ནང་དོན་གནད་བསྡུས། རྩོམ་ཡིག་འདིར་བོད་ལུགས་གསོ་རིག་གི་དགོངས་དོན་དང་མཐུན་པར་རྨི་ལམ་གྱི་འབྱུང་རྐྱེན་འཚོལ་ཞིབ་བྱས་པ་བརྒྱུད། དེ་ལ་བོད་ཀྱི་བཀའ་བསྟན་མདོ་རྒྱུད་ཀྱི་གཞུང་ལུགས་དག་ལས་བསྟན་པའི་རྨི་ལམ་གྱི་འབྱུང་རྐྱེན་དང་། དེང་རབས་ཚན་རིག་གིས་བསྟན་པའི་ལྟ་ཚུལ་རྣམས་ཕན་ཚུན་གཤིབ་སྡུར་བྱེད་ཁུལ་གྱིས་བོད་ལུགས་གསོ་རིག་གི་རྨི་ལམ་གྱི་འབྱུང་རྐྱེན་སྐོར་རགས་ཙམ་གླེང་ཡོད།
གནད་ཚིག རྨི་ལམ། འབྱུང་རྐྱེན། ཀུན་གཞི། ནད་ཅན་དང་ནད་མེད།
གླེང་གཞི།
བོད་ཀྱི་བཀའ་བསྟན་མདོ་རྒྱུད་གཞུང་ལུགས་སོགས་དང་གསོ་བ་རིག་པའི་གཞུང་དུ་རང་རང་གི་སྒེར་ཆོས་ཀྱི་སྟེང་ནས་རྨི་ལམ་གྱི་འབྱུང་རྐྱེན་དང་འབྱུང་ཚུལ། བྱེད་ནུས་དང་ཁྱད་ཆོས། རང་བཞིན་དང་མཚོན་དོན། མཚན་ལྟས་དང་འཆི་ལྟས། ནད་གཞིའི་རྨི་ལམ་གྱི་སྐོར་སོགས་རྣམ་བཤད་རྒྱས་པར་མཛད་འདུག་པ་དེས་བོད་ཀྱི་སྔོན་བྱོན་མཁས་དབང་དག་གིས་རྨི་ལམ་ལ་ཞིབ་འཇུག་གནང་བའི་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་བླངས་ཡོད་པ་མཚོན་པར་མ་ཟད། བོད་ལུགས་གསོ་རིག་གི་བཞེད་ཚུལ་དང་དེང་རབས་ཚན་རིག་གི་བཤད་ཚུལ་གཉིས་ལ་ཧར་གྱིས་བལྟས་ན་མི་མཚུངས་པ་ལྟ་བུར་གནས་ཀྱང་། ཞིབ་ཏུ་བརྟག་ན་འདྲ་བའི་ཆ་ཤིན་ཏུ་མང་སྟེ། དེའང་རྨི་ལམ་ཞེས་པ་ནི་གཟུགས་མེད་ཀྱི་ལྷ་འདྲེའི་ཆོ་འཕྲུལ་ཞིག་མ་ཡིན་ལ། སེམས་ཁམས་ཀྱི་མཁོ་མེད་སྒྱུ་མའི་ཉིང་འཁྲུལ་ཙམ་ཡང་མིན་པར། དེ་ནི་སྣ་ཚོགས་ཤིང་སྣེ་མང་བའི་སེམས་ཁམས་ཀྱི་འགུལ་བསྐྱོད་ཅིག་ཡིན་པའི་ལྟ་ཚུལ་གཅིག་ཏུ་མཐུན་འདུག་ཅིང་། གནའ་དེང་ཕྱི་ནང་གི་རྨི་ལམ་གྱི་རྣམ་བཤད་དག་ལ་གཞི་བཅོལ་ཏེ། དེང་རྨི་ལམ་གྱི་འབྱུང་རྐྱེན་ལ་ཞིབ་འཇུག་བྱས་པའི་ལྟ་ཚུལ་ནི་སྐྱེ་ལུགས་ཀྱི་རྒྱུ་རྐྱེན་དང་། སེམས་ཁམས་ཀྱི་རྒྱུ་རྐྱེན་རྣམ་པ་གཉིས་སུ་ངེས་པ་དེ་བོད་ལུགས་གསོ་རིག་དང་བཤད་སྟངས་མི་འདྲ་བ་ཙམ་ལས་དོན་གྱིས་འབབ་ས་གཅིག་ཏུ་བབས་འདུག་པ་ཅུང་ཟད་གླེང་བར་བྱ།
དང་པོ། རྨི་ལམ་གྱི་མཚན་ཉིད་དང་སྤྱིའི་འབྱུང་རྐྱེན་བཤད་པ།
དེའང་དེའུ་དམར་བས། “རྨི་འམ་གཉིད་ཅེས་དོན་གཅིག་པས། །ཀུན་གཞི་རྣམ་པར་ཤེས་པ་དེ། །ཡུལ་ལྔའི་ལམ་དུ་མི་འཇུག་ནས། །བྱིང་རྨུགས་དག་གིས་ནོན་པའི་སྐབས། །ལམ་དུ་ཤར་བའི་སྣང་ཆ་དེར། །རྨི་ལམ་ཞེས་སུ་བཤད་པ་ཡིན། །”ཞེས་གསུངས་པ་ལྟར། སྤྱིར་རྨི་ལམ་ཞེས་པ་ནི་རྣམ་ཤེས་ཚོགས་དྲུག་ནང་དུ་སྡུད་པའི་སