང་པར་ངོས་འཛིན་གནང་ཡོད་པར་མ་ཟད། གུར་མགོན་སྐྱབས་ཀྱིས་ཀྱང་གོང་གི་དེབ་གཉིས་ལ་གཟིགས་ནས་ལོ་ཙཱ་བ་ཤམ་བྷ་ལ་བ་ནི་མན་ལུང་པ་ཡིན་པར་ངོས་འཛིན་གནང་ཡོད། དེའི་སྐོར་ཞིབ་ཏུ་འོག་ཏུ་ཞུ་རྩིས་ཡོད་མོད། འོན་ཀྱང་། བོད་ཀྱི་ལོ་རྒྱུས་ཁྲོད་དུ་མན་ལུང་པ་ཆེ་ཆུང་གཉིས་བྱོན་ཡོད་པའི་སྐོར་གྱི་གནས་ཚུལ་གསལ་ཁ་བཏོད་མེད་པ་རེད། ལར་ནས་མན་ལུང་པ་ཆེ་ཆུང་གཉིས་ཡོད་མེད་ལ་དཔྱད་ཞིབ་མ་གནང་བར་གང་ཟག་གཅིག་ལ་འཁྲུལ་བས་ནོར་འཛོལ་བཟོས་འདུག་པས། དེ་ལ་འདིར་མན་ལུང་པ་ཆེ་ཆུང་གཉིས་ཀྱི་རྣམ་ཐར་ངོ་སྤྲོད་དང་འབྲེལ་ཏེ་ལོ་ཙཱ་བ་ཤམ་བྷ་ལ་བ་འཚོལ་ཞིབ་བྱེད་རྒྱུ་ཡིན།

༢ མན་ལུང་པ་བསོད་ནམས་དཔལ་བཤད་པ།

འགོས་ལོ་གཞོན་ནུ་དཔལ(༡༣༩༢-༡༤༨༡)དང་། ཇོ་ནང་ཏཱ་ར་ནཱ་ཐའི(༡༥༧༥- ༡༦༣༤)གསུང་རྩོམ་ཁྲོད་དུ་གྲུབ་ཐོབ་མན་ལུང་པའི་རྣམ་ཐར་མདོར་བསྡུས་རེ་གསལ་ནའང་། དུས་རབས་བཅུ་བཞི་པའི་ནང་དུ་བྱོན་པའི་བཙུན་པ་བསོད་ནམས་བཟང་པོས་མཛད་པའི་མན་ལུང་པའི་རྣམ་ཐར་ནི་རྒྱས་ཤོས་རེད་སྙམ། ན་ལེནྡྲ་འི་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན(༡༩༣༣-༢༠༠༢)གྱིས་མཛད་པའི«དཔལ་དུས་ཀྱི་འཁོར་ལོ་ཇི་ལྟར་དར་ཚུལ་བརྒྱུད་པའི་ལོ་རྒྱུས་དང་བཅས་པ་སྐལ་བཟང་རྣ་བའི་དགའ་སྟོན»དང་། «དུས་འཁོར་ཕྱོགས་བསྒྲིགས་ཆེན་མོའི་དཀར་ཆག་བཞུགས་སོ»ཞེས་པའི་དེབ་ཏུའང་རྣམ་ཐར་མདོར་བསྡུས་ཤིག་བཞུགས། བེ་རི་རིག་པའི་རྡོ་རྗེས་ཀྱང་གོང་གི་རྣམ་ཐར་ལ་གཟིགས་ནས་མན་ལུང་གུ་རུའི་ལམ་ཡིག་འཕྲུལ་དེབ་ཅིག་བཟོས་ཡོད་པ་དེའི་དབུར་རྣམ་ཐར་མདོར་བསྡུས་ཤིག་བྲིས་འདུག

བསོད་ནམས་བཟང་པོས་མཛད་པའི་རྣམ་ཐར་དེ་ལས་འཕྲོས་ཏེ་དོགས་སློང་རེ་ཟུང་ཞུ་རྒྱུ་ཡོད་པ་ནི། རྣམ་ཐར་དེའི་མཇུག་བྱང་དུ། རྒྱ་གར་གྱི་པཎྜི་ཏ་གོ་ཏཾ་ཤྲཱི་དང་བོད་ཀྱི་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་རྣམས་ལ་དགོས་པའི་དབང་ལས་སྔར་ཐོས་པ་རྒྱ་གར་རྣལ་འབྱོར་པ་ཛེ་ཏ་རི་བཟང་པོ་དང་། བོད་ཀྱི་བཤེས་གཉེན་ཐར་པ་གླིང་པ་ཉི་མ་རྒྱལ་མཚན་གྱིས་བསྒྱུར་བ་རྣམས་ལས། ཕྱིས་ཐོས་པའི་ཡི་གེས་མཚམས་སྦྱར་ཏེ་ཕྱོགས་གཅིག་ཏུ་བསྡུས་ཏེ་བྲིས་[10]པའི་སྐོར་འཁོད་པ་མཐོང་ནའང་། རྣམ་ཐར་དེའི་མགོ་སྟོད་དུ་བསོད་ནམས་བཟང་པོས‘‘འཆི་བ་མེད་པའི་རིག་པ་འཛིན་པ་མངོན་སུམ་དུ་ཐོབ་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱིས་མཛད་པའི་རྣམ་པར་ཐར་བ’’[11]ཞེས་པར་གཟིགས་ནས་རྣམ་ཐར་འདི་ཉིད་བྲིས་ཚུལ་ཀྱང་འཁོད་ཡོད་ལ།  «མྱང་ཆོས་འབྱུང»དུ། མན་ལུང་གུ་རུ་ལ་བཀའ་བསྲུང་ཨ་ལྕི་མ་ཞེས་པ་ཞིག་དང་། འོད་ཅན་འབར་མ་ཞལ་གཅིག་ཕྱག་གཉིས་མ་ཞེས་པ་གཉིས་ཡོད་པའི་ལོ་རྒྱུས་དྲངས་ཏེ། ཞིབ་པར་མན་ལུང་གུ་རུའི་རྣམ་ཐར་དུ་གཟིགས་ཤིག་[12]ཅེས་གསུངས་ཡོད་ཀྱང་། བསོད་ནམས་བཟང་པོས་མཛད་པའི་རྣམ་ཐར་དུ་ལོ་རྒྱུས་དེ་ལྟ་བུ་ཞིག་མི་གསལ་བས། མན་ལུང་གུ་རུར་དིང་སང་ང་ཚོས་མཐོང་དཀོན་པའི་རང་རྣམ་མམ་ཡང་ན་རྣམ་ཐར་གཞན་ཞིག་ཡོད་པར་སྙམ།

བསོད་ནམས་བཟང་པོའི་མན་ལུང་གུ་རུའི་རྣམ་ཐར་དེ་དབུ་མེད་བྲིས་མ་ཞིག་ཡིན་ཅིང་། ཤིན་ཏུ་ཀློག་དཀའ་ཞིང་ཡིག་འབྲུ་མི་གསལ་བ་ཞིག་རེད། འོན་ཀྱང་། ཕྲན་གྱིས་རྣམ་ཐར་དེར་ཐེངས་འགར་མཇལ་བའི་སྡོམ་ཚིག་ཟིན་བྲིས་སུ་བཏབ་པ་ཞིག་ཡོད་པ་དེ་འདིར་འགོད་རྒྱུ་ཡིན་ལ། དེ་རྗེས་མན་ལུང་པ་ཁོང་ནི་ལོ་ཙཱ་བ་ཤམ་བྷ་ལ་བ་ཡིན་མིན་གྱི་སྐོར་ཞུ་རྒྱུ་ཡིན།

གྲུབ་ཐོབ་མན་ལུང་པ་ནི་ས་མོ་ཕག་སྟེ་ཕྱི་ལོ་༡༢༣༩ལོར་གཡུང་གི་ཕུ་སྟག་ལུང་དགོན་[13]ཞེས་པར་སྐུ་འཁྲུངས་ཤིང་། ཆུང་དུས་སུ་མཚན་ལ་མར་མེ་མཛད་ཅེས་གསོལ། དགུང་ལོ་དགུ་པར་ཡབ་ཞི་བར་གཤེགས་པས་མེ་ལུག་སྟེ་ཕྱི་ལོ་༡༢༤༧ལོར་རབ་ཏུ་བྱུང་སྟེ་མཚན་ལ་བསོད་ནམས་དཔལ་ཞེས་འདོགས་པར་མཛད། ལྷ་རི་རིན་པོ་ཆེ་རིན་ཆེན་རྒྱ་མཚོའི་མདུན་ནས་སོ་སོར་ཐར་བའི་གཞུང་ཅི་རིགས་དང་། གཤིན་རྗེ་གཤེད་སྨྱོས་ལུགས། ལྷ་དགའི་དབང་། ན་རོ་ཆོས་དྲུག་གི་དམར་ཁྲིད་སོགས་ཀྱིས་གཙོས་པའི་གཞུང་དང་གདམས་ངག་དུ་མ་གསན་པར་མ་ཟད། འབྲི་གུང་དུ་སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱི་གཅུང་རིན་པོ་ཆེའི་དྲུང་ནས་དབང་ལུང་ཁྲིད་གསུམ་མང་དུ་མནོས་པར་བརྟེན་ནས་མཁས་པར་གྱུར། དེ་ནས་མན་ལུང་དགོན་པར་ཕེབས། གཞན་ཡང་། བླ་མ་དཀར་ལུང་པ་དང་རྗེ་བཙུན་རྒྭ་ལོ་ཕྱི་མ་[14]སོགས་བླ་མར་བསྟེན་ནས་སྔགས་ཀྱི་ཆོས་སྐོར་དང་། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་མོ་དང་། སྒྲུབ་ཐབས། རྫོགས་རིམ་སྦྱོར་དྲུག་ལག་ལེན་མན་ངག་དང་བཅས་པ་གསན་པར་མ་ཟད། བྱམས་ཆོས་སྡེ་ལྔ་དང་། སྤྱོད་འཇུག ཚད་མ་རྣམ་འགྲེལ་སོགས་གསན་བསམ་གནང་། མན་ལུང་ལ་སོགས་པའི་ཆོས་སྡེ་རྣམས་སུའང་དུས་འཁོར་རྒྱུད་འགྲེལ་དང་། བྱམས་ཆོས་སོགས་ཀྱི་བཤད་པ་རྒྱ་ཆེར་མཛད་འདུག

