དང་པོ། མཚན་བྱང་གི་སྐོར།
༡ མིང་གདགས་ཚུལ།
མིང་གདགས་དགོས་པ་དང་བཏགས་ན་མཚན་མི་འཁྲུགས་པ་སོགས་དགོས་པ་མང་དུ་སྨྲས་ཡོད་ཀྱང་། དོན་སྙིང་ནི་དཔྱད་རྩོམ་གྱི་མིང་འདོགས་པའི་སྐབས་སུ་དོ་སྣང་བྱ་དགོས་པ་ནི་མིང་གི་སྤྱི་ཁོག་ཧ་ཅང་ཆེ་མི་རུང་སྟེ། དཔེར་ན། བོད་ཀྱི་གསོ་རིག་སྤྱི་ལ་ཞིབ་དཔྱད་ལྟ་བུ་བྲིས་ན་ཆོག་ཀྱང་། དེའི་ནང་གི་ཁུ་ཁྲག་སེམས་གསུམ་གྱི་ཉུང་མཚམས་སྦྱོར་ཚུལ་དང་ཞུ་བའི་རྗེས་ཀྱི་རོ་གསུམ། འབྱུང་བ་ལྔས་སྨན་རྫས་སྐྱེད་ཚུལ་དང་བཅུ་གཉིས་མ་འདྲེས་ཕ་ཙེས་རེག་སོ་འདྲ་ལྟ་བུ་ཁོལ་དུ་ཕྱུང་བ་དང་ཟུར་དུ་ཕུད་ནས་དཔྱད་ན་ཡང་ཧ་ཅང་རྒྱ་ཆེ་བ་ཡིན་པས། ཁྱོན་ནས་སྤྱི་དོན་ཞིབ་དཔྱད་ཅིག་གཏོང་དགོས་ན་སྤྱིར་བཏང་གི་མི་མ་ཡིན་པ་ཞིག་ཡིན་ན་མ་གཏོགས་གནད་དུ་དྲིལ་བ་དང་དོན་སྙིང་གཏན་ཁེལ་བ་ཞིག་འོ་མ་ལས་མར་བཞིན་བཏོན་ཐུབ་པ་ཧ་ཅང་དཀའ་བས། དཔེར་ན། ཁང་བ་ཅི་ཙམ་རྒྱ་ཆེ་ཡང་ནང་དུ་སྟོངས་པ་ཡིན་ཚེ་ཆེ་རུང་དགོས་མེད་བཞིན་ཆགས་ཡོད་པས་ཁ་བྱང་ཆེ་བའི་སྐྱོན་དང་། ཁང་བ་ཅུང་ཆུང་རུང་ནང་དུ་ཕུན་སུམ་ཚོགས་པའི་རྒྱུ་ཆའི་ཕྱུག་ཚེ་ཁ་བྱང་ཅུང་ཆུང་ཡང་ནང་དོན་ཕུན་སུམ་ཚོགས་པ་བཞིན། ཁ་བྱང་འོས་འཚམས་རེ་འགོད་རྒྱུ་ནི་རང་མི་ཁྲེལ་ཞིང་རོགས་ཀྱང་ངོ་ཚ་མི་དགོས་པ་ཞིག་ཡོང་རྒྱུ་གལ་ཆེའོ།།དེའང་བརྗོད་དོན་གནད་དུ་བཟུང་ནས་ཡིག་འབྲུ་10/15་བར་འབྲི་ཐུབ་ན། མི་རིང་ཞིང་མི་ཐུང་བ་ཡིན་པར་ཡོངས་གྲགས་ཀྱི་ཚད་གཞི་ཡིན་ལ་དེ་ལས་ཉུང་བའམ་མང་དྲགས་ན་ཀློག་ལ་མི་བདེ་བ་དང་ནང་དོན་འཁྲུག་པ་སོགས་ཀྱི་སྐྱོན་འབྱུང་སླ་བས། ངེས་པར་དུ་བརྗོད་བྱའི་གནད་ལ་ཁེལ་བའི་མཚན་བྱང་ཞིག་འགོད་པ་ལ་ཐོགས་མ་རིགས་འགའ་དབྱེ་སྟེ། 1 དཔེར་ན། ཡིག་འབྲུ་རེ་ཟུང་ལ་དཔྱད་པ་སྟེ། སྨན་ཞེས་བྱ་བའི་ཐ་སྙད་ལ་དཔྱད་པ་ལྟ་བུ་དང་སྨན་རྟ་ཞེས་པའི་དོན་ལ་དཔྱད་པ་ལྟ་བུ། 2 ཡང་ན་ཁ་བྱང་གཙོ་ཕལ་ཕྱེས་ཏེ། རྒྱུད་བཞི་ལས་འདྲ་དཔེའི་དཔེ་དོན་མཚུངས་མིན་ལ་དཔྱད་པ་ལྟ་བུ། 3 མཁས་པས་ཁེངས་སྐྱུངས་ཀྱི་ཚུལ་དུ། ཆུ་མདོའི་ལིང་མཚེར་དགུར་རོབ་ཙམ་དཔྱད་པ་ལྟ་བུ། 4 ཁ་བྱང་གི་དོན་དེ་དཔེ་དང་སྦྱར་ནས་བྲིས་པ་སྟེ། རྒྱུད་ཀྱི་ཚིག་དོན་འཁྲུལ་ཤེས་དཀྲོལ་བའི་རལ་གྲི་ཞེས་པ་དང་གྲུབ་པ་ལུས་ཀྱི་གསང་གནད་སྟོན་པའི་མེ་ལོང་ལྟ་བུ། 5 བརྗོད་བྱ་རང་ཐད་དུ་བཏགས་པ་བྱིས་པ་ཆགས་ཚུལ་ལ་དཔྱད་ཞིབ་ལྟ་བུ་སོགས་རིགས་པས་འགྲེ་ནས་ཡུལ་དུས་བསྡུར་བ་སོགས་མང་ཙམ་ཡོད་པར་རྟོགས་དགོས་ལ། གཞན་ཡང་དཔྱད་རྩོམ་གྱི་ཁ་བྱང་ནི་རྩོམ་རིག་གི་ནང་ནས་སྙན་ངག་དང་སྒྲུང་རྩོམ་གྱི་ཁ་བྱང་འགོད་པ་ལྟ་བུ་མ་ཡིན་པར་དཔྱད་རྩོམ་གྱི་བརྗོད་བྱ་གང་ཡིན་ན་དེའི་དོན་ནམ་སྒྲོམ་གཞི་དེའི་སྤྱི་ཙམ་ཞིག་སྔོན་དུ་རྟོགས་བདེ་བའི་སླད་དུ་མིང་གི་ནང་དུ་ངེས་པར་དུ་ཚང་དགོས་པ་ཡིན།
