ཚིགས་བཅད་སྙན་ངག་གི་གོ་དོན་འགྱུར་ཚུལ་ལ་དཔྱད་པ།

1
579

ནང་དོན་གནད་བསྡུས།】 སྔོན་ཆད་སྙན་ངག་གི་གོ་དོན་ལ་ཅི་ཞིག་བཞག་ན་འགྲིག་མིན་ཐད་དཔྱད་རྩོམ་འགའ་ཞིག་བྱུང་། འོན་ཀྱང་བཙན་པོའི་སྐབས་ཀྱི་མགུར་གླུ་སོགས་གཙོ་བྱས་པའི་དུས་རབས་རེ་རེའི་སྙན་ངག་གི་གོ་དོན་དང་འབྲི་ཚུལ་སོགས་དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འགྱུར་བ་འབྱུང་བཞིན་པའི་སྐོར་ལ་དཔྱད་པ་བྱས་པ་ཅུང་ཉུང་བར་སྣང་། དེ་བས་འདིར་ཚིགས་བཅད་སྙན་ངག་གི་གོ་དོན་གྱི་འགྱུར་བ་དང་། སྙན་ངག་ཞེས་པའི་ཐ་སྙད་འདི་ནམ་བྱུང་བ་སོགས་གཞིར་བཟུང་ནས་སྙན་ངག་གི་འགྱུར་ལྡོག་དང་གོ་དོན་བཅས་ལ་དཔྱད་པ་ཙམ་བྱས་ཡོད།

བརྡ་ཆད་གཙོ་བོ།】     ཚིགས་བཅད།     སྙན་ངག     གོ་དོན།

གླེང་གཞི།

སྤྱིར་ང་ཚོ་བོད་ལ་སྙན་ངག་ཅེས་པ་སྔ་མོ་ཞིག་ནས་དར་ཡོད་པ་སྲིད་པ་ཆགས་གླུ་དང་བཙན་པོའི་རྒྱལ་རབས་སྐབས་ཀྱི་མགུར་གླུ་དག་ནས་ཤེས་ཐུབ། ཡིན་ཡང་། སྙན་ངག་ཅེས་པའི་ཐ་སྙད་འདི་དུས་ནམ་ཞིག་ལ་བྱུང་བ་དང་། ཇི་ལྟར་བྱུང་བ་སོགས་གསལ་བོ་ཞིག་མཐོང་རྒྱུ་མེད། དེ་བས་དཔྱད་རྩོམ་འདིར་དེ་དག་གསལ་བོར་བྲིས་ཡོད་ལ། དེ་ལས་གཞན་དུས་རབས་མི་འདྲ་བ་དང་བསྟུན་རྩོམ་པ་པོ་སོ་སོའི་རྩོམ་གཤིས་ལ་ཡང་ཁྱད་ཆོས་མི་འདྲ་བ་ཡོད་ལ། དེ་དང་མཉམ་དུ་གོ་དོན་ཡང་མི་འདྲ་བ་རེ་བྱུང་ཡོད་པ་རེ་རེ་བཞིན་བྲིས་ཡོད་ལ། དུས་སྐབས་རེ་རེའི་སྙན་ངག་གི་ཁྱད་ཆོས་སམ་འགྱུར་ལྡོག་འབྱུང་བའི་གནས་གང་ཡིན་པ་སོགས་ལ་དཔྱད་པའི་ཚུལ་གྱིས་བྲིས་ཡོད།

དང་པོ།  སྙན་ངག་ཅེས་པའི་ཐ་སྙད་བྱུང་དུས་ཀྱི་ངོས་འཛིན།

དེང་སྐབས་སྒྱུ་རྩལ་རྩོམ་རིག་ཞེས་པ་འདི་ལ་རིགས་མང་པོ་ཞིག་དབྱེ་ཡོད་དེ། “དེ་ཡང་གནའ་བོའི་ཞི་ལཱ་རྒྱལ་ཁབ་ཀྱི་མཁས་དབང་ཆེན་མོ་ཡ་ལི་ཧྲི་ཏི་སོགས་ཀྱི་རང་ལུགས་ཀྱི་རྗེས་སུ་འབྲངས་པའི་ཡོ་རབ་གླིང་པ་ཕལ་ཆེར་ནི་གཙོ་བོ་སྤྱི་ཚོགས་འཚོ་བའི་སྣང་བརྙན་བཞེངས་ཚུལ་མི་འདྲ་བ་ལྟར་སྒྱུ་རྩོམ་མཐའ་དག་ཡིད་ཀྱི་འགྱུར་བ་མཚོན་པའི་རིགས་དང་། དོན་གྱི་བྱུང་བ་བརྗོད་པའི་རིགས། ཟློས་གར་གྱི་རིགས་བཅས་གསུམ་དུ་དབྱེ། རང་རྒྱལ་དེང་རབས་ཀྱི་རྩོམ་རིག་སྨྲ་བ་རྣམས་ནི་གཙོ་བོ་བརྩམ་བྱའི་གོ་རིམ་ཆགས་སྟངས་དང་། ཚིག་སྦྱོར་སྤེལ་སྟངས་ཀྱི་ཆ་ནས་རྒྱའི་རྩོམ་རིག་དེ་སྙན་ངག་དང་། བརྩམས་སྒྲུང་། ལྷུག་རྩོམ། ཟློས་གར་བཅས་བཞི་རུ་དབྱེ། ”[i]བཅས་ཡིན་ལ། ང་ཚོ་བོད་ལ《སྙན་ངག་མེ་ལོང་མ》མ་དར་བའི་ཡར་སྔོན་དུ་དེ་ལྟར་དབྱེ་སྲོལ་མེད་པ་འདྲ། དེ་ནི་ས་པཎ་གྱིས་སྙན་ངག་ཅེས་པའི་མིང་འདི་བཀོལ་སྤྱོད་བྱས་ལ། རྗེས་སུ《སྙན་ངག་མེ་ལོང་མ》ཆ་ཚང་བོད་ལ་བསྒྱུར་བ་ནས་བཟུང་སྙན་ངག་ཅེས་པའི་ཐ་སྙད་འདི་རིམ་བཞིན་སྤྱི་ཚོགས་ཐོག་དར་བ་དང་། དེ་ལས་གཞན《སྙན་ངག་མེ་ལོང་མའི》ལུགས་ལྟར་སྙན་ངག་ལ་ནང་གསེས་སུ་བཅད་རྩོམ་དང་། ལྷུག་རྩོམ། སྤེལ་མ་གསུམ་དབྱེ་བའི་རྣམ་པ་བྱུང་། འདིར་དེ་དག་ལས་བཅད་རྩོམ་མམ་ཚིགས་བཅད་སྙན་ངག་གི་གོ་དོན་གྱི་འགྱུར་ལྡོག་སྐོར་གླེང་བར་བྱ།

རྗེ་ས་པཎ་གྱིས། མིང་ཚིག་དེ་དག་རྒན་པོ་ཡིས།། ཐོག་མར་སྦྱར་བ་བརྡ་ཡིན་ལ།། ཕྱི་ནས་དཔྱོད་པ་ཐ་སྙད་ཡིན།།  ཞེས་འཇིག་རྟེན་གྱི་དངོས་པོ་ཡོད་ཚད་ལ་ཐོག་མར་མིང་བཏགས་པ་དང་། དེ་ནས་ཚིག་འགྲུབ་པར་བྱེད་དོན་རྒན་པོ་རྣམས་ཀྱིས་བརྗོད་འདོད་པ་ཁོ་ནའི་དབང་གིས་སྦྱར་བའི་བརྡ་ཞིག་ཡིན་ལ། ཕྱིས་སུ་དཔྱོད་པ་ནི་ཐ་སྙད་ཅེས་བྱ་བའོ་ཞེས་མིང་བརྡ་དང་ཐ་སྙད་ཀྱི་ཁྱད་པར་གསལ་པོ་བསྟན་པ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར།། དམ་པའི་དོན་ནི་རྟོགས་མི་འགྱུར།། དམ་པའི་དོན་ནི་མ་རྟོགས་པར།། མྱ་ངན་འདས་པ་ཐོབ་མི་འགྱུར།། ཞེས་གསུངས་པ་ལྟར་ཐོག་མར་བོད་ཀྱི་སྙན་ངག་ཅེས་པའི་ཐ་སྙད་འདིར་ངོས་འཛིན་དང་གོ་བ་ལེགས་པོ་བྱུང་ན། ད་གཟོད་སྙན་ངག་གི་གོ་དོན་གསལ་བོར་ཤེས་སྲིད།

མི་མང་པོ་ཞིག་གི་སྣང་ངོར་སྙན་ངག་ཅེས་པའི་ཐ་སྙད་འདི་ནི་སྤྱི་ལོ་དུས་རབས་བཅུ་གསུམ་པའི་མཇུག་ཏུ། འགྲོ་མགོན་འཕགས་པ་དང་ས་སྐྱའི་དཔོན་ཆེན་ཤཱཀྱ་བཟང་པོའི་བཀས་བསྐུལ་ངོར་རྒྱ་གར་གྱི་སྙན་ངག་པ་ཆེན་པོ་ལཀྵིམ་ཀ་ར་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གཉིས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ《སྙན་ངག་མེ་ལོང་མ》ཆ་ཚང་བོད་དུ་བསྒྱུར་སྐབས། ཀཱ་བྱཱ་ཞེས་པ་སྙན་ངག་དུ་སྒྱུར་བ་ནས་བཟུང་སྙན་ངག་ཅེས་པའི་ཐ་སྙད་བྱུང་བར་འདོད་མོད། འོན་ཀྱང་ས་པཎ་གྱིས“སྙན་ངག་རྩོམ་པ་ལ་འཇུག་པའི་ཕྱིར་ཚིག་རྒྱན་བཤད་དོ།།”ཞེས་པ་དང་། “དེ་ལྟའི་ཚིགས་བཅད་སྦྱོར་བ་ལ།། བཻདྷ་རྦྷ་དང་གཽ་ཊ་བའི།། ཚིག་གི་སྦྱོར་ཚུལ་རྣམ་པ་གཉིས།། འཕགས་པའི་ཡུལ་གྱི་མཁས་ལ་གྲགས།།”ཞེས་པ་སོགས་ལ་གཞིགས་ན《སྙན་ངག་མེ་ལོང་མ》ཡོངས་སུ་མ་བསྒྱུར་བ་མ་གཏོགས་སྙན་ངག་ཅེས་པའི་ཐ་སྙད་འདི་བྱུང་ཡོད་པ་འདྲ། ས་པཎ་གྱི་གསུང་ན། “སྨྲ་བ་ང་ཡིན་རྟོག་གེ་བ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད།། སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་།། དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚངས་མེད་ང་།། དེ་འདྲ་གང་ཡིན་ས་སྐྱ་བ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན།།”ཞེས་པ་སོགས་ལ་བརྟག་ན་བོད་ཀྱི་སྙན་ངག་ཅེས་པའི་ཐ་སྙད་འདི་ནི་ས་པཎ་གྱིས《མཁས་པ་འཇུག་པའི་སྒོ》སོགས་བརྩམས་པ་ནས་བྱུང་བར་འདོད་དོ།།