ཤིང་བྱི་སྟེ་ཕྱི་ལོ་ ༡༢༦༤ ལོར་བལ་པོར་ཕེབས་ཏེ། རིམ་བཞིན་འཕགས་ཡུལ་རྡོ་རྗེ་གདན་དུ་གཤེགས་ནས་མཆོད་འབུལ་རྒྱ་ཆེན་པོ་གནང་བ་དང་། བདུད་འཇོམས་ལྷ་ཁང་ཞེས་པར་ཞིག་གསོ་མཛད། དབང་མདོར་བསྟན་དང་། སེམས་འགྲེལ་སྐོར་གསུམ་ལ་གསར་རྟོགས་ཁྱད་པར་ཅན་འཁྲུངས་པར་གྲགས། རེ་ཞིག་གི་ཚེ་ཕྱིར་བལ་ཡུལ་དུ་ཕེབས། དེ་ནས་མེ་ཡོས་ཏེ་ཕྱི་ལོ་ ༡༢༦༧ ལོར་བོད་ནས་གདན་འདྲེན་ཞུ་མཁན་འབྱོར། དེའི་ཕྱི་ལོ་སྟེ་ས་འབྲུག་ཕྱི་ལོ་ ༡༢༦༨ ལོར་ཕྱིར་བོད་དུ་ཕེབས། ཡུལ་དབུས་ལྷ་སར་ཇོ་བོར་མཇལ་བ་དང་། དབེན་གནས་རྣམས་སུ་ཕེབས་ནས་ལོ་གསུམ་རིང་ཐུགས་དམ་མཛད། བར་སྐབས་སུ་ཟབ་ཆོས་མང་དུ་གསུངས་ཏེ། སླར་ཡང་འཕགས་ཡུལ་དུ་ཕེབས།

རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་ཉིན་མ་རེ་ལ་འབྲས་ཉག་མ་རེ་དང་། ཆུ་ཐིགས་པ་རེ་ལས་མི་གསོལ་བའི་དམ་བཅས་ཏེ་སྒྲུབ་པ་མཛད་པས། རྗེ་བཙུན་སྤྱན་རས་གཟིགས་དང་མཇལ་བར་ལུང་བསྟན་བྱུང་བར་གྲགས། དེ་ནས་ཆུ་བྱ་སྟེ་ཕྱི་ལོ་ ༡༢༧༣ ལོར་དཔལ་འབྲས་སྤུངས་མཆོད་རྟེན་དང་།  རི་བོ་བྱ་རྐང་དུ་ཕེབས་ཏེ་སྒོམ་པ་ལ་རྩེ་གཅིག་ཏུ་གཞོལ་བས་གྲུབ་པ་བརྙེས། བར་སྐབས་དེར་བལ་བོད་ཀྱི་ས་མཚམས་སུའང་ཕེབས་ཏེ་བྱང་ཆུབ་དགོན་ཞེས་པ་བཏབ། མེ་བྱི་སྟེ་ཕྱི་ལོ་༡༢༧༦ ལོར་ཕྱིར་བོད་ཡུལ་དུ་ཕེབས་པ་དང་བསྟུན་ནས། མན་ལུང་པ་དང་། ས་སྐྱ་པས་བདག་རྐྱེན་ལ་བརྟེན་ནས་གྲྭ་ཚང་བཙུགས། དེ་ནས་ཡང་བསྐྱར་རྒྱ་གར་དཔལ་གྱི་འབྲས་སྤུངས་སུ་ཕེབས་ཏེ། རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ཤིང་།  མཐར་པོ་ཏ་ལར་གཤེགས་པའི་ལོ་རྒྱུས་འདུག་པས། དགུང་ལོ་མཐོན་པོར་བཞུགས་ཡོད་པར་མངོན།  དེ་ལྟར་ཞུ་དོན་ནི། ཁོང་བོད་དུ་སླར་ལོག་པའི་ལོ་དེ་ནི་ས་མོ་ཕག་གི་ལོ་སྟེ་ཕྱི་ལོ་༡༢༨༢ ཡིན་པ་དང་། སྐབས་དེར་དགུང་ལོ་དྲུག་ཅུ་རྩ་ལྔར་ཕེབས་ཡོད། མན་ལུང་དུ་ཟླ་ངོ་འགར་བཞུགས་ཤིང་། རི་བོ་རྩེ་ལྔ་སོགས་ནས་ཀྱང་ལོ་མང་པོར་བཞུགས་པའི་ལོ་རྒྱུས་རྣམ་ཐར་དུ་གསལ་ལོ། །

རྩེས་ཐང་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱི་ཆོས་འབྱུང་དུ། མན་ལུང་གུ་རུ་དང་། ཡང་དགོན་པ། རོང་པ་རྒ་ལོ། སྤྱིའི་ཕུའི་ལྷ་འགྲོ་མགོན་བྱ་ཡུལ་གྱི་སངས་རྒྱས་གཙང་སྟོན། གསང་ཕུ་བ་འོད་ཟེར་མགོན་པ་རྣམས་དུས་མཚུངས་[15]སུ་བཞེད་པ་བདེན་པ་ཡིན་མོད། ཀརྨ་པ་མི་བསྐྱོད་རྡོ་རྗེས་གྲུབ་ཆེན་མན་ལུང་པ་ཀརྨ་པ་དུས་གསུམ་མཁྱེན་པ་ལ་རྫུ་འཕྲུལ་གྱིས་མཚུར་ཕུར་མཇལ་བའི་ལོ་རྒྱུས་[16]ཤིག་ཀྱང་གསུངས་པ་མཐོང་ནའང་། གྲུབ་ཆེན་མན་ལུང་པ་ནི་དུས་གསུམ་མཁྱེན་པ་གཤེགས་ནས་ལོ་ངོ་ཞེ་བདུན་གྱི་རྗེས་སུ་འཁྲུངས་ཡོད་པས་ལོ་ཚིགས་ཀྱི་དབང་དུ་བྱས་ན་ཏག་ཏག་ཅིག་མཐུན་དཀའ་བར་འདུག

ཇོ་ནང་ཏཱ་ར་ནཱ་ཐས་མན་ལུང་གུ་རུ་བསོད་ནམས་དཔལ་ནི་མྱང་སྟོད་སྟག་ཚལ་གྱི་མན་ལུང་པ་དགེ་བཤེས་ཆེན་པོ་བྲན་སྟོན་མཐའ་བྲལ་གྱི་སྐྱེ་སྤྲུལ་ཡིན་[17]པར་གསུངས་ཤིང་། དགེ་སློང་ཡེ་ཤེས་རྩེ་མོས་བྲན་སྟོན་མཐའ་བྲལ་དེ་རྗེ་ཤེས་རབ་སེང་གེའི་སྐུ་སྐྱེ་སྔ་མ་ཞིག་ཡིན་པའི་ལོ་རྒྱུས་བྲིས་ཡོད་[18]པ་གང་ལྟར་ཡང་། རང་རེའི་དུས་འཁོར་དང་འབྲེལ་བའི་ཡིག་ཆ་ཁག་ཏུའང་མན་ལུང་པའི་མཚན་མང་ཙམ་མཇལ་དུ་ཡོད་ལ། པཎྜི་ཏ་བི་མ་ལ་ཤྲཱི་ཞེས་བྱ་བ་ཞིག་གིས‘‘བླ་མ་དམ་པ་བསོད་ནམས་དཔལ་ཞེས་བྱ་བ་ལ་བསྟོད་པ’’ཞེས་པའི་ཚིགས་བཅད་བདུན་ཅན་ཞིག་མཛད་ཡོད་པ་དེ་དིང་སང་བསྟན་འགྱུར་ཁྲོད་དུ་བཞུགས་ཤིང་། དཔལ་ལྡན་མན་ལུངས་ཀྱི་གཙུག་ལག་ཁང་ཆེན་པོར་པཎྜི་ཏ་གོ་ཏ་མ་བྷ་དྲ་དང་། ལོ་ཙཱ་བ་གྲགས་པ་བྱང་ཆུབ་གཉིས་ཀྱིས་བསྒྱུར་ཞེས་མཇུག་བྱང་དུ་འཁོད་འདུག  འབྲེལ་ཡོད་ཀྱི་ཡིག་ཆ་ལྟར་ན། མན་ལུང་པའི་གཙུག་ལག་ཁང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་མཁན་བུ་ཀྱི་ཨཱ་ཙརྱ་ཡེ་ཤེས་དབང་པོའི་མཁན་བུ་ཕྱི་ཚར་བཞིའི་ནང་ཚན་མོན་བཙུན་གཡུ་སྟོན་དང་། ཕུག་སྟོན་ཡེ་ཤེས་གཉིས་ཀྱིས་མན་ལུང་དགོན་པ་བཟུང་བར་བཤད་ཡོད་[19]པས། ཕལ་ཆེར་དགོན་པ་དེ་དུས་རབས་བཅུ་གཅིག་པའི་ནང་དུ་བཞེངས་ཡོད་པར་མངོན།

མན་ལུང་བསོད་ནམས་དཔལ་ལ་གསུང་རྩོམ་ཡོད་དམ་ཞེ་ན། དིང་སང་ང་ཚོས་མཇལ་དུ་ཡོད་པ་ནི་མན་ལུང་གུ་རུའི་སྦྱོར་དྲུག་མཚན་དོན་སྙིང་པོ་ཞེས་པའི་བསྟན་བཅོས་ཤིག་དང་། གཞན་ཡང་། མཁས་མཆོག་གཞན་ཕན་དབང་པོའི་སྡེ་ལྟར་ན་མན་ལུང་གུ་རུས་མཛད་[20]པ་དང་། ཀློང་རྡོལ་བླ་མ་ངག་དབང་བློ་བཟང(༡༧༡༩-༡༧༩༤)ལྟར་ན་མན་ལུང་པས་བསྒྱུར་[21]པར་གསུངས་པའི་མཆོད་རྟེན་འབྲས་སྤུངས་མཆོད་རྟེན་གྱི་དཀར་ཆག་གམ་མཆོད་རྟེན་དཔལ་ཡོན་ཅན་གྱི་བཀོད་པ་ཞེས་པའི་བསྟན་བཅོས་ཤིག་ཀྱང་ཡོད་པར་གྲགས། གཞན་ཡང་། «དུས་འཁོར་ཕྱོགས་བསྒྲིགས་ཆེན་མོའི་དཀར་ཆག་བཞུགས་སོ»ཞེས་པའི་དེབ་དེའི་ནང་དུ་མན་ལུང་པའི་རྣམ་ཐར་ཤིག་ཡོད་པ་དེའི་མཇུག་ཏུ། མན་ལུང་པ་ཆེན་པོ་བསོད་ནམས་དཔལ་གྱི་ཕྱག་ལེན་རྣམས་གཙོ་བོའི་དོན་དུ་བྲིས་སོ་ཞེས་པ་དང་། མན་ལུང་པ་ཆོས་ཀྱི་རྒྱལ་མཚན་གྱི་གསོལ་བ་བཏབ་པའི་ངོར། གུ་རུ་པུཎྱ་ཤྲིས་མཛད་པའི་དོན་ནི་གསལ་བའི་སྙིང་པོ་ཞེས་བཅས་[22]ཡོད་པ་བྲིས་འདུག

