ཞང་ཞུང་ཤེས་རིག་ལས་ཇུ་ཐིག་ཅེས་པའི་ཐ་སྙད་ལ་དཔྱད་པ།

0
725

ཞང་ཞུང་ཤེས་རིག་ལས་ཇུ་ཐིག་ཅེས་པའི་ཐ་སྙད་ལ་དཔྱད་པ།
An Examination of the Term “Juthik” from Zhangzhung civilization. 

ནང་དོན་གནད་བསྡུས།  འདིར་ཞང་ཞུང་ཤེས་རིག་ལས་ཇུ་ཐིག་ཅེས་པའི་ཐ་སྙད་ལ་དམིགས་ནས། དེའི་འབྱུང་ཁུངས་དང་། འཕེལ་རིམ། ངོ་བོ། རྣམ་གྲངས་སོགས་ཀྱི་ཡ་ཐོག་ཞང་ཞུང་གི་ཤེས་རིག་གི་གནས་བབ་དང་། མིའི་བསམ་བློ། ཆོས་ལུགས་ཀྱི་འབྲེལ་བ་ཇི་ལྟར་ཆགས་ཡོད་མེད་སྐོར་ལ་དཔྱད་ཞིབ་རགས་ཙམ་བྱས་ཡོད།

བརྡ་ཆད་གཙོ་བོ། ཇུ་ཐིག  ཡ་ཐོག་ཤེས་རིག  ཞང་ཞུང་། མོ།

གླེང་སློང་།

༅། །  །ཞང་ཞུང་ཤེས་རིག་ནི་ཡ་ཐོག་མི་རབས་མང་པོའི་ཡུལ་སྲོལ་གོམས་གཤིས་དང་། ཆོས་ལུགས་ཀྱི་ལེགས་བྱང་། བསམ་པའི་འཁྱེར་སོ་སོགས་དང་འབྲེལ་བ་ཆེ་ལ་སྒོས་སུ་ལོ་རྒྱུས་ཐོག་ཞང་ཞུང་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་གཞི་མ་དང་། ཤེས་རིག་གི་ཕ་ས། ཆོས་ལུགས་ཀྱི་འབྱུང་ཁུངས། སྲོལ་རྒྱུན་གྱི་རྩ་བར་གྱུར་ཡོད་པ་མ་ཟད། ཁྱིམ་མཚེས་རྒྱ་དཀར་ནག་དང་བལ་ཡུལ། ཨ་རབ་པའི་ཡུལ་གྲུ་ཁག་ལའང་འབྲེལ་བ་ངེས་ཅན་ཞིག་ཡོད། འདིར་ཞང་ཞུང་ཤེས་རིག་ལས་ཇུ་ཐིག་ཅེས་པའི་ཐ་སྙད་ལ་དཔྱད་པ་ཞེས་གཙོ་བོ་ཇུ་ཐིག་གི་ཐ་སྙད་ལ་དམིགས་པ་དང་།  ཞོར་ལ་དེའི་འབྱུང་ཁུངས་དང་། འཕེལ་རིམ།  ངོ་བོ།   རྣམ་གྲངས་སོགས་ཀྱི་ཡ་ཐོག་ཞང་ཞུང་གི་ཤེས་རིག་གི་གནས་བབ་དང་མིའི་བསམ་བློ་དང་ཆོས་ལུགས་ཀྱི་འབྲེལ་བ་ཇི་ལྟར་ཡོད་མེད་རགས་ཙམ་ཞིག་འཚོལ་འདོད། རྒྱུ་མཚན་ནི།  ཇུ་ཐིག་གི་མོ་རྒྱག་ཚུལ་གྱི་སྲོལ་ནི་ཞང་ཞུང་སྒོ་ཕུགས་བར་གསུམ་གར་དར་ཁྱབ་ཆེ་ལ། ལྐོག་གཏམ་གསལ་བའི་རིག་རྩལ་གྱི་ནུས་པ་འགངས་ཆེན་ཞིག་ལ་ངོས་འཛིན་གནང་བཞིན་འདུག། འོན་ཀྱང་དེང་རབས་མཁས་པའི་ཁྲོད་ན་གཡུང་དྲུང་བོན་གྱི་ཇུ་ཐིག་འཆད་པའི་མོ་གཞུང་དག་དང་འབྲེལ་ནས་ཇུ་ཐིག་[1]ཅེས་པའི་ཐ་སྙད་རྐྱང་པའི་སྐོར་ལ་གསལ་ཁ་སྟོན་མཁན་རེ་གཉིས་ཙམ་ཡིན་པས། ཕྲན་ནས་བོན་ལུགས་ཀྱི་ཐེག་པ་རིམ་དགུ་[2]ལས་རྒྱུ་ཡི་ཐེག་པ་བཞིའི་ཆོ་གའི་ཁྲོད་ནས་ཡོང་བའི་མོ་ཡི་ཁུངས་སུ་གཏུགས་པའི་ཇུ་ཐིག་རང་གི་ཐ་སྙད་འཚོལ་འདོད། མདོར་ན། ཇུ་ཐིག་གི་ཐ་སྙད་དང་འབྲེལ་བའི་དཔྱད་རྩོམ་འདིའི་ཁྲོད་ཡིག་ཁུངས་དང་རྒྱུ་ཆ་ཚད་ལྡན་ཐོག།  སྔོག་འདོན་དང་དབྱེ་ཞིབ་ཁུངས་ཐུབ་བརྒྱུད། ཕྱོགས་བསྡོམས་ཆ་ཚང་བ་ཞིག་ཡོང་ཐབས་སུ་བརྩོན་པ་ཆེར་བསྐྱེད་བྱས་ཡོད་དོ། །

