ཕག་མོ་གྲུ་པའི་སྲིད་དབང་འཛུགས་སྐབས་ཧོར་གྱི་རྒྱབ་སྐྱོར་ཡོད་མེད་ལ་ཅུང་ཟད་དཔྱད་པ།    

0
545

ནང་དོན་གནད་བསྡུས།

དཔྱད་རྩོམ་འདིའི་ནང་དུ་རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་དང་། དེབ་ཐེར་དམར་པོ། རྒྱ་བོད་ཡིག་ཚང་ཆེན་མོ། ལྷོ་རོང་ཆོས་འབྱུང་སོགས་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཇི་སྙེད་ཅིག་ལ་ཁུངས་བཅོལ་ཏེ། དུས་རབས་བཅུ་བཞི་པའི་ནང་དུ་ཕག་གྲུའི་བྱང་ཆུབ་རྒྱལ་མཚན་གྱིས་ཧོར་གོང་མའི་རྒྱབ་སྐྱོར་ལ་མ་བརྟེན་པར། རང་གི་འཇོན་ཐང་འབའ་ཞིག་ལ་བརྟེན་ནས་ས་སྐྱའི་ལག་ནས་སྲིད་དབང་ཕྲོགས་ཏེ་ཕག་གྲུའི་སྲིད་དབང་བཙུགས་ཚུལ་སྐོར་འཁོད་ཡོད།

   གནད་ཚིག   ཕག་གྲུ། ས་སྐྱ། ཧོར།  སྲིད་དབང་། རྒྱབ་སྐྱོར།

 ས་བཅད་དང་པོ། སི་ཏུས་ཕག་གྲུའི་སྲིད་དབང་བཙུགས་ཚུལ་ལ་དཔྱད་པ།
ནང་གསེས་ལེ་ཚན་དང་པོ། ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱི་ལོ་རྒྱུས་སྙིང་བསྡུས།

དེ་ཡང་སྐབས་སུ་བབས་པ་དཔལ་ལྡན་ཕག་མོ་གྲུ་པའི་སྲིད་དབང་ཐོག་མར་འཛུགས་མཁན་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་ཞེས་བྱ་བ་གང་ནི། རླངས་ཀྱི་རིགས་རྒྱུད་འབྲི་གུང་པའི་དཔོན་རིན་ཆེན་སྐྱབས་ལ་སྐུ་ལྕམ་གཉིས་ཡོད་པ་ལས། ཆུང་བ་ཁྲ་སྨོན་འབུམ་སྐྱིད་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་སྟག་སྟེ་ཕྱི་ལོ་ ༡༣༠༢ ལོར་སྐུ་འཁྲུངས།[1] བླ་མ་མཉམ་མེད་པ་གཙོས་བཤེས་གཉེན་དུ་མ་བསྟེན་ནས་སློབ་གཉེར་མཛད་པས་མཁྱེན་པ་རྒྱས། དགུང་ལོ་བཅུ་དགུར་སོན་སྐབས་རབ་བྱུང་ལྔ་པའི་ལྕགས་བྱ་ ༡༣༢༡ ལོར་ས་སྐྱའི་དཔོན་ཆེན་ཏི་ཤྲི་ཀུན་དགའ་བློ་གྲོས་ཀྱིས་ཕག་གྲུའི་ཁྲི་དཔོན་དུ་བསྐོས་ཤིང་། དེའི་ཕྱི་ལོར་ཁུ་བོ་རྒྱལ་མཚན་སྐྱབས་ཁྲི་ལས་ཕབ་སྟེ་སྣེ་གདོང་རྫོང་རྩིས་བླངས། སི་ཏུ་ཕག་གྲུའི་དཔོན་སར་བསྡད་པ་ནས་བཟུང་ཀུན་དང་འགྲོགས་ཤེས་བྱས་[2]ཀྱང་། ཁྱིམ་མཚེས་དབང་ཤེད་ཅན་གཡའ་བཟང་དང་ཚལ་པ་འབྲི་གུང་སོགས་ཀྱིས་བརྙས་ཏེ་ཕག་གྲུའི་ལུས་སྲོག་དང་མི་སྡེ་སོགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་[3] ཁར། ས་སྐྱའི་དཔོན་ཆེན་ཡང་དེ་ཚོའི་ཕྱོགས་སུ་ལངས་ཏེ། སྔ་ཕྱིར་མནར་གཅོད་ཐེངས་མང་བཏང་བས་འུ་ཐུག[4]་སྟེ།  རབ་བྱུང་དྲུག་པའི་ས་བྱི་ ༡༣༤༨ ལོར་དམག་བརྒྱབ་ནས་ཚལ་པ་བཅོམ། ལྕགས་སྟག་ ༡༣༥༢ ལོར་འབྲི་གུང་ཆམ་ལ་ཕབ།

 ཕྱི་ལོ་ ༡༣༥༤ ལོར་དཔུང་ས་སྐྱར་དྲངས་ནས་དབང་དུ་བསྡུས། དཔོན་ཆེན་རྒྱལ་བཟང་བཙོན་ནས་བཏོན་པར་མ་ཟད། ནང་ཆེན་དབང་བརྩོན་གསོན་བཟུང་བྱས་ཏེ་ས་སྐྱའི་སྲིད་དབང་འཕྲོགས། ལ་སྟོད་ལྷོ་བྱང་དང་མངའ་རིས་སྐོར་གསུམ་མདོ་སྟོད་སྨད་ཀུན་ལ་ས་མི་ཞིབ་དཔྱོད་བཏང་སྟེ་ཕག་གྲུའི་སྲིད་དབང་བཙུགས་པ་ཤེས་སུ་འཇུག་ཆེད་བཀའ་ལུང་བསྒྲགས།[5]  ས་ཁྱི་ ༡༣༥༨ ལོར་ས་སྐྱའི་སྲིད་དབང་གི་ལྷག་མ་ལྟ་བུ་དེ་ཡང་རྨེག་མེད་བཏང།[6] ཕྱི་ལོ་ ༡༣༦༡ ལོར་ཕག་གྲུའི་རྗེས་རབས་པར་ཕན་ཆེད་བཀའ་ཆེམས་མཐོང་བ་དོན་ལྡན་བརྩམས།[7] དགུང་ལོ་དྲུག་ཅུ་རེ་གསུམ་རབ་བྱུང་ ༦ པའི་ཤིང་འབྲུག་ ༡༣༦༤ ལོར་ཧོར་ཟླ་བཅུ་པའི་ཚེས་ཉེར་བདུན་ལ་སྣེ་གདོང་དགའ་ལྡན་རྩེར་སྐུ་གྲོངས་པ་ཞིག་རེད་འདུག[8]

ནང་གསེས་ལེ་ཚན་གཉིས་པ། ཕག་གྲུའི་སྲིད་དབང་ཇི་ལྟར་བཙུགས་པའི་བརྒྱུད་རིམ།

ཕྱི་ལོ་ ༡༣༢༢ ལོར་སི་ཏུས་ཁུ་བོ་རྒྱལ་མཚན་སྐྱབས་ཁྲི་ལས་ཕབ་ནས་ཕག་གྲུའི་ཁྲི་དཔོན་ལ་བསྡད་རྗེས། སྔར་ཁུ་བོའི་སྐབས་གཡའ་བཟང་པས་ཕྲོགས་པའི་སྡེ་མི་ཁྱིམ་རྣམས་དཔུང་ཤུགས་ཀྱིས་ཕྱིར་བླངས་ཀྱང་། གཡའ་བཟང་པའི་རྒྱབ་ཏུ་ཚལ་པ་དང་འབྲི་གུང་སོགས་དབུས་ཀྱི་ཁྲི་སྐོར་ཆེ་ཤོས་འགའ་ལངས་པར་མ་ཟད། ས་སྐྱའི་དཔོན་ཆེན་ཡང་གཡའ་བཟང་པའི་ཕྱོགས་སུ་འཁྱོག་པས། རེ་ཞིག་སི་ཏུ་རང་ཉིད་ལ་སྔར་ཐོབ་པ་དེ་ཚོ་ཕྱིར་གཡའ་བཟང་པར་རྩིས་སྤྲད་དེ་ཕམ་ཁ་མི་འཁུར་ཀ་མེད་བྱུང་།[9]

ཕྱི་ལོ་ ༡༣༤༥ ལོར་ས་སྐྱའི་དཔོན་ཆེན་དབང་བརྩོན་པའི་དྲུང་དུ་གཡའ་ཕག་གཉིས་གྱོད་གཏུག་བྱས་པས། བདེན་ལུགས་ཕག་གྲུར་ཡོད་ཀྱང་། དཔོན་ཆེན་གཡའ་བཟང་པའི་ཕྱོགས་སུ་ལྷུང་སྟེ་སི་ཏུ་[10]ཕག་གྲུའི་ཁྲི་དཔོན་ལས་ཕབ་སྟེ། ས་སྐྱའི་ནང་མི་བསོད་ནམས་རྒྱལ་མཚན་བྱ་བ་ཕག་གྲུའི་ཁྲི་དཔོན་དུ་བསྐོ་རྩིས་བྱས་ཀྱང་། སི་ཏུས་ཁས་ལེན་མ་བྱས་པར་མ་ཟད་མཐའ་གཅིག་ཏུ་ངོ་རྒོལ་དྲག་པོ་བྱས།[11]

དེར་བརྟེན་དབང་བརྩོན་གྱིས་གཡོ་ཐབས་ལ་བརྟེན་ནས་སི་ཏུ་འཛིན་བཟུང་གིས་ཁྲི་དཔོན་གྱི་དབང་ཆ་ལེན་ཆེད་ཞག་བཅུ་དགུ་ཙམ་གྱི་རིང་གུང་ཐང་དུ་བཙོན་འཇུག་བྱས་[12]་ཏེ། “ཀོ་ཤག་བདུན་ཅུ་ཙམ་བརྒྱབ། ཚ་འཇུན་ཅི་ཡང་བྱས། བརྒྱལ་ནས་དབུགས་ཆད་པ་ཡང་ལན་གསུམ་ཙམ་བྱུང་་་་་་་་དེའི་སང་ཉིན།་་་་་་་་ཀོ་ཤག་ཀྱང་ཚན་ཆེར་བརྒྱབ། ཕོན་དུ་ཀོ་ཤག་ཀྱང་བརྒྱ་དང་སུམ་ཅུ་སོ་ལྔ་ཙམ་བརྒྱབ། རོ་སྟོད་ཀྱི་པགས་པ་ལན་གསུམ་བརྗེས། ཟླ་བ་གཅིག་ཙམ་དུ། ཁ་བུབ་མར་ཉལ་བ་མིན་པ་མ་ཤེས་”[13] པ་ཞིག་བཟོས་པ་སོགས་མནར་གཅོད་ཚད་མེད་བཏང་ཡང་། སི་ཏུས་སྔར་བཞིན་སྡུག་བསྲན་ཆེན་པོས་གཏན་ནས་ཁས་མ་བླངས་པར་མ་ཟད། ལྐོག་ཏུ་དམ་ཁ་(ཐམ་ག ཞིབ་འཇུག་པའི་མཆན།)སྟག་མགོ་ནོར་བུ་མ་མེར་བསྲེགས་པ་སོགས་བྱས་པས་ནང་ཆེན་དབང་བརྩོན་ལ་བྱ་ཐབས་ཟད། རྗེས་སུ་གཡའ་ཕག་གཉིས་ཡང་བསྐྱར་འཁྲུགས་པས་ཕག་གྲུར་རྒྱལ་ཁ་ཐོབ། གཡུལ་འཁྲུག་དེས་ཕག་གྲུའི་སྟོབས་ཤུགས་འཕེལ་བས་ས་སྐྱར་ཉེན་ཁ་ཡོད་པར་ཚོར་ནས་དཔོན་ཆེན་རྒྱལ་བཟང་གིས་ཕག་གྲུར་དཔུང་ཆེན་དྲངས། གཡའ་ཕག་གཉིས་དང་ཕག་གྲུའི་རྒྱབ་རོགས་ཐང་པོ་ཆེ་སོགས་བཅོམ་སྟེ། མི་སྡེ་རྣམས་ས་སྐྱའི་མངའ་ཞབས་སུ་ཐད་ཀར་འཇུག་རྩིས་བྱས་ཏེ། ཡང་བསྐྱར་སི་ཏུ་བཙོན་འཇུག་བྱས་ཏེ་ཟླ་འགའ་ལ་སྡུག་སྦྱོང་བཏང་ཚུལ་སྐོར།

དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། “དཔོན་ཆེན་རྒྱལ་བ་བཟང་པོས་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་དམག་ཡར་ལུང་དུ་དྲངས་ནས་རྗེས་སུ་སི་ཏུ་བར་ཆིངས་སྒྲིགས་བྱེད་རྒྱུར་ཁ་གཡར་ཏེ་སི་ཏུ་འཛིན་བཟུང་ཐོག་བཙོན་འཇུག་དང་། སྲོག་ལ་ཐུག་པའི་ཉེས་རྡུང་ཐེངས་ཁ་ཤས་བཏང་ཡང་། ཁྲི་དཔོན་གྱི་གོ་གནས་དང་ཐམ་ཀ་རྩིས་མ་སྤྲད་པར་རེ་ཞིག་བཙོན་འཇུག་བྱས།”[14] ཞེས་གསུངས་པ་ལྟར་དུ། ས་སྐྱའི་དཔོན་ཆེན་གྱིས་དྲང་པོ་མ་ཡིན་པའི་ཁྲིམས་འཁྱོག་མང་པོ་བྱས་ཏེ་སི་ཏུ་ནག་པོ་བཟོ་ཐབས་ལ་ཤ་ཐང་ཐང་དུ་འབད་ཀྱང་། ས་སྐྱ་པར་ངལ་བ་འབྲས་མེད་ལས་ཕན་འབྲས་གང་ཡང་མ་ཐོབ།

སྐབས་དེར་སི་ཏུས་ཐབས་ཡག་པོ་ཞིག་དྲན་ནས། “མི་སྐྲག་ཀྱང་སྐྲག་པའི་ཚུལ་བྱས། མི་འདར་ཡང་འདར་བའི་ཚུལ་བྱས། ཕྱག་བཙལ་པུས་མོ་བཙུགས་ནས། དཔོན་ཆེན་བྱང་ཆུབ་སེམས་དཔའ། ཐུགས་དགོངས་ནམ་མཁའ་དང་འདྲ་བ་”[15]ཞེས་བྱུང་བ་ལྟར། ཇུས་དང་ཐབས་ལ་བརྟེན་ནས་དགྲ་སྡེ་རྣམས་བསླུ་ཐུབ་པ་བྱུང་། སྔར་ནས་ཧོར་གཞོན་ནུ་བཟང་པོ་སོགས་སྣེ་གདོང་རྩེའི་མགོ་བྱས་རྣམས་ལ།“སྔར་ཁ་ཏ་གང་བྱས་རྣམས་དྲན་པས་ཟིན་པར་གྱིས་ལ། དེའི་སྟེང་དུ་གནས་པར་གྱིས། ད་ངའི་ཚིག་ཅི་བྱུང་ཡང་བདེན་པ་མ་ཡིན་ནོ་”[16]ཞེས་ལྐོག་ཏུ་མངགས་བཅོལ་བྱས་པ་ལྟར། ཕག་གྲུའི་ཁྲི་སྐོར་གྱི་དབང་བསྒྱུར་གྱི་ལྟེ་བའམ་མཚོན་རྟགས་གལ་ཆེན་ཏེ། གཞིས་ཀ་སྣེ་གདོང་རྩེ་དེ་ཧོར་གཞོན་བཟང་སོགས་ཀྱིས་བློས་མ་བཏང་བར། ས་སྐྱའི་དྲང་བདེན་མ་ཡིན་པའི་ཁྲིམས་འཁྱོག་ལ་ངོ་རྒོལ་དྲག་པོ་བྱས་པར་བརྟེན། ལོ་རྒྱུས་སྨྲ་བས་ཕག་གྲུའི་སྲིད་ཀྱི་རྩ་བ་མི་འཆོར་བའི་ཇུས་གཞི་བརྟན་པོ་ཚུགས་ཞེས་གྲགས།[17]

སྐབས་དེ་ཤེད་དུ་ཕག་གྲུར་སྟབས་ལེགས་པ་ཞིག་ལ། ས་སྐྱའི་དཔོན་རིགས་ནང་ཁུལ་དུ་དཔོན་ཆེན་རྒྱལ་བཟང་དང་ནང་ཆེན་དབང་བརྩོན་གཉིས་བར་དབང་ཆ་འཐབ་རྩོད་བྱུང་བས། རྒྱལ་བཟང་པས་སི་ཏུ་རང་གི་རྒྱབ་རོགས་སུ་རེ་ནས་ལྐོག་ཏུ་བཙོན་གྲོལ་བཏང་བར་བརྟེན། སི་ཏུས་ས་སྐྱའི་ནང་ཁུལ་མ་འཆམ་པའི་གླགས་དང་བསྟུན་ཏེ། རང་གི་སྟོབས་ཤུགས་སླར་གསོ་དང་རྒྱ་བསྐྱེད་བྱས་ཁར་གཡའ་བཟང་པར་འཐབས་ནས་དབང་དུ་བསྡུས་པར་མ་ཟད། ཐང་པོ་ཆེ་ལའང་དམག་དྲངས་ནས་བཅོམ། དེར་བརྟེན་ནང་ཆེན་དབང་བརྩོན་གྱིས་གཙང་དམག་དབུས་ཕྱོགས་སུ་དྲངས་པ་ཕག་གྲུའི་དམག་གིས་རེ་རེ་བཞིན་ཚར་བཅད།[18]

ཆུ་འབྲུག་ ༡༣༥༢ ལོར་ཚལ་པ་ཀུན་དགའ་རྡོ་རྗེའི་སྲིད་དབང་ཕག་གྲུར་་ཤོར་ནས་ཁྱིམ་སྤངས་ནས་བསྙེན་རྫོགས་བསྒྲུབས།[19] འབྲི་གུང་སྒོམ་པ་ཀུན་རྡོར་གྱི་བྱས་ཉེས་ཀྱིས་ཕག་འབྲི་བར་འཁྲུག་རྩོད་མང་དུ་བྱུང་།[20] མཐར་ ༡༣༥༢ ལོར་འབྲི་གུང་ཕམ། ས་སྐྱའི་ནང་ཁུལ་བླ་བྲང་ཁག་བཞིར་གྱེས་ནས་ནང་མ་མཐུན་པའི་གླགས་དང་བསྟུན་ནས།[21]  ཕྱི་ལོ་ ༡༣༥༤ ལོར་དམག་འཐབ་མ་དགོས་པར་འཇིགས་ཟིལ་ཁོ་ནས་ས་སྐྱ་དབང་དུ་བསྡུས།

རྒྱལ་བཟང་བཙོན་འགྲོལ་དང་ནང་ཆེན་དབང་བརྩོན་གསོན་བཟུང་གིས་ས་སྐྱའི་སྲིད་དབང་རྨེག་མེད་བཟོས་ཏེ། ཕག་གྲུའི་སྲིད་དབང་བཙུགས་པ་ཤེས་སུ་འཇུག་ཆེད་དབུས་གཙང་ཁྲི་སྐོར་བཅུ་གསུམ་གཙོས་བོད་ཁམས་སྟོད་སྨད་ཀུན་ལ་ས་མི་ཞིབ་དཔྱོད་དང་བཀའ་ལུང་བསྒྲགས།[22] ས་ཁྱི་ ༡༣༥༨ ལོར་“ཏཱ་སི་ཏུ”་ཞེས་པའི་ཆོ་ལོ་དེ་ཧོར་རྒྱལ་ཐ་མ་ཐོ་གན་ཐེ་མུར་གྱི་ས་ནས་ཐོབ།[23]

འོན་ཀྱང་། དེ་ནི་ཡོན་རྒྱལ་རབས་ཀྱི་ངོས་ནས་ཕག་གྲུ་བས་ས་སྐྱའི་ཚབ་ཏུ་བོད་ལ་དབང་བསྒྱུར་ངོས་ལེན་ཡོད་ཚུལ་མཚོན་པ་ཙམ་ལས། དེའི་སྐབས་ཀྱི་ཕག་གྲུ་ཧོར་གྱི་དབང་བསྒྱུར་འོག་ཏུ་ཡོད་པ་སྒྲུབ་མི་ཐུབ་སྟེ། ཧོར་རྒྱལ་གྱིས་བྱང་ཆུབ་རྒྱལ་མཚན་ལ“ཏཱ་སི་ཏུ”ཞེས་པའི་ཆོ་ལོ་བསྐུར་དུས་སི་ཏུ་རང་གིས་བརྩམས་པའི་བཀའ་ཆེམས་ལ་གཞིགས་ན། ས་ཁྱི་ ༡༣༥༨ ལོ་ཡིན་པར་ཤེས་ཐུབ་ཅིང་། དེ་ནི་ཕག་གྲུའི་སྲིད་དབང་བཙུགས་ནས་ལོ་གསུམ་ལྷག་འགོར་བའི་རྗེས་སུ་ཁེལ་འདུག་པར་ཚོད་དཔག་བྱེད་ཐུབ།

དེའི་རྗེས་སོར་ཤིང་འབྲུག་ ༡༣༦༤ ལོར་ཏཱ་སི་ཏུ་གྲོངས་པའི་ལོ་ཕྱི་མར། ཁོང་གི་དབོན་ཚ་བསོད་ནམས་བཟང་པོ་དང་ལྕམ་ཆུང་བ་ཉེ་དུ་མ་གཉིས་ཀྱི་སྲས། འཇམ་དབྱངས་གུ་ཤྲི་ཤཱཀྱ་རྒྱལ་མཚན་ཤིང་སྦྲུལ་ ༡༣༦༥ ལོ་སྣེ་གདོང་གི་ཁྲིར་ཕེབས་ནས་སི་ཏུའི་ཚབ་ཏུ་ཕག་གྲུའི་སྡེ་སྲིད་ཁྲི་རབས་གཉིས་པ་གནང།[24] འདི་པར། “ཧོར་རྒྱལ་པོས་ཏའི་སི་ཏུ། ཆིང་གུའི་གུང་། ཀོན་དིང་གུ་ཤྲི་ལ་སོགས་ཀྱི་ཐམ་ཀ་དང་། བོད་ཆོལ་ཁ་གསུམ་དུ་བསྐོ་འབེབས་ལ་སོགས་ཅི་བྱས་ཀྱང་། རྒྱུད་པ་དང་བཅས་པ་ཤེས་སུ་ཆུག་”[25] ཅེས་པའི་འཇའ་ས་གནང་ཚུལ་རྟ་ཚག་ཚེ་དབང་རྒྱལ་གྱིས་འཁོད་འདུག

འོན་ཀྱང་གཞིས་བཞུགས་ཀྱི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཕུན་ཚོགས་ཚེ་རིང་དང་རྒྱལ་མོ་འབྲུག་པ་རྣམ་གཉིས་ཀྱིས། ཕྱི་ལོ་ ༡༣༧༢ ལོར་ཏཱ་མིང་གོང་མ་དང་པོ་ཀྲུའུ་ཡོན་ཀྲང་གིས་སྡེ་སྲིད་གཉིས་པ་འཇམ་དབྱངས་ཤཱཀྱ་རྒྱལ་མཚན་ལ་“ཀོན་དིང་གུ་ཤྲི”་ཞེས་པའི་ཆོ་ལོ་སྤྲད་[26]ཚུལ་འཁོད་འདུག་པས། ཁོ་བོས་ཀྱང་། “ཀོན་དིང་གུ་ཤྲི་ལ་སོགས་ཀྱི་ཐམ་ཀ་དང་། བོད་ཆོལ་ཁ་གསུམ་དུ་བསྐོ་འབེབས་ལ་སོགས་ཅི་བྱས་ཀྱང་། རྒྱུད་པ་དང་བཅས་པ་ཤེས་སུ་ཆུག”ཅེས་པའི་ཆོ་ལོ་དེ།  ཆུ་བྱི་ ༡༣༧༢ ལོ་སྟེ་ཡོན་རྒྱལ་རབས་ཀྱི་ཧོར་གྱི་སྲིད་དབང་རྒྱ་ལ་ཤོར་ནས་ལོ་བཞི་འགོར་སྐབས། རྒྱ་ནག་གི་ཏཱ་མིང་གོང་མ་དང་པོ་ཀྲུའུ་ཡོན་ཀྲང་གིས་ཕག་གྲུའི་སྡེ་སྲིད་གཉིས་པ་འཇམ་དབྱངས་ཤཱཀྱ་རྒྱལ་མཚན་ལ་ཧོར་དུས་ལྟར་ངོས་འཛིན་ཆེ་མཐོང་གི་ཚུལ་དུ་བསྐུར་བ་ཞིག་ཡིན་པར་མངོན་ལ། མིང་ཙམ་ལས་ཇུས་གཏོགས་བྱེད་དབང་ཧ་ལམ་མེད་པའི་ཆོ་ལོ་དང་འཇའ་ས་སྟོང་པ་འདི་ཙམ་གྱིས་བོད་རྒྱ་འོག་ཡིན་པར་སྒྲུབ་པ་ནི་གཟི་བརྗིད་ཁོག་སྟོང་གི་གཏམ་ཁོ་ན་ཡིན་པར་འཁུམས་ཏེ། གང་ལགས་ཤེ་ན། མིང་གི་ལོ་རྒྱུས་དེབ་ཐེར་(明史)དུ།  སྐབས་དེར་མིང་རྒྱལ་རབས་ཀྱིས་ཆོ་ལོ་སྤྲད་མྱོང་སའི་རྒྱལ་ཁབ་ནི་བོད་ཙམ་དུ་མ་ཟད། ཤར་ཕྱོགས་ཀྱི་ཉི་ཧོང་(Japan)དང་ནུབ་ཕྱོགས་ཀྱི་ཧྥ་རན་སི།(France) སན་ཧྥོ་ཆི།(Indonesia and Malaysia) ཀྲན་ཁྲིན་(Vietnam)སོགས་བཅུ་ཕྲག་ཁ་ཤས་ཡོད་ཚུལ་གསལ་འདུག[27]་པས་སོ།།

 ནང་གསེས་ལེ་ཚན་གསུམ་པ།  ཡོན་གོང་མས་དུས་ནམ་ཞིག་ལ་སི་ཏུར་འཇའ་ས་སྤྲད་ཚུལ་སྐོར།

དེ་ཡང་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་སྔ་ཕྱིར་ལོ་བཞི་བཅུ་ཙམ་ལ་བོད་ཀྱི་སྲིད་བསྐྱངས་པའི་བརྒྱུད་རིམ་ཁྲོད། དགུང་ལོ་ཉི་ཤུའམ་རང་ལོ་བཅུ་དགུ་ལ་སོན་པའི་ཕྱི་ལོ་ ༡༣༢༡ ལ་ཕག་གྲུའི་ཁྲི་དཔོན་བྱས། ཕྱི་ལོ་ ༡༣༥༢ ལོར་སྔར་མེད་པའི་ཕག་གྲུ་བཀའ་བརྒྱུད་ཀྱི་བཤད་གྲྭ་ཆེན་མོ་གདན་ས་རྩེ་ཐང་བཏབ། (དེའི་ཚུལ་ལྷོ་བྲག་ཆོས་འབྱུང་ལས།“ཕྱིས་དབོན་རིན་ཆེན་སྐྱབས་ཀྱི་སྲས་ཏ་སི་ཆེན་པོ་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་གི་བདག་པོ་ལོ་བཞི་བཅུ་ཙམ་མཛད་ཅིང་རྩེས་དང་བཏབ།”[28] ཅེས་བྱུང་།)  ཤིང་རྟ་ ༡༣༥༤ ལོར་ཕག་གྲུའི་སྲིད་དབང་དབུ་བརྙེས། དབུས་གཙང་ཁྲི་སྐོར་བཅུ་གསུམ་གཙོས་བོད་སྟོད་སྨད་བར་གསུམ་ལ་དབང་བསྒྱུར་བར་གྲགས།[29] ས་ཁྱི་ ༡༣༥༨ ལོར་ས་སྐྱའི་དཔོན་ཆེན་དབང་བརྩོན་གསོན་བཟུང་དང་རྗེས་འབྲང་ནག་ཉེས་ཅན་བཞི་བརྒྱ་སྐོར་ཞིག་མིག་ཕྱུང་བ་སོགས་ཁྲིམས་ཀྱིས་ཚར་བཅད་པར་མ་ཟད། ས་སྐྱའི་སྲིད་དབང་གི་ལྷག་ལུས་ལྟ་བུ་དེ་ཡང་དེ་ནས་བཟུང་གཙང་མ་བཟོས།[30]

སྐབས་དེ་ཙམ་ལ་རྒྱ་ནག་གི་འབྲི་ཆུའི་ལྷོ་རྒྱུད་ས་ཁུལ་དུ་ཞིང་པའི་འོས་ལངས་དམག་དཔོན་ཀྲུའུ་ཡོན་ཀྲང་སོགས་ཀྱིས་ངོ་ལོག་དྲག་ཟིང་གིས། ཉིན་རེ་བཞིན་སྟོབས་ཤུགས་ཉམས་རྒུད་དུ་འགྲོ་བཞིན་པའི་ཧོར་གོང་མ་ཐ་མའམ་རྒྱལ་ཐོག་ ༡༥ པ་ཐོ་གན་ཐེ་མུར་གྱིས་གསེར་ཡིག་པ་ཞིག་བོད་ལ་བཏང། སི་ཏུར་ཁྲི་དཔོན་གྱི་མཚན་གནས་རང་འཇགས་དང་དམ་ཁས་གཟེངས་བསྟོད་དེ། ཡོན་རྒྱལ་རབས་ཀྱིས་རང་གི་མཆོད་གནས་ས་སྐྱ་པ་བློས་བཏང་སྟེ་ཕག་གྲུའི་སྲིད་དབང་ཁྲིམས་མཐུན་དུ་ངོས་འཛིན་བྱས།[31]

རབ་བྱུང་དྲུག་པའི་མེ་བྱ། ཕྱི་ལོ་ ༡༣༥༧ གྱི་ལོ་མགོར་རྒྱ་ནག་ཧྲིལ་བོར་མངའ་དབང་སྒྱུར་བའི་ཧོར་རྒྱལ་ཐ་མ་ཐོ་གན་ཐེ་མུར་གྱི་བཀའ་ལྟར། གསེར་ཡིག་པ་ཡི་ལའོ་དབེན་དཔོན་བྱ་བ་བོད་དུ་སླེབས། ཚལ་གུང་ཐང་དུ་བོད་མི་ཚོ་དང་མཉམ་དུ་ལོ་གསར་ལ་རོལ། དེ་ལ་སི་ཏུས་སྣེའུ་ནས་གཡོག་དཔའ་ཤི་ཚུལ་བཟང་དུ་འབོད་པ་བཏང་ནས་བསུས།  ཁོང་རང་ཉིད་ཀྱང་ཝུ་བ་གདོང་བྱ་བར་གུས་སྲོལ་ལྟར་ཆུ་ཁར་རྟར་བབས་ནས་བསུ་རུ་ཕྱིན།[32] དེ་ནི་ཕག་གྲུའི་སྲིད་དབང་གིས་དབུས་གཙང་ཁྲི་སྐོར་བཅུ་གསུམ་ལ་དབང་བསྒྱུར་ནས་བོད་ཡོངས་ལ་ས་མི་ཞིབ་དཔྱོད་བཏང་ནས་ལོ་ངོ་ཧྲིལ་བོ་གསུམ་འགོར་བའི་རྗེས་སུ་ཁེལ་འདུག་པས་སོ།།

ཚུལ་དེར་བརྟགས་ན། སི་ཏུས་རང་གི་བློ་གྲོས་དང་འཇོན་ཐང་ཁོ་ནར་བརྟེན་ནས་ས་སྐྱའི་སྲིད་དབང་ཕྲོགས་ཏེ་ཕག་གྲུའི་སྲིད་དབང་བཙུགས་པར་མ་ཟད། དབུས་གཙང་ཁྲི་སྐོར་བཅུ་གསུམ་གཙོས་བོད་ཡོངས་ལ་དབང་སྒྱུར་ཐུབ་པའི་སྟོབས་ཤུགས་ཡོད་པ་རྒྱང་རིང་ཏཱ་ཏུའུ་(དེང་གི་པེ་ཅིན་མཁར་དུ་ཡོད། ཞིབ་འཇུག་པའི་མཆན།)ཡི་ཧོར་གོང་མའི་སྙན་ལམ་དུ་ཡང་སོན་པས། འབྲི་ཆུ་ལྷོ་རྒྱུད་ཀྱི་རྒྱའི་ཞིང་པའི་དམག་གིས་དྲག་པོའི་འོས་ལངས་བསྟུད་མར་བསླངས་རྐྱེན།  སྔར་ཡབ་མེས་ཀྱི་རིང་གི་མོང་གྷོལ་བཙན་རྒྱལ་གྱི་ཟིལ་ཤུགས་དེ་ཉིན་རེ་བཞིན་མར་ངོའི་ཟླ་ལྟར་རྒུད་བཞིན་པའི་ཡོན་རྒྱལ་རབས་ཀྱི་ཧོར་རྒྱལ་ཐོ་གན་ཐེ་མུར་(༡༣༢༠-༡༣༧༠)གྱིས། སྔར་བཞིན་བོད་ལ་ཐེ་ཇུས་དང་བཀའ་བཀོད་མི་འགྲོ་བར་རྟོགས་ཏེ། རང་གི་མཆོད་གནས་ས་སྐྱ་པ་བློས་བཏང་སྟེ་བྱང་ཆུབ་རྒྱལ་མཚན་ལ། ཁྱེད་བླ་མ་འགྲོ་མགོན་འཕགས་པའི་གོ་སར་བཞུགས། ད་ནས་བཟུང་ཧོར་སྲིད་གཞུང་གི་ངོས་ནས་བོད་ཀྱི་དབང་ཆ་ཕག་གྲུར་དབང་བའི་ངོས་འཛིན་གྱི་འཇའ་ས་དང་ཆོ་ལོ་སྤྲོད་ཅེས་བཤད་ཡོད་པར་མངོན་ཏེ། སི་ཏུའི་བཀའ་ཆེམས་ལས། “གོང་མའི་ལུང་གིས། གོང་དུ་གདན་འདྲེན་གྱི་ཐུགས་གཙེར་མི་བྱེད་པས། གདན་ས་ཆེན་པོར། བླ་མ་འཕགས་པའི་གོ་ས་ལ་བཞུགས་གསུང་བའི་ལུང་བྱོན་པ་བཞིན།”[33] ཞེས་བྱུང་བ་ལས་གནས་ཚུལ་དངོས་ཤེས་རྟོགས་ཐུབ་ངེས།