གང་ལྟར་ཡང་། མན་ལུང་པ་བསོད་ནམས་དཔལ་གྱི་རྣམ་ཐར་ལ་ཞིབ་མཇལ་བགྱིས་པ་ཡིན་ན། བཙན་པོ་བསྟན་འཛིན་འཇམ་དཔལ་འཕྲིན་ལས་དང་། སོག་པོ་བློ་བཟང་རྟ་དབྱངས་སོགས་ཀྱིས་གསུངས་པའི་མན་ལུང་པ་ནི་མན་ལུང་བསོད་ནམས་དཔལ་མིན་ལ། གལ་སྲིད་མན་ལུང་པ་འདི་བ་ཚང་ལོ་ཙཱ་བ་ཤམ་བྷ་ལ་བ་ཡིན་ཚེ། ཁོང་ནི་རྗེ་རེད་མདའ་བའི་རྗེས་སུ་བྱོན་དགོས་པའི་སྐྱེས་བུ་ཞིག་ཡིན་དགོས་པ་རེད། སྐབས་འདིའི་མན་ལུང་པ་འདི་ནི«ཆོས་འབྱུང་རྒྱ་མཚོའི་གྲུ་གཟིངས»སུ་རྒྭ་ལོའི་སློབ་མ་ནི་འཕགས་པ་རིན་པོ་ཆེ། ཁྲོ་ཕུ་རིན་པོ་ཆེ་ལྷོ་པ་གྲུབ་ཡེ། ཐང་སྟོན་ལོ་ཙཱ་བ་གྲགས་རྒྱལ། མན་ལུང་ཆེན་པོའོ། །[23] ཞེས་གསུངས་པ་ལྟར། མན་ལུང་པ་ཆེན་པོ་ཡིན་ནོ། །

 ༢ མན་ལུང་པ་ཆུང་བ་བཤད་པ།

ད་འོ་ན་མན་ལུང་པ་ཆུང་བ་ཞིག་ཀྱང་ཡོད་དམ་ཞེ་ན། མན་ལུང་བསོད་ནམས་དཔལ་སྐུ་གཤེགས་ནས་མི་ལོ་ཉིས་བརྒྱ་ལྷག་གི་རྗེས་སུ་མན་ལུང་མཚན་ཅན་གྱི་སྐྱེས་བུ་གཞན་ཞིག་ཀྱང་བྱོན་ཡོད་དེ།  སྒོ་མང་མཁན་ཟུར་ངག་དབང་ཉི་མའི(༡༩༠༧-༡༩༩༠)གསུང་འབུམ་ཁྲོད་དུ། མན་ལུང་གུ་རུ་ནི་སྟོད་ལུང་ཞྭ་དམར་པའི་བླ་མ་རྣམས་ཀྱི་གྲས་ཡིན་པ་དེབ་ཐེར་རྒྱ་མཚོ་ལས་གསུངས་[24]ཞེས་འཁོད་ཡོད་ལ། ཁོང་ནི་ཡུལ་ལུང་མང་པོར་ཕེབས་མྱོང་བར་མ་ཟད། སོག་ཡུལ་དུའང་ཕེབས་ཚུལ་འཁོད་འདུག བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས(༡༨༠༡-༡༨༦༧)ཀྱིས་མཛད་པའི«མདོ་སྨད་ཆོས་འབྱུང»དུ་ཞྭ་དམར་པའི་བླ་སྤྲུལ་འགའ་མདོ་སྨད་དུ་ཕེབས་པའི་ལོ་རྒྱུས་འཁོད་ཡོད་པར་མ་ཟད། མན་ལུང་པའི་ལམ་ཡིག་ཏུ་གསལ་བའི་གནས་ཚུལ་སྐོར་ཞིག་ལུང་འདྲེན་གནང་ཡོད་པ་རེད། འོན་ཀྱང་། མན་ལུང་པ་ཆུང་བ་འདིའི་འཁྲུངས་འདས་ལོ་ཚིགས་ཀྱིས་མཚོན་པའི་རྣམ་ཐར་ཀྱི་ཆ་ཤས་ཙམ་ཡང་བྲིས་པ་མ་མཐོང་བས། གང་ས་གང་དུ་ཞིབ་འཚོལ་བྱས་ཀྱང་རེ་ཞིག་མ་རྙེད་པས་དོན་གཉེར་ཅན་ཡོད་ན་འབད་པར་འཚལ།

‘‘རི་བོ་རྩེ་ལྔའི་བོད་ཀྱི་རྡོ་རིང་སྐོར་གྱི་བརྗེད་ཐོ’’ཞེས་པའི་རྩོམ་ཡིག་ཅིག་ཏུ།  མན་ལུང་གུ་རུ་ནི་དུས་རབས་བཅུ་དྲུག་པའི་ནང་དུ་འཁྲུངས་པ་རེད་[25]ཅེས་བྲིས་ཏེ་ཁ་ཚོན་བཅད་ཡོད་པ་མཐོང་མོད། དགེ་སློང་ཡེ་ཤེས་རྩེ་མོས( ༡༤༣༣- ?)«མཛད་པའི་རྗེ་དགེ་འདུན་གྲུབ་པའི་རྣམ་ཐར»དུ། ཆོས་རྗེ་མན་ལུང་པས་རྗེ་དགེ་འདུན་གྲུབ་པ་མན་ལུང་དགོན་དུ་སྤྱན་དྲངས་པ་དང་ཞབས་ཏོག་གནང་བར་འཁོད་ཡོད་[26]པར་མ་ཟད། གཡང་བ་ཆོས་རྗེས་མཛད་པའི་རྗེ་དགེ་འདུན་གྲུབ་པའི་རྣམ་ཐར་དུའང་། ཐམས་ཅད་མཁྱེན་པ་རང་གི་བུ་ཆེན་ཆོས་རྗེ་མན་ལུང་པས་སྤྱན་དྲངས་པའི་ལོ་རྒྱུས་བྲིས་ཡོད་[27]པར་མ་ཟད། ཆོས་རྗེ་མན་ལུང་པ་ནི་རྗེ་དགེ་འདུན་གྲུབ་པའི་བུ་ཆེན་ཡིན་པར་གསུངས་ཡོད། ད་དུང་། པཎ་ཆེན་བསོད་ནམས་གྲགས་པའི( ༡༤༧༨-༡༥༥༤)«བཀའ་གདམས་ཆོས་འབྱུང»དུའང་། རྗེ་དགེ་འདུན་གྲུབ་པའི་བར་ཚར་གྱི་སློབ་མའི་གྲས་སུ་བླ་མ་ལྷུན་རྩེ་བ་དང་། བླ་མ་མན་ལུང་པ། བླ་མ་ཡོན་ཏན་དཔལ་འབྱུང་བ། ལྷ་བཙུན་བསྟན་པ་རྒྱལ་མཚན་པ་ལ་སོགས་པ་སྒོམ་ཆེན་གྱི་བུ་སློབ་ཀྱང་མང་དུ་བྱོན་[28]ཞེས་གསུངས་འདུག་པས། མན་ལུང་པ་ཆུང་བ་ནི་དུས་རབས་བཅོ་ལྔའི་ནང་དུ་བྱོན་པའི་སྐྱེས་བུ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད།

མན་ལུང་པ་ཆུང་བས་མཛད་པའི«མན་ལུང་གུ་རུའི་ལམ་ཡིག»གམ« རྨི་ལམ་རྫུན་བཤད་སྒྲ་དབྱངས་ཆེན་མོ»ཞེས་གྲགས་པ་འདི་ནི་ཁམས་ཨ་འཛོམ་དགོན་པར་བཞུགས་པའི་དཔེ་རྙིང་དཔེ་དཀོན་གྱི་གྲས་སུ་མཇལ་དུ་ཡོད་པ་ཞིག་རེད་ལ། དབུ་མེད་བྲིས་མ་དེར་ཤོག་ལྡེབ་ཉེར་བདུན་བཞུགས། ཤོག་ལྡེབ་དང་པོའི་མགོ་ན‘‘མན་ལུང་གུ་རུའི་ལམ་ཡིག་བཞུགས་སོ། །’’ཞེས་པ་ཙམ་ལས་བྲིས་མེད་སྟབས། དོན་དངོས་སུ་མན་ལུང་པ་འདིའི་མཚན་ཆ་ཚང་རྟོགས་དཀའ་བར་ཡོད། ལར་ནས་མན་ལུང་གུ་རུ་དབང་ཕྱུག་ཟེར་མོད།  གནས་སྐབས་སུ་དེའི་ཁུངས་གཏུགས་ས་གང་ཡིན་ཤེས་རྟོགས་མ་བྱུང་། ཕྲན་གྱིས་ཤེས་གསལ་ལྟར་ན། མན་ལུང་གུ་རུའི་ལམ་ཡིག་གི་སྐོར་གྱི་ཡིག་ཆ་ཐོན་སྔ་ཤོས་གཅིག་ནི་དུས་རབས་བཅུ་བདུན་པའི་ནང་དུ་འཁྲུངས་པའི«མཁན་ཆེན་སངས་རྒྱས་དཔལ་བཟང་གི་རྣམ་པར་ཐར་བ་ཡོན་ཏན་རྒྱ་མཚོ»ཡིན་[29]པར་སྙམ།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲྭ་ཚིགས་སུ། «མན་ལུང་གུ་རུའི་ལམ་ཡིག»དེ་མན་ལུང་པ་བསོད་ནམས་དཔལ་གྱི་གསུང་འབུམ་གྱི་གྲས་སུ་བཞག་ཡོད་ལ། བེ་རི་རིག་པའི་རྡོ་རྗེས་བཟོས་གནང་བའི«མན་ལུང་གུ་རུའི་ལམ་ཡིག»ཏུའང་དེ་ལྟར་ངོས་འཛིན་གནང་འདུག  དྷཱིཿ  ལྷ་ལྡན་གྱིས་བསྒྲིགས་པའི«ལོ་པཎ་ཕྱོགས་བསྒྲིགས»ཞེས་པའི་དེབ་ཏུ་དཔེར་ན། ལམ་ཡིག་དེ་ནི་མན་ལུང་གུ་རུ་རང་ཉིད་འཁྲུངས་ཡུལ་དབུས་སུ་བྱས་ཏེ་ཤར་ཕྱོགས་དང་། ལྷོ་ཕྱོགས། ནུབ་ཕྱོགས། བྱང་ཕྱོགས་ཏེ་ཕྱོགས་བཞིར་ཕྱིན་པའི་ལམ་ཡིག་གི་ཚུལ་དུ་བྲིས་པ་ཞིག་ཡིན་ཞིང་། ཐོག་མར་ཤར་ཕྱོགས་རྒྱ་ནག་ནས་མགོ་བཙུགས་ཏེ་བྲིས་འདུག་ལ། དེ་ཡང་ཁྲིན་ཏུ་ནས་མགོ་བཟུང་སྟེ་གླང་ཆེན་འགྱིང་རི་སོགས་བརྒྱུད་དེ་རི་བོ་རྩེ་ལྔ་དང་། ཧྲན་ཏུང་སོགས་སུ་རིམ་གྱིས་ཕེབས་ཚུལ་བྲིས་འདུག་[30]ཅེས་ངོ་སྤྲོད་གནང་སྟེ། ལམ་ཡིག་དེ་ནི་མན་ལུང་བ་བསོད་ནམས་དཔལ་གྱིས་མཛད་པར་ངོས་འཛིན་བྱས་ཡོད་པ་རེད།

ལམ་ཡིག་འདི་དཔྱད་གཞིའི་ཡིག་ཆར་བེད་སྤྱོད་བྱས་ཡོད་པའི་དཔྱད་རྩོམ་རེ་ཟུང་དུའང་མན་ལུང་པ་བསོད་ནམས་དཔལ་གྱིས་མཛད་པ་རེད་ཅེས་བྲིས་ཡོད་པ་མཐོང་ནའང་།  ལམ་ཡིག་དེར་ཞིབ་མོར་བཀླག་ཚེ། དེའི་ནང་དུ་དུས་རབས་བཅུ་བཞི་པའི་ནང་དུ་འཁྲུངས་པའི་ཏཱ་མིང་གཡུང་ལོ་རྒྱལ་པོ(༡༣༦༠-༡༤༢༤ )དང་ཐེག་ཆེན་ཆོས་རྗེ(༡༣༤༩-༡༤༢༥ )སོགས་ཀྱི་མཚན་ཡང་འཁོད་ཡོད་པས། ལམ་ཡིག་རྩོམ་མཁན་དེ་ནི་དུས་རབས་བཅུ་བཞིའི་རྗེས་སུ་བྱོན་པའི་སྐྱེས་བུ་ཞིག་ཡིན་པ་ལམ་སང་རྟོགས་ཐུབ་པ་ཞིག་ཡིན་རུང་། ད་ཕན་བརྗོད་གཞི་འདིའི་སྐོར་ལ་དོ་སྣང་བྱེད་མཁན་ཧ་ཅང་དཀོན་པོ་མེད་དམ་སྙམ།

མན་ལུང་པས་ལམ་ཡིག་དེའི་མིང་གཞན་ལ«རྨི་ལམ་རྫུན་བཤད་སྒྲ་དབྱངས་ཆེན་མོ»ཞེས་བྲིས་ཡོད་པ་ལྟར། ལམ་ཡིག་འདི་ནི་ལེའུ་ལྔས་བདག་ཉིད་ཅན་གྱིས་གྲུབ་ཅིང་། ཐུན་མོང་གི་སྣང་ངོར་འབྱོར་དཀའ་བའི་སྒྲོ་འདོགས་དང་དག་སྣང་གི་སྐོར་ཡང་སྟར་ཆགས་སུ་བྲིས་ཡོད་པ་རེད། ལམ་ཡིག་དེའི་ནང་དུ་འཁོད་པའི་བརྗོད་བྱ་ཐམས་ཅད་མན་ལུང་པའི་རྨི་ལམ་མམ་ཡང་ན་དངོས་སུ་མཐོང་མིན་གང་ལྟར་ཡང་། ཇོ་ནང་ཏཱ་ར་ནཱ་ཐའི་གསང་བའི་རྣམ་ཐར་རྗེ་རང་ཉིད་ཀྱིས་མཛད་པ་ལྟར་ན། ལོ་བརྒྱད་པ་ལ་བསམ་ལྡིངས་སུ་ཡོད་སྐབས་རྨི་ལམ་བཟུང་ནས་བྱང་ཤམྦྷ་ལར་ཕྱིན་ཏེ། དབུས་ཀྱི་ཕོ་བྲང་དང་།  གྲོང་དང་གྲོང་ཁྱེར། འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་རྩ་ཕྱག་བརྒྱད་པ་དེ་འཁོར་ལྷ་མང་པོས་བསྐོར་ནས་འོད་ལམ་མེ་འདུག་པ་སོགས་མཇལ་བ་དང་། ཡང་། ཕག་གྲུ་བ་གནས་སྐྱིད་ཕུག་བདེ་ལྡན་ན་ཡོད་དུས་ཉིན་མོ་ཞིག་གཉིད་དུ་སོང་བ་ན། རྨི་ལམ་ཟིན་ནས་བྱང་ཕྱོགས་ཤམྦྷ་ལའི་ཡུལ་དུ་འགྲོ་བའི་འདུན་པ་བཏང་བས། གྲོང་ཁྱེར་ཀཱ་ལ་བ་ཞིག་ཏུ་ཕྱིན་ཏེ། ཡུལ་དེའི་ས་བཅུའི་བྱང་ཆུབ་སེམས་དཔའི་སྐུ་རིགས་ལྡན་ལ་མཇལ་བ་དང་། གསུང་གི་སྣང་བ་ཐོབ་པ་སོགས་བྲིས་ཡོད་པས། ཐམས་ཅད་འཆར་ཅན་གྱི་རྫུན་མ་ཡིན་པའི་ངེས་པ་ག་ལ་ཡོད་མོད། དེང་རབས་ཞིབ་འཇུག་པ་དག་གིས་དཔྱད་ཡིག་ཏུ་སྤྱོད་མི་རུང་ལ་བསམ་བློ་གཏོང་དགོས་པ་ནི་ཞོར་འཕྲོས་ཀྱི་གཏམ་མོ། །

ལམ་ཡིག་དེའི་ནང་དུ་ལི་ཡུལ་དང་རེད་མདའ་བའི་སྐོར་ཟུར་ཙམ་གསལ་བ་འདི་ལྟར་ཏེ།   ‘‘གནས(ཤིང་ཀུན)དེ་ནི་མཆོད་རྟེན་དང་བཅས་པ་བོད་ཀྱི་བྱང་ཤར་མཚམས་ན་ཡོད་ཟེར་ཏེ། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུངས་པ་དེ་ངེས་པར་སྣང་ངོ་།’’[31]ཞེས་དང་། ཡང‘‘ཡུལ་དྲུག་གི་ཡ་གྱལ་ལི་ཡུལ་གྱི་རྒྱལ་པོ་མངའ་ཐང་ཤིན་ཏུ་ཆེ་བ་ཞིག་འདུག’’[32]ལྟ་བུ་འབྱུང་ནའང་། དགེ་འདུན་ཆོས་འཕེལ་གྱིས་ལོ་ཙཱ་བ་ཤམ་བྷ་ལ་བས་བོད་དུ་ལི་ཡུལ་ངོས་ཟིན་མཁན་རེད་མདའ་བ་དང་ངེད་གཉིས་ལས་མ་བྱུང་གསུངས་པ་བདེན་ལ་ཁད་ཅེས་གསུངས་པ་ལྟར།  མན་ལུང་པས་བོད་དུ་ལི་ཡུལ་ངོས་ཟིན་མཁན་རེད་མདའ་བ་དང་ངེད་གཉིས་ལས་མ་བྱུང་ལྟ་བུའི་ཚིག་རིས་ཇི་བཞིན་དུ་བྲིས་མེད། འོན་ཀྱང་། ཁོང་གིས་ལི་ཡུལ་དེ་བྱང་ངོས་ཤིག་ཏུ་ངོས་འཛིན་གནང་ཡོད་ནའང་། རྗེ་རེད་མདའ་བས་ལི་ཡུལ་གྱི་སྐོར་གསུངས་པའི་ལོ་རྒྱུས་ལམ་ཡིག་ཏུ་འཁོད་མི་འདུག དཔའ་བོ་གཙུག་ལས་ཕྲེང་བས་ཀྱང་ཡུལ་འདི་རྒྱ་ནག་གི་བྱང་ངོས་བོད་ནས་བྱང་ཤར་གྱི་མཚམས་ན་ཡོད་ཅེས་ཤམྦྷ་ལ་པས་ཁོང་རང་གིས་ཕྱིན་ཞིང་། བོད་དུ་ཡུལ་འདི་ངོ་ཤེས་པ་རེད་མདའ་པ་དང་ང་རང་ལས་མ་བྱུང་ཞེས‘‘འཆད་པར་སྣང’’ཞེས་གསུངས་ཏེ་ཐག་གཅོད་གནང་མི་འདུག་ལ། འདི་ནི་ངག་རྒྱུན་ཞིག་ཡིག་ཐོག་ཏུ་ཕབ་ཡོད་ཀྱང་སྲིད།

ཡང་གཅིག་བཤད་ན། མན་ལུང་མཚན་ཅན་གྱི་སྐྱེས་བུ་གཞན་ཡང་བྱོན་པ་མཐོང་ནའང་མིང་ཙམ་ལས་ལོ་རྒྱུས་ཀྱི་ཟུར་ཕྲ་མོ་ཙམ་ཡང་མི་རྙེད་པས། གནས་སྐབས་སུ་མན་ལུང་ཆེ་ཆུང་གཉིས་ཀ་སྐྱེས་བུ་འདི་གཉིས་ལ་ངོས་འཛིན་བྱས་པ་ཡིན།

  «མན་ལུང་པའི་ལམ་ཡིག»སྐོར་གྱི་དོགས་སློང་།

མན་ལུང་པའི་ལམ་ཡིག་ལ«ཤམ་བྷ་ལའི་ལམ་ཡིག་བཞུགས»ཞེས་པའི་ཤིང་སྤར་གཞན་ཞིག་ཀྱང་ཡོད་པ་མཐོང་མོད། འདི་ལ«ཤམ་བྷ་ལའི་ལམ་ཡིག»ཅེས་བཏགས་པ་གང་ཡིན་ཆ་མ་འཚལ། ལམ་ཡིག་དེའི་ནང་དུ་ཤམ་བྷ་ལའི་ལྷོ་ཕྱོགས་ཀྱི་ཕྱིའི་རྩ་བ་ན་ཡུལ་དང་གྲོང་ཁྱེར་ཆེན་པོ་ཞིག་ཡོད་པ་དང་། དེར་གནས་པའི་ཕོ་ཡི་དབང་པོ་བརླ་གཡས་ལ་ཡོད་པ་དང་། མོ་མཚན་བརླ་གཡོན་པ་ལ་ཡོད་པར་མ་ཟད། ཕྲུ་གུ་ཡང་བརླ་གཡོན་པའི་ནང་དུ་ཟླ་བ་གསུམ་རེ་གསུམ་རེ་ཙམ་ནས་སྐྱེ་བ་འབའ་ཞིག་པ་དང་། ཤམ་བྷ་ལའི་རྒྱ་ཁྱོན་ནི་ལྷོ་འཛམ་བུའི་གླིང་ཆུང་ངུའི་ཕྱེད་བྱང་མ་ཡིན་ཞིང་། བྱང་ངོས་ཡུལ་ཆེན་པོ་གསུམ་ཀའི་སྤྱི་མིང་ལ་ཤམ་བྷ་ལར་བཏགས་པ་རེད་[33]ལྟ་བུའི་ཚིག་ཕྲེང་འགའ་ལས་མི་གསལ་བས། མཚན་བྱང་འདི་ནི་ཕྱིས་སུ་སྤར་གཞི་གསར་པ་ཞིག་ཤིང་སྤར་དུ་འདེབས་སྐབས་གསར་དུ་བཏགས་པར་མངོན།