༢ རྩོམ་པ་པོའི་མཚན་འབྲི་བ།
དཔྱད་རྩོམ་འབྲི་བ་ནི་སྤྱི་ཚོགས་ཚན་རིག་དང་མཐུན་ཞིང་མི་བུར་སྒེར་ངོས་ནས་བསམ་བློ་དང་གསར་བཏོད། ཤེས་བྱའི་ཆུ་ཚད་དང་ལྟ་བ་སོགས་མཚོན་བཞིན་ཡོད་པས་རྩོམ་པ་པོའི་མཚན་དོན་མི་འཁྲུག་པར་འགོད་རྒྱུ་ཚན་རིག་རང་བཞིན་གྱིས་གལ་ཆེན་བརྩི་བཞིན་ཡོད་དེ། རྒྱུ་མཚན་ཡང་དཔྱད་གཞི་འདེམས་མཁན་དང་ཞིབ་འཇུག་གི་དོན་ཀུན་ལ་ཉམས་མྱོང་ཡོད་མཁན། དེའི་རིན་ཐང་སོགས་སྨྲ་ཐུབ་པ་ནི་རྩོམ་པ་པོ་སྐུ་སྒེར་ཁོ་ན་ཡིན་པའི་ལྟ་ཚུལ་བཟུང་ཡོད་པས་ཡིན། མི་སྒེར་གྱི་ཞིབ་འཇུག་ལས་ཐོབ་པ་ཡིན་ན་སྒེར་རང་གི་མིང་འབྲི་བ་དང་། གལ་སྲིད་སྒེར་རང་དང་མཉམ་འབྲེལ་གྱིས་ཐོབ་པ་ཡིན་ན། དེའི་ནང་ནས་ཞིབ་འཇུག་གི་གོ་རིམ་ཁྲོད་ནས་ལས་ཀ་ཆེ་ཆུང་ལྟར་མཚན་ཐོ་འགོད་པ་ཡིན་པས། དཔེར་ན། དབྱངས་དགའ། དབྱངས་ཅན། ཞེས་ཕྱི་མའི་སྔ་མ་ཉིད་གཙོ་བོ་མཚོན་པ་ཤེས་དགོས་པ་དང་། དཔེ་རྙིང་བསྡུ་སྒྲིག་གི་ལས་ཀའི་མིང་ཐོ་སོགས་ཀ་ཕྲེང་ལྟར་བསྒྲིགས་པ་དག་དཔྱད་རྩོམ་ལ་མི་འོས་ཤིང་དཔྱད་རྩོམ་དང་འབྲེལ་བའི་མཐུན་རྐྱེན་སྦྱོར་མཁན་དག་མཇུག་ཏུ་འབྲི་བའི་ལུགས་ཀྱང་ཤེས་པར་བྱ་དགོས། གཞན་ཡང་རྩོམ་པ་པོའི་མཚན་དངོས་སུ་འགོད་རྒྱུ་ཧ་ཅང་གལ་ཆེ་བ་འདོད་དེ། རྒྱུ་མཚན་ཡང་ཤར་ནུབ་ཀྱི་ཞིབ་འཇུག་པ་དག་གི་མཚན་དངོས་སུ་འབྲི་བ་ལས་ང་ཚོ་བོད་ཀྱི་སྒྲ་མིང་དང་སྨྱུག་མིང་དེའི་རིགས་འབྲི་བའི་ལུགས་ནི་ཕལ་ཆེར་མེད་ཐག་ཆོད་པ་ཡིན་པས། གལ་སྲིད་དེ་ལྟར་བྲིས་ན་རང་ཉིད་ཀྱིས་རང་ཉིད་ལ་འགན་མ་འཁུར་བའི་ལྟ་ཚུལ་དང་དཔྱད་གཞིའི་ལས་ཀ་ལ་མཐོང་ཆུང་བྱས་པ་ལྟ་བུ་ཆགས་ཡོད་པས། ཞུ་དགོས་པ་ཞིག་ལ་སྙན་ངག་འབྲི་སྐབས་དང་དྲ་མིང་བཀོལ་བ་སོགས་ཡིན་ན་མ་གཏོགས་དེང་སང་མི་གཅིག་ལ་སྨྱུག་མིང་སྣ་ཁ་བཞི་ལྔ་རེ་ཡོད་པ་དག་དེ་འདྲའི་ཡག་པ་མི་མཐོང་བ་མ་ཟད། ང་ལས་ང་གཞན་པ་འཇོག་པ་ནི་སྨྱོན་པ་དང་གཡོ་འཕྲུལ་གྱི་བྱ་ཐབས་ཤིག་ཏུ་ཁྲིམས་ལུགས་སོགས་སུ་མི་འགྲོ་བའི་ངེས་པ་ཡང་མེད་ན། གསོ་རིག་དོན་གཉེར་མཁན་རྣམས་ཀྱིས་ཀྱང་ཞིབ་པར་སོམས་དང་། རང་རེ་བོད་ཀྱི་གསོ་རིག་མཁས་པའི་གྲལ་ནས་མང་ཕྱོགས་ཀྱིས་རང་གི་མཚན་དངོས་སུ་བཀོལ་སྤྱོད་བྱས་ཡོད་པ་དཔེར་ན། ཡུལ་དང་སྦྱར་ནས་ཟུར་མཁར་བློ་གྲོས་རྒྱལ་པོ། གླིང་སྨན་བཀྲ་ཤིས། གོང་སྨན་དཀོན་མཆོག་བདེ་ལེགས། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས། རུས་དང་སྦྱར་ནས་གཡུ་ཐོག་ཡོན་ཏན་མགོན་པོ། བི་ཇུ་བཀྲ་ཤིས། གཞན་གྲུབ་མཐའ་འཛིན་པ་གཤེན་སྟོན་ཡེ་ཤེས་བློ་གྲོས་ལྟ་བུ་དང་། ཁྱིམ་ཚང་གི་མིང་དུ་ལྷུན་སྡིངས་བདུད་རྩི་འགྱུར་མེད་ལྟ་བུ། རིགས་ཀྱི་མིང་དུ་ཁ་ཆེ་ཟླ་བ་མངོན་དགའ་ལྟ་བུ། དབང་མིང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྟ་བུ་སོགས་ནི་སྔོན་དུ་སྦྱར་བ་རིགས་རུས་ཀྱི་མིང་དང་རྗེས་སུ་རང་གི་མིང་དངོས་འདོགས་ཚུལ་འདི་དག་ཧ་ཅང་དགེ་མཚན་ཆེ་བ་འདོད་ཅིང་། སྐབས་དོན་མཚན་དངོས་འགོད་དགོས་པའི་རྒྱུ་མཚན་ཡང་དཔྱད་རྩོམ་ལ་ལྟ་བའི་འགན་ཁུར་ཡོད་པ་དང་། དགའ་ཞེན་དང་འདུན་པ་ཡོད་པའང་མཚོན་ཐུབ་པས་ཡིན།
གཉིས་པ། ནང་དོན་གནད་བསྡུས་བཤད་པ།
འདི་ནི་གཙོ་བོ་མཚམས་སྦྱོར་རམ་ངོ་སྤྲོད་ཀྱི་རྣམ་པར་ཞིག་ཆགས་ཡོད་པས་ཡིག་འབྲུ་ཉུང་ལ་དཔྱད་རྩོམ་གྱི་ནང་དོན་དེ་རགས་རིམ་ཞིག་སྟོན་དགོས་ཕྱིར། ཡིག་གྲངས་སམ་ཚེག་དབར་ 250ལས་བརྒལ་མི་རུང་བ་དེ་ལས་བརྒལ་བ་ནི་དམིགས་གསལ་ཡིན་པས་ 500 ལས་ནི་མི་རུང་བ་བཤད། དེའང་ཀློག་པ་པོས་བལྟས་མ་ཐག་པར་དཔྱད་རྩོམ་གྱི་ནང་དོན་གསར་བ་ཡིན་པ་དང་། དགོས་པ་དང་དམིགས་ཡུལ་སོགས་གསལ་ལེ་འཆར་ཐུབ་པ་ཞིག་སྟེ། གཞུང་དོན་ཁག་ལས་བསྡུས་དོན་ཞེས་གླེང་བ་དང་གཅིག་མཚུངས་ཡིན་པས། རྣམ་ཀུན་ནང་དོན་དྲིལ་ཐུབ་པ་ཞིག་ལ་སྤྱི་དོན་དེ་བྱེ་བྲག་ཏུ་མ་འདྲེས་པ་དང་། བྱེ་བྲག་སྤྱི་དོན་ལ་མ་ནོར་བ་ཞིག་དགོས་ལ་གཙོ་བོ་བརྗོད་སྙིང་དང་། ཞིབ་འཇུག་གི་དམིགས་ཡུལ། རྩོམ་ཐབས། མདོ་དོན་སོགས་མ་ཚང་བ་མེད་པའི་སྒོ་ནས་གཞན་ལ་རྩ་བའི་ཤེས་བྱའམ་གནས་ཚུལ་དེ་དག་རྟོགས་ཐབས་སུ་འབྲི་རྒྱུ་ཡིན་པས། དེ་ལུགས་བསམ་གཞིགས་བྱས་ཏེ་ཚིག་ཉུང་ལ་དོན་བསྡུས་པ་ཞིག་འཁྱོངས་རྒྱུ་གལ་ཆེ་བ་ཡིན།
གསུམ་པ། བརྡ་ཆད་བཤད་པ།
བརྡ་ཆད་ལ་རྒྱ་འགྱུར་ལས་བྱུང་བའི་གནད་ཚིག་དང་སྔ་གཞུང་ཁག་ལས་ཁོལ་བའི་བརྡ་ཆད། གཞན་གཙོ་ཚིག་བཅས་འབྲི་ཚུལ་ཁ་ཤས་འདུག་ཀྱང་སྔ་ཕྱི་ཐ་སྙད་གྲུབ་ཚུལ་གྱི་ཆ་ནས་རང་རྐྱ་བ་དང་དམིགས་སུ་བཀར་ཆོག་པ་ནི། བརྡ་ཆད་ཅེས་པ་འདི་སྣང་ལ་དོན་བྱེད་ཀྱི་ནུས་པ་ནི་དེང་སྐབས་དྲ་བ་དང་འབྲེལ་བའི་དགོས་མཁོ་ཞིག་སྟེ། ནུབ་ཕྱོགས་པས་འདི་ལ་དཔྱད་རྩོམ་གྱི་ལྡེའུ་མིག་ལྟ་བུ་སྣང་འཇོག་བྱེད་པས་ཁོང་ཅག་གིས (keyword) ཞེས་འབོད་པ་དང་། མིང་བརྡའི་ལྡེ་མིག་ཅེས་པའི་དོན་དང་རྒྱ་ཡིག་གི་ལམ་ནས (关键字)ཞེས་བྲིས་འདུག་པས་ཕལ་ཆེར་ནང་དོན་ནི་གནད་ཚིག་ཅེས་པ་དང་ཆ་འདྲ་བོ་འདུག སྔོན་དུས་རང་ཅག་གི་གཞུང་དང་རྩོམ་ཚུལ་སོགས་ལས་འདི་ཉིད་མཐོང་བ་མེད་པ་དང་། ད་ལྟའི་ཆ་ནས་འདི་ཉིད་འཇོག་དགོས་པ་ནི་དེང་རབས་དང་མཐུན་པའི་བྱ་ཐབས་ཤིག་ཡིན་པ་དང་། འདི་ལྟར་མཐའ་གཅིག་ཏུ་འཇོག་དོན་ཡང་དཔྱད་རྩོམ་རྣམས་དྲྭ་ལམ་སོགས་སུ་བཀྲམ་རྗེས་ཞིབ་འཇུག་གི་ནང་དོན་འཚོལ་སླ་བ་དང་། བརྗོད་བྱ་དེ་དང་འབྲེལ་ཡོད་དྲ་ལམ་ནས་གང་ཞིག་བཙལ་ན་ཕལ་ཆེར་དེའི་ཕྱོགས་མཉམ་དུ་ཐོན་པ་སོགས་ཀྱི་ནུས་པ་ལྡན་ཕྱིར། ཀློག་པ་པོའི་དགོས་དབང་དང་འབྲེལ་བ་ཆེན་པོ་ཡོད་ལ་དེང་རབས་ཚན་རྩལ་གྱི་འཕེལ་ཕྱོགས་ཤིག་ཀྱང་ཡིན་པས་དེ་ལུགས་ཤེས་དགོས།