དེང་སྐབས་སྙན་ངག་གི་གོ་དོན་ལ་མི་མཐུན་པ་མང་པོ་ཞིག་ཡོད་པ་དེ་ཡང་གཙོ་བོ་སྙན་ངག་ཅེས་པའི་ཐ་སྙད་འདི་བྱུང་བའི་དུས་ཀྱི་དབྱེ་མཚམས་གསལ་བོར་མ་བརྟག་པས་ཡིན་པ་འདྲ་སྟེ། དུས་ཀྱི་དབྱེ་མཚམས་དེ་གསལ་བོར་ཤེས་རྗེས་སྙན་ངག་ཅེས་པའི་ཐ་སྙད་མ་བྱུང་སྔོན་གྱི་སྙན་ངག་དང《སྙན་ངག་མེ་ལོང་མ》བྱུང་བའི་རྗེས་ཀྱི་སྙན་ངག དེ་ནས་དེང་རབས་སྙན་ངག་ཅེས་རིགས་གསུམ་ལ་དབྱེ་དགོས་པའི་ཚོར་སྣང་ཞིག་འབྱུང་སྲིད། རྗེས་སུ་དེ་དག་གི་གོ་དོན་ལ་ཡང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཐུས་སྒོ་ཇེ་ཚང་དུ་གྱུར། སྙན་ངག་ཅེས་པའི་ཐ་སྙད་མ་བྱུང་སྔོན་གྱི་སྙན་ངག་དག་ནི་གཙོ་བོ་དབྱངས་ཀྱི་འདེགས་འཇོག་དང《སྙན་ངག་མེ་ལོང་མ》བྱུང་བའི་རྗེས་ཀྱི་སྙན་ངག་ནི་རྒྱན་གྱིས་ཕྱུག་པ། དེང་རབས་སྙན་ངག་ལ་ཚད་མཐོ་ཞིང་སྣང་བརྙན་གྱིས་ཕྱུག་པ་སོགས་དེ་ལས་གཞན་པའི་ཁྱད་ཆོས་འགའ་ཡོད་པ་གཤམ་ནས་རེ་རེ་བཞིན་གླེང་བར་བྱ།

གཉིས་པ། དབྱངས་ཀྱི་འདེགས་འཇོག་གསལ་བའི་ཚིགས་བཅད་སྙན་ངག་གི་གོ་དོན།
གཅིག དམངས་ཁྲོད་དུ་ཁ་རྒྱུན་དུ་གནས་པའི་འདེགས་འཇོག་གསལ་བའི་ཚིགས་བཅད་སྙན་ངག

གོང་ནས་སྙན་ངག་ཅེས་པའི་ཐ་སྙད་ཀྱི་བྱུང་ཚུལ་དང་དུས་གཏན་ཁེལ་བྱས་ཟིན། དེ་བས་སྙན་ངག་ཅེས་པའི་ཐ་སྙད་འདི་མ་བྱུང་སྔོན་གྱི་སྙན་ངག་ནི་ས་སྐྱ་བའི་ཡར་སྔོན་གྱི་སྙན་ངག་དག་ལ་ངོས་འཛིན་བྱེད་དགོས། ས་སྐྱ་བའི་ཡར་སྔོན་གྱི་སྙན་ངག་དག་ནི་མང་ཆེ་བ་ཚིགས་བཅད་སྙན་ངག་ཡིན་ལ། ཚིག་རྐང་དོ་མི་མཉམ་པའི་མགུར་གླུ་འགའ་རེ་ཡང་ཡོད། ཚིགས་བཅད་སྙན་ངག་དེ་དག་ལས་འགའ་ཞིག་མང་ཚོགས་ཀྱི་ངག་རྒྱུན་དུ་གནས་པ་ལས་ཡིག་ཐོག་ཏུ་བཀོད་མེད་པ་དང་། བཙན་པོའི་སྐབས་ཀྱི་མགུར་གླུ་མང་པོ་ཞིག་ཡིག་ཐོག་ཏུ་བཀོད་ཡོད་པ་མ་ཟད་ངག་ཐོག་གི་སྙན་ངག་ལས་ཅུང་འཕེལ་རྒྱས་སམ་ཁྱད་ཆོས་ཅན་ཞིག་ཏུ་སྣང་།

འཇིག་རྟེན་གྱི་བྱ་དངོས་གང་ཞིག་ཡིན་ཡང་རྙོག་འཛིང་ཅན་དུ་གྱུར་སྐབས། དེའི་རང་བཞིན་ངོ་མ་དེ་ཤེས་འདོད་ན་ཆེས་ཐོག་མའི་འབྱུང་ཁུངས་ལ་དཔྱད་པ་ཤིན་ཏུ་གལ་ཆེ་ཞེས་པ་ལྟར། “གདོད་མའི་མི་རྣམས་ཀྱི་ཐུན་མོང་བའི་ངལ་རྩོལ་ཁྲོད་དང་ཐོག་འགྲོས་རིམ་དང་དོན་ཅི་ཡང་མེད་པའི་ང་རོ་ཙམ་སྟེ་སྒྲ་གདངས་བྱུང་བ་དང་། སྒྲ་གདངས་ཀྱི་འགྲོས་དེ་ནི་དབྱངས་ཡིན་ལ། ཕྱིས་སུ་འཕེལ་རྒྱས་སུ་ཕྱིན་ཏེ་སྐད་ཆ་བྱུང་བའི་རྗེས་སུ་དབྱངས་དེ་ལ་ཚིག་སྦྱོར་བས། གླུ་དང་སྙན་ངག་བྱུང་ཞིང་། ཡི་གེ་བྱུང་རྗེས་ཡིག་ཐོག་གིས་སྙན་ངག་བྱུང་བ་དང་། རིམ་གྱིས་གླུ་བ་དང་སྙན་ངག་མཁས་པ་རྣམས་བྱུང་བ་རེད།”[ii]ཅེས་གསུང་པ་ལྟར་ང་ཚོ་བོད་མི་རིགས་འདི་ཡང་མི་རིགས་གཞན་དག་དང་འདྲ་བར་ངལ་རྩོལ་བྱེད་པའི་གོ་རིམ་ཁྲོད་ཕན་ཚུན་ལ་གོ་བརྡ་སྤྲོད་པའི་ཆེད་དུ་ལུས་ཀྱི་རྣམ་འགྱུར་སྣ་ཚོགས་སྟོན་པ་དང་དེ་ལ་རམ་འདེགས་བྱེད་པའི་དབྱངས་ལ་བརྟེན་ནས་ངལ་རྩོལ་བྱེད་པ་སོགས་བྱས་ནས་འཚོ་བ་རོལ་བཞིན་ཡོད། རྗེས་སུ་རིམ་བཞིན་དབྱངས་དེ་ལ་ཚིག་སྦྱར་བས་གླུ་དང་སྙན་ངག་བྱུང་བ་ཡིན།

སྤྱིར“སྙན་ངག་ནི་མི་རིགས་སོ་སོའི་རྩོམ་རིག་གི་ཆེས་ཐོག་མའི་རྣམ་པ་ཞིག་དང་། ཆེས་གཞི་རྩའི་རྩོམ་རིག་གི་རྣམ་པ་ཞིག་སྟེ། སྙན་ངག་བྱུང་བའི་ཐོག་མའི་དུས་རིམ་ནང་དུ། དེ་ཉིད་ལ་རོལ་དབྱངས་དང་བྲོ་གར་གྱིས་བསྡོངས་ཏེ་ཕྱོགས་གསུམ་ཕུང་པོ་གཅིག་འདུས་སུ་གྱུར་ཏེ་ཕན་ཚུན་བར་འབྲེལ་བ་དམ་པོར་འབྱུང་བ་ཞིག་རེད།”[iii] ཅེས་གསུང་ཡོད། དེ་བས་དབྱངས་དེ་ནི་མཉམ་ལས་བྱེད་པར་མེད་དུ་མི་རུང་བའི་གཅིག་བསྡུས་ཀྱི་སྟོབས་ཤུགས་ཤིག་ཡིན་པ། གདོད་མའི་དུས་སུ་མི་རྣམས་ཚོ་བ་དང་ཚོ་བ་བྱས་ནས་མཉམ་བཟའ་མཉམ་འཐུང་བྱེད་བཞིན་ཡོད་པས། ལས་ཀ་མཉམ་ལས་བྱེད་སྐབས་སྟོབས་ཤུགས་གཅིག་ཏུ་ཁེལ་བར་དབྱངས་ཀྱི་འདེགས་འཇོག་གསལ་བའི་ངལ་རྩོལ་གྱི་གླུ་ལེན་སྲིད། སྐུ་ཞབས་ལུའུ་ཞུན་གྱིས་གསུང་བའི“ཧང་ཡོ། ཧང་ཡོ།”ལྟ་བུའི་ངལ་རྩོལ་གྱི་གླུ་དེའི་འདེགས་འཇོག་གསལ་ན་ཀུན་གྱི་ཤེད་ཤུགས་གཅིག་ཏུ་ཁེལ་ནས་དམིགས་ཡུལ་འགྲུབ་ཐུབ། དཔེར་ན། ཨ་མདོའི་ཕྱོགས་སུ་ཕྱིང་བུ་འཇོག་པའི་སྐབས་སུ་ཁ་ནས“གཅིག གཉིས། གསུམ། བཞི། …..”ཅེས་དབྱངས་སུ་འགུག་པ་ལ་བརྟེན་ནས་ལག་ཟུང་གཉིས་ཀྱང་དབྱངས་ཀྱི་འགྲོས་དང་བསྟུན་ནས་འགུལ་དགོས་པ་དང་། གཞན་ད་དུང་དབུས་གཙང་གི་ཕྱོགས་ཀྱི་གྱང་གླུ་སོགས་ནི་དབྱངས་ཀྱི་འདེགས་འཇོག་གཙོ་བོ་བྱེད་པ་ལས་ཚིག་ལ་དེ་འདྲ་དོ་སྣང་བྱེད་བཞིན་མེད། དེ་བས་དབྱངས་ཀྱི་འདེགས་འཇོག་གིས་ཚིག་གི་རྐང་བའི་རིང་ཐུང་ཐག་གཅོད་བྱེད་བཞིན་ཡོད་མ་ཟད། དབྱངས་དེ་ནི་བསྐྱར་ཟློས་ཀྱི་རང་བཞིན་ཅན་ཞིག་ཡིན་སྟེ།

དཔེར་ན།

“ ཁྲིད། ཡ། ད། རྩོལ་ལོ། རྩོལ་ལོ། ཡ
བསྟུན། རྩོལ་ལོ། ཁྲིད། ཕོ་རྒོད་ཡིན་ན་སྡོང་བོ་ཁྱོགས།
བསྟུན། རྩོལ་ལོ།  ཁྲིད། ཕོ་གསར་ཡིན་ན་སྐེད་པ་མཉེན།
བསྟུན། རྩོལ་ལོ།  ཁྲིད། སྐེད་པའི་ནང་ན་སྲ་བཟུང་དང་།
བསྟུན། རྩོལ་ལོ།  ཁྲིད། ཨ་རོག་བྲེལ་བ་མ་ལངས་དང་།
བསྟུན། རྩོལ་ལོ།  ཁྲིད། སྔུན་མའི་གོམ་པ་ལྟོས་ལ་སོང་།
བསྟུན། རྩོལ་ལོ།  ཁྲིད། རུས་སྦལ་ཤུགས་འགྲོས་ཡེད་ན་བཟང་།
བསྟུན། རྩོལ་ལོ།  ཁྲིད། གཞུག་མ་མ་བྲེལ་སྟག་མོའི་ངར་རྩལ་ངོམས།”[iv]