མན་ལུང་པ་ཆུང་བའི་རྗེས་སུ་བྱོན་པའི་མཁས་པ་དག་གི་ཁྲོད་དུ་ལམ་ཡིག་འདིའི་ནང་དུ་འཁོད་པའི་གནས་ཚུལ་རེ་ཟུང་ལུང་འདྲེན་གནང་མཁན་སྐོར་ཞིག་བྱུང་བ་མཐོང་ནའང་། བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས«མདོ་སྨད་ཆོས་འབྱུང»དུ་མན་ལུང་པའི་ལམ་ཡིག་ལས་གནས་ཚུལ་འགའ་དྲངས་ཡོད་པ་དེ་དག་ལམ་ཡིག་རང་དུ་མི་གསལ། «མདོ་སྨད་ཆོས་འབྱུང»དུ་དྲངས་པའི་ལུང་ཚིག་དེ་དག་རེ་རེ་བཞིན་དྲངས་ན་འདི་ལྟ་སྟེ། མན་ལུང་པས་ཕག་མོའི་བྱང་ངོས་ན་བྱམས་པ་གློ་ཉལ་དུ་གྲགས་པ་དབུ་གཙུག་ནས་ཞབས་མཐིལ་བར་ཉིན་ལམ་ཕྱེད་ཡོད་པ། རྒྱང་ནས་བལྟས་ན་གསལ་པོར་མཐོང་ནུས་པ་ཞིག་འདུག་གསུངས།[34] ཡང་། མན་ལུང་གུ་རུས་བྲག་ལ་སྐས་ཀྱིས་ཕྱིན་པའི་རྩེ་ན་གོང་ཙེས་བཞེངས་པའི་ལྷ་ཁང་འཇམ་དབྱངས་བྱིན་རླབས་ཅན་ཞིག་བཞུགས། སློབ་དཔོན་པདྨ་རྫུ་འཕྲུལ་གྱིས་བྱོན། ལྷ་འདྲེ་རྣམས་དམ་ལ་བཏགས་ཟེར།[35]  ད་དུང་། རྗེ་མན་ལུང་པས། ཁྲི་རེ་ཟེར་བའི་བྲག་ལ་བུག་པ་ཡོད་དེ། བུག་པ་དེའི་ཕུག་ན་རྡོ་རྗེ་ཕག་མོའི་སྐུ་ཕག་གི་གཟུགས་ལྟ་བུ་བྱིན་རླབས་ཆེ་བ་འདུག་གོ། ཡང་ལམ་ཡིག་ཏུ། བྲག་རི་མཐོན་པོ་བྲག་ལ་སྒོ་མདའ་ཤོ་ལྟ་བུ་ཡོད་པར་འཇིག་རྟེན་པའི་གཉན་མང་པོ་གནས་ཚུལ་དང་། ཆུ་ཚན་ཁོལ་མ་གྲང་ནད་ལ་ཕན་པ་ཡོད་[36]ལྟ་བུ་སོགས་རེད།

བྲག་སྒོམ་པས་ལུང་འདྲེན་གནང་བའི་ཚིག་དུམ་དེ་དག་ལམ་ཡིག་ཏུ་ཚིག་རིས་ཇི་བཞིན་དུ་མེད་པ་ཙམ་མིན་པར། ལུང་ཚིག་དེ་དག་རྩ་ནས་མི་གསལ་བས། མན་ལུང་པ་འདི་ལ་ལམ་ཡིག་གཞན་ཞིག་ཡོད་པ་ཡིན་ནམ་ཡང་ན་དིང་སང་ང་ཚོས་ལྟ་ཀློག་བྱེད་བཞིན་པའི་ལམ་ཡིག་དེ་ནི་ཆ་ཡོངས་སུ་མ་ཚང་བ་ཞིག་ཡིན་མིན་ཞུ་དཀའ་སེ་འདུག་སྙམ།  དྷཱིཿ  ལྷ་ལྡན་གྱིས་ལམ་ཡིག་འདི་ཡི་དབུ་རུ། དེ་ནས་ཤར་དུ་ཉིན་ལམ་བཞི་ཙམ་ཕྱིན་པའི་ས་ན། རྒྱ་ནག་གི་ཞིང་ས་བཅུ་གསུམ་གྱི་བཟང་ཤོས་ཤིག་ཡིན་ཟེར་བའི་ཤིན་ཏུ་ཇུ་ཞེས་བྱ་བ་དེ་ཡོད་དེ། ཞེས་པའི་ཚིག་སྦྱོར་ལ་བལྟས་ན་དེ་སྒྲ་སྙོག་ཡུལ་ཞིག་ངེས་པར་དགོས་པས་ད་དུང་འདི་ཡི་དབུ་ནས་གང་ཞིག་མ་ཚང་ངམ་སྙམ་མོད། ལམ་ཡིག་འདི་ལ་ལེའུ་ལྔ་ལས་མེད་པ་གཞུང་རང་ན་གསལ་བ་ལྟར་ལེའུའི་གྲངས་ཚང་བར་འདུག་པས། ཆད་ནའང་མང་པོ་ཞིག་ནི་ཆད་མེད་པར་ངེས་[37]ཞེས་བྲིས་འདུག་པས། དེ་ཡང་བདེན་པ་མ་རེད་ཅེས་ཞུ་མི་ནུས་སོ། ། དེ་བཞིན་དུ་ལམ་ཡིག་གི་ལེའུ་དང་པོའི་ནང་དུ། དེ་ནས་ནུབ་ཏུ་ཉིན་ལམ་བཅུ་ཙམ་ཡོད་པའི་ས་ན་དབུས་རི་བོ་རྩེ་ལྔ་འདུག་སྟེ། དེའི་གནས་ལུགས་ཞིབ་ཆ་ཁོ་བོས་བྱས་པའི་ཡིག་ཆ་ཟུར་དུ་ཡོད་པ་ལས་ཤེས་པར་བྱ་[38]ཞེས་པའི་གསུང་བབ་ལ་བརྟག་ན། མན་ལུང་པས་ལམ་ཡིག་གཞན་ཞིག་ཀྱང་མཛད་མེད་དམ་སྙམ།

གཞན་ཡང་། ལམ་ཡིག་དེའི་ལེའུ་རེ་རེ་ཞིབ་མོར་བཀླགས་ཚེ། ལེའུ་བཞི་པའི་མཇུག་ཏུའང་ཅི་ཞིག་མི་ཚང་བའི་རྣམ་པ་ཡོད་པ་ལགས་ན། ལམ་ཡིག་དེའི་སྤར་གཞི་གང་ཡོད་དག་དཀྱུས་གཅིག་ཏུ་བཞག་སྟེ་ཞིབ་བསྡུར་གནང་གལ་ཆེ་བར་འདོད་མོད། ཕྲན་གྱི་ལག་ཏུ་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ཤིང་སྤར་ལས་གཞན་མེད་ལ། དྷཱིཿ  ལྷ་ལྡན་དང་བེ་རི་རིག་པའི་རྡོ་རྗེ་གཉིས་ལ་ཐོབ་པའི་ལམ་ཡིག་གི་མ་ཕྱིའང་འདི་ཉིད་ཡིན་པར་འདོད། འོན་ཀྱང་། «ཤམ་བྷ་ལའི་ལམ་ཡིག་བཞུགས»ཞེས་པའི་ཤིང་སྤར་མ་གཞན་ཞིག་ཡོད་པ་ཤེས་ནའང་གནས་སྐབས་སུ་ཆ་ཚང་ཐོབ་དཀའ་བར་འདུག

སྐབས་འདིར་ཕྲན་གྱིས་ལམ་ཡིག་གི་སྐོར་ལ་དོགས་སློང་བྱེད་དོན་ནི། གོང་དུ་ཟུར་ཙམ་ཞུས་པ་ལྟར། ལོ་ཙཱ་བ་ཤམ་བྷ་ལ་བས་རྗེ་རེད་མདའ་བའི་སྐོར་དེ་ལམ་ཡིག་གཞན་ཞིག་ཏུ་གསུངས་ཡོད་དམ། ཡང་ན། ལམ་ཡིག་འདི་ཁ་མ་ཚང་བའི་རྐྱེན་གྱིས་མཇལ་དུ་མེད་པ་ཡིན་ནམ། ཕྱོགས་ངོས་གཞན་ཞིག་ནས་བཤད་ན། དཔའ་བོ་གཙུག་ཕྲེང་གིས་ངག་རྒྱུན་ཐོས་པ་ཞིག་ཡིག་ཐོག་ཏུ་བཀོད་པ་ཡིན་ནམ།   ཡང་ན། མན་ལུང་བསོད་ནམས་དཔལ་ལའང་ལམ་ཡིག་ཅིག་ཡོད་པ་ཡིན་ནམ། སྐབས་འདིར་འདི་ལྟ་བའི་དྲི་བ་མང་པོ་ཞིག་བྱུང་བས་སོ། །

 ༤ ལོ་ཙཱ་བ་ཤམ་བྷ་ལ་བ་སུ་ཡིན་ནམ།

ད་ནི་གང་བརྗོད་འདོད་པའི་སྐད་ཆ་གཙོ་བོ་དེ་ཞུ་བར་འདོད་དེ། འོ་ན། ལོ་ཙཱ་བ་ཤམ་བྷ་ལ་བ་ནི་མན་ལུང་པ་ཆེ་བ་སྟེ་བསོད་ནམས་དཔལ་མིན་ན་མན་ལུང་པ་ཆུང་བ་ཡིན་ནམ་ཞེ་ན། ཕྲན་གྱིས་ལོ་ཙཱ་བ་ཤམ་བྷ་ལ་བ་ནི་མན་ལུང་པ་ཆུང་བ་ཡིན་པའི་ངོས་འཛིན་ཞུ་རྒྱུ་ཡིན་ནོ། ། རྒྱུ་མཚན་འདི་ལྟར་ཡོད་དེ། པཎ་ཆེན་དཔལ་ལྡན་ཡེ་ཤེས(༡༧༣༨- ༡༧༨༠)ཀྱིས་མཛད་པའི«ཤམྦྷ་ལའི་ལམ་ཡིག»གི་མཇུག་བྱང་དུ།  འཕགས་པ་དོན་ཡོད་ལྕགས་ཀྱུས་མཛད་པའི་ལམ་ཡིག་དང་། ཁྱད་པར་དུ་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ཆོས་ཀྱི་རྒྱལ་པོ་དགེ་ལེགས་དཔལ་བཟང་པོ་དང་རྡོ་རྗེ་འཆང་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་དུས་འཁོར་རྣམ་བཤད་རྣམས་གཞིར་བཞག །  རྗེ་ཤམྦྷ་ལ་པས་རྨི་ལམ་གྱི་དོན་བཤད་པའི་ལམ་ཡིག་སོགས་ལའང་ཅུང་ཟད་བརྟགས་ཤིང་།[39] ཞེས་གསལ་བ་འདིས། རྗེ་ཤམ་བྷ་ལ་བ་ནི་མན་ལུང་པ་ཡིན་པའི་ར་སྤྲོད་བྱེད་ཐུབ་ཅིང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས«རྨི་ལམ་རྫུན་བཤད་སྒྲ་དབྱངས་ཆེན་མོ»ལ་ཟུར་ལྟ་མཛད་དེ«ཤམྦྷ་ལའི་ལམ་ཡིག»མཛད་ཡོད་པ་རྟོགས་ཐུབ།