ས་བཅད་གཉིས་པ། ཕག་གྲུའི་སྲིད་དབང་དུས་ནམ་ཞིག་ལ་བཙུགས་པ་དང་དེ་འཛུགས་སྐབས་ཧོར་གྱི་རྒྱབ་སྐྱོར་ཡོད་མེད་ལ་དཔྱད་པ།  
ནང་གསེས་ལེ་ཚན་དང་པོ། ཕྱི་ལོ་ ༡༣༥༨ གོང་ནས་ཕག་གྲུའི་སྲིད་དབང་དབུ་བརྙེས་ཚུལ།

དེའི་ཚུལ་ཡང་རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་ལས། “སྙིང་ཁྲག་ཏུ་སོང་ཞིང་ད་ཤི་ཡང་འགྱོད་པའི་ལས་མ་བྱས། ཐེལ་རྩེ་ནི་བསྲེགས་ཚར། ཨ་པོ་ཁྱེད་ཤེས་ནམ་ཡང་མི་ཞུ་”[34] ཞེས་སི་ཏུ་ས་སྐྱའི་སྲིད་དབང་ལ་རེ་ཐག་ཆད་དེ་སླད་ཕྱིན་ས་སྐྱར་ངོ་ལོག་གི་བསམ་བློ་འཁོར། དུས་དེ་ཙམ་ནས་བཟུང་ཕག་གྲུས་ས་སྐྱའི་བཀའ་ལ་ཇི་བཞིན་མ་བརྩིས་པར་མ་ཟད། ས་སྐྱའི་དཔོན་ཆེན་དང་ནང་ཆེན་གཉིས་མ་མཐུན་པའི་གླགས་དང་བསྟུན་ཏེ་སྔ་ཕྱིར་གཡའ་བཟང་པ་དང་ཐང་པོ་ཆེ་བཅོམ། ནང་ཆེན་དབང་བརྩོན་གྱིས་གཙང་དམག་དབུས་ལ་དྲངས་ཀྱང་། ལམ་ཁར་ཕག་གྲུའི་དམག་གིས་རེ་རེ་བཞིན་ཚར་བཅད་ནས་ཕམ་ཞིང་།[35] ཕྱི་ལོ་ ༡༣༤༨ ལོར་ཕག་གྲུས་ཚལ་པ་ཁྲི་སྐོར་དབང་དུ་བསྡུས།

ཕྱི་ལོ་ ༡༣༥༢ ལོར་འབྲི་གུང་ཆམ་ལ་ཕབ་རྗེས་དཔུང་ས་སྐྱར་དྲངས་ནས་དམག་འཐབ་མ་དགོས་པར་འཇིགས་ཟིལ་ཁོ་ནས་དབང་དུ་བསྡུས།[36] དཔོན་ཆེན་རྒྱལ་བཟང་བཙོན་ནས་བཏོན་ཏེ་ས་སྐྱའི་སྲིད་དབང་ཕྲོགས། ལ་སྟོད་ལྷོ་བྱང་དང་མངའ་རིས་སྐོར་གསུམ། མདོ་སྟོད་སྨད་ཀུན་ལ་ས་མི་ཞིབ་དཔྱོད་བཏང་། དེ་ལྟར་སྡེ་སྲིད་ཕག་མོ་གྲུ་པའི་གཞུང་བཙུགས་ནས་བོད་ཁྲི་སྐོར་བཅུ་གསུམ་སོགས་ལ་དབང་བསྒྱུར།

གོང་གསལ་གནས་ཚུལ་བྱུང་བའི་ལོ་དུས་ནི་ཕྱི་ལོ་ ༡༣༥༤ ལོ་ཡིན་པ་པཎ་ཆེན་བསོད་གྲགས་པའི་དེབ་དམར་གསར་མ་ལས། “ཤིང་རྟ་ལོར་ས་སྐྱ་པ་ནང་འཁྲུགས་ཏེ། བླ་བྲང་ཤར་པས་རྒྱལ་བ་བཟང་པོ་བཙོན་དུ་བཟུང་། དེའི་ཚེ་སི་ཏུ་བས་ཆེན་པོ་རིན་ཆེན་བཟང་པོས་གཙོས་པའི་དམག་གི་དཔུང་ཆེན་པོས་བསྡིགས་ནས་རྒྱལ་བ་བཟང་པོ་བཏོན་ཏེ། གཙང་གི་ས་ཆ་ཕལ་ཆེ་བའི་ཡང་བདག་མཛད། དེ་ནས་བཟུང་སྟེ་ཁྲི་སྐོར་བཅུ་གསུམ་པོ་རྣམས་ཀྱིས་དབུས་གཙང་དུ་གཉེར་དཔོན་བསྐོ་འབེབས་སོགས་ལ་སི་ཏུ་བ་མཁྱེན་པའི་ཐེའུ་ཚེ་ཕུལ་ཅེས་གྲགས།” ཞེས་བྱུང་བ་ལས་གསལ་བོར་རྟོགས་ཐུབ།

འོན་ཀྱང་། ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་སུ། རབ་བྱུང་ ༦ པའི་ས་ཁྱི་ ༡༣༥༨ ལོར་ཕག་གྲུའི་སྲིད་དབང་བཙུགས་ཞེས་འཁོད་འདུག[37]་ཀྱང་། སི་ཏུའི་བཀའ་ཆེམས་ལས་གསལ་བ་ལྟར་ན། “དམག་ཇུས་ལེགས། དཔོན་ཆེན་དབང་བརྩོན་བཟུང་། མི་ནག་ཆེ་བ་ཚན་ཆེར་བསད། བཞི་བརྒྱ་དྲུག་ཅུ་རྩ་བཞི་ཙམ་མིག་ཕྱུང་།”[38] ཞེས་ས་ཁྱི་ ༡༣༥༨ ལོར་ས་སྐྱའི་སྲིད་དབང་གི་ལྷག་ལུས་ལྟ་བུ་དེ་ཕག་གྲུས་གཙང་མ་བཟོས་པར་གོ་བ་ལེན་དགོས་པ་ལས། གོང་དུ་བཤད་ཟིན་པ་ལྟར། ཕྱི་ལོ་ ༡༣༥༤ ནས་ཕག་གྲུའི་གཞུང་བཙུགས་ནས་ཕྱི་ལོ་ ༡༣༥༨ བར་ལོ་གསུམ་ལྷག་འགོར་ཟིན་པར་མ་ཟད། སྐབས་དེར་ཕག་གྲུའི་གཞུང་ནི་གང་འཚམས་བབ་བརླིང་བརྟན་གསུམ་ཆགས་ཟིན་པར་ཡང་ཤེས་རྟོགས་ཐུབ་པར་འདུག

སི་ཏུས་ཤིང་རྟ་ ༡༣༥༤ ནས་ཤིང་འབྲུག་ ༡༣༦༤ བར་ཆབ་སྲིད་ལོ་བཅུ་བསྐྱངས་ནས་དབུས་གཙང་ཁྲི་སྐོར་བཅུ་གསུམ་སོགས་ལ་སུས་ཀྱང་མ་ཐུབ་པར་རིམ་གྱིས་དབང་བསྒྱུར།[39] དེར་བརྟེན། ཡོན་རྒྱལ་རབས་ཀྱིས་ས་སྐྱའི་ཚབ་ཏུ་ཕག་གྲུའི་སྲིད་དབང་ཁྲིམས་མཐུན་གཞུང་དུ་ངོས་འཛིན་མི་བྱེད་ཐབས་མེད་བྱུང་སྟེ། ཏཱ་སི་ཏུ་ཞེས་པའི་ཆོ་ལོ་ཆེན་པོ་དང་ཐམ་ཀ་སོགས་བསྐུར་རྗེས། ད་གཟོད་སི་ཏུས་ཧོར་གྱི་གསེར་ཡིག་པས་བསྐུལ་བ་ལྟར། དྲུང་ཆེན་ཤེས་རབ་བཀྲ་ཤིས་ཀྱིས་གཙོས་ཕག་གྲུའི་སྐུ་ཚབ་མི་སྣ་ཁ་ཤས་ཤིག་ས་སྐྱའི་ཕྱོགས་གཏོགས་ཚོས་ཧོར་རྒྱལ་ཐོ་གན་ཐེ་མུར་ལ། “རང་རེ་(ཕག་གྲུ་ལ་གོ་དགོས། ཞིབ་འཇུག་པའི་མཆན།)ངོ་ལོག །ས་སྐྱ་ལ་བརྒྱབ། ལྷ་ཁང་ཆེན་མོ་བཤིག་ནས་རྟ་ར་བྱས། ཆུ་མ་དབེན་གྱི་ཁྲིམས་ར་བླངས་ཟེར་བ་ལ་སོགས། ངན་སྣ་ཚོགས་ཞུས་འདུག”[40]་པ་གསེད་བཀྲོལ་ཆེད་དུ། ཧོར་གྱི་རྒྱལ་ས་ཏཱ་ཏུའུ་འམ་དེང་གི་པེ་ཅིན་མཁར་ལ་བཏང་བར་མངོན་ཡང་། དེ་ལ་ཧོར་རྒྱལ་གྱིས་སྐྱོན་འཛུགས་སོགས་གང་ཡང་བྱས་ཡོད་པར་མི་མངོན།[41]

དེའི་ཐད་སི་ཏུ་དང་དུས་ཐོག་མཉམ་ཞིང་འདས་ལོ་ཡང་ཁོང་དང་ལོ་གཅིག་ཏུ་ཁེལ་བའི་ཚལ་པའི་ཁྲི་དཔོན་ཀུན་དགའ་རྡོ་རྗེས།(༡༣༠༩-༡༣༦༤) ཕག་གྲུའི་སྡེ་སྲིད་བྱང་ཆུབ་རྒྱལ་མཚན་ལ། ཕྱོགས་ལྷུང་མེད་པའི་སྐབས་དེའི་དངོས་དོན་དང་མཐུན་པའི་གདེང་འཇོག་དོན་དང་མཐུན་པ་གནང་བ་ཞིག་ལ་བལྟས་ན་དོན་དངོས་ལྷང་ལ་འབུད་པར་ཕན་ཐོགས་པར་མངོན་ཏེ་གཤམ་གསལ་ལྟར།

“རིན་པོ་ཆེ་གྲགས་རྒྱལ་པའི་གཅུང་པོ་བྱང་ཆུབ་རྒྱལ་མཚན་ས་སྐྱར་བླ་མ་བདག་ཉིད་ཆེན་པོའི་དྲུང་དུ་བསྡད། མཉམ་མེད་པ་ལ་སློབ་གཉེར་མཛད། བླ་ཆེན་ཀུན་བློ་བོད་དུ་བྱོན་དུས། རྒྱལ་མཚན་སྐྱབས་ཕབ་ནས་ཁྲི་དཔོན་ལ་བསྐོས། རྟིང་ལ་ཙིང་དབང་རྒྱལ་པོའི་འཇའ་ས་ཐོབ། རྒྱལ་མཚན་སྐྱབས་ཀྱི་ཚ་བོ་བསོད་ནམས་རྒྱལ་མཚན་གྱིས་ལུང་གིས་བརྩད་ཅིང་། ཁྱོན་བསྐོ་བཞག་དང་། མཐོ་དམའ་མང་དུ་བྱུང་ཡང་སུས་ཀྱང་མ་ཐུབ་པར་རྒྱལ་ཁམས་དབང་དུ་བསྒྱུར་མི་འདི་ཡིན་ནོ།།”[42]