ཞེས་པ་ལྟ་བུའི་གདུང་མ་འགྱོགས་པའི་གླུ་ལས་གསལ་བོར་ཤེས་སྲིད། དབྱངས་ཀྱི་འདེགས་འཇོག་དེ་ལ་བརྟེན་ནས་མ་ཎི་དབྱངས་འགུག་པ་ལྟ་བུ་ཡང་ཐོག་མའི་ས་བོན་འདི་ལས་གྱེས་པ་འདྲ། ངལ་རྩོལ་གྱི་གླུ་ལ་དེ་འདྲ་མཐོང་ཆེན་བྱེད་དོན་ནི་གདོད་མའི་མི་རྣམས་ཀྱིས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་འཚོ་བ་དང་ངལ་རྩོལ་གྱི་གླུ་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་དེ། འཇིག་རྟེན་འདིར་འཚོ་བ་རོལ་དགོས་ཚེ་ངལ་རྩོལ་བྱེད་དགོས་པ་ནི་གླེང་མི་དགོས། དེ་བཞིན་ངལ་རྩོལ་འབྲས་བུ་ལེགས་པོ་འབྱུང་ཆེད་མཐུན་སྒྲིལ་གྱི་གླུ་གཏོང་སྲིད། རྗེས་སུ་ངལ་རྩོལ་བྱེད་པའི་གོ་རིམ་ཁྲོད་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་འགྱུར་ལྡོག་སྣ་ཚོགས་དབྱངས་སུ་གྱེར་བ་ལས་གླུ་བྱུང་། དཔེར་ན། 《སྲིད་པ་ཆགས་གླུ》ལྟ་བུ་ལས་གདོད་མའི་སྤྱི་ཚོགས་ཀྱི་དཔེ་མཚོན་རང་བཞིན་ལྡན་པའི་སྣང་ཚུལ་མང་པོ་ཡོད་དེ། “གླུ་ཚིག་དེའི་ནང་། རང་བྱུང་ཁམས་ཀྱི་སྣང་ཚུལ་གཞིར་བཞག་སྟེ། འཆར་ཡན་གྱི་བསམ་བློ་དང་རྩེད་མཚར་གྱི་ཉམས་ལ་བརྟེན་ནས་གདོད་མའི་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་མཚོན་པར་བྱས་ཡོད།”[v]དེ་བས་ངལ་རྩོལ་གྱི་གླུ་ནི་ཚིགས་བཅད་སྙན་ངག་གི་ཐོག་མ་ཡིན་ལ། སྙན་ངག་གི་ཐོག་མ་ཡང་ཡིན་ནོ།། ཞེས་པའི་བཤད་སྲོལ་ཡང་ཡོད།

གཉིས། བཙན་པོའི་སྐབས་ཀྱི་མགུར་གླུའི་དབྱངས་ཀྱི་འདེགས་འཇོག

“དེ་ཡང་སྤྱིར་སྙན་ངག་ཅེས་པ་བོད་ལྟར་ན་གང་ཞིག་ཚིག་སྦྱོར་ལེགས་ཤིང་ཉམས་ཁྱད་པར་ཅན་དང་ལྡན་ལ། ཚིག་རྒྱན་སྣ་ཚོགས་ཀྱིས་བཅིངས་པའི་ངག་གི་ཕྲེང་བའམ་ལས་སྤྱི་སྟེ། དེ་ལྟ་བུའི་ཁྱད་ཆོས་དང་ལྡན་པའི་བཅད་ལྷུག་སྤེལ་མ་ཀུན་ལ་གོ༼རྒྱ་ཆེར་གོ་བ༽བའི་སྐབས་ཤིག་དང་། དེ་ཙམ་དུ་མ་ཟད་ཚིག་སྡུད་མང་ཞིང་ལུས་ངེས་པར་ཚིགས་སུ་བཅད་པའི་རྣམ་པ་ཞིག་ལ་གོ༼རྒྱ་ཆེར་གོ་བ༽བའི་སྐབས་ཤིག་སྟེ་གཉིས་ཡོད་ཚོད་འདྲ་ཡང་། འདིར་ལྟར་ཕྱི་མ་ལྟར་བྱས་ཏེ་བཤད་ན་ཏུན་ཧོང་ཡིག་རྙིང་གི་ཚིགས་སུ་བཅད་པ་འདི་དག་ལ་གོང་གསལ་ཁྱད་ཆོས་རྫོགས་པ་ཤིན་ཏུ་གསལ་བས་ན་མཚན་ཉིད་ཀྱིས་ཁྱབ་པར་ཐལ་བས། ཡང་ན་མཚན་ཉིད་སྐྱོན་ཅན་དུ་འཕེན་པའམ་ཡང་ན་དེ་དག་སྙན་ངག་ཡིན་པར་ཁས་འཆེ་དགོས་པའི་གནད་འདི་ལ་ཐུག་གོ།”[vi] དེ་བས“དེ་རྣམས་ལ་རྒྱན་ཅུང་ཟད་འདྲེས་པ་བདེན་ཡང་བོད་དུས་ཕྱིས་ཀྱི་སྙན་ངག་དང་བསྡུར་ན་ཉམས་རྒྱན་གང་གི་ཆ་ནས་ཀྱང་ཆེས་ཆེར་དམན་པས་གླུ་གཞས་སམ་དམངས་གཞས་ལས་མ་འདས་ཏེ། གླུ་གཞན་ལའང་རྒྱན་རེ་ཟུང་འདྲེས་པའི་ཕྱིར་རོ་ཞེ་ན་མི་འགལ་ཏེ། གླུ་གཞན་ནི་དམངས་ཁྲོད་རྩོམ་རིག་གི་རྣམ་པ་ཞིག་དང་། སྙན་ངག་ནི་རྩོམ་པ་པོའི་རྩོམ་རིག་ཅིག་ཡིན་པར་དེང་དུས་ཕལ་མོ་ཆེ་ཞིག་ངོས་འཛིན་ནའང་དེ་ནི་དེ་གཉིས་ཀྱི་ཁྱད་པར་ཙམ་ཡིན་ལ། ཁྱད་པར་དེའང་རྗེས་སུ་བྱུང་བ་ཡིན་གྱི་དེ་གཉིས་མཐའ་གཅིག་ཏུ་འགལ་ཟླར་འཕངས་པ་ག་ལ་ཡིན་ཏེ་མིན་ནོ།།”[vii]

དེ་བཞིན《སྙན་ངག་ཆེན་མོའི་གླེང་གཞི》ཞེས་པར་“ཡིད་འགྱུར་རྣམ་པར་འགྱུ་ཚེ་ངག་ཏུ་ང་ཏུ་བརྗོད།། བརྗོད་པ་ཙམ་གྱིས་མ་ཚིམ་དབྱངས་སུ་འགུགས།། དབྱངས་སུ་བཀུག་པས་མི་ཚིམ་གླུ་རུ་ལེན།། དེས་ཀྱང་ད་དུང་ཚིམ་པ་མེད་པ་ན།། ལག་པས་སྟངས་སྟབས་རྐང་བས་ཞབས་བྲོ་རྡུང་།”ཞེས་བྱུང་བ་ལྟར་འདིའི་སྐབས་ཀྱི་གླུ་ཚིག་ནི་ཐོག་མའི་སྙན་ངག་ཡིན་ཏེ་བརྗོད་བདེ་ཞིང་དབྱངས་སུ་གྱེར་ཆོག་པའི་ཚིགས་བཅད་ཀྱི་རྣམ་པ་ཞིག་ཡིན། དཔེར་ན། “ ཡུ་སྣའི་མཁར་པབ་ཆིང་།། ཕྱིང་བའི་ནི་སྣོན་དུ་བགྱིས།། སྔ་ན་ནི་མཐོ་བ་ལ།། ད་ཙམ་ནི་དགུང་ལ་རེག། ངས་པོ་ནི་སྒང་དྲས་ཤིང་།། ཡར་མི་ནི་ཁོག་ཏུ་སྩལ།། སྔ་ན་ནི་ཆེ་བ་ལ།། ད་ཙམ་ནི་མཐའ་ཡང་ཡས།། ལྷོ་རྔེགས་ནི་འཕན་གྱི་སྣོན།། ལྡོང་ཏོང་ནི་འཕན་གྱིས་བཏབ།། སྔ་ན་ནི་འཕན་པ་ལ།། ད་ཙམ་ནི་འཕྱན་ཡང་ཡས།།”[viii]ཞེས་པ་འདི་ནི་དབྱངས་སུ་གྱེར་བདེ་ཞིང་ངག་གི་ངལ་གསོ་ལ་འཚམ་པས་དམངས་ཁྲོད་གླུ་གཞས་ཀྱི་ཀྱི་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད། དེ་ལས་གཞན“ འ་བ་ཉི་ཉེ་པ་ཉིད། བྱ་རོ་རོ་ན་མདུང་གྀ་རྩེ་རང་ནིག ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག བརླའ་བརྡུངས། སྤུར་བཏབ། འྭོ་དེ་མྱེད་སྤུ་དེ་མྱེད། ”[ix]ལྟ་བུ་དང་། དེ་ལས་གཞན“ཆབ་ཆབ་ནྀ་ཕ་རོལ་ན།། ཡར་ཆབ་ནྀ་ཕ་རོལ་ན།། མྱྀ་བུ་ནི་མྱྀའི་བུ་སྟེ།། ལྷ་ཡི་ནི་སྲས་པོ་བཞུགས།། རྗེ་བདེན་ནི་བཀོལ་དུ་དགའ།། སྒ་བདེན་གྱིས་ནྀ་བསྟད་དུ་དགའ།།”[x]ལྟ་བུ་སོགས་ཡོད།

ཐོག་མར་མགུར་གླུ་ཡང་ཚེག་བར་དོ་མཉམ་མིན་མོད། རྗེས་སུ་རིམ་བཞིན་ཚེག་བར་དོ་མཉམ་ཅན་དུ་འགྱུར་བཞིན་ཡོད་པ་སྟག་རི་གཉན་གཟིགས་ཀྱི་འབངས་ཀྱིས་བླངས་པའི་མགུར་བཅས་ལས་ཤེས་ཐུབ། མགུར་ཞེས་པ་དེ་ཡང་བསྟན་པ་སྔ་དར་སྐབས་སུ་གླུ་དང་གོ་དོན་གཅིག་ཡིན། ཕྱི་དར་སྐབས་སུ“གོ་དོན་ཐ་དད་དུ་སོང་བ་ནི། མགུར་ཞེས་བྱ་བ་གླུ་ཡི་ཞེ་ས་ལྟ་བུར་གྱུར་ཅིང་། རིམ་གྱིས་གླུ་ཞེས་པ་ནི་དམངས་ཁྲོད་དུ་དར་བའི་གླུ་དང་། མགུར་ཞེས་པ་ནི་ཆོས་པ་རྣམས་ཀྱི་གླུ་ལ་གོ་བ་ལྟ་བུར་སྣང་།”[xi] དེ་ནས་བཟུང་གླུ་དམངས་ཁྲོད་དུ་དར་བ་གླུ་དང་ཆོས་ལུགས་པའི་ནང་དུ་མགུར་ཏེ་ཡན་ལག་གཉིས་སུ་གྱེས་པ། དཔེར་ན། སྔ་དར་སྐབས་ཀྱི་མགུར་དག་ནི་གཙོ་བོ་བཙན་པོའི་ཆབ་སྲིད་བརྗོད་སྙིང་དུ་བྱས་ཡོད་པ་གོང་ནས་བཤད་ཟིན།  ཕྱི་དར་གྱི་རྗེས་སུ་མི་ལ་རས་པའི་མགུར་གླུ་སོགས་མང་པོ་ཡོད་པ་དེ་དག་ནི་གྲྭ་བའམ་ཆོས་བྱེད་མི་སྣ་དག་གིས་བརྩམས་པ་ཞིག་ཡིན། དེ་དག་ནི་མགུར་བཞེངས་མཁན་གྱི་མི་སྣ་ལ་འགྱུར་ལྡོག་བྱུང་ཡོད་ལ་གཞན་བརྗོད་བྱའི་སྙིང་བོ་ཡང་ཆབ་སྲིད་བརྗོད་སྙིང་བྱེད་པ་ལས་འཇིག་རྟེན་མི་ཆོས་ལ་འགྱུར་བ་བྱུང་ཡོད་མོད། འོན་ཀྱང་མགུར་གྱི་ཁྱད་ཆོས་སྔར་བཞིན་འཇིག་རྟེན་གྱི་ཆགས་ཚུལ་བརྗོད་སྙིང་བྱེད་པ་ལས་འགྱུར་ཏེ་བཙན་པོའི་ཆབ་སྲིད་བརྗོད་སྙིང་དུ་བྱས་པའི་ཚིགས་བཅད་ཡིན་ལ། རྒྱན་གྱི་ཆ་ནས་ཡང་སྔར་བཞིན་རང་བཞིན་བརྗོད་པ་དང་དཔེ་རྒྱན། རབ་བཏགས་སོགས་འགའ་རེ་ལས་མེད། དེ་བས་བཙན་པོའི་རྒྱལ་རབས་སུ་ཁྲོམ་ཆེན་དཀྱིལ་ནས་མགུར་ལེན་སྐབས་སྐད་ངག་སྙན་མོ་ཞིག་གི་ལམ་ནས་རང་གི་བརྗོད་འདོད་པ་དག་མགུར་གྱི་སྒོ་ནས་ལེན་པ་ལས་སྐྱེས་བུ་དམ་པ་གང་ཞིག་གི་སྐུ་གསུང་ཐུགས་ལ་བསྟོད་པ་བྱེད་པའི་སྲོལ་ཤིན་ཏུ་ཉུང་།

ཡིན་ཡང་། མི་འགའ་རེས་ཐོན་མིའི་ཡིག་ཕུད་ལུང་དུ་དྲངས་ན། ཐོན་མིའི་ཡིག་ཕུད་ལ《སྙན་ངག་མེ་ལོང་མའི》ཤུགས་རྐྱེན་ཆེན་པོ་ཡོད་པ་ང་ཚོ་ཚང་མས་མིག་མཐོང་ལག་ཟིན་རེད། བཙན་པོའི་སྐབས་ཀྱི་ཡིག་ཆ་དག་ལ《སྙན་ངག་མེ་ལོང་མ》ལྟར་བྱ་དཀའ་བའི་རྒྱན་གྱིས་ཕྱུག་པ་ཤིན་ཏུ་དཀོན། བཙན་པོའི་སྐབས་ཀྱི་མགུར་རམ་གླུ་ནི་གོ་སླ་བའི་ལམ་ནས་དཔེ་དོན་ཟུང་འབྲེལ་བྱེད་པ་ཞིག་ཡིན་སྟེ། དཔེར་ན། “མོན་ཀའི་ནི་སྟག་ཆིག་པ།། སྟག་བཀུམ་ནི་ཟུ་ཙེས་བཀུམ།། གུང་བཀྲོས་ནི་པྱག་ཏུ་པུལ།། སླ་ལྭོ་ནི་ལྷོ་རྔེག་བསྩལད།། རྩང་བྲང་ནི་ཡ་སྟོད་ཀྱི།། ཐང་པྲོམ་ནི་རྒོད་ལྡིང་བའ།། རྒོད་བཀུམ་ནི་ཟུ་ཙེས་བཀུམ།། རྒོད་གཤོག་ནི་པྱག་རུ་པུལ།། གསབ་གསོབ་ནི་ལྷོ་རྔེག་བསྩལད།། ན་ནིང་ནི་གཞེ་ནིང་སྔ།། ཏི་སེ་ནི་གངས་དྲུང་ནས།། ཤ་དང་ནི་རྐྱང་བྱེར་བའ།། ཤམ་པོ་ནི་རྩ་ལ་བྱེར།། དི་རིང་ནི་སང་ལྟ་ན།། ཤམ་པོ་ནི་གཉན་གྱི་རྩ།། ཤ་རྐྱང་ནི་ཚས་མ་ངན།། ཤ་རྐྱང་ནི་ཚས་ངན་ན།། ཏི་སེ་ནི་གངས་ཀྱིས་བྲུན།། ན་ནིང་ནི་གཞེ་ནིང་སྔོན།། མ་པང་ནི་མཚོ་འགྲམ་ནས།། ངང་དང་ནི་ངུར་བྱེར་བའ།། དང་ཀོ་ནི་མཚོ་ལ་བྱེར།། དི་རིང་ནི་སང་ལྟ་ན།། དང་ཀོ་ནི་ལྷ་འི་མཚོའ།། ངང་ངུར་ནི་ཚས་མ་ངན།། ངང་ངུར་ནི་ཚས་ངན་ན།། མ་པང་ནི་མཚོ་འིས་བྲུན།། ལྷོ་རྔེགས་ནི་འཕན་གྱི་སྣོན།། སེ་ཁྱུང་ནི་འཕན་གྱིས་བཏབ།། སྔ་ན་ནི་འཕན་པ་ལ།། ད་ཙམ་ནི་སྤྱན་ཡང་ཡས།། དབུ་པྱིང་ནི་གྲོ་བོ་ལ།། ཐ་མ་ནི་གཡག་གིས་བསྐོརད།། ཟུ་ཙེས་ནི་སྩལ་ལགས་ཀྲང་།།”[xii] ཞེས་པ་ནི་སྒྲ་གདངས་ཀྱི་འདེགས་འཇོག་ལྡན་པའི་ངག་གི་རྒྱུན་དེ་གཅོད་མཚམས་དང་ངལ་གསོའི་སྐབས་ཀྱི་ཚེག་བར་གྱི་ཆ་ཡའི་སྡེབ་སྦྱོར་ལས་བྱུང་བའི་ཁྱད་ཆོས་ཤིག་ཡིན།

དེ་བཞིན་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ཚང་མ་དབྱངས་སུ་བཀུག་ནས་བླངས་ན། དབྱངས་རྟ་ངེས་ཅན་ཞིག་གིས་རམ་འདེགས་བྱས་ཡོད། དེར་རྒན་བདུད་ལྷ་རྒྱལ་གྱིས“སྙན་ངག་ལ་མཚོན་ན་སྐད་ཆའི་དབྱངས་འགྲོས་ནི་རང་གི་བླ་སྲོག་གི་གྲུབ་ཆ་གསོན་པོ་ཞིག་ཡིན། ” ཞེས་པ་དང་། གཞན་ཀྲོའུ་ཀོང་ཆན་གྱིས“ང་ཚོས་འདི་ལྟར་བཤད་ཆོག་སྟེ། དབྱངས་འགྲོས་ནི་སེམས་ཁམས་མཚོན་བྱེད་ཀྱི་ཆེས་ཐད་ཀར་བ་དང་ཆེས་སྟོབས་ལྡན་གྱི་མཚམས་སྦྱོར་བ་ཡིན། རྒྱུ་མཚན་ནི། ཁོ་རང་ཉིད་སེམས་ཁམས་ཀྱི་གལ་ཆེའི་བྱེ་བྲག་ཅིག་ཡིན་པས་ཕྱིར་རོ།།”[xiii]སོགས་ཀྱི་གསུང་ལས་སྙན་ངག་གི་སྲོག་ཤིང་གཙོ་བོ་དེ་དབྱངས་འགྲོས་ཡིན་པ་ཤེས་ཐུབ། ཡིན་ཡང་། བཙན་པོའི་སྐབས་ཀྱི་མགུར་ལ་ཤོ་ཀའི་དབྱེ་བ་མེད་པར་ཚང་མ་གཅིག་གི་རྗེས་སུ་གཅིག་མཐུད་ནས་ཡོད་པས། དབྱངས་ཀྱི་འདེགས་འཇོག་ལ་ཡང་ཁྱད་འཕགས་ཀྱི་ཁྱད་ཆོས་ལྡན་མོད། འོན་ཀྱང་དེའི་མགུར་གྱི་དབྱངས་རྟའི་སྐོར་ལ་རྒྱུ་ཆ་དབེན་པས་རེ་ཞིག་མཚམས་འཇོག་དགོས་བྱུང་། ཤོ་ལོ་ཀའི་དབྱེ་སྟངས་དེ་ནི་ཇོ་བསྟོད་སུམ་ཅུ་བ་ནས་བཟུང་ཤོ་ལོ་ཀ་གཅིག་ལ་ཚིག་རྐང་བཞི་བྱེད་པའི་སྲོལ་བྱུང་། དེའི་ཡར་སྔོན་གྱི་གསུང་འབུམ་དང་ཡིག་ཆ་དག་ལ་བལྟས་ན་ཇོ་བསྟོད་སུམ་ཅུའི་བའི་སྔོན་ལ་ཤོ་ལོ་ཀ་ཞེས་པའི་དབྱེ་སྲོལ་བྱུང་མེད་པ་འདྲ། ཤོ་ལོ་ཀའི་དབྱེ་སྟངས་བྱུང་བ་ནས་བཟུང་དབྱངས་འགྲོས་དེ་ཡང་བསྐྱར་ཟློས་ཀྱི་རྣམ་པར་གྱུར་ནས་སྔར་གྱི་དབྱངས་རྟ་ལ་འགྱུར་བ་བྱུང་སོང་འདོད་དེ། དེང་སྐབས་ཀྱི་དམངས་གླུར་མཚོན་ན་སྔོན་གྱི་ཤོ་ལོ་ཀ་དེའི་དབྱངས་རྟ་དེ་ཤེས་ན་ཤོ་ལོ་ཀ་རྗེས་མའི་དབྱངས་རྟ་ནི་སྔོན་དང་འདྲ་བ་རེད། སྙན་ངག་ཡང་དེ་དང་འདྲ་བ་བྱུང་ཡོད།