«ཤམྦྷ་ལའི་ལམ་ཡིག»ཏུ་གནས་མཆོག་ཤམྦྷ་ལའི་སྐོར་འཆད་སྐབས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་ཤམ་བྷ་ལར་ལོ་ལམ་ཟླ་ལམ་བརྒྱུད་དགོས་པར་མ་ཟད། རིག་སྔགས་མཁན་དང་། བསོད་ནམས་ཀྱི་མཐུ་གྲུབ་མཁན་ཞིག་མིན་ཚེ། ལམ་དུ་གནོད་སྦྱིན་དང་། ཀླུ་གཏུམ་པོ་སོགས་ཀྱི་ལག་ནས་ཐར་དཀའ་བར་གསུངས་ཏེ། རྗེ་མན་ལུང་པས་མངའ་རིས་མང་ཡུལ་ནས་སྟོད་ཧོར་གྱི་རྒྱལ་ཁམས་དང་སོག་སྡེ་འགའ་ཞིག་བརྒལ་ཏེ་ཕྱིན་ན་ཤམ་བྷ་ལའི་ལྟེ་བར་ལོ་གཉིས་གསུམ་གྱིས་སླེབས་པར་གསུངས་དགོས་དོན་ནི། རྗེ་མན་ལུང་པས་གདམས་ངག་ཁྱད་པར་ཅན་ཞིག་ལ་བལྟོས་པའི་རྨི་ལམ་ལ་མཐོང་བ་ཡིན་[40]སྐོར་གསུངས་ཡོད་ལ། སྐབས་འདིར་ཁོང་གིས་རྗེ་མན་ལུང་པ་ཞེས་སྤྱད་ཡོད་པར་བརྟག་ན། ཤམ་བྷ་ལ་བ་ནི་མན་ལུང་པ་ཡིན་པ་སྔར་ལས་ཀྱང་ངེས་ཤེས་རྙེད་ཐུབ་པ་ཞིག་རེད།

«ཆོས་འབྱུང་མཁས་པའི་དགའ་སྟོན»དུའང་། རྟོགས་ལྡན་ཤམྦྷ་ལ་པའི་ལམ་ཡིག་ན་ཆོས་རྗེ་པས་རུས་སྦལ་ལ་སྤུ་མེད་པའི་སྐོར་གསུངས་ཡོད། སྐབས་འདིར་དཔའ་བོ་གཙུག་ལག་ཕྲེང་བས་གསུངས་པའི་ལམ་ཡིག་ནི་མན་ལུང་པ་ཆུང་བའི་ལམ་ཡིག་ཡིན་ལ། ལམ་ཡིག་དེའི་ལེའུ་དང་པོའི་མཇུག་ཏུ་ཆོས་རྗེ་ས་པཎ་ཧོར་གྱི་རྒྱལ་པོའི་མཆོད་གནས་སུ་ཕེབས་སྐབས། རུས་སྦལ་ལ་སྤུ་ཡོད་མེད་ཀྱི་གླེང་མོལ་ཞིག་བྱུང་སྟེ། ས་པཎ་གྱིས་རུས་སྦལ་ལ་སྤུ་མེད་གསུངས་པ་དང་། རྒྱལ་པོའི་གཏམ་དེ་སུན་འབྱིན་པའི་ཆེད་དུ་རུས་སྦལ་གྱི་ལྤགས་པ་སྤུ་དང་བཅས་པ་ཡོད་[41]ཚུལ་གྱི་གཏམ་རྒྱུད་ཅིག་ཡོད་པ་དེ་གསལ་བས། «ལྷོ་བྲག་ཆོས་འབྱུང»དུ་གསལ་བའི་རྟོགས་ལྡན་ཤམྦྷ་ལ་པ་ནི་མན་ལུང་པ་ཆུང་བ་ཡིན་ནོ། །

དེ་བཞིན་དུ། «ཆེན་པོ་ཧོར་གྱི་རྟོགས་བརྗོད་ངོ་མཚར་གསེར་གྱི་དེབ་ཐེར»དུའང་། རྗེ་མན་ལུང་པ་དང་བླ་མ་རེད་མདའ་བས་རྒྱ་ཡུལ་གན་ཟུའི་ས་ཆ་ཉིང་ཤ་མཁར་དང་ཉེ་ས་ཉུའུ་ཤུན་ཟེར་བའི་རི་ཡོད་པ་དེར། མཆོད་རྟེན་ཀོ་མ་སཱ་ལ་ཟེར་བ་ཡོད་པས་དེ་ཉིད་ལ་ལི་ཡུལ་དུ་ངོས་འཛིན་དགོས་སོ་ཞེས་འཆད་དོ། །[42] ཞེས་གསུངས་འདུག  སོག་པོ་བློ་བཟང་རྟ་དབྱངས་ཀྱིས་རྗེ་མན་ལུང་པ་ཆེ་ཆུང་ཕྱེ་ནས་གསུངས་མེད་མོད། སྐབས་འདིའི་རྗེ་མན་ལུང་པ་ནི་ཤམྦྷ་ལ་པ་ཡིན་པ་རྟོགས་ནུས་ལ།  «འཛམ་གླིང་རྒྱས་བཤད»དུ། མན་ལུང་པའི་མཚན་ཐེངས་ཁ་ཤས་འབྱུང་བར་མ་ཟད། ‘‘འོ་ན་མན་ལུང་པའི་ལམ་ཡིག་ལྟར་ཕྱིན་ན་རུང་བ་ཡིན་ནམ། འོ་ན་ཁྱོད་ལ་འགྲོ་ཚུལ་གཞན་ཞིག་ཡོད་པ་ཡིན་ནམ་ཞེ་ན། མན་ལུང་པའི་ལམ་ཡིག་ནི་ཤིན་ཏུ་བསྡུས་དྲགས་པས།’’[43]ཞེས་ཀྱང་གསལ། སྐབས་འདིའི་མན་ལུང་པ་ནི་མན་ལུང་ཆུང་བ་དང་ཁོང་གི་ལམ་ཡིག་ལ་གོ་དགོས་པ་ཡིན་ནོ། ། ད་དུང་འདི་དང་འབྲེལ་བའི་སྒྲུབ་བྱེད་ཁུངས་བཙན་གཞན་ཡང་ཡོད་སྲིད་མོད། ད་ནི་ལོ་ཙཱ་བ་ཤམྦྷ་ལ་པ་ནི་སྐྱེས་བུ་སུ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ་པས། གནས་སྐབས་སུ་སྒྲུབ་བྱེད་གཞན་པ་རྩད་འཚོལ་ཞུ་རྒྱུ་མིན།

འོན་ཀྱང་། དུས་རབས་བཅུ་དྲུག་པའི་ནང་བྱོན་པའི་དཔལ་ཁང་ལོ་ཙཱ་བའི་སྐུ་སྐྱེ་ཀརྨ་གཞན་ཕན་དབང་པོའི་སྡེ་མཛད་པའི«དཔལ་དུས་ཀྱི་འཁོར་ལོའི་སྤྱི་བཤད་མཁས་པའི་མགུལ་རྒྱན»དུ་ཤམ་བྷ་ལའི་སྐོར་གསུངས་སྐབས། ‘‘བླ་མ་ཤམ་བྷ་ལ་བའི་ལམ་ཡིག’’ཅེས་སྨྲས་ཏེ་ལམ་ཡིག་དེའི་ཚིག་དུམ་ཁ་ཤས་འགའ་དྲངས་འདུག་མོད། མན་ལུང་པའི་ལམ་ཡིག་དང་གཤིབ་བསྡུར་བྱེད་སྐབས། ལུང་ཚིག་དེ་དག་མཐོང་རྒྱུ་མི་འདུག་པས། ཕལ་ཆེར་མན་ལུང་པའི་ལམ་ཡིག་དེ་ཆ་ཚང་བ་ཞིག་མིན་པར་འདོད། ལམ་ཡིག་དེའི་ལེའུ་བཞི་པའི་ནང་འཁོད་པའི་ཤམ་བྷ་ལའི་སྐོར་གྱི་གནས་ཚུལ་དེའི་མཇུག་ཀྱང་ཆད་སྐྱོན་ཡོད་པ་འདྲ་བས། འདིའི་སྐོར་ལ་མུ་མཐུད་དུ་དོ་སྣང་བྱེད་བཞིན་པ་ལགས་སོ། །

༥ ཆོས་རྗེ་འབྱོར་ལྡན་གྲགས་པའི་སྐོར་བཤད་པ།

གུར་མགོན་སྐྱབས་ཀྱིས་མན་ལུང་པའི་མཚན་གཞན་ལ་རྟོགས་ལྡན་ཤམྦྷ་ལ་པ་ཞུ་བ་དང་། ཁོང་གིས་ལམ་ཡིག་ཅིག་མཛད་པའི་ནང་ན་ཤམྦྷ་ལ་དང་། ལི་ཡུལ། ཧོར་ཡུལ་སོགས་ལ་ཁོང་དངོས་སུ་ཕེབས་པའི་ལམ་ཡིག་ཡོད་པ་དང་། དཔེ་འདི་ད་ལྟ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་ཡོད་སྲིད་པའི་དགོངས་ཚུལ་བཏོན་པར་མ་ཟད། མན་ལུང་པའི་མཚན་གཞན་ལ་ཆོས་རྗེ་འབྱོར་ལྡན་གྲགས་པ་ཡིན་པའི་ཁ་ཚོན་བཅད་འདུག