དང་པོ། ཇུ་ཐིག་གི་གཞུང་ལ་དཔྱད་པ།

མོ་གཞུང་གི་ཆ་ནས་བཤད་ན་ཡང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་ཡིག་ཚང་དུ་བཞུགས་དང་མ་བཞུགས་ཅི་རིགས་ཤིག་ཡོད་ཀྱང་ད་ལྟའི་མོ་གཞུང་གི་ཁྱབ་ཁོངས་སུ་ཡོད་པའི་བརྩམས་ཆོས་དག་མི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་སྟོན་པའི་བཀའ་གཙོ་བོ་བཟུང་ནས་བརྩམས་པའི་བསྟན་པ་སྔ་ཕྱི་གཉིས་སུ་དབྱེ་དགོས་པ་མཐོང་། དང་པོ་བསྟན་པ་སྔ་དར་[3]སྐབས་ཀྱི་མོ་གཞུང་ལ་མཚོན་ན། དཔྱད་དོན་སྒྱུ་མ་གསེར་འབུམ། གཏེར་མོ་རིག་པའི་ཁོག་སྡོངས་བྲམ་ཟེ་གོང་བུམ། བྲམ་ཀླུ་ཡི་བེར་ནག མ་སངས་འཁོར་ལོ་མདོ་ཆེན། འཁྲུག་པའི་སྟོང་མཐུན་དམར་མོ། ནད་མོ་རིག་པའི་མདོ་བདུན། ཏི་ཚང་གཡུ་སྒྲོན་གྱི་མན་ངག་ཇུ་ཐིག་སྲིད་པའི་རྒྱུད་འབུམ། ཁོག་ཆེན་འཕྲུལ་གྱི་རྒྱལ་པོ། གླིང་བཞི་ཉི་མ་འཁོར་རྩིས། སྙན་རྒྱུད་ཉི་མའི་འོད་ཟེར། སྙན་རྒྱུད་དང་ལྡེ་མིག་སྐོར། མ་སང་ཐི་གུ་རང་སྨྲ། མོ་སྡེ་སྲིད་པའི་གཞི་འབུམ། མགྲོན་མོ་གསང་བ་སྡེ་གཅིག མོ་མཚོ་སྲིད་པའི་བླ་གནས། དགྲ་ཕྱྭ་གསང་བ་ཡང་ཁུག ས་མོ་གསེར་གྱི་ཡང་སྙིང་། མདུད་རྫོང་ཀུན་གསལ་མེ་ལོང་། མདུད་རྫོང་ཁྲ་མོ་གཞུང་ཁྲལ། རྐྱང་དཔྱད་གསལ་བའི་མེ་ལོང་། མདུད་རྫོང་ཁྲ་མོ་གཞུང་འགྲེལ། མདུད་རྫོང་རྡོ་རྗེ་གསང་ཐ་རམ། ཁོག་དབུབ་ཁྱུང་ཆེན་ལྡིང་བ། ཞང་ཞུང་གི་མོ་ཡིག་པོད་བཅུ་བདུན་ཙམ་གཟིགས་ཤིང་བཏུས་པ་རྒྱུད་ཆེན་དགོངས་པ་རབ་གསལ། སྨོན་ཆེན་གཡུ་ཁ་དྲུག་འདུས། ནག་རིགས་སྲིད་པའི་རྒྱུད་འབུམ། ནད་མོ་གསལ་བའི་མེ་ལོང་། བཟང་དགུ་སྦས་པའི་ལྡེ་མིག རྩོད་པ་གནམ་ལྕགས་འཁོར་ལོ[4]སོགས་ནི་མཛད་པ་པོ་གསལ་ཁ་ཡོད་མེད་དང་། མཐོང་ཡུལ་དུ་གྱུར་མ་གྱུར་ཅི་རིགས་ཡོད་པས་དོན་གཉེར་ཅན་རྣམས་ཀྱིས་གོང་བཀོད་ཀྱི་མོ་གཞུང་རེ་རེ་ལ་གཟིགས་པར་ཞུ།

བསྟན་པ་ཕྱི་དར་[5]སྐབས་སུ་མཛད་པའི་མོ་གཞུང་དེང་དུས་སྤྱི་ཚོགས་ཁྲོད་ན་དར་ཁྱབ་ཆེ་བ་དང་ལག་ལེན་དུ་འདེབས་བཞིན་པའི་ཇུ་ཐིག་གི་གཞུང་ནི། མདུད་རྫོང་ཁྲ་མོ་འབྱུང་བའི་ཁོག་བརྡུང་དང་། ཏོ་མོ་ཨ་དཔལ་སྙན་རྒྱུད། བཅུ་གསུམ་འཁོར་རྩིས་ཆེན་མོ། ཇུ་ཐིག་གི་ལག་ལེན་ཉེར་མཁོ་ཕྱོགས་བསྒྲིགས། དཔྱད་དོན་སྒྱུ་མ་གསེར་འབུམ། མོ་བཀྲ་འཕྲུལ་གྱི་མེ་ལོང་འབྱུང་ལྔའི་ཁོག་རྡུང་། མོ་ཁོག་ཆེན་འཕྲུལ་གྱི་རྒྱལ་པོ་བཤད་བྱང་གཞུང་དོན་བདེལ་མིག་དང་བཅས་པ། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་མོ་མཚོ་སྲིད་པའི་སྒྲོན་མ་སྣང་སྲིད་ལེགས་ཉེས་ཀུན་གསལ། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག། མོ་མཚོ་སྲིད་པའི་སྒྲོན་མ་ཡི། མོ་མིང་སུམ་བརྒྱ་དྲུག་ཅུ་ཀུན། གསལ་བྱེད་ལྡེ་མིག་ཉེར་མཁོ། གེ་ཁོད་མནོལ་བསང་དཀར་ནག་ལྷ་ཁྲུས་དང་ལྷ་བདར། འཕྲུལ་གྱི་ཇུ་ཐིག་འབེབ་པའི་མོ་བདར་ཆེན་མོ་རྣོ་མཐོང་མོ་ལྷ་བསྒྲུབ་པའི་མན་ངག་ལག་ལེན། མོ་ཡི་ཞལ་ཤེས་མན་ངག་ཟབ་མོ། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ལུང་གི་མོ་བདར་རྣོ་ལྷ་རང་འཁོར་སོགས་བཞུགས་སོ། །གོང་བཀོད་ཀྱི་མོ་གཞུང་དག་ནི་གཙོ་བོ་སྟོན་པས་གསུངས་པའི་ཇུ་ཐིག་གི་རྒྱུད་སྡེ་དང་རྒྱུད་འབུམ་ལ་ཁུངས་གཏུགས།  རིམ་བཞིན་མོ་བོན་རྣམས་ཀྱི་ཇུ་ཐིག་དང་འབྲེལ་བའི་ལག་ལེན་དང་ཉམས་མྱོང་གཞིར་བཟུང་ནས། མོ་གཞུང་གི་བརྩམས་ཆོས་ཇི་མང་ཞིག་མཛད། དེང་རབས་བོད་ཀྱི་མཁས་པའི་ཁྲོད་ན་གོང་བཀོད་ཀྱི་མོ་གཞུང་ཁག་ལ་དཔྱད་ཞིབ་གནང་མཁན་དང་། དཔྱད་གཞི་འཛིན་མཁན་རེ་འགའ་ཙམ་ཡིན་པར་མཐོང་།  དོན་ངོ་མར་ཡིག་རྙིང་ཁག་ལ་སྔར་ལས་ཞིབ་ལྟ་དང་དཔྱད་བརྗོད་མེད་ན། གནད་དོན་གང་ལ་འཚོལ་ཞིབ་བྱེད་དཀའ།

ཕྱོགས་གཞན་ནས་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་[6]་གི་མོ་དེ་དག་གི་མི་ཡུལ་ལ་དར་ཚུལ་དང་འབྱུང་ཁུངས་ཡང་མི་རིགས་གཞན་ཞིག་དང་ཆོས་ལུགས་ག་གེ་མོ་ཞིག་ནས་དར་ཡོང་བ་ཞིག་མིན་ཏེ། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་མོ། །འཛམ་བུ་གླིང་དུ་དར་ཚུལ་ནི། །སྟོང་གསུམ་མི་མཇེད་འཇིག་རྟེན་གྱི། །གཤེན་ཡུལ་འོལ་མོ་ལུང་རིང་ན། །དམུ་རིགས་འཕྲུལ་གྱི་རྒྱལ་པོ་ལ། །སངས་རྒྱས་སྟོན་པ་གཤེན་རབ་འཁྲུངས། །འགྲོ་འདུལ་སྤྲུལ་པ་འོད་ཟེར་འགྱེད། །སྟོང་གསུམ་འཇིག་རྟེན་ཁ་ལོ་བསྒྱུར། །བཀའ་ཡི་འཁོར་ལོ་རྣམ་གསུམ་བསྐོར། །བཀའ་འཁོར་དང་པོ་ཐེག་པ་དགུ། །རིམ་པར་གསུངས་པའི་ཐོག་མ་ལ། །ཕྱྭ་གཤེན་ཐེག་པའི་སྒོ་ཕྱེས་ནས། །མོ་རྩིས་གཏོ་དཔྱད་བཞི་རུ་བསྟན། །[7]ཞེས་པ་ལྟར། འདི་ནི་བོད་ས་ཐོག་གི་ཆོས་ལུགས་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོའི་བཀའ་འཁོར་གསུམ་བསྐོར་བའི་ཐོག་མ་ཐེག་པ་རིམ་དགུའི་ཁྲོད་ནས་འཆད་པའི་རྒྱུད་སྡེ་བཞི་ལས་ཕྱྭ་གཤེན་ཐེག་པའི་ཁུངས་ནས་ཡིན་པ་བསྟན། མོ་གཞུང་དེ་དག་གི་འབྲེལ་བའི་ལོ་རྒྱུས་ཀྱི་ཕྱོགས་ནས་བགྲང་བྱ་མང་པོ་སྔོན་དུ་འདས་པའི་བརྒྱུད་རིམ་ཡུན་རིང་ལྡན་ཞིང་། མི་ལོ་ཆིག་ཁྲི་ལྷག་འདས་པའི་ཡིག་ཆའི་གྲས་སུའང་བགྲང་ཆོག་ལ། ལྷག་པར་དུ་མོ་གཞུང་དེ་དག་བོན་གྱི་ཐེག་དགུ་དང་འབྲེལ་བའི་གཞུང་ལུགས་ཤིག་གི་རྣམ་པ་ཡིན་པ་དང་། དེ་དག་མི་ཡུལ་ལ་དར་ཚུལ་ལ་དཔྱད་ཞིབ་འདོད་ན། བོན་གྱི་ཐེག་དགུའི་གཞུང་ལུགས་ཁག་དང་ཁ་བྲལ་ཐབས་མེད། གལ་ཏེ་མོ་གཞུང་རེ་རེའི་ཁྱད་བོན་དང་། མོ་སྐུད། མོ་མདུད་སོགས་ལ་ཞིབ་འཇུག་བྱེད་འདོད་ན། དཔེ་རྙིང་ཙམ་མ་ཟད་སྨན་རིའི་དཔེ་མཛོད་ནང་ལ་དངོས་སུ་ཕེབས་ནས་ཇུ་ཐིག་གི་དཔེ་རིས་དང་བཅས་མོ་གཞུང་དུ་མ་ཞིག་ལ་གཟིགས་ན་ཤེས། གང་ཡིན་ཞེ་ན། དེང་རབས་མཁས་པའི་ཁྲོད་ན་ཡིག་རིགས་གཅིག་པུ་ཙམ་མིན་པར། དཔེ་རིས་དང་འབྲེལ་བའི་རིགས་ནི་དེང་རབས་ཉམས་ཞིབ་ཁྲོད་ཧ་ཅང་གལ་ཆེན་པོ་མཐོང་། རྒྱུ་མཚན་དེ་དག་གི་དབང་གིས་དཔྱད་ན། གོང་དུ་འཁོད་པའི་མོ་གཞུང་ཁག་ལ་དཔྱད་པ་ཙམ་མ་ཡིན་པར། དོགས་སློང་སེལ་ཐབས་སུ་དཔེ་རིས་དགོས་པ་གལ་ཆེན་རེད་དོ། །

 གཉིས་པ།   ཇུ་ཐིག་ཅེས་པའི་ཐ་སྙད་ལ་དཔྱད་པ།

སྤྱིར་བཏང་ནས་བཤད་ན། བོན་གྱི་ཡིག་རྙིང་འགའ་ལས། ཇུ་ཐིག་ལ་ཐ་སྙད་རིགས་དུ་མ་ཞིག་ཡོད་པར་གསལ་ལ། ཐ་སྙད་འདི་བསྐལ་པ་ཡ་ཐོག་གི་སྐབས་སུ་ནས་ཞང་ཞུང་ཤེས་རིག་ཁོངས་སུ་གཏོགས་པར་བཤད་ཅིང་། མིའི་རིགས་ཀྱི་འཚོ་གནས་དང་མོ་ཐབས་རིགས་ལ་ངོས་འཛིན་ཡོད་པ་ཡང་བཤད་འདུག་སྟེ། ལྟ་ཚུལ་དེ་དག་དང་འབྲེལ་ནས་དེང་རབས་མཁས་པའི་བརྩམས་ཆོས་མོ་གཞུང་ཡང་མང་། རྒྱུ་མཚན་དེ་དག་དབང་གིས་ཇུ་ཐིག་གི་ཐ་སྙད་དང་འབྲེལ་བའི་ཆ་ནས་བཤད་ན་མོ་གཞུང་ཁག་ལ་འདོད་ཚུལ་འགའ་ཞིག་མཐོང་། དཔེར་ན། ཇུ་ཐིག་དང་བཅུ་ཐིག  ཇུ་ཏིག ཇུ་ཞག་ཅེས་ཐ་སྙད་རིགས་མི་འདྲ་བ་ཁག་བཞི་ཙམ་མཆིས། རིགས་མི་འདྲ་བ་དེ་དག་གདོད་མའི་སྐབས་སུ་ཡོད་པ་དང་མོ་གཞུང་སྤྱི་ཡོངས་ལ་དཔྱད་ན་ཐ་སྙད་ཏག་ཏག་ཅིག་ཡིན་མིན་ད་དུང་དཔྱད།

བཅུ་ཐིག་ཅེས་པ་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ཡིག་ལག་ལེན་ཉེར་མཁོ་ལས། བསྐལ་སྲིད་འབྱུང་བ་ཆགས་འཇིག་བཅུ། །ཐིག་པར་སྟོན་པས་བཅུ་ཐིག་ཟེར། །འདོད་པ་མ་ལུས་ཀུན་འབྱུང་བས། །མོ་ཞེས་བྱ་བ་དེ་ཕྱིར་རོ། །བསྐལ་པ་བཞི་དང་འབྱུང་བ་ལྔ།  །སྲིད་པ་གཅིག་དང་བཅུ་མཐོང་བས། །ཇུ་ཐིག་མ་ཟེར་བཅུ་ཐིག་ཡིན། །མི་རབས་བཅོ་བརྒྱད་མོ་ཡང་མཐོང་། །[8]ཞེས་བསྐལ་པ་བཞི་དང་། འབྱུང་བ་ལྔ། སྲིད་པ་གཅིག་བཅས་བཅུ་མཐོང་བས་ཇུ་ཐིག་མ་ཡིན་བཅུ་ཐིག་ཡིན་པའི་ཚིག་དོན་གཙོ་བོར་བྱེད་ལས་དང་འབྲེལ་བ་ངེས་ཅན་ཞིག་གྲུབ་པའི་ཆ་ནས་མིང་བཏགས་ཡིན་མིན་ལ་ད་དུང་དཔྱད་ཞིབ་བྱས་ན་རེ་འགའ་ཞིག་ལ་ཁ་གསལ་ཡོང་དགོས་པ་མཐོང་། དཔེར་ན། “ཇུ་ཐིག་” དང་བཅུ་ཐིག ཇུ་ཏིག  ཇུ་ཞག་རྣམས་དོན་གཅིག་མིང་གི་རྣམས་གྲངས་ཡིན་མིན་ད་དུང་དཔྱད་དགོས་ལ་གང་ཞིག་ཡང་དག་པ་ཡིན་མིན་དེ་བས་ཀྱང་བརྗོད་དཀའ། འོན་ཀྱང་དོན་དངོས་ཐོག་ནས་བཤད་ཐུབ་པ་ཞིག་ལ། ཐ་སྙད་འདི་དུས་རབས་མང་པོའི་གོང་ནས་བོན་གྱི་ཡིག་རྙིང་དང་མོ་གཞུང་ཁག་ཏུ་གསལ་བ་རྩོད་མེད་ཆགས་ཡོད།

མཁར་རྨེའུ་བསམ་གཏན་ཀྱིས་མཛད་པའི་<<ཞང་བོན་ཐ་སྙད་>>ལས། ཇུ་ཐིག་ནི་ཞང་ཞུང་གི་རྣོ་མཐོང་མོ།[9] ཐིགས་ནི་བཅུད་དམ་སྙིང་པོ།[10]ཞེས་ཇུ་ཐིག་དང་ཇུ་ཏིག་གཅིག་འདྲ་ཡིན་ཚུལ་བཀོད་ཡོད། ད་དུང་། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས་མཛད་པའི་<<སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ་>>ལས། ཇུ་ཐིག་ཅེས་པ་བཅུ་ཐིག་གི་སྒྲ་ཡི་ཟུར་ཆག་པར་བཤད་དོན་ཡང་། བསྐལ་སྲིད་འབྱུང་བ་ཆགས་འཇིག་བཅུ་ཐིག་པར་བསྟན་པས་མིང་བཏགས་ཀྱང་། འདིར་ནམ་རྒྱུན་ལྟར་བསྐལ་པ་བཞི་དང་། སྲིད་པ་གསུམ། འབྱུང་བ་ལྔ་ལ་བརྩིས་པས་གྲངས་ཀ་ཏག་ཏག་མིན་ཏེ། གོང་དུ་འཁོད་པ་བཞིན་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་<<ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ཡིག་ལག་ལེན་ཉེར་མཁོ་>>ལས། འདིས་བསྐལ་པ་བཞི་དང་འབྱུང་བ་ལྔ། །སྲིད་པ་གཅིག་དང་བཅུ་མཐོང་བས། །ཇུ་ཐིག་མ་ཟེར་བཅུ་ཐིག་ཡིན། །མི་རབས་བཅོ་བརྒྱད་མོ་ཡང་མཐོང་། །[11] ཞེས་བཅུ་ཐིག་གི་གྲངས་བརྩི་ཚུལ་དང་ངོ་བོ་གྲུབ་ཚུལ་གཉིས་བསྟན་ཡོད། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། ཇུ་ཐིག་ལ་བརྟེན་ནས་མོ་འདེབས་སྤྱད་ཀྱི་མོ་ཆས་སྣ་ཚོགས་ལ་གོ་དགོས་པ་ཞིག་དང་། ཇུ་ཐིག་ལ་བརྟེན་ནས་མོ་འདེབས་པའི་འབྲས་བཤད་ཀྱི་མོ་གཞུང་ལ་གོ་དགོས་པ་ཞིག་བཅས་ཡོད།[12] ཇུ་ཐིག་ཅེས་པ་མོ་འདེབས་སྤྱད་ཀྱི་མོ་ཆས་དང་མོ་གཞུང་གཉིས་ལ་ངོས་འཛིན་གནང་ཡོད།

དེ་བཞིན་བརྡ་ཆད་གཏན་ལ་ཕབ་པའི་ཚིག་མཛོད་[13]འགའ་ལས། ཇུ་ཏིག་ནི་ཇུ་ཐིག་དང་འདྲ། ཇུ་ཐིག་བོན་པོའི་མོ་སྐུད་དང་མོ་ཡིག་ཅེས་ཇུ་ཐིག་ནི་མོ་སྐུད་དང་མོ་ཡིག་ཞིག་ལ་ངོས་འཛིན་གནང་ཡང་། འདིའི་གཞི་རྩའི་གོ་བ་སྐུད་པ་དང་མོ་ཡིག་ཙམ་མིན་ཏེ།  བོན་ལུགས་སུ་ཇུ་ཞེས་པ་ཞང་སྐད་ནང་“བྱུང་”བ་ལ་གོ་སྟེ། དགེ་བཤེས་བློ་གྲོས་རབ་གསལ་ཀྱིས་མཛད་པའི་<<གནའ་བོའི་ཞང་ཁོང་ཚིག་མཛོད་>>ལས། ཇུ་ནི་ཞང་སྐད་ལ་བྱུང་བ་དང་།<<སྲིད་པའི་མཛོད་ཕུགས་>>ལས། “ཇུ”་ལ་ཞང་ཞུང་སྐད་ནས་དེ་སྤྱོད་ད་ཅོད་ཏི་ནི་ཇུ། །སྤྱི་མཐུན་རྒྱུ་ནི་གཅིག་ལས་འབྱུང་། །ཞེས་པའི་“ཇུ” དེ་འབྱུང་བ་བཞིན་བསྒྱུར་ཡོད། མཁར་རྨེའུ་བསམ་གཏན་གྱི་ཞང་བོན་ཐ་སྙད་ལས། ཇུ་[14]ནི་ཞང་སྐད་དུ་བྱུང་བའི་དོན་ཞེས་སོ། །