 ཞེས་བྱུང་། གོང་གསལ་ཚིག་དེ་དག་ལས་སི་ཏུར་ཧོར་གྱིས་རྒྱབ་སྐྱོར་བྱས་ཚུལ་ཚིག་ཟུར་ཙམ་ཡང་ཐོན་མེད་པར་མ་ཟད། དེ་ལས་ལྡོག་སྟེ། “སུས་ཀྱང་མ་ཐུབ་པར་རྒྱལ་ཁམས་དབང་དུ་བསྒྱུར་མི་འདི་ཡིན་ནོ།།” ཞེས་གདེང་འཇོག་གནང་སྟངས་ལ་ཞིབ་ན། སི་ཏུས་རང་སྟོབས་འབའ་ཞིག་གིས་ཕག་གྲུའི་སྲིད་དབང་བཙུགས་པ་ལས། ཡོན་རྒྱལ་རབས་སོགས་ཕྱིའི་སྟོབས་ཤུགས་ལ་ལག་མ་་བཟེད་པ་བློ་གཟུ་བོར་གནས་ན་ང་ཚོས་ཤེས་རྟོགས་བྱེད་ཐུབ།

གལ་སྲིད་སི་ཏུས་རང་གི་འཇོན་ནུས་ཀྱིས་ཕག་གྲུའི་སྲིད་དབང་བཙུགས་པ་མ་ཡིན་པར། ཧོར་གྱི་སྟོབས་ཤུགས་ལ་བརྟེན་ནས་ས་སྐྱའི་སྲིད་དབང་ཕྲོགས་ཡོད་པའི་དབང་དུ་བཏང་ན། དེབ་དམར་རྩོམ་པ་པོ་ཚལ་པ་ཀུན་དགའ་རྡོ་རྗེ་ནི་ཕྱི་ལོ་ ༡༣༤༨ ནས་ཕྱི་ལོ་ ༡༣༥༢ བར་ཕག་གྲུས་དམག་བརྒྱབ་ནས་གཞིས་དགོན་ཆབ་འབངས་དང་བཅས་པ་ཤོར་བའི་མི་ཞིག་རེད་འདུག་[43] པར་སོང་། ཁོང་གིས་སི་ཏུའི་ཞན་ཆ་དང་མ་འཇོན་པའི་སྐོར་སོགས་མི་འབྲི་བའི་རྒྱུ་མཚན་གང་ཡང་བཤད་དུ་མེད་དོ།།

ནང་གསེས་ལེ་ཚན་གཉིས་པ། སི་ཏུས་ཧོར་གྱི་རྒྱབ་སྐྱོར་མེད་པར་ཕག་གྲུའི་སྲིད་དབང་བཙུགས་ཚུལ།

གོང་དུ་རོབ་ཙམ་ཞུས་པ་ལྟར། ཕྱི་ལོ་ ༡༣༤༨ ལོར་བྱང་ཆུབ་རྒྱལ་མཚན་གྱིས་སྣེ་ཁྲིད་པའི་ཕག་གྲུ་ཁྲི་སྐོར་གྱིས་ཚལ་པ་ཁྲི་སྐོར་ཕམ་པར་བརྒྱབ། དང་ཐོག་ས་སྐྱའི་དཔོན་ཆེན་རྒྱལ་བ་བཟང་པོས་ཁྲིམས་འཁྱོག་བྱས་ནས་སི་ཏུ་བཙོན་འཇུག་དང་མནར་གཅོད་ཚད་མེད་བཏང་ཡང་། ས་སྐྱའི་དཔོན་རིགས་ནང་ཁུལ་དུ་ཁྱོད་ཤི་ང་གསོན་གྱི་དབང་ཆ་འཐབ་རྩོད་བྱུང་བས། “རྒྱལ་བ་བཟང་པོས་སི་ཏུ་བ་དང་ལྐོག་ཏུ་མཐུན་པར་མཛད་དེ། ཤོར་བ་ལྟར་དུ་མཛད་ནས་སི་ཏུ་བ་བཏང་། དེ་རྗེས་དབང་བརྩོན་གྱིས་དཔོན་ཆེན་བཟུང་ནས་ཁྲི་སྐོར་བཅུ་གསུམ་གྱི་དམག་ཡར་ཀླུངས་སུ་ལན་མང་དྲངས་ཀྱང་མ་ཐུབ་པར་རིམ་པས་སི་ཏུ་བ་རྒྱལ་ཏེ། ས་མོ་གླང་གི་ལོ་(༡༣༤༩)ནས་དབུས་ཀྱི་ས་ཆ་ཕལ་ཆེ་བ་ཁོང་གིས་བླངས།”[44] ཞེས་བྱུང་བ་ལྟར་དང་།

དེའི་རྗེས་སོར་ཕྱི་ལོ་ ༡༣༥༢ ལ་འབྲི་གུང་ཆམ་ལ་ཕབ། ཕྱི་ལོ་ ༡༣༥༤ ལོར་ས་སྐྱར་དམག་དྲངས་ནས་འཐབ་མ་དགོས་པར་འཇིགས་ཟིལ་ཁོ་ནས་དབང་དུ་བསྡུས། དཔོན་ཆེན་རྒྱལ་བཟང་བཙོན་ནས་བཏོན་པར་མཟད། ནང་ཆེན་དབང་བརྩོན་གསོན་བཟུང་བྱས། སི་ཏུས་ས་སྐྱའི་སྲིད་དབང་ཕྲོགས་ཏེ་སྡེ་སྲིད་ཕག་མོ་གྲུ་པའི་སྲིད་དབང་དངོས་སུ་བཙུགས་པ་ཤེས་སུ་འཇུག་ཆེད་སྟོད་སྨད་ཀུན་ལ་ས་མི་ཞིབ་དཔྱོད་བཏང་ནས་བཀའ་ལུང་བསྒྲགས།[45]

ཡིན་ན་ཡང་། སྐབས་དེ་ཙམ་ནས་རྩོམ་པ་པོ་ཕུན་ཚོགས་ཚེ་རིང་གིས། སི་ཏུས་ཧོར་གྱི་རྒྱལ་ས་ཏཱ་ཏུུའུ་ལ་ཕོ་ཉ་བཏང་ཚུལ་འཁོད་འདུག་[46]ཀྱང་། སི་ཏུའི་བཀའ་ཆེམས་ལ་བལྟས་ན། དེ་ནས་ལོ་གསུམ་འགོར་བའི་མེ་བྱ་ ༡༣༥༧ ལོའི་ལོ་མགོར་ད་གཟོད་ཧོར་གྱི་གསེར་ཡིག་པ་ཡི་ལའོ་དབེན་དཔོན་བྱ་བ་བོད་དུ་འབྱོར་བ་ཡིན་པར་ཤེས་ཐུབ། དེ་ཡང་དུས་རབས་བཅུ་བཞིའི་ནང་གི་བོད་ཧོར་གྱི་མི་སྣ་གལ་ཆེན་གཉིས་ཀྱི་མཇལ་འཕྲད་སྐོར་ལ། སི་ཏུས་རང་རྣམ་དུ་ཞིབ་གསལ་འཁོད་འདུག་པ་འདི་ལྟ་སྟེ། ཧོར་གྱི་གསེར་ཡིག་པ་ཡི་ལའོ་དབེན་དཔོན་གྱིས།  “རྟ་ཐོག་ནས་ཡོབ་རྒྱངས་(བརྒྱངས་་་་་་ཞིབ་འཇུག་པའི་མཆན།)ཏེ་ལངས་ནས། སི་ཏུ་བཞུགས་འོ་རྒྱལ་ཟེར། ཆུ་ཐོན་པ་དང་རྟ་བབས་དར་ཁ་བརྗེས། ཧོར་ལུགས་བྲང་སྤྲོད་བྱས། ཁྱེད་ལ་གོང་མའི་ལུང་གིས་ཏའི་སི་ཏུའི་མིང་ཆེན་པོ་དང་། དམ་ཁ་གནང་ཡོད་པ། རྒྱལ་རིན་དབོན་པོས་ཁྱེར་ཡོད། ངེད་དང་ལྷན་དུ་སླེབ་རྒྱུ་ཡིན་ནའང་། སློབ་དཔོན་ཆེན་པོ་བསོད་བློ་བ་གདན་འདྲེན་པའི་གསེར་ཡིག་པ། ཀླུ་རྒྱལ་ཏོ་ཤྲི་མགོན་དང་། ཁོང་གཉིས་ཡུལ་དུ་ལུས་པ་ཡིན་ཟེར་ནས། རང་རེ་ལ། ཏའི་སི་ཏུའི་མིང་དང་དམ་ཁ་ཡོད་པའི་ལུང་བསྐྱལ། དེར་ཁོང་ལ་སྟོན་མོ་ཤངས་ལེན་བྱས་ནས། དབེན་དཔོན་ལྷ་སར་བཞུད།་་་་་་་་་་་གོང་མའི་ལུང་གིས། གོང་དུ་གདན་འདྲེན་གྱི་ཐུགས་གཙེར་མི་བྱེད་པས། གདན་ས་ཆེན་པོར། བླ་མ་འཕགས་པའི་གོ་ས་ལ་བཞུགས་གསུང་བའི་ལུང་བྱོན་པ་བཞིན།”[47] ཞེས་པའི་ཚིག་འགྲོས་ལྟར་ན། དེ་ནི་སི་ཏུས་ཕག་གྲུའི་སྲིད་དབང་བཙུགས་ནས་ཕྱི་ལོ་ ༡༣༥༤ ནས་ཕྱི་ལོ་ ༡༣༥༧ བར་ལོ་ཁ་ཤས་འགོར་རྗེས་ད་གཟོད་ཧོར་གྱི་གསེར་ཡིག་པ་བོད་ལ་སླེབས་ཏེ། “གདན་ས་ཆེན་པོར། བླ་མ་འཕགས་པའི་གོ་ས་ལ་བཞུགས།” ཞེས་ཧོར་གོང་མའི་གསེར་ཡིག་པ་འབྱོར་ཞིང་། དེ་ནི་ཡོན་རྒྱལ་རབས་ཀྱི་ངོས་ནས་ས་ཧོར་མཆོད་ཡོན་གྱི་སྔར་སྲོལ་ཉམས་སུ་མ་བཅུག་པ་ཙམ་ལས། དོན་དམ་པར་ས་སྐྱའི་ཚབ་ཕག་གྲུ་ཡིན་པར་ཁས་བླངས་པར་མ་ཟད། ཧོར་གྱི་གསེར་ཡིག་པ་དེར་སྔོན་མ་ས་པཎ་དང་འགྲོ་མགོན་འཕགས་པའི་སྐུ་རིང་ལྟར། དབང་གྲགས་དང་ནུས་ཤུགས་ལྷག་མེད་པ་ཡང་ཤེས་ཐུབ་སྙམ།