མདོར་ན་གླུ་ཞེས་པ་འདི་ནི་གཙོ་བོ་ངལ་རྩོལ་མི་དམངས་ཀྱི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་སྣ་ཚོགས་ཕྱིའི་ངག་གི་དབྱངས་རྟ་ངེས་ཅན་ལ་བརྟེན་ནས་བླངས་པ་ཡིན་པས། གླུ་ཞེས་པའི་གོ་དོན་དུ་རེབ་གོང་རྡོ་རྗེ་མཁར་གྱིས་གསུངས་པའི“བརྗོད་པར་འདོད་པའི་དོན་རྣམས་ཚིག་གི་ཕྲེང་བར་སྤེལ་བ་གང་ཞིག་དབྱངས་རྟ་རྣམ་པ་སྣ་ཚོགས་པའི་ལམ་ནས་བརྗོད་པ་ཞིག་ལ་བྱའོ།”[xiv]ཞེས་དང་། གཞན“བརྗོད་པར་འདོད་པའི་དོན་རྣམས་དབྱངས་རྟ་ངེས་ཅན་གྱི་འགྱུར་ཁུགས་ལ་ཉེ་བར་དྲངས་ཏེ་བརྗོད་པའི་ངག་ལ་མགུར་ཞེས”[xv]བཀོད་ན་འགྲིག་སྙམ་མོ།། དེ་ནི་གོང་གི་དམངས་ཁྲོད་ཀྱི་ངལ་རྩོལ་གླུ་གཞས་དང་མགུར་སོགས་གང་ཡིན་ཡང་སྙན་མོ་ངག་ལམ་ནས་ལེན་རྒྱུ་གཙོ་བོ་ཡིན་པས། “བོད་ཀྱི་སྙན་ངག་ནི་སྐྱེས་བུའི་སྒྲ་གདངས་ཀྱི་འདེགས་འཇོག་དང་ནང་གི་ཡིད་འགྱུར་གྱི་འདེགས་འཇོག་གཉིས་དབྱེར་མེད་དབྱངས་ཀྱི་རོལ་མོར་ཕབ་པའི་སྒྱུ་རྩལ་དང་ལྡན་པ་ཞིག་ཡིན་ལ། དབྱངས་དེ་ནི་བོད་ཀྱི་སྙན་ངག་གི་རྩ་བའི་ཁྱད་ཆོས་ཤིག་ཀྱང་ཡིན་ནོ།།”[xvi]དེ་བས་བཙན་པོའི་སྐབས་ཀྱི་སྙན་ངག་གི་གོ་དོན་ལ“རྣ་བར་སྙན་ཅིང་ཡིད་འཕྲོག་པའི་ཚིག་སྦྱོར་ལ་ཟེར”[xvii]ཅེས་བཞག་ན་ལྷག་དུ་འགྲིག་འདོད།

   གསུམ་པ།  རྒྱན་གྱིས་ཕྱུག་པའི་ཚིགས་བཅད་སྙན་ངག་གི་གོ་དོན།

ས་པཎ་གྱི་སྐབས་སྙན་ངག་ཅེས་པའི་ཐ་སྙད་འདི་དངོས་སུ་བོད་ཡིག་ཏུ་བྱུང་ལ། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ《སྙན་ངག་མེ་ལོང་མ》ཆ་ཚང་བོད་དུ་བསྒྱུར་བ་ནས་བཟུང་། སྙན་ངག་ཅེས་པའི་ཐ་སྙད་འདི་བོད་སྤྱི་ཚོགས་ཁྲོད་རྒྱ་ཁྱབ་ངང་བཀོལ་སྤྱོད་བྱེད་མགོ་ཚུགས་ལ། ཚིགས་བཅད་སྙན་ངག་ལ་ཚད་ལྡན་གྱི་གཞུང་ལུགས་ཤིག་གི་སྣེ་ཁྲིད་ཐོབ་བྱུང་། དེའི་དབང་གིས《སྙན་ངག་མེ་ལོང་མ》བོད་ལ་དར་བ་ནས་བཟུང་བོད་ཀྱི་མཁས་པ་ཞིག་ཡིན་ན་ཕལ་ཆེར་སྙན་ངག་པ་ཞིག་ཀྱང་ཡིན་ཆོག་པའི་ཚོད་དུ་གྱུར་ཡོད། དེ་ནི་བོད་ཀྱི་ནང་བསྟན་གྱི་གཞུང་དང་གསོ་བ་རིག་པ། སྐར་རྩིས་སོགས་བློ་ལ་འཛིན་བདེ་བའི་ཕྱིར་རམ་རྒྱུ་གང་མང་ཞིག་གི་དབང་དུ་ཚིགས་བཅད་སྙན་ངག་གི་ལམ་ནས་བརྩམས་ཡོད། དཔེར་ན། མི་ལ་རས་པ་ལྟ་བུ། ཁོང་ནི་ཆོས་པ་ཞིག་ཡིན་ལ་སྙན་ངག་པ་ཞིག་ཀྱང་ཡིན། ད་དུང་གླུ་བ་ཞིག་ཀྱང་ཡིན།  དེ་བཞིན་རྗེ་ཙོང་ཁ་པ་དང་དབལ་ཤུལ་ངག་དབང་བརྩོན་འགྲུས་སོགས་མང་པོ་ཡོད། དེ་ནི་གཙོ་བོ་རྩོམ་ལུས་སྣ་ཚོགས་ཀྱི་སྟེང་རིག་པའི་གནས་ལ་འཇུག་བཞིན་ཡོད་པས། རྒྱུ་འདི་དག་གི་དབང་གིས་སྔོན་མ་སྙན་ངག་ཟེར་བ་ཐོས་མ་ཐག་སྒྱུ་རྩལ་རྩོམ་རིག་སྤྱི་ལ་གོ་བ་ཡིན། རྗེས་སུ་རིམ་བཞིན་ཚིག་རྒྱན་ཙམ་ལ་གོ་བ་སོགས་ཡོད། ཚིག་གི་རྒྱན་འདི་བཅད་ལྷུག་སྤེལ་གསུམ་གང་ལ་ཡང་དགོས་མཁོ་ཆེ་བས་ནང་གསེས་སུ་རྩོམ་ལུས་བྱེ་བྲག་པ་གསུམ་བྱུང་བ་ལས་འདིར་བརྗོད་འདོད་པ་ནི་ཚིགས་བཅད་སྙན་ངག་ཡིན།

གཅིག  《སྙན་ངག་མེ་ལོང་མའི》ཤུགས་རྐྱེན་གྱི་ཐོག་མའི་རྣམ་པ།

གཞུང་མང་པོ་ཞིག་ན་སྤྱི་ལོ་དུས་རབས་བཅུ་གསུམ་པའི་མཇུག་ཏུ། འགྲོ་མགོན་འཕགས་པ་དང་ས་སྐྱའི་དཔོན་ཆེན་ཤཱཀྱ་བཟང་པོའི་བཀས་བསྐུལ་ངོར་རྒྱ་གར་གྱི་སྙན་ངག་པ་ཆེན་པོ་ལཀྵིམ་ཀ་ར་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གཉིས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ《སྙན་ངག་མེ་ལོང་མ》ཆ་ཚང་བོད་དུ་བསྒྱུར་ཅེས་པ་ཡོངས་གྲགས་ཡིན། ༼འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི་སྤྱི་ལོ༡༢༣༥ནས་སྤྱི་ལོ༡༢༨༠བར་འཚོ་བཞུགས་གནས་ཡོད་པ་ལོ་རྒྱུས་དག་ལས་ཤེས་ཐུབ། 《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》ལྟར་ན་སྤྱི་ལོ༡༢༧༡ལོར《སྙན་ངག་མེ་ལོང་མ》ཆ་ཚང་བོད་དུ་བསྒྱུར་ཞེས་པ་ལ་འགལ་བ་མེད་སྙམ།༽ དེ་ནས“ས་སྐྱའི་སྲིད་དབང་གི་དུས་མཇུག་དང་། ཕག་གྲུའི་སྲིད་དབང་གི་དུས་འགོ་ནས་བཟུང་སྟེ《སྙན་ངག་མེ་ལོང》གི་གཞུང་ལ་སློབ་སྦྱོང་བྱས་ཏེ་དར་བ་ལ་བརྟེན་ནས་བོད་ཀྱི་སྙན་ངག་གི་ནང་དུ་སྙན་གཞུང་མེ་ལོང་གི་ཤུགས་རྐྱེན་སླེབས་འགོ་ཚུགས་པ་ཡིན།”[xviii]

ཀློང་ཆེན་རབ་འབྱམས་དྲི་མེད་འོད་ཟེར༼1308-1363༽གྱི་སྐུ་ཚེ་སྨད་ཀྱི་ལོ་དགུ་ཙམ་ཞིག་ནི་ཕག་གྲུའི་སྲིད་དབང་གི་དུས་སྐབས་ཡིན། དེ་བས་མེ་ལོང་མས་ཐོག་མའི་ཤུགས་རྐྱེན་ཐེབས་ས་གཙོ་བོ་ཞིག་ནི་ཀློག་ཆེན་རབ་འབྱམས་དྲི་མེད་འོད་ཟེར་ཡིན་པ་འདྲ་སྟེ། ཁོང་གི་བཀའ་རྩོམ《པོ་ཏ་ལ་ཀུན་དགའ་བའི་གཏམ》གྱི་ནང་དུ། “ཟླ་བའི་འོད་ཀྱིས་མི་ཕྱེ་ཞིང་།། ཉིན་བྱེད་ཟེར་གྱིས་མི་འཛུམ་པའི།། འཛུམ་མཛེས་ཞི་བའི་ཀུ་མུ་ཏ།། མཛད་པའི་འདབ་སྟོང་རྒྱས་ལ་འདུད།”[xix]ཞེས་པ་ཚིགས་བཅད་འདི་ནི《སྙན་ངག་མེ་ལོང》གི་ལེའུ་གཉིས་པའི་དོན་རྒྱན་སོ་ལྔའི་ནང་གསེས་གཟུགས་རྒྱན་གྱི་རྒྱན་ལས་འགལ་བའི་གཟུགས་ཅན་གྱི་རྩ་བའི་དཔེར་བརྗོད། “པདྨ་རྣམས་ནི་མི་ཟུམ་ཞིང་།། ནམ་མཁའ་ལ་ཡང་མི་འགྲོ་བ།། ཁྱོད་གདོང་ཟླ་བས་བདག་གི་ནི།། སྲོག་རྣམས་འཕྲོག་པ་ཉིད་དུ་འབད།།”[xx] ཅེས་པ་དང་མཚུངས་པ་དང་། དེ་ལས་གཞན《པོ་ཏ་ལ་ཀུན་དགའ་བའི་གཏམ》ལས། རིན་ཆེན་འཛིན་མའི་ཆུ་གཏེར་ཆེན་པོ་ཡང་།། “རིན་ཆེན་འཛིན་མའི་ཆུ་གཏེར་ཆེན་པོ་ཡང་།། ཆབ་སྒྲ་སྙན་པའི་བསྟོད་དབྱངས་རབ་སྒྲོགས་ཤིང་།། ལྷུན་པོ་འཁོར་བར་དུས་རླབས་གཡོ་བ་ནི།། བསོད་ནམས་བློ་ཡིས་སྐོར་བ་བྱེད་པ་འདྲ།”[xxi]ཞེས་པ་ཡང《སྙན་ངག་མེ་ལོང》གི་ལེའུ་གཉིས་པའི་དོན་རྒྱན་སོ་ལྔའི་ནང་གསེས་རབ་རྟོག་རྒྱན་ལས་སེམས་མེད་རབ་རྟོག་གི་རྩ་བའི་དཔེར་བརྗོད།“འདི་ནི་བདག་གི་རིང་བ་དག། འགོག་བྱེད་རྣ་བའི་རྒྱན་ཞེས་ཏེ།། ཁྱོད་ཀྱི་མིག་གིས་རྣ་བ་ཡི།། ཨུཏྤལ་དག་ལ་འགོང་པ་འདྲ།”[xxii] ཞེས་པ་དང་མཚུངས། གཞུང་ལུགས་གང་ཞིག་ཡིན་ཡང་འདི་ལྟར་ཐོག་མའི་རྣམ་པ་ནི་ལད་ཟློས་ཅན་ཞིག་ཡིན། ལད་ཟློས་བྱེད་པ་ལས་རིམ་བཞིན་འཕེལ་རྒྱས་བྱུང་ཞིང་རྗེས་སུ་གཞུང་ལུགས་ཅན་གྱི་རིག་ཚན་འཐུས་ཚང་ཞིག་ཏུ་གྱུར་བ་རེད།