ལྷག་པར་དུ་། <<སྲིད་པའི་མཛོད་ཕུགས་>>[15]ལས། “ཏིག“ལ་ཞང་ཞུང་སྐད་ནས་དེ་སྤྱོད་ད་ཅོད་ཏི་ནི་ཇུ། །ཤེ་“ཏིག”ཏ་ལ་མི་སོམ་ཁྲུན། །” [16] “ཏིག་”ཏི་ཁྲེ་ཙེ་ཏི་ཀུ་ཤིན། །[17] ཐི་ཐག་ཏི་ཙོག་ཤ་ཤིན་དྷ། །”[18] “དྷིལ་ང་དྲུག་ཅུ་དྷེར་གྱིན། །ང་“ཏིག་”ཅུ་ཏི་དེ་ཙུ་ནི། །”  ཞེས་པས། ཚིག་རྐང་དང་པོའི་“ཏིག”ནི་འབྲས་བུ་ལ་གོ་བ་དང་། ཚིག་རྐང་གཉིས་པའི་“ཏིག”ནི་རིག་པའི་དོན། ཚིག་རྐང་གསུམ་པའི་“ཏིག”ནི་བཅུ་ལ་གོ་བའོ། །མཁར་རྨེའུ་བསམ་གཏན་ལགས་གྱི་ཞང་བོན་ཐ་སྙད་ལས། ཏིག་ནི་ཞང་སྐད་ནང་་གཅིག་གི་དོན་ཞེས་བཤད།

མདོར་བསྡུས་ན།  ལུང་ཚིག་དེ་དག་ནང་ལ་གསལ་བའི་ཇུ་ཏིག་དང་། ཇུ་ཐིག  བཅུ་ཐིག་ལ་སོགས་པ་ཡོངས་གྲགས་ལ་གནའ་དུས་ཀྱི་མོ་གཞུང་ཁག་དང་། དེང་རབས་མཁས་པའི་ཁྲོད་ནས་འགྲེལ་ཚུལ་མི་འདྲ་བ་དང་། ཐ་སྙད་མི་འདྲ། བརྡ་ཆད་མི་འདྲ། རྣམ་པ་མི་འདྲ་ཡང་། མཚོན་ཐབས་དང་བྱེད་ལས་ཀྱི་ཆ་ནས་དེ་ཙམ་ཁྱད་བོན་མེད་པར་མཐོང་། ལུང་ཚིག་དེ་དག་དང་། བརྡ་ཆད་རིག་པའི་ཆ་ནས་ད་དུང་འགྲེལ་ཚུལ་མང་ཡང་ཡིག་ཚོགས་ཤིན་ཏུ་མང་བར་འདུག་པས། དུ་མ་ཞིག་ད་དུང་དཔྱད་གཞིར་བཞག་པ་ཡིན་ལ། གོང་དུ་བཀོད་པའི་ཚིག་དོན་དང་མོ་གཞུང་ཁག་ནི་ཕྲན་ལ་མཚོན་ན་ཉམས་མྱོང་དང་ལག་ལེན་མེད་པས། བློ་གསལ་དོན་རྟོགས་མཁན་འགའ་ནས་ཁ་སྣོན་རེ་ཡོང་བར་སྨོན།

ས་བཅད་གསུམ་པ།   ཇུ་ཐིག་གི་གལ་ཆེན་རང་བཞིན་ལ་དཔྱད་པ།

སྤྱིར་བཏང་དུ་ད་ཆ་འཛམ་གླིང་སྟེང་ན་ཞང་ཞུང་ཤེས་རིག་དང་འབྲེལ་བའི་གཏམ་གླེང་དུ་མ་ཞིག་བྱུང་དང་འབྱུང་བཞིན་ཡོད་ལ། ཕྱོགས་གང་ཐད་ནས་རིག་ལམ་གསར་པ་ཞིག་གི་ཉི་ཟེར་ཤར་བཞིན་ཡོད། བོད་རང་གི་མཁས་པའི་ཁྲོད་ན་བོན་གྱི་ལྟ་གྲུབ་རིག་པ་དང་། ལོ་རྒྱུས་རིག་པ། ཤེས་རྟོགས་རིག་པ། གནའ་དཔྱད་རིག་པའི་སྟེང་ནས་ཞིབ་འཇུག་གནང་མཁན་ཧ་ཅང་ཉུང་ཉུང་རེད། དཔེར་ན། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་<<ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ཡིག་ལག་ལེན་ཉེར་མཁོ་>>ཞེས་པའི་མོ་གཞུང་འདི་ཀློག་མྱོང་མཁན་རེ་འགའ་ཙམ་རེད་ལ། མང་པོ་ཞིག་གིས་མཐོང་མྱོང་ཡང་མེད། ཚང་མས་ཤེས་གསལ་ལྟར་གོང་དུ་འཁོད་པའི་དཔྱད་རྩོམ་ཁྲོད་ན་གསལ་བའི་ཁུངས་རྣམས་གཙོ་བོར་འཇུ་མི་ཕམ་རིན་པོ་ཆེ་[19]དང་། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན།[20] མཁར་རྨེའུ་བསམ་གཏན་[21]བཅས་སུ་འཁོད་པའི་ཇུ་ཐིག་གི་ལོ་རྒྱུས་དང་། ཐ་སྙད། མཚོན་དོན་སོགས་སྐོར་ལ་དཔྱད་ཡོད། རྒྱུ་མཚན་དེས་ཐ་སྙད་འདིའི་ཞང་བོན་ཤེས་རིག་ཁྲོད་ན་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པ་གསལ།

འོན་ཀྱང་སྨོན་ལམ་ཚིག་མཛོད་དང་། དུང་དཀར་ཚིག་མཛོད། བོད་རྒྱ་ཚིག་མཛོད་ཆེན་མོ། དག་ཡིག མིང་མཛོད་བཅས་སུ་འཁོོད་པའི་ཇུ་ཐིག་གི་ཐ་སྙད་སྐོར་ལ་ད་དུང་ཏོག་ཙམ་ཞིག་དཔྱད་དགོས་པར་མཐོང་། དེ་དག་ལས་ཁ་ཅིག་ནི་བོན་གྱི་མོ་གཞུང་དང་ཏག་ཏག་མེད་པ་དང་། ཡང་ཁ་ཅིག་ནི་དེང་སང་གི་ལུགས་སྲོལ་བཞིན་བརྗོད་ནས་ལོ་རྒྱུས་དངོས་དང་ཏོག་ཙམ་ཁ་ཐག་རིང་བས། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་མཐོང་། རྒྱུ་མཚན་ནི་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་བརྗོད་པའི་མོ་གཞུང་ཁྲོད་ནས་ཇུ་ཐིག་ནི་ཞང་ཞུང་ཤེས་རིག་གི་མ་མ་ལྟ་བུ་དང་། བོན་གྱི་ལྟ་གྲུབ་རིག་པ་དང་། ལོ་རྒྱུས་རིག་པ། ཤེས་རྟོགས་རིག་པ། མི་ཆོས་རིག་པ་བཅས་སུ་ཡོད་པའི་ཐ་སྙད་ཅིག་ཡིན་པ་མ་ཟད། དུས་རབས་དང་དངོས་སུ་མཐུན་པའི་ཤེས་རིག་གི་རྩ་བ་ཞིག་ལ་ངོས་འཛིན་གནང་ཡོད།

ལྷག་པར་དུ་དེང་གི་བོད་ཀྱི་ཤེས་རིག་དཔྱད་ཞིབ་པའི་སྡེ་རུ་དུས་རབས་གོང་མའི་རིག་གནས་ལ་ཏོག་ཙམ་མཐོང་ཆུང་བྱེད་པའི་སྐད་ཆ་ནི་ཇེ་མང་ནས་ཇེ་མང་རེད། དོན་དུ་དཔེ་ཀློག་གི་མཐོང་རྒྱ་དང་། བསམ་བློ་ཡི་སྒོ་ཆེན་དོག་དྲགས་པས་རེད་སྙམ། དེའི་རྐྱེན་གྱིས་མི་རབས་གཞོན་པའི་ཁྲོད་ན་ནམ་རྒྱུན་ལྟར་མིན་པར་ཇུ་ཐིག་ལྟ་བུའི་ཐ་སྙད་དང་། དེའི་རི་མོ། མཚོན་དོན། ལོ་རྒྱུས། ཁྱབ་ཁོངས་སོགས་ལ་དཔྱད་ཞིབ་བྱས་ཏེ། བདེན་པ་ཅི་ཞིག་ཡིན་མིན་སྐོར་ལ་ཆེད་ལས་དང་འབྲེལ་ནས་དཔྱད་གཏམ་གླེང་ན་བཟང་། མདོར་ན།  ངས་གོང་དུ་བྲིས་པའི་དཔྱད་རྩོམ་ནི་ནང་དོན་ཡག་པོ་ཡོད་མེད་དང་མཁས་རྩོམ་ཡིན་མིན་སོགས་ལ་མ་བལྟོས་པར་ཇུ་ཐིག་ཅེས་པའི་ཐ་སྙད་ཅིག་བོད་ལ་ཡོད་ཚུལ་རྟོགས་སོང་ན་འགྲིག་གོ །རྒྱུ་མཚན་ནི། གཅིག་ནས་ལོ་རྒྱུས་དང་ཤེས་རིག་གི་ཁྱབ་ཁོངས་ནས་ཐ་སྙད་གལ་ཆེན་དུ་མ་ཞིག་ཕན་མེད་དུ་འགྱུར་བའི་ཉེན་ཁ་མཐོང་བས་ཡིན་ལ། གཉིས་ནས་མི་རབས་གཞོན་པའི་ཁྲོད་རིག་གཞུང་དཔྱད་ཞིབ་པ་ཇེ་མང་དུ་འགྲོ་བའི་རེ་ལྟོས་འཆང་བ། གསུམ་ནས་རང་ཉིད་དང་ལྟ་ཚུལ་མི་མཐུན་པ་དང་། མཐོང་སྣང་མི་གཅིག་པ་རིགས་ལ་ལྷག་བསམ་རྣམ་དག་གིས་ཕན་ཚུན་བར་ཉམས་མྱོང་བརྗེ་རེས་དང་བསམ་ཚུལ་བརྗེ་རེས་འདྲ་བྱུང་ན་བསམ་པ་ཡིན།

ང་ཚོས་སྔོན་གྱི་ལོ་རྒྱུས་སྟེང་གི་ཐ་སྙད་རིགས་ནི་ནམ་ཡང་མི་རིགས་ཤིག་གི་ཚེ་སྲོག་དང་འབྲེལ་བས། ཇུ་ཐིག་དང་འབྲེལ་བའི་རིག་གཞུང་དང་། ལོ་རྒྱུས་གང་ཐད་ནས་བརྗོད་སྐབས་གཟབ་གཟབ་གནང་རྒྱུ་གལ་ཆེན་མཐོང་ལ། ཁ་ནས་བཤད་པ་ཙམ་མིན་པར།  ལན་ལེན་དུ་ཡང་བསྟར་དགོས་པ་གལ་ཆེན་ཡིན།   རྒྱུ་མཚན་དཔྱད་བརྗོད་པ་དུ་མ་ཞིག་གིས་ཞང་ཞུང་རིག་གནས་དང་། བོན་ཆོས་བྱ་བ་གཉིས་སོ་སོར་ངོས་འཛིན་མ་གནང་ནས་ཇུ་ཐིག་སྐོར་ལ་དཔྱད་བརྗོད་བྱེད་ན། གོ་དོན་དང་མཚོན་དོན། ལོ་རྒྱུས་གང་ཐད་ནས་ཁ་གསལ་ཡོང་ཐབས་མེད་ལ། རིག་གནས་ཀྱི་དུས་སྐབས་དང་། ས་མཚམས། ས་ཁོངས་ཀྱི་དབྱེ་བ་མེད་ན་དེ་བས་ཀྱང་གནས་ལུགས་འཚོལ་དཀའ། ངའི་གོང་དུ་མདོར་ཙམ་བཤད་པར་ལྟར་ཞང་ཞུང་ཤེས་རིག་ཁྲོད་ན་གསལ་བའི་ཇུ་ཐིག་ནི་བསྐལ་པ་ཡ་ཐོག་གི་སྐབས་ནས་བཟུང་སྟེ་མིའི་རིགས་ཀྱི་འཚོ་སྡོད་དང་ཐོན་སྐྱེད་གང་ཐད་ནས་འབྲེལ་བ་མ་ཟད། ད་དུང་། མོའི་ལོ་རྒྱུས་དང་། རིག་གནས། དམངས་སྲོལ། སྤྱི་ཚོགས། འཚོ་བའི་གོམས་སྲོལ་སོགས་ལ་ད་དུང་ཞིབ་འཇུག་བྱེད་དགོས་པ་ཧ་ཅང་རིན་ཐང་ཅན་ཞིག་ཡིན་ལ། ཐ་སྙད་དེ་དག་གི་རིགས་ནི་མི་དང་འབྲེལ་བའི་རིག་གནས་ཀྱི་རྒྱུ་ཆ་གཙོ་བོ་ཞིག་ཀྱང་ཡིན།