བཞི་བ། འགོ་བརྗོད་བཤད་པ།
སྔོན་དུ་འགྲོ་བའི་གཏམ་ཡིན་པས་གཞུང་དང་ཆོ་ག་ལས་སྔོན་འགྲོ་ཞེས་ཐོན་པ་དང་། རྩ་རྒྱུད་ཀྱི་གླེང་གཞི་དང་གླེང་སློང་། དགོས་པ་ཁྱད་སྟོན་སོགས་ལྟ་བུ་ཡིན་ཕྱིར་འདི་ནི་ཧ་ཅང་གལ་ཆེན་ཞིག་སྟེ། ནང་དོན་གྱི་ཐད་ནས་རྩོམ་འདི་འབྲི་བའི་དམིགས་ཡུལ་ནི་གང་ཞིག་གི་ཆེད་དུ་ཡིན་པ་དང་དེའི་དོན་དེས་ཅི་ཞིག་ཕན་ཐོགས་ཡོད་མིན་སོགས་གསལ་སྟོན་བྱེད་དགོས་པ་མ་ཟད། དཔྱད་རྩོམ་ཧྲིལ་བོའི་གོ་རིམ་དེ་ཇི་ལྟ་བུ་སྒོ་ནས་མཇུག་གྲུབ་ཚུལ་དང་དེའི་གང་ཞིག་གསར་རྙེད་དམ་གྲུབ་འབྲས་གང་ཞིག་སྟོན་ཐབས་བྱེད་ཀྱིན་ཡོད་པ། ཞིབ་འཇུག་མ་བྱས་པའི་ཡར་སྔོན་ལ་དཔྱད་གཞི་དེ་དང་འབྲེལ་བའི་མི་འདང་ས་དང་དོགས་གནད་གང་ཞིག་ལྷག་ཡོད་པ་བཅས། གནས་བབས་དང་། དཔྱད་པའི་དགེ་མཚན། དཔྱད་པའི་རིམ་པ་སོགས་གཙོ་བོ་གླེང་བར་བྱའོ།།
ལྔ་བ། རྩོམ་གྱི་དངོས་གཞིའམ་ནང་དོན་བཤད་པ།
ནང་དོན་དང་འབྲི་ཐབས་སོགས་སོ་སོའི་ནུས་རྩལ་སྟོན་སྟངས་མི་འདྲ་ནའང་གཞུང་དངོས་ཀྱི་རྩོམ་གཞི་གཏན་ལ་འབེབས་སྟངས་ནི་ཕལ་ཆེར་གཅིག་མཚུངས་ཡིན་པས། ༡ དེའང་དངོས་ཡོད་ཀྱི་ཚོད་ལྟའི་དན་གྲངས་དང་གྲུབ་འབྲས་གསར་སྟོན། ༢ གཞུང་ལུགས་ཀྱི་དཔྱད་གཞི་དང་འབྲེལ་ནས་སྒྲུབ་ལུང་ཚད་ལྡན་དྲངས་ཏེ་རིགས་པས་དཔྱད་ཞིབ་གསར་བ་སྔོག་འདོན་བྱེད་པ་བཅས་གཉིས་སོ། །
༡ ཡུལ་དངོས་དཔྱད་རྩོམ། — ཚོད་ལྟའི་ཐབས་ཚུལ་ནི་ཡུལ་དངོས་ཀྱི་རྒྱུ་ཆ་དང་ཐབས་བཀོད། དེ་དག་གི་གྲུབ་འབྲས་ཞིབ་འབྲི་དང་སྡོམ་ཚིག་དེ་ཉིད་ཚན་རིག་རང་བཞིན་ཡིན་པ་དང་། ཡང་དུ་དཔྱད་གཞི་སྟོན་པ་དང་མིན་ན་བསྡུར་བར་བརྒྱག་པ་སོགས་ཡིན་དགོས་ཏེ། དཔེར་ན། སེའུ་འབྲུ་དྭངས་གནས་ཀྱིས་མ་ཞུ་བའི་ནད་ལ་ཕན་མིན་ཞིབ་འཇུག་བྱས་པ་ཡིན་ན། མཚོན་དོན་རགས་རིམ་དུ་བཀོད་ན། ༡ཡུལ་དངོས་སུ་སྨན་གྱི་རྒྱུ་ཆ་གང་དང་གང་ཡོད་པ་དང་། མང་ཉུང་གང་འདྲ་ཞིག་ཡིན་སོགས་གསལ་བོ་ཡོད་དགོས། ༢ ནད་པ་དང་ནད་དེའི་རྒྱུ་རྐྱེན་དབྱེ་བ་སོགས་གྲངས་གནས་ཀྱིས་གཏན་ཁེལ་ཐུབ་དགོས། ༣ ནད་རྟགས་དང་འབྲེལ་ཡོད་ཀྱི་ས་ཆ་དང་། ཁྱིམ་རྒྱུད། མི་གྲངས་སོགས་གྲངས་གནས་ཀྱིས་གཏན་ཁེལ་ཐུབ་དགོས། ༤ བཅོས་ཐབས་ཀྱི་ལམ་ནས་ནད་སྨན་ཁ་གཏད་ཚུལ་དང་སྨན་གཏོང་སྟངས། དུས་ཡུན་རིང་ཐུང་སོགས་གཏན་ཁེལ་ཐུབ་དགོས། ༣ བསྟེན་པའི་ཕན་འབྲསུ་ཆེ་ཆུང་གང་ཡིན་པ་དང་ཞོར་སྐྱོན་དང་མི་འདང་བ་སོགས་ཐད་ཀར་བྲི་དགོས། ༤ སྡོམ་ཚིག་དེ་ཚན་རིག་རང་བཞིན་ཡིན་དགོས་པ་མ་ཟད། དེ་ལས་ཀྱང་དྲང་བརྗོད་ནི་རྩ་བའི་སྲོག་ཤིང་དང་དམིགས་བསལ་གྱི་ལྟ་ཚུལ་དང་གོ་རྟོགས་ནི་ཡན་ལག་ལྟ་བུ་ཡིན་པ་ཤེས་དགོས་ཤིང་། རང་རེའི་ལུང་བ་ན་ཡུལ་དངོས་ཞིབ་འཇུག་གི་རྣམ་གྲངས་ཤིན་ཏུ་ཉུང་ལ་ལྷག་པ་དེང་སང་དུས་དེབ་ཁག་ཏུ་སྨན་པ་ཚོས་ཡུལ་དངོས་ཞིབ་འཇུག་གི་དཔྱད་རྩོམ་མང་ཤོས་ལ་དན་གྲངས་ཤིན་ཏུ་ཉུང་བ་དང་། ཞོར་སྐྱོན་གྱི་སྐོར་སོགས་ཕལ་ཆེར་མི་སྨྲ་བ་གནས་པ་དག་ནི་སྐྱོན་དུ་ཟད་ལ། འདིར་གུས་པས་ཡུལ་དངོས་ཞིབ་འཇུག་གི་སྐོར་ནས་མང་མི་སྨྲ་བར་བྱ།
༢ རིག་གཞུང་དཔྱད་རྩོམ། —རིག་གཞུང་རང་བཞིན་གྱི་དཔྱད་རྩོམ་ཡིན་ན། བསྒྲུབ་བྱའི་དོན་གང་ཡིན་པ་དང་དཔྱད་གཞིའི་ཡིག་ཆ་གང་དག་ལ་བརྟེན་པ་དང་། སྒྲུབ་བྱེད་འགོད་པའི་སྐབས་རྒྱུད་རིམ་ངེས་པར་ལྡན་དགོས་པ་སྟེ། དེའང་བསྒྲུབ་བྱ་གང་ཞིག་ལ་སྒྲུབ་བྱེད་འགོད་པ་ནི་དེའི་གནས་ལུགས་སམ་རྒྱུ་མཚན་གཏན་ཚུགས་སུ་བྱེད་རྒྱུ་དེ་ཡིན་པས། དཔེར་ན། ཐོག་མ་སྒྲུབ་བྱའམ་དཔྱད་གཞི་ཡིན་པ་གང་ཞིག་དེ་ཉིད་གཞི་རུ་བཅོལ་ནས་ཡང་དག་ཏུ་སྒྲུབ་པ་ལ་སྒྲུབ་བྱེད་ལུང་དང་རིགས་པ། དངོས་པོ་གསུམ་གཙོ་བྱས་ཏེ་གསལ་ཁ་འདོན་ཞིང་རྒྱུ་མཚན་གྱིས་རྣོ་ཆོད་པ་བྱེད་དགོས་པས། ཉེས་མེད་ཀྱི་མི་ཞིག་དཀར་འདོན་བྱེད་པ་ལ་རང་ཉིད་ཁོ་ནས་མི་ཆོག་པས་ངེས་པར་དུ་དཔང་མི་བཤད་ལ་མཁས་ཤིང་བློ་གཟུ་བ་ཞིག་ཡོད་དགོས་པ་ནང་བཞིན། དཔྱད་གཞི་ནི་ཉེས་མེད་ཀྱི་མི་དང་། སྒྲུབ་བྱེད་ཀྱི་ལུང་རིགས་ནི་དཔང་མི་འདྲ་བོ་ཡིན་པ་དང་། གཉིས་ཀས་མཉམ་དུ་རྒྱུ་མཚན་ཞིག་གླེང་ཚེ། གཞི་ནས་གཞན་ཕ་རོལ་བས་ད་གཟོད་ཡིད་ཆེས་དང་དངོས་ཡོད་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་སྟོན་ཐུབ་པས། ཉེས་མེད་ཡིན་རུང་དཔང་མི་མེད་ཚེ་ཡིད་ཆེས་དཀའ་བ་བཞིན་དཔྱད་རྩོམ་ལ་ངེས་པར་དུ་སྒྲུབ་བྱེད་དགོས་པ་དང་། དེ་ལྟར་བྱས་ན་གཅིག་གིས་གཅིག་གསལ་ཞིང་ཡང་དག་པའམ་མ་ནོར་དོན་གྱི་བདེན་པ་སྟོན་ཐུབ་པ་ཡིན་ཕྱིན། སྒྲུབ་བྱེད་མང་ཉུང་གི་ཐད་ནས་ད་སྔུན་གསལ་ཁ་ཆོད་པོ་མེད་ཀྱང་ཉུང་སོང་ན་ཁུངས་མི་ཐུབ་པའི་སྐྱོན་དང་མང་ཆེ་ན་འགྲེལ་བ་ལྟ་བུ་ཆགས་སྲིད་པས། མང་ཉུང་རན་པ་ཞིག་འོས་པ་དང་དེའང་དོན་ཚན་གཅིག་ལ་ཉུང་ན་ལྔ་དང་མང་ན་བཅུ་གསུམ་དང་བཅོ་ལྔ་ཙམ་5-15འགྲིག་པར་འདོད་ཕྱིར་བསམ་གཞིག་གནང་རོགས། གང་ལུང་ནི་མི་བསླུ་བ་བཀའ་ལྟ་བུ་འཇོག་ཀྱང་དཔྱད་རྩོམ་གྱི་སྐབས་སུ་དཔྱད་གཞི་ཡིག་ཆ་དང་བསྟུན་ནས་ལུང་དག་དེ་འདྲའི་ལྟ་ཚུལ་མཁྲེགས་པོ་མི་དགོས་པར་རིགས་རུས་དང་གྲུབ་མཐའ་སོགས་ཀྱི་ཁྱད་པར་འབྱེད་མི་རུང་བ། གང་གནས་ལུགས་དང་དགོས་པ། བྱེད་ལས། འདྲ་བ་དང་འབྲེལ་བ་སོགས་གང་མཆིས་ན་སྒྲུབ་ཐབས་དུ་མ་ལ་བསྐོར་ཏེ་བསྒྲུབ་བྱ་གཅིག་ལ་ནན་གྱིས་འཇུག་པ་དང་། གལ་སྲིད་དཔྱད་གཞི་ནི་སྐུ་བརྙན་བཟོ་བྱེད་ཀྱི་འཇིམ་ས་ལྟ་བུ་ཡིན་ན། ལུང་རིགས་དང་བྲལ་ཚེ་འཇིམ་ས་རང་ལྷག་སོང་བ་ལས་སྐུའི་ཆ་དང་ཆ་ཤས་ཅིའང་འབྱོར་མེད་པ་དང་འདྲ་ལ། དཔྱད་བྱའི་ཐོག་ལ་ལུང་རིགས་ངེས་མ་ངེས་པ་ཅི་རིགས་ཤིག་དྲངས་ཚེ་བཟོས་པའི་སྐུ་བརྙན་དེའང་ལྷ་མིན་འདྲེ་མིན་གྱི་དོགས་པའི་གནས་སུ་ལྷུང་བར་འགྱུར་ལ། གལ་སྲིད་ལུང་རིགས་ཡ་མ་ཟུང་དུ་ཆགས་ཚེ་དམ་པའི་སྐུ་བརྙན་དུ་མ་གྱུར་བ་ཕལ་བའི་གཟུགས་སུ་གྲུབ་པས་འགྲེལ་བ་ལྟ་བུ་ལས་དཔྱད་རྩོམ་མ་ཡིན་ལ། ལུང་རིགས་རེ་ཟུང་རེ་དྲངས་པ་ནི་སྐུ་བརྙན་གྱི་ཆ་དང་ཆ་ཤས་གསལ་ཁ་ཙམ་ལས་མེད་པས་དགོས་མཁོ་ཅན་དུ་མི་བརྩི་བ་དང་། དེ་བས་དཔྱད་གཞི་ལ་ལུང་རིགས་ཀྱི་རྣོ་ངར་ཕྱུག་ཅིང་ཚིག་གི་སྦྱོར་བ་དང་གོ་རིམ་མ་འདྲེས་པར་རབ་ཏུ་གསལ་བ་ཞིག་ཏུ་ཆགས་ཚེ། རིན་ཐང་བླ་ན་མེད་པའི་རྟེན་སྐུ་ལྟ་བུ་དཔྱད་རྩོམ་སྤུས་དག་འགྱུར་ཕྱིར། དུས་ཀྱི་ཕྱིས་སུ་ཡང་བློ་ལྡན་དོན་གཉེར་ཅན་མང་བོ་ལ་ཕན་ཐོགས་པར་འགྱུར་བ་དང་། དཔྱོད་པའི་བློ་མིག་ཅན་གྱི་དད་པའི་ཡུལ་དང་དགའ་བའི་ལོངས་སྤྱོད་ཅིག་ཏུ་འགྱུར་བ་ཐེ་ཚོམ་མེད་དོ།།
༣ ཞོར་སྐྱོན་བཤད་པ། — གཙོ་བོ་ལུང་རིགས་ཟུང་འབྲེལ་དུ་བྱེད་དགོས་པའི་གནད་དོན་ཡང་ལུང་ཁོ་ན་གྱུར་ཚེ་དཔྱད་པ་པོ་རིན་ཐང་གི་ཆ་ཉུང་བ་དང་། རིགས་པ་ཁོ་ན་གྱུར་ཚེ་ཁུངས་མེད་མ་ངེས་པའི་སྐྱོན་འབྱུང་བ་ཡིན་ཕྱིན། མཐའ་གཅིག་ལུང་རིགས་ཟུང་དུ་འབྲེལ་བ་ནི་ཐབས་ཤེས་ཡ་མ་བྲལ་བའི་གནད་དེ་རྟོགས་དགོས་པ་དང་། གཞན་ཡང་དཔྱད་རྩོམ་འབྲི་བའི་སྐབས་སུ་ལུང་རིགས་ཟུང་འབྲེལ་ལས་རྩོམ་པ་པོ་གང་ཟག་རང་ཉིད་གཞན་གྱིས་ཚད་མའི་སྐྱེས་བུའམ་ཡང་དག་མི་འཛིན་ཕྱིར། སྐྱེས་བུ་མཆོག་གི་སྒྲ་དྲངས་མི་རུང་བ་དཔེར་ན། ངས་འདོད་བྱུང་ལྟ་བུ་ངས་སྒྲ་དང་། གྲངས་གནས་གཏན་ཁེལ་མ་ཡིན་པར་དཔེར་ན། བརྒྱ་ཆ་བརྒྱ་ཟེར་བ་དང་ཕལ་ཆེར་མང་ཤོས་ལྟ་བུ། གཞན་ཡང་རང་ངོས་ཀྱི་སྐུལ་སློང་མ་ངེས་པ་ལས་དཔེར་ན། ཡིན་པར་འདྲ་དང་ཡིན་སྙམ་བྱུང་ལྟ་བུ་ཚད་ལྡན་གྱི་དཔྱད་རྩོམ་ནང་དུ་འདུས་མི་རུང་བ་དང་། སོ་སོའི་གྲུབ་མཐའ་དང་རང་ཕྱོགས་ཀྱི་དབང་གིས་བསམ་བློ་སྣ་ཁྱེར་བ་དང་། དད་མོས་ཀྱི་དབང་གིས་དཔྱད་གཞི་གླེང་བ་དང་། མི་རིགས་ལ་དུངས་བས་དཔྱད་གཞིའི་རྒྱུ་ཆ་དག་ཀྱང་ཁྱི་ལུད་དར་བཏུམས་བྱེད་པ་སོགས་ནི་རྩོམ་པ་པོ་རིག་པ་སྨྱོ་བའི་རྟགས་སུ་གྲུབ་པས། འདིའི་རིགས་ཀྱི་སྐྱོན་ཤོར་བའི་དཔྱད་རྩོམ་ནི་ཀློག་རིན་ཆུང་བ་དང་། ཀློག་པའི་གནས་སྐབས་སུ་ཡང་སྐྱོན་འབྱུང་སླ་བ་དང་། ཕྱིས་སུ་ཡང་ཁུངས་མེད་ལུང་མེད་དུ་གྱུར་བའི་ཉེན་ཁ་ཡོད་པས་སྨྲ་བ་ཉུང་ན་མཛེས་སོ།།
དྲུག་པ། སྡོམ་ཚིག་འགོད་སྟངས་བཤད་པ།