གཉིས། 《སྙན་ངག་མེ་ལོང་མའི》ཤུགས་རྐྱེན་གྱི་ཡང་རྩེའི་རྣམ་པ།

དུས་རབས་བཅུ་བཞི་ནས་བཅུ་བདུན་པའི་བར་ཚིགས་བཅད་སྙན་ངག་དེ་འཕེལ་རྒྱས་ཀྱི་ཡང་རྩེར་སླེབས་ཡོད་པ་རྗེ་ཙོང་ཁ་བ་དང་ཞང་ཞུང་ཆོས་དབང་གྲགས་པ། དབལ་ཤུལ་ངག་དབང་བརྩོན་འགྲུས་སོགས་ཀྱི་སྙན་ངག་ལྟ་བུ་ཡིན། དེང་གི་དུས་འདིར་ཡང་དེ་དག་ལས་ཐོལ་བརྒལ་བྱེད་མཁན་གཅིག་ཀྱང་བྱུང་མེད་ཅེས་ཁ་ཚོད་བཅད་ཆོག་པ་འདྲ། སྤྱིར་ཚིགས་བཅད་སྙན་ངག་ནི་སྒྲའི་སྡེབ་སྦྱོར་དང་འབྲེལ་བ་དམ་པོ་ཡོད་པས། སྐབས་དེའི་མཁས་པ་ཞིག་ཡིན་ཕྱིན་དེང་གི་སྙན་ངག་པ་དང་བསྡུར་ན་བལྟོས་བཅས་ཀྱི་སྒྲ་ལ་བྱང་ཆ་ལྡན་ཡོད་པས། རྗོད་བྱེད་ཀྱི་ཚིག་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་ལ་བརྗོད་སྙིང་འབུར་དུ་ཐོན་ཡོད་པ་སོགས་ཁྱད་ཆོས་དུ་མ་དང་ལྡན། དཔེར་ན། རྗེ་ཙོང་ཁ་པའི《ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་ངག་གི་ལམ་ནས་དྲངས་པའི་བློ་སྦྱོང》དུའང་མང་པོ་ཡོད་དེ“མྱུར་བ་མྱུར་བར་སྡིག་སྒྲིབ་མ་སྦྱང་ན།། རང་རེ་རང་རེའི་ལས་འདི་དབང་བཙན་པས།། བདེ་བ་བདེ་བར་ཤེས་ཀྱང་འདམ་དབང་མེད།། སྡུག་པ་སྡུག་པར་ཤེས་ཀྱང་འདོར་དབང་མེད།།”[xxiii] ཞེས།“མྱུར་བ་མྱུར་བ” “ རང་རེ་རང་རེ”“ བདེ་བ་བདེ་བ”“ སྡུག་པ་སྡུག་པ”ལྟ་བུ་སོགས་ཀྱི་སྒྲ་རྒྱན་གྱི་ཁྱད་ཆོས་ལྡན་ལ། དེ་ལས་གཞན་རྗེ་ཙོང་ཁ་པའི《བྱ་དཀའི་སྙན་དངགས་ཨའི་དབྱངས་ངེས་པ།》ལྟ་བུ་དང་། ཁོང་གི་དངོས་སློབ་མཁས་གྲུབ་དགེ་ལེགས་དཔལ་བཟང་གི《སྐྱེས་བུ་གསུམ་གྱི་ལམ་རྣམ་པར་ངེས་པ་བྱ་དཀའ་བའི་མཛེས་རྒྱན》སོགས་ནི་བྱ་དཀའ་བ་དབྱངས་ཨ་ངེས་པའི་ལམ་ནས་བྲིས་པ་ཞིག་ཡིན།

དཔེར་ན། དབལ་ཤུལ་ངག་དབང་བརྩོན་འགྲུས་གྱི།

“བརྐྱངས་བསྐུམས་ཞབས་ནི་ཚམ་རྔམ་ཅུང་ཟད་ཙམ་གྱིས་ས་གསུམ་གཡོ་ཞིང་ཞབས་ཀྱི་མཐོ་བོས་ཚངས་པའི་རྩེ་ཡང་གནོན།།
མ་ཧེའི་ཞལ་གདངས་ཁམས་གསུམ་ཟ་ཞིང་ནམ་མཁའི་ཁམས་ཁྱབ་ཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོ་ཆེར་བཞད་པས།།
འདས་དང་མ་འདས་སྐྱེ་འཕགས་དགྲ་བཅོམ་སངས་རྒྱས་མཐའ་དག་འཇིགས་པའི་ཚུལ་མཛད་བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་དང་།།
གང་དེའི་རྣམ་འཕྲུལ་མི་ཡི་གར་མཛད་རྒྱལ་བ་གཉིས་བཟུང་བཅས་ལ་འདུད་བདུད་ཀུན་གཞོན་པའི་བཀའ་དྲིན་སྩོལ།།”[xxiv]

ཞེས་པར་མཚོན་ན་ཚེག་བར་ཉེར་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན། དེ་ཡང་བོད་ཡིག་གི་ཚིགས་བཅད་ཀྱི་ཚེག་བར་མང་ཉུང་གི་སྒྲིག་སྟངས་ཅི་ལྟ་བུ་ཡིན་ཞེ་ན། “སྤྱིར་བཏང་ཚེག་བར་དྲུག་ནས་རིམ་གྱིས་ཇེ་མང་དུ་བཏང་སྟེ། ཚེག་བར་ཉེར་བདུན་བར་སྦྱར་ན་ཆོག་ཀྱང་། ཚེག་བར་བཅུ་དྲུག་བར་འབྲི་ན་ཧ་ཅང་ཚིག་སྙན་མོ་མི་འབྱུང་བས་སརྒས་བཅིངས་པའི་བསྟན་བཅོས་ཆེན་པོ་མིན་ན་ཚེག་བར་ཧ་ཅང་མང་བའི་ཚིགས་བཅད་སྦྱར་མི་འོས།”[xxv]ཞེས་གསུངས་པ་ལྟར་སྙན་ངག་ལ་བྱང་ཆ་མ་ལྡན་ན་ཚེག་བར་མང་ཚེ་ཚིགས་བཅད་ཀྱི་རྣམ་པ་མེད་པར་ཚིག་ལྷུག་གི་རྣམ་པར་འགྱུར་སྲིད་པ་མ་ཟད། ཚིག་སྦྱོར་མི་ལེགས་པ་སོགས་ཀྱི་གནས་ཚུལ་འབྱུང་སྲིད།  འོན་ཀྱང་སྙན་རྩོམ་འདི་ལ་དེ་འདྲའི་སྦྱོར་མི་ལེགས་པའི་སྐྱོན་རྩ་བ་ནས་མེད་པར་ཧ་ཅང་སྙན།

དེ་ལས་གཞན།

“རྨད་བྱུང་ཕུན་ཚོགས་ནོར་བུའི་ཕོ་བྲང་ལ།། ༼ཡི་གེའི་སྐྱེ་གནས་མཚུངས་པ།༽
ལན་གཅིག་དྲན་ནམ་དད་དམ་མ་དད་ཀྱང་།།  ༼ཡི་གེའི་མིང་གཞི་མཚུངས་པ།༽
མཐོང་ཐོས་དྲན་རེག་འདྲེན་པའི་ལྕགས་ཀྱུ་ཡི།། ༼ཡི་གེའི་སྐྱེ་གནས་མཚུངས་པ།༽
དབང་སོང་བདག་གི་འདུན་པ་འདི་རྨད་བྱུང་།།” [xxvi]༼སྒྲ་ལྕི་བ། ༽

ཞེས་པ་ལྟ་བུར་མཚོན་ན་ཚིག་རྐང་དང་པོའི་ནང་དུ་སྐྱེ་གནས་ཀྱི་དབང་དུ་བྱས་ན་མཆུ་ལས་བྱུང་བའི་ཡི་གེ་འགའ་རྗེས་སུ་ཁྲིད་ཀྱི་རྣམ་པར་བྱུང་ཡོད་ལ། ཚིག་རྐང་གཉིས་པར་ཡང་མིང་གཞི་མཚུངས་པའི་ཡི་གེ་འགའ་རྗེས་སུ་ཁྲིད་པ་ཅན་དང་། ཚིག་རྐང་གསུམ་པ་དང་པོ་དང་མཚུངས། ཚིག་རྐང་བཞི་བ་ནི་སྒྲ་དྲག་ཞན་སོགས་ཀྱི་དབང་གིས་སྲོག་ཆེན་གྱི་ཡི་གེ་འགའ་རྗེས་ཁྲིད་ཀྱི་རྣམ་པར་བྱུང་ཡོད་པས་སྒྲ་ལྕི་བ་ཡིན། “གནམ་སའི་ངོས་ཀུན་ཀུན་དྲལ་བ་བཞིན།། བཞིན་རས་ཆེས་འཇིགས་འཇིགས་བཞད་ཧཱུཾ་སོགས་སྒྲ། སྒྲ་རྣམས་ཀུན་བསྡུས་བསྡུས་ན་མཚུངས་བའི་གསུང་།། གསུང་དྲན་འཆི་བདག་བདག་གིར་འཛིན་ལས་བརྒལ།།”[xxvii]ལྟ་བུར་མཚོན་ན། གཅིག་ནས་མཐའ་ཐོག་ཟུང་ལྡན་དང་གཉིས་ནས་བར་མ་ཆོད་པའི་ཟུང་ལྡན་གཉིས་མཉམ་དུ་སྤྱད་ཡོད། འདི་ལྟ་བུའི་རྗོད་བྱེད་ཀྱིས་བརྗོད་བྱའི་དོན་སྟོན་པར་སྐྱོན་དུ་མི་འགྱུར་བར་མ་ཟད། དེ་ལས་ཀྱང་བརྗོད་དོན་གཟུགས་སྣང་ཅན་དུ་བསྒྱུར་ཡོད་པས་རྩོམ་གཤིས་འདི་འདྲ་བ་སྙན་གཞུང་གི་ཟུང་ལྡན་གྱི་རྒྱན་ལ་མེད་པས། སྙན་གཞུང་ལས་བརྒལ་བའི་རྩོམ་ཚུལ་ཞིག་ཏུ་རྩིས་ཆོག  དེ་ལས་གཞན་ཞང་ཞུང་ཆོས་དབང་གྲགས་པའི《རྒྱལ་བོ་རཱ་མ་ཎའི་རྟོགས་བརྗོད》དུ། “སྨྲ་བོའི་ཁ་ཡི་པདྨོ་མཆོག། ངག་རིག་ཚོགས་ཀྱིས་ཕྱག་འོས་ཏེ།། གང་གི་ལྕེ་ཡི་གེ་སར་རྡུལ།། ངེས་བར་རྒྱུད་མངས་མ་དེའོ།།” ཞེས་པ་རུ་བྱུང་བའི་གང་གི་ལྕེ་ཡི་གེ་སར་རྡུལ་ཞེས་པར་གཟུགས་སུ་འགོད་བྱའི་དཔེ་ཅན་ནི་དངོས་སུ་མ་བརྗོད་པར་སྦས་པའི་ཚུལ་གྱིས་ཡོད་པའི་སྦས་པའི་གཟུགས་རྒྱན་ནི《སྙན་ངག་མེ་ལོང་མའི》གཞུང་ན་མེད་མོད། འོན་ཀྱང《སྙན་ངག་མེ་ལོང་མ》རྨང་གཞི་བྱས་ཏེ་བོད་རང་གི་ཁྱད་ཆོས་ལྡན་པའི་རྒྱན་འགའ་རེ་ཡང་གསར་དུ་བསྣན་ཡོད་པ་རེད། དུས་སྐབས་དེར་དབྱངས་འགྲོས་ཅན་གྱི་སྙན་ངག་གི་རྨང་གཞིའི་སྟེང《སྙན་ངག་མེ་ལོང་མ》གཞུང་གི་ཚིག་སྦྱོར་གྱིས་ཟུར་རྒྱན་བྱས་ཏེ་བོད་ཀྱི་ཚིགས་བཅད་སྙན་ངག་འཕེལ་རྒྱས་ཀྱི་ཡང་རྩེར་སླེབས་ཡོད་ཅེས་བརྗོད་ན་མི་ཆོག་པ་མེད། དེང་སྐབས་ད་དུང་ཚིག་སྦྱོར་གྱི་ཆ་ནས་རྗེ་ཙོང་ཁ་བ་དང་ཞང་ཞུང་ཆོས་དབང་གྲགས་པ་སོགས་ལ་འགྲན་ཐུབ་པ་ཞིག་བྱུང་མེད།

དེ་བས་དུས་སྐབས་དེར་ཚིགས་བཅད་སྙན་ངག་གི་གོ་དོན་ལ“དབྱངས་ཀྱི་འདེགས་འཇོག་གསལ་བའི་ལུས་ལ་ཕུན་སུམ་ཚོགས་པའི་རྒྱན་གྱིས་སྤྲས་ཤིང་། སྤྱི་ཚོགས་འཚོ་བ་སྙིང་བསྡུས་སུ་སྲོག་ཏུ་བྱས་པའི་ཚོར་འདུ་ཤུགས་དྲག་པའི་རྩོམ་རིག་གི་རྣམ་པ་ཞིག་ལ་ཟེར”[xxviii]ཞེས་བཀོད་ན་འགྲིག་སྙམ། དེའི་རྗེས་ཀྱི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་ང་ཚོ་བོད་ལ་དེང་རབས་སྙན་ངག་དར། དེང་རབས་སྙན་ངག་ལ་ཡང་ཐོག་མར་དབྱངས་ཀྱི་འདེགས་འཇོག་གསལ་བའི་ཁྱད་ཆོས་ལྡན་ཡོད་དེ། དཔལ་དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་ལྟ་བུ་རེད། དེང་རབས་སྙན་ངག་ལ་མཐའ་གཅིག་ཏུ་རང་མོས་ཡིན་པའི་ངེས་པ་མེད་དེ། རྩོམ་ལུས་ཚིགས་བཅད་དང་བརྗོད་བྱ། རྗོད་བྱེད་སོགས་དེང་རབས་ཀྱི་ལུགས་ལྟར་བྱས་པ་ཡང་ཡོད། དེང་རབས་སྙན་ངག་ཡང་ཐོག་མའི་དུས་སུ་དེ་འདྲ་འཐུས་ཚང་ཞིག་མིན་མོད། འོན་ཀྱང་རིམ་བཞིན་འཕེལ་རྒྱས་ཆེན་པོ་བྱུང་ནས་གོ་དོན་ལ་སྔོན་དང་བསྡུར་ན་འཐུང་ཚང་ཅན་དུ་འགྱུར་ཡོད་དེ། “ 1 བརྗོད་བྱའི་ཆ་ནས་འཚོ་བའི་ཚུར་སྣང་ཞིག་དང་།  2 རྗོད་བྱེད་ཀྱི་ཆ་ནས་སྐད་ཆའི་སྒྱུ་རྩལ་ཞིག་དང་། 3 རྗོད་མཁན་གྱི་ཆ་ནས་ཚོར་འདུ་ཡི་རྣམ་པ་དང་། 4 བརྗོད་ཚུལ་གྱི་ཆ་ནས་མཛེས་རྟོག་གི་མཚན་ཉིད་ཅིག་དང་། 5 ཀློག་མཁན་གྱི་ཆ་ནས་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ངག་ཅིག་དང་། 6 འདུ་ཤེས་ཀྱི་ཆ་ནས་དད་པ་ཞིག་དང་། 7 མཚོན་དོན་གྱི་ཆ་ནས་ཆོས་ཉིད་ཀྱི་གནས་ལུགས་ཤིག་དང་། 8 མཚོན་སྟོངས་ཀྱི་ཆ་ནས་རིན་ཐང་གི་མངོན་ཚུལ་ཞིག་དང་། 9 དབྱངས་འགྲོས་ཀྱི་ཆ་ནས་སེམས་ཉིད་ཀྱི་དབྱངས་རྟ་ཞིག་དང་། 10 རྣམ་པའི་ཆ་ནས་ཚེ་སྲོག་གི་བསྐྱར་མཚོན་ཞིག་དང་། 11 མཛེས་དཔྱོད་ཀྱི་ཆ་ནས་ཕུགས་བསམ་གྱི་འཇིག་རྟེན་ཞིག་གོ”[xxix]བཅས་ཁྱད་ཆོས་བཅུ་གཅིག་ལྡན་པ་ཞིག་ལ་སྙན་ངག་ཟེར་བ་སོགས་ཡོད་དོ།།

མཇུག་བསྡུ་བའི་གཏམ།

སྙན་ངག་གི་གོ་དོན་ནི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འགྱུར་བ་ལས་དུས་སྐབས་རེ་རེའི་སྙན་ངག་དག་ནི་དུས་སྐབས་དེའི་ཀློག་མཁན་རྣམས་ཀྱི་སེམས་སུ“སྙན་ངག་གི་ཉམས་འགྱུར་ཕུན་སུམ་ཚོགས་ཤིང་བསྟན་བྱའི་ནང་དོན་ཟབ་ལ་རྒྱ་ཆེ་བ་ཇི་ཙམ་བཀླགས་པ་དེ་ཙམ་གྱིས་བཀླག་འདོད”ཅེས་པ་ལྟ་བུའི་ཚོར་སྣང་བྱིན་ཡོད་ངེས། ཡིན་ཡང་། ཕྱི་མ་དག་ནི་སྔ་མ་ལས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན། དེ་བས་དང་ཐོག་དབྱངས་ཀྱི་འདེགས་འཇོག་གལ་ཆེན་ཡིན་ལ། རྗེས་སུ་རིམ་བཞིན་ཚིག་གི་སྦྱོར་བ་ཕུན་ཚོགས་སུ་གྱུར་བ་མ་ཟད། རྩོམ་པ་པོ་དག་ལ་རང་རང་གི་རྩོམ་གཤིས་ཤིག་ཆགས། ལ་ལ་ཁ་དམ་ཞིང་ཚིག་སྡུད་མང་བ། སྦྱོར་བ་རྩུབ་ཅིང་སྤྲོ་སེམས་འཕེལ་བ། བརྗིད་ཉམས་ཀྱིས་ཕྱུག་པ་ཞིག་ཡིན། འགའ་རེ་གོ་སླ་ཤིང་ཁ་ནས་བརྗོད་བདེ་བ་སོགས་བདེན་སྣང་གིས་ཕྱུག་པའི་སྣང་བརྙན་གྱིས་ཀློག་མཁན་སྤྲོ་སྣང་སྐྱེ་རུ་འཇུག་སྲིད། དེ་བས་སྐྱེས་ཆེན་དམ་པ་འདི་དག་གིས་ཚིག་རྒྱན་གྱི་གཞུང་དང་སྦྱོར་བ་ལ་ནང་བྱན་ཆུད་ཡོད་པ་མ་ཟད། སྐད་ཆའི་སྒྱུ་རྩལ་གྱི་ཉིང་བཅུད་ལྡན་ཡོད། དུས་རབས་རེ་རེའི་ཚིགས་བཅད་སྙན་ངག་གཞན་དང་མི་མཐུན་པའི་རྩོམ་གཤིས་ཁྱད་པར་ཅན་ཡོད་པས། རྒྱ་གར་ཤར་བའི་ལུགས་ཀྱི་སྙན་ངག་ལ་སྒྲ་བརྗིད་ཆགས་ཤིང་ཚིག་གི་སྒྲོམ་ཆེ་བ། ཁ་དམ་ཞིང་གོ་དཀའ་བ། ངག་ལ་འཁྱོག་བརྗོད་མང་ཞིང་སྤོབས་པའི་གཟེངས་མཐོ་བ་སོགས་ཀྱི་ཉམས་འགྱུར་ལྡན་པ་ནི་རྒྱལ་བོ་ཁྲི་ལ་འགྱིང་བ་ལྟ་བུའི་བརྗིད་ཉམས་ལྡན་པ་དང་། རྒྱ་གར་ལྷོ་བའི་ལུགས་ཀྱི་སྙན་ངག་ལ་གོ་སླ་ཤིང་། ཁ་ནས་བརྗོད་བདེ་བ་སོགས་ཀྱི་ཁྱད་པར་ཡོད་དོ།།