མཐའ་བསྡོམས།

དཔྱད་རྩོམ་འདི་ལ་མཚོན་ན། གཙོ་བོ་ཞང་ཞུང་ཤེས་རིག་ཁྲོད་ཀྱི་མོ་གཞུང་ལ་ཁུངས་བཅོལ་ཡོད་པས་ཤེས་རིག་དང་ཤེས་རིག་བར་གྱི་ཐ་སྙད་ཅིག་ཡིན་ཕྱིར། ཇུ་ཐིག་ཅེས་པའི་ཡིག་འབྲུ་འདི་གཉིས་ནི་ང་ཁོ་ན་ཙམ་མ་ཡིན་པར་རིག་གནས་ཉམས་ཞིབ་པ་ཀུན་དང་འབྲེལ་བ་ཡོད་པ་ཞིག་རེད་ལ། ཡང་ཅིག་བཤད་ན་ཇུ་ཐིག་ཅེས་པའི་ཐ་སྙད་ནི་འདས་ཟིན་པའི་ལོ་ངོ་སྟོང་ཕྲག་མང་པོའི་བརྒྱུད་རིམ་ཁྲོད་གལ་ཆེའི་རང་བཞིན་གྱི་ཐ་སྙད་ཅིག་ཡིན་པ་གོང་དུ་བརྗོད་ཟིན། ཐ་སྙད་འདི་ནི་ཡ་ཐོག་གི་མིའི་བསམ་བློ་དང་སེམས་ཁམས། ཤེས་ཡོན་སོགས་ཀྱི་གནད་དོན་ཁྲོད་ཁྱབ་ཡོད་པས། ཐ་སྙད་དེ་འདྲ་བ་དེང་རབས་ཀྱི་སྤྱི་ཚོགས་ཁྲོད་ནས་ཧ་ཅང་གལ་འགངས་ཆེ་བ་མ་ཟད། འཛམ་གླིང་གི་སྣེ་མོ་གསུམ་པ་དང་ཨེ་ཤི་ཡའི་གཙང་པོའི་འབྱུང་ཁུངས་ཆགས་ཡོད་པའི་བོད་གངས་ཅན་ལྗོངས་ཀྱི་ལྟ་གྲུབ་དང་། ཤེས་རིག།  སྐད་བརྡ། མི་རིགས། དཔལ་ཡོན་སོགས་ལ་བློ་རིག་གི་མཐའ་དཔྱོད་ལེགས་པར་གནང་ན། ཡ་ཐོག་ཞང་ཞུང་ཤེས་རིག་དང་ཁ་འབྲལ་ཐབས་མེད་པས་བློས་ཞིབ་མོས་བརྟག་ན་ད་གཟོ་གནས་ལུགས་ཀྱི་ཆ་དུ་མ་ཞིག་ཡོད་པ་མཐོང་ངོ་།། །།

ཟུར་ལྟའི་དཔྱད་གཞིའི་ཡིག་ཆ།

༡ དང་པོ་ཕྱྭ་གཤེན་ཐེག་པ།  གཉིས་པ་སྣང་གཤེན། གསུམ་པ་འཕྲུལ་གཤེན། བཞི་པ་སྲིད་གཤེན། ལྔ་པ་དགེ་བསྙེན། དྲུག་པ་དྲང་སྲོང་།  བདུན་པ་ཨ་དཀར།  བརྒྱད་པ་ཡེ་གཤེན། དགུ་པ་བླ་མེད། ཐེག་རིམ་ལས་དྲངས།

༢ འདོད་པ་མ་ལུས་ཀུན་འབྱུང་བའི། །མོ་ཞེས་བྱ་བ་དེ་ཕྱིར་རོ། །ཞེས་པས་མོ་ཡི་མཚན་ཉིད་དང་གོ་དོན་བསྟན། མོ་ལའང་རྣམ་པ་བཞི་ཡོད་དེ། །ཡེ་མཁྱེན་སྒྲ་བླའི་མངོན་ཤེས་དང་། །ཡེ་རྗེ་སྨོན་པའི་རྨི་ལམ་དང་། །ཡེ་དབང་ལྷ་ཡི་བཀའ་བབ་དང་། །ཡེ་སྲིད་འཕྲལ་གྱི་ཇུ་ཐིག་བཞི། །ཞེས་པས་མོའི་དབྱེ་བ་སྡེ་ཁག་བཞི་བསྟན།  ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ཡིག་ལག་ལེན་ཉེར་མཁོ་བཞུགས་སོ། །སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཕྱི་ལོ། ༢༠༡༧ ཤོག་གྲངས། ༡༦༣

༣  སྔར་གཉའ་ཁྲི་བཙན་པོའི་དུས་སུ་དབུ་བརྙེས་པ་ནས་བཟུང་། སྲོང་བཙན་སྒམ་པོའི་དུས་སུ་སྲོལ་གཏོད་དང་། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་འཕེལ་རྒྱས་བཏང་། ཁྲི་རལ་པ་ཅན་གྱི་དུས་སུ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་དེ། གླང་དར་མས་མ་བསྣུབས་བར་གྱི་ནང་པ་སངས་རྒྱས་པའི་བསྟན་པ་ལ་ཟེར། བོད་རྒྱ་ཚིག་མཛོད་ལས་དྲངས།

༤   ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་མོ་མཚོ་སྲིད་པའི་སྒྲོན་མ་སྣང་སྲིད་ལེགས་ཉེས་ཀུན་གསལ།  སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། ཤོག་གྲངས། ༡༥

༥  ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་མོ་མཚོ་སྲིད་པའི་སྒྲོན་མ་སྣང་སྲིད་ལེགས་ཉེས་ཀུན་གསལ་ལས་དྲངས། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན།

༦  སྐབས་འདིའི་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་གི་ངེས་ཚིག་ནི་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ཡིག་ལག་ལེན་ཉེར་མཁོ་ལས། སངས་རྒྱས་ཀུན་ཀྱི་ཐུགས་ལ་མངའ། །འགྲོ་བའི་དོན་དུ་རྒྱས་པར་གསུངས། །དེ་ལྟར་ཡེ་ནས་སྲིད་པ་ཡི། །ཡེ་སྲིད་ཅེས་ཀྱང་དེ་ལ་བྱ། །སྣ་ཚོགས་སྒྱུ་འཕྲུལ་ཀུན་སྟོན་པས། །འཕྲུལ་ཞེས་བྱ་བར་བརྗོད་པ་ཡིན། །བསྐལ་པ་༡ སྲིད་པ་༢ འབྱུང་བ་༣ ཆགས་འཇིག་བཅུ། །ཐིག་པར་སྟོན་པས་བཅུ་ཐིག་ཟེར། །འདོད་པ་མ་ལུས་ཀུན་འབྱུང་བའི། །མོ་ཞེས་བྱ་བ་དེ་ཕྱིར་རོ། །བསྐལ་འདོད་པ་མ་ལུས་ཀུན་འབྱུང་བའི། །མོ་ཞེས་བྱ་བ་དེ་ཕྱིར་རོ། །ཞེས་གསལ།

༧  ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ཡིག་ལག་ལེན་ཉེར་མཁོ་བཞུགས་སོ། །སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཕྱི་ལོ།  ༢༠༡༧  ཤོག་གྲངས། ༡༦༣

༨  བོན་སྒོ།  བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ།  ཕྱི་ལོ། ༢༠༡༧  ཤོག་གྲངས།  ༦༡

༩  «A lexicon of Zhangzhung and Bonpo Terms » ཇུ་ཏིག། ཇུ་ཐིག། (divination cords, divination using cords)   ཤོག་གྲངས། ༦༩

༡༠  «A lexicon of Zhangzhung and Bonpo Terms » ཐིགས་པ། བཅུད་དམ་སྙིང་པོ། (Essence, heart, pith) ཤོག་གྲངས། ༡༠༠

༡༡  ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ཡིག་ལག་ལེན་ཉེར་མཁོ་ལས་དྲངས། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། ཤོག་གྲངས། ༡༣