སྡོམ་ཚིག་ནི་མདོ་དོན་ཧྲིལ་གྱིས་དྲིལ་ནས་གབ་པ་མངོན་ཕྱུང་གི་ཚུལ་དུ་མཇུག་བསྡུའམ་མདོར་བསྟན་གྱི་དོན་ཡིན་པས་རྩོམ་ཡིག་མང་བོའི་མཇུག་ཏུ། མདོར་ན་དང་། མདོར་བསྡུས་ནས་བཤད་ན། དེ་བས་ན། དེའི་ཕྱིར་ན། དེའི་རྐྱེན་གྱིས་སོགས་ཚིག་མཐའ་གསལ་སྟོན་གྱི་འདིའི་རིགས་མང་བས། གནའ་མི་གཏམ་དཔེའི་ནང་དུའང་། བརྒྱ་བཤད་ཚིག་གི་རྩ་བ། །སྟོང་བཤད་འོ་མའི་མར་ལོ། །ཞེས་པ་ལྟ་བུ་ཡིན་ཕྱིན། སྐད་ཆ་ཕྱོགས་ལྷུང་མེད་པ་དང་། གྲུབ་འབྲས་ཆེ་ཆུང་གང་ལོན་རུང་ཇི་བཞིན་བརྗོད་པ། གདེང་འཇོག་འོས་པའི་རྩོམ་གྱི་གསར་རྙེད་བསྟན་པ། རང་རློམ་མེད་པའི་སྡོམ་ཚིག་བཅས་དྲང་མོ་ཞིག་གི་ལམ་དུ་འགོད་རྒྱུ་ཧ་ཅང་གལ་ཆེ། མ་གཏོགས་མཇུག་བསྡུ་བའི་ཚེ་ན་དཔྱད་རྩོམ་མང་ཤོས་ཀྱི་སྐྱོན་ནི་བསྡུ་བྱའི་དོན་དེ་ཉིད་ཀྱི་ཆ་ཤས་རེ་ཙམ་བསྡུ་བ་དང་། ཡང་ན་ཁྱོན་ནས་འབྲེལ་བ་མེད་པའི་གནས་ཚུལ་ཞིག་གླེང་བ་དང་། བསྡུས་ཀྱང་སྤྱིའི་བརྗོད་སྙིང་དྲིལ་མ་ཐུབ་པས་ཁ་མི་གསལ་བ་བཅས་ཤིན་ཏུ་མང་བས། དེ་ལུགས་གཟབ་བྱ་ཡིན་པ་དང་བཅས་ཀློག་པ་པོ་དང་རང་ཉིད་ཀྱི་ངོས་ནས་མཇུག་དོན་ནི་གནད་བསྡུས་དཀར་ཆགས་ཤིག་ཀྱང་ཡིན་ནོ།།
བདུན་པ། རེ་འདུན་སྟོན་ཚུལ་བཤད་པ།
འདི་ཉིད་འབྲི་བ་ནི་སྟབས་བདེ་ཞིག་བྱས་ན་ཆོག་སྟེ། རང་ངོས་ནས་ད་དུང་རྩོམ་གྱི་སྟོང་ཆ་ངོས་ལེན་དང་མཛུབ་སྟོན་བྱེད་པ་སོགས་དགའ་བ་དང་དང་ལེན་གྱི་ཚུལ་དུ་དཔེར་ན། རེ་ཞིག་འདི་ཙམ་བྲིས་པ་ནི་མི་འདང་སའི་ཆ་མང་བས་ལྟ་བུ་དང་། ཡང་ན་འདི་ལ་ནོངས་པའི་སྐྱོན་མཆིས་ན་ལྟ་བུ། དཔྱད་རྩོམ་གྱི་མགོ་མཇུག་བར་གསུམ་དུ་ཁྲིད་སྟོན་དང་རོགས་སྐྱོར་མཁན་གྱི་མི་དག་གི་མཚན་དང་བཀའ་དྲིན་ཞུ་སྟངས། དཔེར་ན། རྩོམ་འདིའི་རྒྱུ་སྦྱོར་གནང་མཁན་བཀྲ་ཤིས་དང་མཛུབ་སྟོན་གནང་མཁན་དོན་འགྲུབ་ཅེས་རིམ་པར་བྲི་རྒྱུ་དང་། དེའང་རེ་འདུན་གྱི་ཚུལ་དུ་ངག་དབང་མཁས་བཙུན་གྱིས་མཛད་པའི་སྒྱུ་རྩལ་སྐོར་གླེང་བ་ལས། བོད་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་ཡོན་དར་བར་ལེགས་སྐྱེས་དེ་བས་ཆེ་ཙམ་ཞིག་འབུལ་རྒྱུ་དང་། དགའ་སྤྲོ་གླུ་དབྱངས་སའི་གོ་ལའི་ཁྱོན་ན་ཁྱབ་གྱུར་ཅིག །ལྟ་བུ་མང་ལ་གཞན་ཡང་ཚིགས་བཅད་ཀྱི་ལམ་ནས་སླར་སྨྲས་པ་ཞེས་སྨོན་ཚིག་དང་འབྲེལ་བའི་བརྗོད་བྱ་དེ་དག་ཀྱང་འདིའི་ཁོངས་སུ་འདུ་འོས་ཤིང་། རེ་འགས་མཇུག་དོན་དང་རེ་འདུན་སྟོན་པའི་བརྗོད་དོན་སོགས་བསྲེས་ཏེ་བྲིས་པའང་མཐོང་ཕྱིར། དེ་དག་ནི་དེ་འདྲ་ཡག་པ་མི་སྣང་ངོ་།།
བརྒྱད་པ། ཟུར་ལྟའི་དཔྱད་གཞི་ཡིག་ཆ་འགོད་སྟངས་བཤད་པ།
དཔྱད་རྩོམ་གྲུབ་རྗེས་བལྟས་མྱོང་བའི་རྩོམ་དང་བཀའ་བསྟན་སྐོར་ཞིག་འདྲེན་སྲོལ་ཡོད་ལ་དེའང་བོད་རང་གི་གནའ་མི་དག་གིས་གཞུང་འགྲེལ་དང་འདོན་ཆ་སོགས་སུ་མཆན་ཞེས་པ་དེ་དང་གཅིག་མཚུངས་ཡིན་པ་ལྟར་བཤད་ཀྱང་། མཆན་དང་ཅུང་འདྲ་བ་ནི་དེང་སྐབས་དཔྱད་རྩོམ་གྱི་ནང་དུ①གྲངས་ཀ་གོར་ཐིག་ཅན་པོ་འདི་རིགས་ཤིང། དཔྱད་གཞི་ཡིག་ཆ་ཡིན་ན[1]སྒོར་རྟགས་འདི་ཡོངས་གྲགས་སུ་ངེས་ལ། དཔྱད་གཞི་ཡིག་ཆ་འགོད་པ་ནི་རྩོམ་པ་པོའི་དཔྱད་གཞི་དང་འབྲེལ་བའི་ཡིག་ཆ་སྤུས་དག་གམ་ལྟ་ཀློག་གནད་ལ་ཁེལ་མིན་ཐག་གཅོད་བྱེད་ཐབས་ཀྱི་ཐབས་ལམ་ཞིག་དང་། སྔོན་གྱི་མཁས་པའི་གྲུབ་འབྲས་ལ་བརྩི་སྲུང་དང་དཔྱད་གཞི་དང་འབྲེལ་བའི་ཡིག་ཚང་འོས་སྦྱོར། ཀློག་པ་པོའི་ངོས་ནས་ཀྱང་དམིགས་བསལ་གདེང་འཇོག་འཐོབ་པའི་ཁྱད་ཆོས་བཅས་ལྡན་ཕྱིར། དཔྱད་གཞི་ཡིག་ཆ་ཞེས་འགོད་ཚུལ་ཡང་རྒྱལ་སྤྱིའི་ཚད་ལྡན་དཔྱད་རྩོམ་ཚད་གཞི་ལྟར་ན། 1 རྩོམ་ཡིག་དང་བསྟན་བཅོས་ཀྱི་མིང་། 2 རྩོམ་པོ། 3 སྒྱུར་མཁན། 4 སྒྲིག་མཁན། 5 དཔར་དུ་ཐོན་པའི་དུས། 6 དཔེ་བསྐྲུན་ཁང་། 7 ཤོག་ངོས་དང་ཐིག་ཕྲེང་བཅས་སོ།། འདི་དག་མཐའ་གཅིག་ཏུ་་ཚང་དགོས་པའི་ངེས་པ་མེད་ཀྱང་དཔྱད་རྩོམ་གྱི་རྒྱས་བསྡུས་ལ་བལྟས་ནས་རྒྱས་པ་ལ་ཆ་ཚང་དང་ཉུང་བ་དག་ལ་མ་མཐའ་ཡང་དཔེ་ཆའི་མིང་དང་། རྩོམ་པ་པོ། དཔེ་བསྐྲུན་ཁང་དང་། དཔར་བསྐྲུན་གྱི་དུས་ཚོད། ཤོག་ངོས་བཅས་འབྲི་དགོས་ཏེ། དཔེར་ན། དེའུ་དམར་བ་དགེ་བཤེས་བསྟན་འཛིན་ཕུན་ཚོགས། M ཤེལ་གོང་ཤེལ་ཕྲེང་། མི་རིགས་དཔེ་སྐྲུན་ཁང་། 2005.6 ཤོག་ངོས། p.56ཞེས་འབྲི་བ་ཡིན་ནོ།།
༡ ཟུར་མཆན་རྒྱག་སྟངས་བཤད་པ།
ཟུར་མཆན་དང་མཆན་ཞེས་འབྲི་ཚུལ་འདི་དཔྱད་རྩོམ་མང་ཤོས་ལས་ནོར་འཛོལ་བྱུང་ཡོད་པ་འདྲ་བོ་འདུག་པས། དཔེར་མཚོན་ཙམ་རེ་དྲངས་ན། དཔྱད་གཞི་ནང་དུ་དཔེ་ཆ་ག་གེ་མོ་ཞིག་གི་ལུང་དུམ་མམ་ཚིགས་བཅད་དང་ཚིག་ལྷུག་པར་ཞིག་དྲངས་ཚེ་འདི་ལྟར་ཡིན་ཏེ། [1]གསོ་རིག་རྒྱུད་བཞི་ལས། ལུས་དང་བྱིས་པ་མོ་ནད་གདོན། །མཚོན་དུག་རྒས་དང་རོ་ཙ་དང་། 1.P7 ཞེས་འབྲི་བ་དང་། གལ་སྲིད་ལུང་འདྲེན་སོགས་མིན་པ་གཡར་ཚིག་དང་དོན་རྐྱེན་ག་གེ་མོའམ་དཔྱད་རྩོམ་གྱི་ནང་དོན་དང་འབྲེལ་བ་ཆེ་མེད་པ་དག་ཡིན་ན། དཔེར་ན། འདྲོབ་སྐྱོང་གི་བུ་ལྟ་བུ་དང་རྒྱུད་བཞི་འབྲུ་འགྲེལ་ཞེས་བྲིས་པ་ལ་གྲངས་རྟགས་འདི་/ 1 /དང/ ① འདི་གཉིས་གང་རུང་མིང་ཚིག་དང་དེབ་མིང་དག་གི་སྔོན་དུ་བཀོད་རྗེས། ཤོག་ངོས་དེའི་འོག་ན་གོང་གི་གྲངས་ཀ་གང་ཡིན་བྲིས་པའི་རྗེས་སུ་གསལ་བཤད་གནང་དགོས་ཏེ། ①འདྲོབ་སྐྱོང་གི་བུ་ཞེས་པ་ནི་སྡེ་དགེ་རྒྱུད་བཞི་ལྕགས་པར་མའི་དག་བཅོས་ཀྱི་རེའུ་མིག་ནང་དུ་ཡོད་དང་། རྒྱུད་བཞི་འབྲུ་འགྲེལ་ནི་སྐྱེམ་པ་ཚེ་དབང་གིས་མཛད་པའི་འགྲེལ་བ་ཞིག་ཡིན་ལྟ་བུ་ཐིག་ཕྲེང་གི་མཐའ་ན་འབྲི་བ་ཡོངས་གྲགས་ཡིན། གཞན་དེང་སང་དཔྱད་རྩོམ་དག་ན། ① གསོ་རིག་རྒྱུད་བཞི་ལས། དང་བོ་བློ་ཆེ་བློ་བརྟན་བློ་གཟེག་གསུམ། །ཞེས་ལུང་གི་སྔོན་དུ་གྲངས་རྟགས་འདིའི་རིགས་སྦྱར་བ་མཐོང་བས། སྤྱིར་མི་འོས་པ་ཆེན་པོ་མེད་ཀྱང་ཞིབ་མོ་བྱས་ན་གོང་གི་ལུགས་དེ་ཅུང་ལམ་ལུགས་མཐུན་དུ་སྣང་ངོ་།།
– – – – –