 གང་ལགས་ཤེ་ན། དུས་སྐབས་དེར་ཧོར་གྱི་རྒྱལ་སྲིད་རིམ་བཞིན་ཉམས་རྒུད་དུ་འགྲོ་བཞིན་ཡོད་པར་མ་ཟད། དེ་ནས་བརྩིས་པའི་ལོ་བཅུ་གཅིག་རྗེས་ཀྱི་ས་སྤྲེལ་ ༡༣༦༨ ལོར་ཧོར་གྱི་རྒྱལ་སྲིད་འབྲི་ཆུ་ལྷོ་རྒྱུད་ཀྱི་རྒྱ་ནག་གི་ཞིང་པའི་འོས་ལངས་དམག་དཔོན་ཀྲུའོ་ཡོན་ཀྲང་གི་དམག་གིས་ཕྲོགས། ཡོན་རྒྱལ་རབས་ཀྱི་ཧོར་རྒྱལ་ཐ་མ་ཐོ་གན་ཐེ་མུར་ཡང་། རྒྱལ་ས་ཏཱ་ཏུའུ་བསྐྱུར་ནས་བྱང་ཕྱོགས་སུ་མི་འབྲོས་ཀ་མེད་བྱུང་། དེ་ལྟར་རྒྱ་ཡུལ་ཡོངས་རྫོགས་ཀྲུའོ་ཡོན་ཀྲང་ལ་ཤོར། ཐོ་གན་ཐེ་མུར་གྱིས་ཧོར་ཡུལ་ཙམ་ལ་དབང་སྒྱུར་ཐུབ་པའི་ཡོན་བྱང་མའི་རྒྱལ་རབས་ཞེས་པ་ཞིག་བསྐྱར་གསོ་བྱས་ཀྱང་། ཁོང་གྲོངས་རྗེས་ཧོར་གྱི་རྒྱལ་རྒྱུད་རྣམས་ནང་ཁུལ་དབང་ཆ་འཕྲོག་རྩོད་ཀྱིས་སྲིད་ལ་མ་འཆམ་པས། དུས་ཡུན་རིང་པོར་ཧོར་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་མོང་གོལ་བཙན་རྒྱལ་དེ་སྲན་ཕུང་དབྱུག་པ་གཏོར་བ་ལྟར་འཐོར་ཞིག་ཏུ་གྱུར།[48]

 དེར་བརྟེན། ཕག་གྲུའི་སྲིད་དབང་ནི་ཡོན་རྒྱལ་རབས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ས་སྐྱའི་ལག་ནས་ཕྲོགས་པའི་བཤད་སྲོལ་ནི་མཁས་པས་འཆུགས་ན་འདོམ་གང་གི་དཔེ་ལས་དོན་དངོས་ཀྱི་བྱུང་བ་དང་མི་མཐུན།[49]

 མཇུག་བསྡུ་བའི་གཏམ།

 དུས་རབས་བཅུ་བཞི་བའི་དཀྱིལ་ནས་དུས་རབས་བཅོ་ལྔ་བའི་མཇུག་བར། བོད་ཀྱི་ལོ་རྒྱུས་ཐོག་སྡེ་སྲིད་ཕག་མོ་གྲུ་པའི་སྲིད་དབང་ཞེས་རྒན་མོ་གསེར་ཁུར་གྱི་དུས་སྐབས་ཞེས་དཔལ་འབྱོར་དར་ཞིང་ལོ་ཕྱུག་ལེགས་པ། སྲིད་དབང་བརྟན་བརླིང་དང་ལྟོས་བཅས་ཀྱིས་ཁྲིམས་ཀྱི་དབང་བསྒྱུར་ཡག་པོ་ཡོད་པའི་དུས་བདེ་ཞོད་འཇགས་ཀྱི་དུས་བཟང་ཞིག་ཚེས་ཤིང་། འབངས་དཀྱུས་མའི་ས་ནས་དྲུག་ཆའི་ཁྲལ་ཙམ་ལས། ས་སྐྱའི་སྐབས་ལྟར་ཧོར་ཁྲིམས་ལ་བསྙད་ནས་ཟ་རྔམ་བརྡབ་གསིག་གིས་འབངས་ལ་མི་འོས་པའི་དཔྱ་ཁྲལ་བཙན་འགེལ་མི་བྱེད་ལ། སྡེ་སྲིད་ཕག་མོ་གྲུ་པས་ཆོས་ལུགས་ཐད་སྤྱི་སྙོམས་རིས་མེད་ཀྱི་སྲིད་ཇུས་ལག་བསྟར་གྱིས་རིས་སུ་མ་ཆད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཚང་མར་བདག་རྐྱེན་དང་བཀུར་སྟི་ཆེ་བར་མ་ཟད། རྔོག་ལོ་ཙཱ་བའི་གདན་ས་གསང་ཕུ་ནེའུ་ཐོག་དང་། ཕག་གྲུའི་བཤད་གྲྭ་ཆེན་མོ་རྩེད་ཐང་། སྙེ་ཐང་བདེ་བ་ཅན། ས་སྐྱ་དགོན་ཆེན་སོགས་སུ་ཚང་ལ་མ་ནོར་བའི་བོད་གངས་ཅན་པའི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཐད་ནས། མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ལྟ་བུའི་བསྐལ་བ་རྫོགས་ལྡན་གྱི་དུས་སྐབས་ཤིག་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་ཤར་མྱོང་བའི་དེའི་རྩ་བའི་རྒྱུ་རྐྱེན་ནི། ཧོར་གོང་མའི་རྒྱབ་སྐྱོར་ལ་མ་བརྟེན་པར་རང་ཚུགས་ཐུབ་པའི་སྒོ་ནས་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་ལག་ནས་ཕྲོགས་པའི་ཕག་གྲུའི་སྲིད་དབང་གི་གཞུང་སྲིད་གཙང་མ་སྐྱོང་སྟངས་དང་། དུས་སྐབས་དེའི་ཕག་གྲུའི་སྡེ་གཞུང་ལ་ལྟོས་བཅས་ཀྱིས་གང་བྱུང་མང་བྱུང་མ་ཡིན་པར་ཁྲིམས་ཀྱི་དབང་བསྒྱུར་ཡག་པོ་ཡོད་པར་ཡང་འབྲེལ་བ་ཏན་ཏན་ཡོད་པར་རྟོགས་ཐུབ།

སྐབས་དེ་ཤེད་དུ་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་སྤྱི་འགྲོས་ལྟར། ཕག་གྲུའི་སྡེ་གཞུང་ཡང་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་ཡིན་པར་བརྗོད་མ་དགོས་ཀྱང་། ས་སྐྱ་དང་འབྲི་གུང་སོགས་ལས་ཆེས་འབུར་དུ་ཐོན་པའི་སྲིད་སྐྱོང་སྟངས་གཙང་མ་དང་ཁྲིམས་ཀྱི་དབང་བསྒྱུར་ཡག་པོ་བྱུང་བ་དེ། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གང་གི་གཞན་དྲིང་མི་འཇོག་པའི་སེམས་ཤུགས་དང་མཁས་མཛངས་ཀྱི་རྣམ་དཔྱོད་ལ་རག་ལས་ཤིང་། ཞིབ་ཚགས་གཟབ་ནན་གྱིས་ཁྲིམས་ལུགས་ནང་བཞིན་ལག་བསྟར་གྱིས། ས་སྐྱའི་ནང་ཞིག་དང་བདག་མོའི་ཁ་དབང་དུ་འགྲོ་རྒྱུ་མང་དྲགས་པ། ས་འབྲི་སོགས་གསུག་ལེན་དང་རུལ་སུངས་རྒྱ་འབྱམས་སུ་གྱུར་པའི་ལམ་སྲོལ་ངན་པ་སོགས་ལས་སི་ཏུས་བསླབ་བྱ་ལེགས་པར་བླངས་ཁར། སྔ་ཕྱིར་ས་སྐྱ་དང་གཡའ་ཚལ་འབྲི་གུང་སོགས་ཀྱིས་“འབུ་ཆེས་ཆུང་ཟོས”་ཀྱིས་ཡང་དང་བསྐྱར་དུ་གཉའ་གནོན་ཐུབ་ཚོད་ཀྱི་སྲིད་དོན་ནག་པོའི་སློབ་ཚན་མང་པོ་ཐོབ་ཁར། ཕག་གྲུའི་བསྟན་སྲིད་ཕྲ་ཚུགས་པར་བློ་དཀར་བའི་ཧོར་གཞོན་ནུ་བཟང་པོ་སོགས་མི་འཇོན་ཐང་ཅན་བཀོལ་སྤྱོད་བྱེད་སྟབས་འགྲིག་པ་སོགས་ཀྱིས་ཀྱང་། ཕས་རྒོལ་ས་སྐྱ་དང་འབྲི་ཚལ་གཡའ་བཟང་སོགས་ལས་རྣམ་པར་རྒྱལ་ཏེ། དབུས་གཙང་ཁྲི་སྐོར་བཅུ་གསུམ་གཙོས་བོད་ཁམས་ཡོངས་ལ་དངོས་སུ་དབང་བསྒྱུར་ཐུབ་པ་བྱུང་བར་ཚོད་དཔག་བྱེད་ཐུབ།

རྟིང་སོར་རྒྱ་མིའི་འོས་ལངས་ཀྱི་རྐྱེན་གྱིས་ཉམས་རྒུད་དུ་འགྲོ་བཞིན་པའི་ཧོར་གོང་མས་ཀྱང་། སི་ཏུར་བོད་ཀྱི་དབང་ཆ་ཡོད་ཚུལ་གྱི་ངོས་འཛིན་གྱི་འཇའ་ས་དང་ཆོ་ལོ་ཆེན་པོ་དག་བསྐུར་ཏེ། ཤིང་རྟ་ ༡༣༥༤ ལོར་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཕག་གྲུའི་སྲིད་དབང་དངོས་སུ་བཙུགས་པ་ནས། ལྕགས་ཕག་ ༡༤༩༡ ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་དང་རིན་སྤུངས་མཚོ་སྐྱེས་རྡོ་རྗེ་གཉིས་བསྡོངས་ནས། སྔ་མས་གདན་ས་མཐིལ་གྱི་ཆོས་དབང་བདག་གིར་བྱས་ཤིང་། ཕྱི་མས་དཔོན་ཚབ་ཐེལ་གཏོང་གི་མིང་ཐོག་ནས་ཕག་གྲུའི་སྡེ་སྲིད་ཟུར་དུ་བཞག་སྟེ། སྲིད་དབང་ཕལ་ཆེར་གཡོ་འཕྲོག་མ་བྱས་བར་གྱི་ལོ་ངོ་ ༡༣༧ བར་གྱི་སྡེ་སྲིད་ཕག་མོ་གྲུ་པའི་གཞུང་ནི་ཏཱ་སི་ཏུའི་བློ་གྲོས་དང་འཇོན་ཐང་ཁོ་ནར་བརྟེན་ནས་བྱུང་བར་དཔྱད་གཞིའི་ཡིག་ཆ་ཁག་གུང་བསྒྲིགས་ནས་ཞིབ་ན་གསལ་པོར་ཤེས་ཐུབ།

དེ་ལྟར་གཅིག་ནས་དཔྱད་རྩོམ་འདི་ལ་བརྟེན་ནས་དུས་རབས་བཅུ་བཞི་པའི་སྐབས་ཀྱི་འདས་པའི་བོད་ཀྱི་ལོ་རྒྱུས་ཀྱི་གནས་ཚུལ་གལ་ཆེན་ཞིག་འཁྲུལ་སེལ་གྱིས་སྟོང་ཆ་ཁ་གསབ་བྱེད་ཐུབ་ཅིང་། གཉིས་སུ་བྱུང་བ་དེ་འགྲེལ་བརྗོད་ཡང་དག་བྱེད་ཐུབ་པའི་དགེ་མཚན་ཡང་ལྡན་འདུག་པར་བརྟེན།

ཕྲན་གྱིས་དེའི་སྐོར་གྱི་དཔེ་དེབ་མང་དག་ཅིག་བཀླགས་ཏེ་དུས་ཚོད་ངེས་ཅན་ཞིག་འདིའི་སླད་དུ་བཏང་ཁུལ་བགྱིས་པ་ཡིན་མོད། ཤེས་རྒྱ་དང་མཐོང་རྒྱ་ཆུང་བའི་སྙོམ་ལས་པ་ངས་ངེས་པར་ལྟ་དགོས་ངེས་ཀྱི་དཔྱད་གཞིའི་ཡིག་ཆ་སྟེ།

རབ་བྱུང་ ༧ པའི་ས་ཁྱི་(༡༧༡༨)ལོར་སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་(ཆོས་འབྱུང་མིག་འབྱེད་འོད་སྟོང་)ལྟ་བུ་དང་། དུས་སྐབས་དེའི་རྒྱ་ཧོར་གྱི་ལོ་རྒྱུས་ཡིག་ཆ་བོད་དང་འབྲེལ་བ་ཡོད་པ་དག་འཚོལ་ཐབས་བྱས་ཀྱང་། ཡུལ་དུས་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ལག་སོན་མ་བྱུང་།  རྗེས་སོར་བརྗོད་གཞི་འདིའི་སྒང་ལ་ཞིབ་འཇུག་བྱེད་མཁན་འདྲ་བྱུང་ཚེ། དེ་དག་ལ་ཅིས་ཀྱང་ཐུགས་སྣང་གནང་བར་ཞུ་ཞེས་སྙིང་ནས་སྐུལ་ལྕག་དང་སྦྲགས་ཡིག་ཚོགས་མངས་པར་འཇིགས་ནས་རེ་ཞིག་དེ་ཙམ་གྱིས་མཇུག་བསྡུ་བར་འདོད་དོ།། །།

 ཐུགས་རྗེ་ཆེ་ཞུ་ཡུལ།

ཕྲན་གྱི་ལོ་རྒྱུས་སློབ་དཔོན་ཆེན་མོ་གཙང་ཕྲུག་སྟོབས་ལགས་ཀྱིས་དུས་དུས་སུ་གནད་ལ་འཁེལ་བའི་ལམ་སྟོན་གནང་བ་དང་། ས་རཱའི་དཔེ་མཛོད་དོ་དམ་པ་ཚེ་དཔག་ལགས་ཀྱིས་སྔ་ཕྱིར་དཀའ་ངལ་འཛེམ་མེད་ཀྱིས་དཔྱད་གཞིའི་རྒྱུ་ཆ་ཁག་མཁོ་འདོན་བགྱིས་ཤིང་། གྲོགས་འབྲས་ལྗོངས་བ་ཤར་པ་དོན་གྲུབ་ཚེ་དབང་དང་སྲིད་དོན་ཚན་རིག་ཐད་ཆེད་སྦྱོང་ཐོན་པའི་གྲོགས་མོ་ Elodie Brootcoorens གཉིས་ཀྱིས་དུས་རབས་བཅུ་བཞི་པའི་ཡོ་རོབ་དང་འཛམ་གླིང་གི་གནས་ཚུལ་གལ་ཆེན་ཁག་ཕྲན་ལ་མཁོ་འདོན་དང་འགྲེལ་བརྗོད་གནང་སོང་བས། གོ་སྐབས་འདི་བརྒྱུད་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 དཔྱད་གཞིའི་ཡིག་ཆ་ཁག

༡ ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས། རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  ༡༩༨༦ ལོར་པར་ཐེངས་དང་པོ་བཏབ།

༢ རྟ་ཚག་ཚེ་དབང་རྒྱལ། ལྷོ་རོང་ཆོས་འབྱུང་། ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོར་དཔར་ཐེངས་གཉིས་པ་བཏབ།

༣ སྟག་ཚང་རྫོང་བ་དཔལ་འབྱོར་བཟང་པོ།  རྒྱ་བོད་ཡིག་ཚང་ཆེན་མོ། ཁྲིང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥

༤ ཚལ་པ་ཀུན་དགའ་རྡོ་རྗེ། དེབ་ཐེར་དམར་པོ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོའི་ཟླ་ ༡༠ པར་པར་ཐེངས་དང་པོ་བཏབ།

༥ དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོའི་ཟླ་ ༦ པར་པར་ཐེངས་དང་པོ་བཏབ།

༦ རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།  པེ་ཅིན།  མི་རིགས་དཔེ་སྐྲུན་ཁང་།  ༡༩༨༨ ལོའི་ཟླ་ ༥ པར་པར་ཐེངས་ ༤ པ་བཏབ།

༧ པཎ་ཆེན་བསོད་ནམས་གྲགས་པ། དེབ་དམར་གསར་མ། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༩ ལོའི་ ཟླ་ ༣ པར་པར་ཐེངས་དང་པོ་བཏབ།

༨ ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གཉིས་ཀྱིས་བརྩམས། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

༢༠༠༦ ལོའི་ ཟླ་ ༦ པར་པར་ཐེངས་གཉིས་པ་བཏབ།

༩ དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོའི་ ཟླ་ ༤ པར་དཔར་ཐེངས་དང་པོ་བཏབ།

༡༠ རྒྱལ་མོ་འབྲུག་པ། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༦ ལོའི་ ཟླ་ ༡ པོར་པར་ཐེངས་གཉིས་པ་བཏབ།

༡༡ བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། རྒྱལ་རབས་དྭངས་ཤེལ་འཕྲུལ་གྱི་མེ་ལོང་། དཔར་ཡུལ་དང་དཔར་སྐྲུན་ཁང་། དཔར་དུས་བཅས་མི་གསལ།

༡༢ ཨི་ཋ་ལིའི་རོ་མ་གཙུག་ལག་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་(LucianoPetech)ལུ་ཤི་ཡ་ནོ་ཕེ་ཐྲི་ཁེས་བརྩམས། (张云) ཀྲང་ཡུན་གྱིས་རྒྱ་ཡིག་ཏུ་བསྒྱུར།

ཡོན་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག (元代西藏史研究) ཁུན་མིང། ཡུན་ནན་མི་དམངས་དཔེ་སྐྲུན་ཁང་། ༢༠༠༢ ལོའི་ཟླ་དང་པོ་བཏབ།

༡༣ ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན།  སྲིད་དོན་རྒྱལ་རབས། རྡ་རམ་ས་ལ། བོད་གཞུང་ཤེས་རིག་དཔར་ཁང། ༢༠༠༢ ལོར་པར་ཐེངས་བདུན་པ།

༡༤ དུང་དཀར་བློ་བཟང་འཕྲིན་ལས། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ། ལན་ཀྲུག་ལན་ཧྲན་པར་ཁང་གིས་དཔར། ༢༠༠༠ ལོའི་ཟླ་ ༤ པར་པར་ཐེངས་གསུམ་པ་བཏབ།

༡༥ གླང་རི་བ་ལྷ་རམས་ཐུབ་བསྟན་སྦྱིན་པ། རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གསར་བསྒྲིགས། བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་།  ༢༠༢༢

༡༦ རྫོང་རྩེ་བྱམས་པ་ཐུབ་བསྟན། སྤྱན་སྔ་དབོན་རྒྱུད་བོད་རྗེ་སྣེའུ་གདོང་སྡེ་སྲིད་སྔ་ཕྱི་དང་། བྱང་བདག་ཆོས་རྒྱལ་རྣམས་ཀྱི་ལོ་རྒྱུས། རྡ་རམ་ས་ལ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༡

༡༧ རྨེ་རུ་ཡུལ་ལྷ་ཐར། བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་བརྗོད་དང་ལོ་རྒྱུས་རིག་གཞུང་གི་ཤུལ་བཞག་ཡིག་ཆ་ཞིབ་འཇུག  ལྷ་ས། བོད་ལྗོངས་མི་དབངས་དཔེ་སྐྲུན་ཁང་།

༢༠༡༥ ལོའི་ཟླ་ ༡༢ པར་པར་ཐེངས་དང་པོ་བཏབ།

༡༨ ཕུན་ཚོགས་ཚེ་རིང་། དེབ་ཐེར་ཀུན་གསལ་མེ་ལོང་། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༢ ལོའི་ཟླ་ ༡༡ པར་གཞི་གཉིས་པར་ཐེངས་གཉིས་བཏབ།

༡༩ Bjorn P. Zietz and Harmut Dunkelberg, “The History of the Plague and the Research on Causative Agent Yersinia Pestis,

International Journal of Hygiene and Environmental Health 207, no. 2 (2004): pp. 165-178,

https://doi.org/10.1078/1438-4639-00259.

༢༠ Green, David, The Hundred Years War: A People’s History. New Haven: Yale University Press, 2014.

༢༡ ལིག་ཧན་ཁྲིན་གྱིས་བརྩམས། སངས་རྒྱས་སྐྱབས་ཀྱིས་བསྒྱུར། བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན། སྟོད་ཆ།  རྡ་ས། བོད་ཀྱི་དཔེ་མཛོད་ཁང་།  ༢༠༢༢ ལོར་དཔར།

དཔྱད་ཡིག་དང་ཞབས་མཆན།

[1] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོའི་ ཟླ་ ༤ པར་དཔར་ཐེངས་དང་པོ་བཏབ།  ཤོག་ངོས་ ༡༤༧༢ པར་གསལ། གཤམ་ནས་ཡིག་ཚོགས་སྐྱུང་ཕྱིར་དེ་ལ་(དུང་དཀར། ༢༠༠༢  ཤོག)མ་གཏོགས་འབྲི་རྒྱུ་མིན།

[2] ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས་ཀྱིས་བརྩམས།  རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༦ ལོར་པར་ཐེངས་དང་པོ་བཏབ། ཤོག་ངོས་ ༣༤༥ པར་གསལ། གཤམ་ནས་ཡིག་ཚོགས་སྐྱུང་ཕྱིར་དེ་ལ་(རླངས། ༡༩༨༦ ཤོག) མ་གཏོགས་འབྲི་རྒྱུ་མིན།

[3] རླངས། ༡༩༨༦ ཤོག་ ༡༧༨ ནས་ ༡༧༨ གཉིས་སུ་གསལ།

[4] རླངས།  ༡༩༨༦ ཤོག་ ༢༨༣ དང་ ༢༨༤་་་་༣༤༥ བཅས་སུ་གསལ།

[5] པཎ་ཆེན་བསོད་ནམས་གྲགས་པ། དེབ་དམར་གསར་མ། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༩ ལོའི་ ཟླ་ ༣ པར་པར་ཐེངས་དང་པོ། ཤོག་ངོས་ ༧༡ དང་། གཤམ་ནས་ཡིག་ཚོགས་སྐྱུང་ཕྱིར་དེ་ལ་(པཎ་ཆེན། ༡༩༨༦ ཤོག)མ་གཏོགས་འབྲི་རྒྱུ་མིན། དེ་མིན་རྒྱལ་མོ་འབྲུག་པས་བརྩམས་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༦ ལོའི་ ཟླ་ ༡ པོར་པར་ཐེངས་གཉིས་པ་བཏབ། ཤོག་ངོས་ ༢༨༤ པར་གསལ།  གཤམ་ནས་ཡིག་ཚོགས་སྐྱུང་ཕྱིར་དེ་ལ་(རྒྱལ། ༢༠༡༦ ཤོག)མ་གཏོགས་འབྲི་རྒྱུ་མིན།

[6] རླངས། ༡༩༨༦ ཤོག་ ༣༠༨ པར་གསལ།

[7] དུང་དཀར།  ༢༠༠༢  ཤོག་ ༡༤༧༣ གྱི་མཇུག་ཏུ་གསལ།

[8] སྟག་ཚང་རྫོང་བ་དཔལ་འབྱོར་བཟང་པོ།  རྒྱ་བོད་ཡིག་ཚང་ཆེན་མོ། ཁྲིང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥  ཤོག་ངོས་ ༥༥༠ དང་། རྟ་ཚག་ཚེ་དབང་རྒྱལ། ལྷོ་རོང་ཆོས་འབྱུང་། ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོར་དཔར་ཐེངས་གཉིས་པ་བཏབ། ཤོག་ངོས་ ༣༨༠ པར་གསལ། གཤམ་ནས་ཡིག་ཚོགས་སྐྱུང་ཕྱིར་དེ་ལ་(རྟ་ཚག  ༢༠༡༣ ཤོག) མ་གཏོགས་འབྲི་རྒྱུ་མིན།