༡༢   ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ཡིག་ལག་ལེན་ཉེར་མཁོ་ལས་དྲངས།  སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན།

༡༣   «A lexicon of Zhangzhung and Bonpo Terms »  ཇུ། བྱུང་བ།  ཤོག་གྲངས།  ༦༩

༡༤  བོད་སྐད།   སྤྱི་མཐུན་རྒྱུ་ནི་གཅིག་ལས་འབྱུང་། །འབྲས་བུ་ལས་ཀྱི་སོ་སོར་བསྐལ། །

༡༥   བོད་སྐད།  རིག་པའི་སེམས་ནི་ཀུན་ཤེས་ཏེ། །ཐམས་ཅད་སོགས་པར་ཤེས་པ་བདག།།

༡༦   བོད་སྐད།  དཔག་ཚད་དག་ནི་ལྔ་བཅུ་དང་།  །ལྔ་བཅུ་གཅིག་ཏུ་ཡོད་པ་ཡིན། །

༡༧  སྲིད་པའི་མཛོད་ཕུགས་དང་མཛོད་སྒྲ་འགྲེལ།  མཛད་པ་པོ། སྟོན་པ་གཤེན་རབ་མི་བོ།  ཤོག་གྲངས། ༢༠

དཔྱད་ཡིག་དང་ཞབས་མཆན།

[1]  སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ཡིག་ལག་ལེན་ཉེར་མཁོ་བཞུགས་སོ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཕྱི་ལོ།  ༢༠༡༧  ཤོག་གྲངས། ༡༦༣

[2]  དང་པོ་ཕྱྭ་གཤེན་ཐེག་པ།  གཉིས་པ་སྣང་གཤེན། གསུམ་པ་འཕྲུལ་གཤེན། བཞི་པ་སྲིད་གཤེན། ལྔ་པ་དགེ་བསྙེན། དྲུག་པ་དྲང་སྲོང་།  བདུན་པ་ཨ་དཀར།  བརྒྱད་པ་ཡེ་གཤེན། དགུ་པ་བླ་མེད། ཐེག་རིམ་ལས་དྲངས།

[3] སྟོན་པ་གཤེན་རབ་མི་བོ་ནས་རྒྱལ་པོ་གྲི་གུམ་བཙན་པོའི་བར་གྱི་དུས་རིམ་ལ་གོ།

[4]   སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་མོ་མཚོ་སྲིད་པའི་སྒྲོན་མ་སྣང་སྲིད་ལེགས་ཉེས་ཀུན་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཤོག་གྲངས། ༡༥

[5] གྲི་གུམ་བཙན་པོའི་བསྟན་པ་ནུབ་ནས་གཤེན་ཆེན་ཀླུ་དགའ་དང་ལྷོ་བལ་གཏེར་སྟོན་ཨ་ཙ་ར་མི་གསུམ་གྱི་དུས་རིམ་ལ་གོ།

[6] སྐབས་འདིའི་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་གི་ངེས་ཚིག་ནི་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ཡིག་ལག་ལེན་ཉེར་མཁོ་ལས། སངས་རྒྱས་ཀུན་ཀྱི་ཐུགས་ལ་མངའ། །འགྲོ་བའི་དོན་དུ་རྒྱས་པར་གསུངས། །དེ་ལྟར་ཡེ་ནས་སྲིད་པ་ཡི། །ཡེ་སྲིད་ཅེས་ཀྱང་དེ་ལ་བྱ། །སྣ་ཚོགས་སྒྱུ་འཕྲུལ་ཀུན་སྟོན་པས། །འཕྲུལ་ཞེས་བྱ་བར་བརྗོད་པ་ཡིན། །བསྐལ་པ་༡ སྲིད་པ་༢འབྱུང་བ་༣ཆགས་འཇིག་བཅུ། །ཐིག་པར་སྟོན་པས་བཅུ་ཐིག་ཟེར། །འདོད་པ་མ་ལུས་ཀུན་འབྱུང་བའི། །མོ་ཞེས་བྱ་བ་དེ་ཕྱིར་རོ། །བསྐལ་འདོད་པ་མ་ལུས་ཀུན་འབྱུང་བའི། །མོ་ཞེས་བྱ་བ་དེ་ཕྱིར་རོ། །ཞེས་གསལ།

[7] སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ཡིག་ལག་ལེན་ཉེར་མཁོ་བཞུགས་སོ། ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ།  ༢༠༡༧  ཤོག་གྲངས། ༡༦༣

[8] བོན་སྒོ།  བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ།  ཕྱི་ལོ། ༢༠༡༧  ཤོག་གྲངས།  ༦༡

[9]  A lexicon of Zhangzhung and Bonpo Terms   ཇུ་ཏིག། ཇུ་ཐིག། (divination cords, divination using cords)   ཤོག་གྲངས། ༦༩

[10]  A lexicon of Zhangzhung and Bonpo Terms   ཐིགས་པ། བཅུད་དམ་སྙིང་པོ། (Essence, heart, pith) ཤོག་གྲངས། ༡༠༠

[11] སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ཡིག་ལག་ལེན་ཉེར་མཁོ་ལས་དྲངས། ཤོག་གྲངས། ༡༣

[12] སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ཡིག་ལག་ལེན་ཉེར་མཁོ་ལས་དྲངས།

[13]  དག་ཡིག་གསར་བསྒྲིགས། བོད་རྒྱ་ཚིག་མཛོད་ཆེན་མོ། སྨོན་ལམ་ཚིག་མཛོད། དུང་དཀར་ཚིག་མཛོད།

[14] «A lexicon of Zhangzhung and Bonpo Terms »  ཇུ། བྱུང་བ།  ཤོག་གྲངས།  ༦༩

[15] སྲིད་པའི་མཛོད་ཕུགས་དང་མཛོད་སྒྲ་འགྲེལ།  མཛད་པ་པོ། སྟོན་པ་གཤེན་རབ་མི་བོ།  ཤོག་གྲངས། ༢༠

[16] བོད་སྐད།   སྤྱི་མཐུན་རྒྱུ་ནི་གཅིག་ལས་འབྱུང་། །འབྲས་བུ་ལས་ཀྱི་སོ་སོར་བསྐལ། །

[17] བོད་སྐད།  རིག་པའི་སེམས་ནི་ཀུན་ཤེས་ཏེ། །ཐམས་ཅད་སོགས་པར་ཤེས་པ་བདག །

[18] བོད་སྐད།  དཔག་ཚད་དག་ནི་ལྔ་བཅུ་དང་།  །ལྔ་བཅུ་གཅིག་ཏུ་ཡོད་པ་ཡིན། །

[19] སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ།

[20] ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་ཞང་ཞུང་བོན་གྱི་མོ་ཡིག་ལག་ལེན་ཉེར་མཁོ་བཞུགས་སོ། །

[21] A lexicon of Zhangzhung and Bonpo Terms

– – – – –

Loading