ཕྲན་གྱིས་ཆོས་རྗེ་འབྱོར་ལྡན་གྲགས་པའི་སྐོར་གྱི་ཡིག་ཆ་རེ་ཟུང་ལས་མ་མཐོང་མོད། མདོ་སྨད་ཆོས་འབྱུང་གི་དཔྱད་ཡིག་གི་གྲས་སུ་མན་ལུང་གུ་རུ་དང་། ཆོས་རྗེ་འབྱོར་ལྡན་གྲགས་པའི་ཤམྦྷ་ལའི་ལམ་ཡིག་ཅེས་གསུངས་ཏེ། ཁོང་གཉིས་གང་ཟག་གཅིག་ཡིན་པའི་ངོས་འཛིན་གནང་མེད་ལ། རྡོ་སྦིས་ཤེས་རབ་རྒྱ་མཚོའི་གསུང་ཞིག་ཏུའང«མདོ་སྨད་ཆོས་འབྱུང»དུ་གསལ་བ་ཇི་བཞིན་དྲངས་ཏེ་གང་ཟག་ཐ་དད་དུ་ངོས་འཛིན་གནང་འདུག  འོན་ཀྱང་། བྲག་སྒོམ་པས་ཆོས་རྗེ་འབྱོར་ལྡན་གྲགས་པའི་ལམ་ཡིག་གི་མིང་ཙམ་དྲངས་ཡོད་པ་ལས་ལམ་ཡིག་དེའི་ནང་དུ་འཁོད་པའི་ཚིག་ཟུར་ཙམ་ཡང་ལུང་འདྲེན་གནང་བ་མ་མཐོང་ལ། པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ།(༡༦༥༣-༡༧༠༥) ཤར་ཝོད་ཆོས་མཛད་གྲགས་པ(༡༨༤༣-༡༨༩༧)སོགས་ཀྱིས་མཛད་པའི་ཤམ་བྷ་ལའི་སྐོར་གྱི་ལམ་ཡིག་ཁག་ཏུའང་ཁོང་གི་ལམ་ཡིག་དེ་དཔྱད་ཡིག་གི་ཚུལ་དུ་བེད་སྤྱད་གནང་མི་འདུག

དེ་ལྟ་ནའང་། «བཻཌཱུརྱ་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ»ལས་དཔལ་ལྡན་འབྲས་སྤུངས་ཀྱི་སྐོར་འཆད་པའི་སྐབས་སུ་མན་ལུང་པ་དང་ཆོས་རྗེ་འབྱོར་ལྡན་གྲགས་པའི་སྐོར་འབྱུང་ཞིང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་དཔལ་ལྡན་འབྲས་སྤུངས་ནི་ས་གཞིའི་དབུས་སུ་ཡོད་པ་ནི། མན་ལུང་གུ་རུ་དང་ཆོས་རྗེ་འབྱོར་ལྡན་གྲགས་པ་གཉིས་ཀའི་བཞེད་པ་ཡང་ཡིན་འདུག་ཅིང་འཐད་པར་ཡང་མངོན་[44]ཞེས་གསུངས་པ་འདིས། ཁོང་ནི་དུས་རབས་བཅོ་བརྒྱད་པའི་སྔོན་ལ་འཁྲུངས་ཤིང་། མན་ལུང་པ་དང་གང་ཟག་གཅིག་མིན་པ་རྟོགས་ཐུབ་པར་སྙམ།

ཡང་གཅིག་བཤད་ན། གུར་མགོན་སྐྱབས་ཀྱིས་བྲག་སྒོམ་པས«མདོ་སྨད་ཆོས་འབྱུང»དུ་ཤམྦྷ་ལའི་ལམ་ཡིག་དེའི་མིང་འཁོད་ཡོད་པས། ཕལ་ཆེར་དིང་སང་ཡང་ལམ་ཡིག་དེ་བླ་བྲང་དགོན་པར་བཞུགས་ཡོད་པར་དགོངས་ཀྱིན་མེད་དམ་སྙམ། དེའི་རྒྱུ་མཚན་ནི་བྲག་སྒོམ་པ་ནི་བླ་བྲང་བཀྲ་ཤིས་འཁྱིལ་བའི་ཁྲི་རབས་ཞེ་དགུ་པ་ཡིན་པས་རེད། ཕྲན་གྱིས་ཀྱང་དེར་རྒྱུ་མཚན་དང་གནས་ལུགས་ཡོད་པར་འདོད་དེ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་བླ་བྲང་དགོན་པའི་གནད་ཡོད་མི་སྣ་རེ་ཟུང་ལ་འབྲེལ་བ་ཞུས་མོད། དེ་ནི་སོ་ཕག་འཕངས་ནས་གཡང་ཊི་འདྲེན་པའི་དཔེ་རུ་གྱུར་སོང་།

མཇུག་བསྡུ་བ།

དུས་རབས་བཅུ་གསུམ་པའི་སྐབས་ནས་བཟུང་སྟེ། གྲུབ་ཐོབ་མན་ལུང་པ་ཞེས་པའི་མིང་འདི་བོད་ཀྱི་ཆོས་འབྱུང་དང་དུས་འཁོར་གྱི་ཡིག་ཆ་ཁག་ཏུ་གསལ་བར་མངོན། དུས་རབས་བཅོ་ལྔ་པའི་ནང་དུ་མན་ལུང་པ་གཞན་ཞིག་ཀྱང་བྱོན་ཏེ་སྐད་གྲགས་ཅན་གྱི་ལམ་ཡིག་ཅིག་ཀྱང་མཛད་ཡོད་པ་རེད། འོན་ཀྱང་། བོད་ཀྱི་མཁས་པ་དག་གིས་མན་ལུང་པའི་སྐོར་འཆད་སྐབས་མན་ལུང་པ་ཆེ་ཆུང་གི་ཐ་སྙད་མ་སྦྱར་བའི་དབང་གིས་གང་ཟག་སུ་ཡིན་ངོས་འཛིན་བྱེད་དཀའ་བར་བཟོས་འདུག དེ་ནི་བོད་ཀྱི་མཁས་པ་དག་གིས་མན་ལུང་ཆེ་ཆུང་གཉིས་ཡོད་པ་མ་མཁྱེན་པ་ག་ལ་ཡིན་ཏེ། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཁག་ཏུའང་མན་ལུང་པ་ཆེ་ཆུང་གཉིས་ཀྱི་སྐོར་འཁོད་ཡོད་ལ།  ཁོང་གིས་མན་ལུང་ཆེ་ཆུང་གཉིས་ཡོད་པ་ཤེས་རྟོགས་བྱུང་ཡོད་པར་མ་ཟད། ཐ་ན་མན་ལུང་པའི་བསྟོད་པ་རྒྱ་གར་མའང་བཀླགས་འདུག

དེ་ལྟ་ནའང་། ཁོང་གིས་མན་ལུང་པ་ཆུང་བའམ་ཤམ་བྷ་ལ་བར་ལོ་ཙཱ་བའི་ཆོ་ལོ་སྦྱར་དགོས་པའི་རྒྱུ་མཚན་ཅི་ཡིན་མ་ཤེས། ཤམ་བྷ་ལ་བ་ཁོང་རྒྱ་ནག་དང་། ལི་ཡུལ། སོག་ཡུལ་དུ་ཕེབས་པའི་ལོ་རྒྱུས་ལ་བལྟས་ན། ཁོང་གིས་སྐད་རིགས་གཞན་ཡང་མཁྱེན་སྲིད་ལ། བསྟན་བཅོས་ཀྱང་བསྒྱུར་ཡོད་སྲིད་མོད། ད་ཐེངས་མན་ལུང་པ་ཆུང་བའི་སྐོར་གྱི་ལོ་རྒྱུས་འདོད་པ་ཁེངས་པ་ཞིག་འབྲི་དཀའ་སེ་བྱུང་། འོན་ཀྱང་། «ཆོས་འབྱུང་མཁས་པའི་དགའ་སྟོན»དང་། «ཤམ་བྷ་ལའི་ལམ་ཡིག» «ཧོར་ཆོས་འབྱུང» «འཛམ་གླིང་རྒྱས་བཤད»བཅས་ལ་བརྟེན་ནས། ལོ་ཙཱ་བ་ཤམ་བྷ་ལ་བ་ཞུ་བ་ནི་མན་ལུང་པ་ཆུང་བར་ངོས་འཛིན་བྱེད་ཐུབ་པ་བྱུང་བ་འདི་ནི། རྩོམ་ཡིག་འདི་འབྲི་དགོས་པའི་དམིགས་ཡུལ་ཡང་ཡིན་པས་དགའ་བ་སྒོམ་བཞིན་ཡོད་ལ། མ་འོངས་པར་དཔྱད་ཡིག་གསར་པ་རག་ཚེ་ཁ་གསབ་ཞུ་འདོད་ཡོད། མཐར་བཀའ་དྲིན་ཞུ་ཡུལ་གཉིས་ཡོད་པ་ནི་འབུམ་རམས་པ་སྐལ་བཟང་ནོར་བུ་ལགས་དང་སྐྱེས་སར་ཀླུ་སྒྲུབ་ལགས་ཡིན་ལ། ཁོང་རྣམ་པ་གཉིས་ཀྱིས་རྩོམ་ཡིག་ཧྲིལ་བོར་མགོ་མཇུག་ཚང་བར་བཀླགས་རྗེས་རིན་ཐང་ཅན་གྱི་དགོངས་འཆར་བཏོན་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

དཔྱད་ཡིག་དང་ཞབས་མཆན། 

[1] ཕྲན་གྱིས་རྒྭ་ལོ་གཞོན་ནུ་དཔལ་དང་རོང་པ་རྒྭ་ལོའི་སྐོར་ལ་རྩོམ་ཡིག་ཅིག་ཟུར་དུ་བྲིས་ཡོད།

[2] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ཤོག་གྲངས་༣༨ དང་ ༣༩ བར་གསལ།

[3] ཧི་མ་ལ་ཡའི་ཕར་ཚུར། «གཏམ་རྒྱུད་གསེར་ཐང»ལེའུ་དང་པོའི་སློབ་ཁྲིད་སྒྲ་བཤུས། སྒོ་ཤེས་རབ་རྒྱ་མཚོ། རྩོམ་པ་པོ་དཔེ་སྐྲུན་ཁང་། ༢༠༡༥ ཤོག་གྲངས་ ༤༡༩ དང་ ༤༢༠ བར གསལ།

[4] གཏམ་རྒྱུད་གསེར་གྱི་ཐང་མ། རྒན་རྒྱ་ཡེ་བཀྲ་བྷོ། སྒྲ་ཐག་ཆ་ཚང་། འབྲོག་བུ་ལགས་ཀྱིས་སྒྲ་ཐག་འདི་༢༠༡༨ལོའི་ཟླ་༤ པའི་ཚེས་ ༡༠ ཉིན་及时雨文艺平台 ཞེས་པའི་འཕྲིན་སྟེགས་སུ་སྤེལ་འདུག