[9] རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།  པེ་ཅིན།  མི་རིགས་དཔེ་སྐྲུན་ཁང་།  ༡༩༨༨ ལོའི་ཟླ་ ༥ པར་པར་ཐེངས་ ༤ པ་བཏབ། ཤོག་ངོས ༡༣༢ པར་གསལ།

[10] རགས་རྩིས་བྱས་ན། ཕག་གྲུ་བྱང་ཆུབ་རྒྱལ་མཚན་(༡༣༠༢~༡༣༦༤) དང་རྙིང་མའི་མཁས་པ་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།(༡༣༠༨~༡༣༦༣)  ཇོ་ནང་དོལ་པོ་བ་ཤེས་རབ་རྒྱལ་མཚན།(༡༢༩༢~༡༣༦༡)  ཚལ་པ་ཀུན་དགའ་རྡོ་རྗེ།(༡༣༠༩~༡༣༦༤) ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེའི་(༡༣༤༠~༡༣༨༣)སྐུ་ཚེ་སྟོད་ཙམ་དང། རྗེ་ཙོང་ཁ་པ་(༡༣༥༧~༡༤༡༩)འཁྲུངས་ནས་ཡུན་རིང་མ་འགོར་ཞིང་། ཡོན་རྒྱལ་རབས་ཀྱི་ཧོར་རྒྱལ་ཐ་མ་ཐོ་གན་ཐེ་མུར་(༡༣༣༢~༡༣༧༡)དང་། རྒྱ་ནག་མིང་རྒྱལ་རབས་ཀྱི་རྒྱལ་ཐོག་དང་པོ་ཀྲུའུ་ཡོན་ཀྲང་(朱元璋༡༣༢༨~༡༣༩༨) དང་།  རྒྱ་གར་གྱི་ལྡི་ལིའི་ཏུ་རུ་ཀའི་རྒྱལ་པོ་མུཧམྨད་པཱིན་ཏུག་ལག (Muhammad bin Tughlug ༡༣༢༥-༡༣༥༡)གིས་བོད་ལ་དམག་དྲངས་ནས་གངས་སྐྱོན་གྱི་རྐྱེན་གྱིས་ཕམ་པར་གྲགས་པ་སོགས་དང་[10]དུས་མཉམ་ཞིང་། ནུབ་ཕྱོགས་སུ་དབྱིན་ཇི་དང་ཧྥ་རན་སིའི་བར་ལོ་བརྒྱའི་དམག་འཁྲུག་(The Hundred Years’ War between England and France ༡༣༣༧-༡༤༥༣) རྒྱག་བཞིན་པའི་སྟོད་ཙམ[10]་དང། བོད་དུ་ཕག་གྲུས་དབུས་གཙང་ཁུལ་དུ་ཚལ་པ་དང་འབྲི་གུང་སོགས་དབང་དུ་བསྡུ་ཆེད་དམག་འཁྲུག་རྒྱག་བཞིན་པ་དག་དུས་མཉམ་[10]པར་མ་ཟད། སྐབས་དེ་ཙམ་ལ་ཡོ་རོབ་ཏུ་འཆི་བདག་ནག་པོ་(The Black Death ༡༣༤༧-༡༣༥༣) ཞེས་པའི་ནད་ཡམས་ཤིན་ཏུ་ངན་པ་ཞིག་མཆེད་ནས་མི་གྲངས་ས་ཡ་མང་པོ་འདས་གྲོངས་སོང་བའི་དུས་སྐབས་[10]ཙམ་ལ་ཁེལ་འདུག

[11] རྒྱལ། ༢༠༡༦ ཤོག་ ༢༨༠ ནས་ ༢༨༢ བར་གསལ།

[12] བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། རྒྱལ་རབས་དྭངས་ཤེལ་འཕྲུལ་གྱི་མེ་ལོང་། དཔར་ཡུལ་དང་། པར་ཁང་། དཔར་དུས་སོགས་གང་ཡང་མི་གསལ། ཤོག་ངོས་ ༣༣༤

གཤམ་ནས་ཡིག་ཚོགས་སྐྱུང་ཕྱིར་དེ་ལ་(བདུད་འཇོམས།་་་་་ཤོག)ལས་འབྲི་རྒྱུ་མིན།

[13] རླངས། ༡༩༨༦ ཤོག ༡༧༨ ནས་ ༡༧༩ པར་གསལ།

[14] དུང་དཀར། ༢༠༠༢ ཤོག་ ༡༤༧༣ པར་གསལ།

[15] རླངས། ༡༩༨༦ ཤོག་ ༡༧༦ པར་གསལ།

[16] རླངས། ༡༩༨༦  ཤོག་  ༡༧༧ པར་གསལ།

[17] རླངས། ༡༩༨༦ ཤོག་ ༣༤༨ ནས་ ༣༤༩ གཉིས་སུ་གསལ།   དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།  ༡༩༨༨  ཤོག་ ༡༣༥ པར་གསལ།

[18] དུང་དཀར། ༢༠༠༢  ཤོག་ ༡༤༧༣ དང་།    རྒྱལ། ༢༠༡༦ ཤོག་ ༢༨༣ ནས་ ༢༨༤ པར་གསལ།

[19] རྨེ་རུ་ཡུལ་ལྷ་ཐར། བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་བརྗོད་དང་ལོ་རྒྱུས་རིག་གཞུང་གི་ཤུལ་བཞག་ཡིག་ཆ་ཞིབ་འཇུག  ལྷ་ས། བོད་ལྗོངས་མི་དབངས་དཔེ་སྐྲུན་ཁང་། ༢༠༡༥ ཟླ་ ༡༢ པར་དཔར་ཐེངས་དང་པོ་བཏབ། ཤོག་ངོས་ ༣༢༥ པར་གསལ།

[20] བདུད་འཇོམས།་་་་ ཤོག་ ༣༣༨ པར་གསལ།

[21] བདུད་འཇོམས།་་་་་ ཤོག་ ༣༣༩ པར་གསལ།

[22]  རྒྱལ། ༢༠༡༦ ཤོག་ ༢༨༤ པར་གསལ།

[23] རླངས།  ༡༩༨༦  ཤོག་  ༣༡༥ པར་གསལ།

[24] རྟ་ཚག ༡༩༩༤  ཤོག་ ༣༨༡ པར་གསལ།

[25] རྟ་ཚག  ༢༠༡༣   ཤོག་ ༣༨༡ བཅས་སུ་གསལ།

[26] ཕུན་ཚོགས་ཚེ་རིང་། དེབ་ཐེར་ཀུན་གསལ་མེ་ལོང་། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༢ ལོའི་ཟླ་ ༡༡ པར་གཞི་གཉིས་པར་ཐེངས་གཉིས་བཏབ། ཤོག་ངོས་ ༢༢༠ པར་གསལ།

[27] ལིག་ཧན་ཁྲིན་གྱིས་བརྩམས། སངས་རྒྱས་སྐྱབས་ཀྱིས་བསྒྱུར། བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན། སྟོད་ཆ། རྡ་ས། བོད་ཀྱི་དཔེ་མཛོད་ཁང་། ༢༠༢༢ ཤོག་ངོས་ ༢༤༩ ནས་ ༢༥༤ བར་དུ་གསལ།

[28] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོའི་ཟླ་ ༦ པར་པར་ཐེངས་དང་པོ་བཏབ། ཤོག་ངོས་ ༡༣༤ པར་གསལ།

[29] རླངས། ༡༩༨༦  ཤོག་ ༢༦༥ དང་།  དེབ་དམར་གསར་མ། ༡༩༨༩  ཤོག་ ༧༡ པར་གསལ།

[30] རླངས། ༡༩༨༦ ཤོག་ ༣༠༨ པ་དང་། དཔྱིད་ཀྱི་རྒྱལ་མོ་གླུ་དབྱངས། ༡༩༨༨ ཤོག་ ༡༣༨ པར་གསལ།

[31] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གཉིས་ཀྱིས་བརྩམས།  བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།  ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༦ ལོའི་ ཟླ་ ༦ པར་པར་ཐེངས་གཉིས་པ་བཏབ།  ཤོག་ངོས་ ༢༡༠ ལ་གསལ།  གཤམ་ནས་ཡིག་ཚོགས་སྐྱུང་ཕྱིར་དེ་ལ་(གཡུ་ཕྲེང་། ༢༠༠༦ ཤོག)མ་གཏོགས་འབྲི་རྒྱུ་མིན།

[32] རླངས། ༡༩༨༦. ཤོག་ ༢༨༩ པར་གསལ།

[33] རླངས། ༡༩༨༦  ཤོག་ ༢༨༩  པར་གསལ།

[34] རླངས། ༡༩༨༦ ཤོག་ ༡༧༤  པའི་ཐིག་ཕྲེང་ཐ་མར་གསལ།

[35] པཎ་ཆེན།  ༡༩༨༩   ཤོག་ ༧༠ པར་གསལ།

[36] པཎ་ཆེན།  ༡༩༨༩. ཤོག་ ༧༡ དང་། རྒྱལ། ༢༠༡༦ ཤོག་ ༢༨༤ པར་གསལ།

[37] ཞྭ་སྒབ་པ། ༢༠༠༢  ཤོག་ ༣༣༣ པར་གསལ།

[38] རླངས། ༡༩༨༦  ཤོག་ ༣༠༨ པར་གསལ།

[39] གཡུ་ཕྲེང་། ༢༠༠༦  ཤོག་ ༢༡༡ པར་གསལ།

[40] རླངས། ༡༩༨༦  ཤོག་ ༣༤༣ པར་གསལ།

[41] རླངས། ༡༩༨༦  ཤོག་ ༣༡༥  པར་གསལ།

[42] ཚལ་པ་ཀུན་དགའ་རྡོ་རྗེ། དེབ་ཐེར་དམར་པོ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོའི་ཟླ་ ༡༠ པར་པར་ཐེངས་དང་པོ་བཏབ། ཤོག་ངོས་ ༡༢༤ པར་གསལ།

[43] དུང་དཀར།  ༢༠༠༢  ཤོག་ ༡༦༩༨ པར་གསལ།

[44] པཎ་ཆེན། ༡༩༨༩ ཤོག་ ༧༠ པར་གསལ།

[45] པཎ་ཆེན།  ༡༩༨༩. ཤོག་ ༧༡ དང་། རྒྱལ། ༢༠༡༦ ཤོག་ ༢༨༤ པར་གསལ།

[46] ཕུན་ཚོགས་ཚེ་རིང་། དེབ་ཐེར་ཀུན་གསལ་མེ་ལོང་། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༢ ལོའི་ཟླ་ ༡༡ པར་གཞི་གཉིས་པར་ཐེངས་གཉིས་བཏབ། ཤོག་ངོས་ ༢༡༣ པར་གསལ།

[47] རླངས། ༡༩༨༦ ཤོག་ ༢༨༩ པར་གསལ།

[48] རྒྱལ། ༢༠༡༦  ཤོག་ ༣༨༠ པར་གསལ།

[49] གླང་རི་བ་ལྷ་རམས་ཐུབ་བསྟན་སྦྱིན་པ། རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གསར་བསྒྲིགས། བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་།  ༢༠༢༢   ཤོག་ངོས་ ༡༦ པར་གསལ།

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།