མཆན་བུ། 

[i] འཇུ་སྐལ་བཟང་། 《བོད་ཀྱི་སྙན་ངག་གི་རྒྱུན་འཛིན་དང་འཕེལ་རྒྱས་སྐོར་རགས་ཙམ་གླེང་བ་གཟུར་གནས་རིག་པའི་འཇུག་ངོགས།》  【M】 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1990ལོའི་དཔར་ཐེངས་དང་པོ། P16

[ii] འབའ་སྟོད་པདྨ་དབང་རྒྱལ་དང་བཅུད་རྫ་གཡང་མོ་སྐྱིད།《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ།》 【M】 མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ1པའི་དཔར་གཞི་དང་པོ། P163

[iii] 《སྦྲང་ཆར།》 【G】  1993ལོའི་དེབ་གསུམ་པ། P82

[iv] འབའ་སྟོད་པདྨ་དབང་རྒྱལ་དང་བཅུད་རྫ་གཡང་མོ་སྐྱིད།《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ།》 【M】 མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ1པའི་དཔར་གཞི་དང་པོ། P173

[v] དོན་གྲུབ་རྒྱལ། 《བོད་ཀྱི་མགུར་གླུ་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་བསྡུས་པར་སྟོན་པ་རིག་པའི་ཁྱེའི་རྣམ་པར་རྩེན་པའི་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ།》【M】མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ5པའི་དཔར་ཐེངས་དང་པོ། P5-7

[vi]  《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྒྲིགས། 《དཔྱད་རྩོམ་ཚངས་པའི་ཐིག་རིས།》 【G】མཚོ་སྔོན་རིགས་དཔེ་སྐྲུན་ཁང་། 2001ལོའི་ཟླ6པར་དཔར་ཐེངས་དང་པོ། P86

[vii]  《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྒྲིགས། 《དཔྱད་རྩོམ་ཚངས་པའི་ཐིག་རིས།》 【G】མཚོ་སྔོན་རིགས་དཔེ་སྐྲུན་ཁང་། 2001ལོའི་ཟླ6པར་དཔར་ཐེངས་དང་པོ། P87

[viii]  《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྒྲིགས། 《དཔྱད་རྩོམ་ཚངས་པའི་ཐིག་རིས།》 【G】མཚོ་སྔོན་རིགས་དཔེ་སྐྲུན་ཁང་། 2001ལོའི་ཟླ6པར་དཔར་ཐེངས་དང་པོ། P112

[ix] གཉའ་གོང་དཀོན་མཆོག་ཚེ་བརྟན།  《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་འདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་།》 【M】 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན 2004ལོའི་ཟླ4པར་དཔར་ཐེངས་དང་པོ།། P18

[x] རེབ་གོང་རྡོ་རྗེ་མཁར། 《བོད་ཀྱི་རྩོམ་རིག་ལོ་རྒྱུས།》དེབ་དང་པོ།  【M】 བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།  2013ལོའི་ཟླ10པར་དཔར་ཐེངས་དང་པོ། P55

[xi] རེབ་གོང་རྡོ་རྗེ་མཁར། 《བོད་ཀྱི་རྩོམ་རིག་ལོ་རྒྱུས།》དེབ་དང་པོ།  【M】 བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།  2013ལོའི་ཟླ10པར་དཔར་ཐེངས་དང་པོ། P253

[xii] གྱི་ལང་འཇིགས་མེད།  《ལོ་རྒྱུས་ཀྱི་གསང་བ།》 【M】 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ12པོར་དཔར་ཐེངས་དང་པོ། P28

[xiii] 朱光潜 《诗论》 【M】  岳麓书社  第1版 (2010年1月1日) P136

[xiv] 1994ལོའི《ཀྲུང་གོའི་བོད་རིག་པ།》 【G】དེབ་གཉིས་པ།  P46

[xv]  1994ལོའི《ཀྲུང་གོའི་བོད་རིག་པ།》 【G】དེབ་གཉིས་པ།  P442

[xvi] འཇུ་སྐལ་བཟང་། 《བོད་ཀྱི་སྙན་ངག་གི་རྒྟུན་འཛིན་དང་འཕེལ་རྒྱས་སྐོར་རགས་ཙམ་གླེང་བ་གཟུར་གནས་རིག་པའི་འཇུག་ངོགས།》  【M】 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1990ལོའི་དཔར་ཐེངས་དང་པོ། P30

[xvii] དུང་དཀར་བློ་བཟང་འཕྲིན་ལས། 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།》 【M】 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ2པོར་དཔར་ཐེངས་བདུན་པ། P25

[xviii] རྡོ་དགོན་གསང་བདག་རྡོ་རྗེ། 《རྡོ་དགོན་གསང་བདག་རྡོ་རྗེའི་དཔྱད་རྩོམ་ཕྱོགས་སྒྲིག》【M】མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ3པོར་དཔར་ཐེངས་དང་པོ། P252-253

[xix] བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས།《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། སྟོད་ཆ》 【M】མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ2པོར་དཔར་ཐེངས་དང་པོ། P289

[xx] དུང་དཀར་བློ་བཟང་འཕྲིན་ལས། 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།》 【M】 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ2པོར་དཔར་ཐེངས་བདུན་པ། P213-214

[xxi] བློ་བཟང་ཆོས་གྲགས་དང་བསོད་ནམད་རྩེ་མོས་བསྒྲིགས།《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། སྟོད་ཆ》 【M】མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ2པོར་དཔར་ཐེངས་དང་པོ། P285

[xxii] དུང་དཀར་བློ་བཟང་འཕྲིན་ལས། 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།》 【M】 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ2པོར་དཔར་ཐེངས་བདུན་པ། P334

[xxiii] རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་བརྩམས། 《རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་བཞུགས་སོ། ༼བ༽ །》 【M】  གངས་ཅན་ཁྱད་ནོར་དཔེ་ཚོགས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། ཀྲུང་གློའི་བོད་རིག་པ་དཔེ་སྐྲུན་ཁང་གིས2012ལོའི་ཟླ་12པར་པར་ཐེངས་དང་པོ་བཏབ།P365

[xxiv] ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ། 《ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།》བླ་བྲང་དཔར། P207

[xxv] བསེ་ཚང་བློ་བཟང་དཔལ་ལྡན། 《ཚངས་སྲས་བཞད་པའི་སྒྲ་དབྱངས།》 【M】 མི་རིགས་དཔེ་སྐྲུན་ཁང་། 2001ལོའི་ཟླ1པོར་དཔར་ཐེངས་དང་པོ། P21

[xxvi] ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ། 《ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།》བླ་བྲང་དཔར། P185

[xxvii] ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ། 《ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།》བླ་བྲང་དཔར། P197

[xxviii] འཇུ་སྐལ་བཟང་། 《བོད་ཀྱི་སྙན་ངག་གི་རྒྟུན་འཛིན་དང་འཕེལ་རྒྱས་སྐོར་རགས་ཙམ་གླེང་བ་གཟུར་གནས་རིག་པའི་འཇུག་ངོགས།》  【M】 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1990ལོའི་དཔར་ཐེངས་དང་པོ། P25

[xxix] 《སྦྲང་ཆར》 【G】 2004ལོའི་དེབ་དང་པོ། P118

དཔྱད་གཞིའི་ཡིག་ཆ། 

1.འཇུ་སྐལ་བཟང་། 《བོད་ཀྱི་སྙན་ངག་གི་རྒྱུན་འཛིན་དང་འཕེལ་རྒྱས་སྐོར་རགས་ཙམ་གླེང་བ་གཟུར་གནས་རིག་པའི་འཇུག་ངོགས།》  【M】 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1990ལོའི་དཔར་ཐེངས་དང་པོ།

2.འབའ་སྟོད་པདྨ་དབང་རྒྱལ་དང་བཅུད་རྫ་གཡང་མོ་སྐྱིད།《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ།》 【M】 མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ1པོའི་དཔར་གཞི་དང་པོ།

3.《སྦྲང་ཆར།》 【G】  1993ལོའི་དེབ་གསུམ་པ།

4.དོན་གྲུབ་རྒྱལ། 《བོད་ཀྱི་མགུར་གླུ་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་བསྡུས་པར་སྟོན་པ་རིག་པའི་ཁྱེའི་རྣམ་པར་རྩེན་པའི་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ།》 【M】 མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ5བའི་དཔར་ཐེངས་དང་པོ།

5.《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྒྲིགས། 《དཔྱད་རྩོམ་ཚངས་པའི་ཐིག་རིས།》 【G】མཚོ་སྔོན་རིགས་དཔེ་སྐྲུན་ཁང་། 2001ལོའི་ཟླ6པའི་དཔར་ཐེངས་དང་པོ།

6.གཉའ་གོང་དཀོན་མཆོག་ཚེ་བརྟན།  《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་འདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་།》 【M】 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན 2004ལོའི་ཟླ4བའི་དཔར་ཐེངས་དང་པོ།

7.རེབ་གོང་རྡོ་རྗེ་མཁར། 《བོད་ཀྱི་རྩོམ་རིག་ལོ་རྒྱུས།》དེབ་དང་པོ།  【M】 བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།  2013ལོའི་ཟླ10པར་དཔར་ཐེངས་དང་པོ།

8.གྱི་ལང་འཇིགས་མེད།  《ལོ་རྒྱུས་ཀྱི་གསང་བ།》 【M】 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ12པའི་དཔར་ཐེངས་དང་པོ།

9.朱光潜 《诗论》 【M】  岳麓书社  第1版 (2010年1月1日)

10.《ཀྲུང་གོའི་བོད་རིག་པ།》 【G】1994ལོའི་དེབ་གཉིས་པ།

11.དུང་དཀར་བློ་བཟང་འཕྲིན་ལས། 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།》 【M】 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ2པའི་དཔར་ཐེངས་བདུན་པ།

12.རྡོ་དགོན་གསང་བདག་རྡོ་རྗེ། 《རྡོ་དགོན་གསང་བདག་རྡོ་རྗེའི་དཔྱད་རྩོམ་ཕྱོགས་སྒྲིག》 【M】མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ3པའི་དཔར་ཐེངས་དང་པོ།

13.བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས།《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། སྟོད་ཆ། 》 【M】མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ2པའི་དཔར་ཐེངས་དང་པོ།

14.རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་བརྩམས། 《རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་བཞུགས་སོ། ༼བ༽ །》 【M】  གངས་ཅན་ཁྱད་ནོར་དཔེ་ཚོགས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། ཀྲུང་གློའི་བོད་རིག་པ་དཔེ་སྐྲུན་ཁང་གིས2012ལོའི་ཟླ12པའི་པར་ཐེངས་དང་པོ་བཏབ།

15.ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ། 《ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།》བླ་བྲང་དཔར།

16.བསེ་ཚང་བློ་བཟང་དཔལ་ལྡན། 《ཚངས་སྲས་བཞད་པའི་སྒྲ་དབྱངས།》 【M】 མི་རིགས་དཔེ་སྐྲུན་ཁང་། 2001ལོའི་ཟླ1པོའི་དཔར་ཐེངས་དང་པོ།

17.《སྦྲང་ཆར》 【G】 2004ལོའི་དེབ་དང་པོ།

– – – – –

Loading

1 མཆན་བུ།

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།