[5] བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོའི་ཟིན་བྲིས་དཔྱོད་ལྡན་སྨྲ་བའི་འབབ་སྟེགས། ལྡོང་ཡོན་ཏན་རྒྱ་མཚོ། ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་། ༢༠༡༠ ཤོག་གྲངས་ ༢༧༢ ན་གསལ།

[6] དེབ་དཀར་འཆད་ཁྲིད་ཆ་ཚང་། ལྕང་སྐྱ་དགེ་འདུན་བཀྲ་ཤིས། 微信公众平台运营中心 ཞེས་པའི་འཕྲིན་སྟེགས་སུ་སྤེལ་འདུག ཉེ་ཆང་གསུབས་འདུག

[7] དྲིན་གྱི་བུ་ལོན། མཁས་དབང་དགེ་འདུན་ཆོས་འཕེལ་དང་ལྷན་དུ་དེབ་ཐེར་དཀར་པོ་ཀློག་པ། གུར་མགོན་སྐྱབས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ཤོག་གྲངས་༡༤༣ ནས ༡༤༤ བར་གསལ།

[8] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ཤོག་གྲངས་༣༩ ན་གསལ།

[9] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ཤོག་གྲངས་ ༧༠༩ ན་གསལ།

[10] གྲུབ་ཐོབ་མན་ལུང་པའི་རྣམ་ཐར་བཞུགས་སོ། ། བསོད་ནམས་བཟང་པོ། པར་གནས། མན་ལུང་དགོན། དབུ་མེད་བྲིས་མ། ཤོག་ལྡེབ་༢༢ དང ༢༣ བར་གསལ།

[11] གྲུབ་ཐོབ་ན་ལུང་པའི་རྣམ་ཐར་བཞུགས་སོ། ། བསོད་ནམས་བཟང་པོ། པར་གནས། མན་ལུང་དགོན། དབུ་མེད་བྲིས་མ། ཤོག་ལྡེབ་༢ ན་གསལ།

[12] མྱང་ཆོས་འབྱུང་། ཇོ་ནང་ཏཱ་ར་ན་ཐ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༣ ཤོག་གྲངས་ ༣༠ ན་གསལ།

[13] གནས་སྐབས་སུ་དགོན་པ་འདི་དིང་སང་ས་ཆ་གང་དུ་ངོས་འཛིན་བྱེད་དགོས་མིན་མ་ངེས།

[14] ཁོང་གི་མཆོག་ཏུ་གྱུར་པའི་སློབ་མ་ནི་རྗེ་བཙུན་མན་ལུངས་པ་ཡིན་ཞེས་གསུངས་ཡོད དེབ་ཐེར་སྔོན་པོ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ཤོག་གྲངས་༩༢༦ན་གསལ།

[15] བཀའ་གདམས་ཀྱི་རྣམ་པར་ཐར་པ་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། ལས་ཆེན་ཀུན་དགའ་རྒྱལ་མཚན བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ ཤོག་གྲངས་ ༤༢༦ ན་གསལ།

[16]  སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ། སྟོད་ཆ། ཀརྨ་ཚེ་དབང་ཀུན་ཁྱབ། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ཤོག་གྲངས་ ༥༢ ན་གསལ།

[17] མྱང་ཆོས་འབྱུང་། ཇོ་ནང་ཏཱ་ར་ན་ཐ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༣ ཤོག་གྲངས་ ༢༩ ན་གསལ།

[18] རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཞི་པའི་བར་གྱི་རྣམ་ཐར། རྒྱལ་དབང་ལྔ་བ་ཆེན་པོ་སོགས་ཀྱིས་བརྩམས།  རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས། དགེ་སློང་ཡེ་ཤེས་རྩེ་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ཤོག་གྲངས་ ༦༥ ན་གསལ།

[19] མྱང་ཆོས་འབྱུང་། ཇོ་ནང་ཏཱ་ར་ན་ཐ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༣ ཤོག་གྲངས་ ༡༡༡ ན་གསལ།

[20] དཔལ་དུས་ཀྱི་འཁོར་ལོའི་ཟིན་བྲིས་མཁས་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། ། ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེ། དབུ་མེད་བྲིས་མ། ཤོག་ལྡེབ་མི་གསལ།

[21] ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ། སྟོད་ཆ། ཀ-མ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས།

[22] དུས་འཁོར་ཕྱོགས་བསྒྲིགས་ཆེན་མོའི་དཀར་ཆག་བཞུགས་སོ། ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། གླེགས་བམ་༡༢ ཕྱོགས་སྒྲིག་པ། གཟན་དཀར་ཐུབ་བསྟན་ཉི་མ། ༢༠༡༢ ཤོག་གྲངས་༢༥༧ ན་གསལ།

[23] ཆོས་འབྱུང་རྒྱ་མཚོའི་གྲུ་གཟིངས། ངོར་མཁན་ཆེན་དཀོན་མཆོག་ལྷུན་གྲུབ། ཤིང་སྤར། ཤོག་ལྡེབ་ ༢༩༥ ན་གསལ།

[24] ངེས་པ་དོན་གྱི་མཁས་གྲུབ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གི་གདན་རབས་དོན་གཉིས་པ་༧རྗེ་བཙུན་ངག་དབང་ཉི་མའི་གསུང་འབུམ་བཞུགས་སོ། ། ག་ང་། ༧དཔལ་ལྡན་འབྲས་སྤུངས་སྒོ་མང་དཔེ་མཛོད་། ༢༠༠༣ ཤོག་གྲངས་ ༤༦༠ ན་གསལ།

[25] རི་བོ་རྩེ་ལྔའི་བོད་ཀྱི་རྡོ་རིང་སྐོར་གྱི་བརྗེད་ཐོ། བན་ཤུལ་དཔའ་མཁར་རྒྱལ། ༢༠༡༨ལོའི་ཟླ་༡༠པའི་ཚེས་༣ཉིན་སྤེལ་འདུག སྦྲེལ་ཐག་འདི་རུ་ཡོད། https://m.weibo.cn/status/GCeUXqxC3?mblogid=GCeUXqxC3&luicode=10000011&lfid=1076033857637859

[26] རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། པཎ་ཆེན་ཡེ་ཤེས་རྩེ་མོ། ཤིང་སྤར། ཤོག་ལྡེབ་༡༠༧ན་གསལ། ནང་བསྟན་དཔེ་ཚོགས་ལྟེ་གནས།

[27] རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཞི་པའི་བར་གྱི་རྣམ་ཐར། རྒྱལ་དབང་ལྔ་པ་ཆེན་པོ་སོགས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། ༢༠༡༠ ཤོག་གྲངས་ ༦༥ ན་གསལ།

[28] པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ། པོད་བཅུ་གཅིག སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་། ༢༠༡༦ ཤོག་གྲངས་ ༢༤༦ ན་གསལ།

[29] དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གླེགས་བམ་བཞུགས་སོ། ། ཤཱཀྱའི་དགེ་སློང་དཔལ་ལྡན་ཆོས་སྐྱོང་། ཁེ། རྫོང་སར་ཁམས་བྱེའི་ལྔ་རིག་ཐུབ་བསྟན་སློབ་གླིང་ནས་བསྒྲིགས། ༢༠༠༧ ཤོག་གྲངས་ ༢༢༨ ན་གསལ།

[30] ལམ་ཡིག་ཕྱོགས་བསྒྲིགས།  དེབ་བདུན་པ། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༡༨ ཤོག་གྲངས་ ༦༩ ན་གསལ།

[31] ལམ་ཡིག་ཕྱོགས་བསྒྲིགས།  དེབ་བདུན་པ། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༡༨ ཤོག་གྲངས་ ༨༩ ན་གསལ།

[32] ལམ་ཡིག་ཕྱོགས་བསྒྲིགས།  དེབ་བདུན་པ། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༡༨ ཤོག་གྲངས་ ༩༢ དང་ ༩༣ བར་གསལ།

[33] ལམ་ཡིག་ཕྱོགས་བསྒྲིགས།  དེབ་བདུན་པ། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༡༨ ཤོག་གྲངས་ ༩༣ ན་གསལ།

[34] མདོ་སྨད་ཆོས་འབྱུང་། རིག་གནས་མྱུར་སྐྱོབ་དཔེ་མཛོད་ཁང་། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། སྤར་ལོ་མི་གསལ། ཤོག་གྲངས་༡༤༡ ན་གསལ།

[35] མདོ་སྨད་ཆོས་འབྱུང་། རིག་གནས་མྱུར་སྐྱོབ་དཔེ་མཛོད་ཁང་། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། ཤོག་གྲངས་༦༩༥ ན་གསལ།

[36] མདོ་སྨད་ཆོས་འབྱུང་། རིག་གནས་མྱུར་སྐྱོབ་དཔེ་མཛོད་ཁང་།  བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། ཤོག་གྲངས་ ༧༣༢ན་གསལ།

[37] ལམ་ཡིག་ཕྱོགས་བསྒྲིགས།  དེབ་བདུན་པ། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༡༨ ཤོག་གྲངས་ ༧༠ ན་གསལ།

[38] ལམ་ཡིག་ཕྱོགས་བསྒྲིགས།  དེབ་བདུན་པ། ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༡༨ ཤོག་གྲངས་ ༧༡ ན་གསལ།

[39] ཤམྦྷ་ལའི་ལམ་ཡིག པཎ་ཆེན་དཔལ་ལྡན་ཡེ་ཤེས། བཀྲས་ལྷུན་སྤར་མ། ཤོག་ལྡེབ་༩༩ ན་གསལ།

[40] ཤམྦྷ་ལའི་ལམ་ཡིག པཎ་ཆེན་དཔལ་ལྡན་ཡེ་ཤེས། བཀྲས་ལྷུན་སྤར་མ། ཤོག་ལྡེབ་ ༦༧ ན་གསལ།

[41] ཆོས་འབྱུང་མཁས་པའི་དགའ་སྟོན།  དཔའ་བོ་གཙུག་ལག་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ཤོག་གྲངས་ ༧༢༦ ན་གསལ།

[42] ཆེན་པོ་ཧོར་གྱི་རྟོགས་བརྗོད་ངོ་མཚར་གསེར་གྱི་དེབ་ཐེར། སོག་པོ་བློ་བཟང་རྟ་དབྱངས། བཀྲ་ཤིས་ཆོས་འབྱོར་གླིང་གི་སྤར་མ། ༡༩༦༥ལོར་སྤར། ཤོག་ལྡེབ་༡༢༥ ན་གསལ།

[43] འཛམ་གླིང་རྒྱས་བཤད། བཙན་པོ་སྐུ་ཕྲེང་བཞི་པ་བསྟན་འཛིན་འཕྲིན་ལས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ཤོག་གྲངས་༣༦༥ན་གསལ།

[44] བཻཌཱུརྱ་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ། གླེགས་བམ་དང་པོ།  སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་གྲངས་༥༦ ན་གསལ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།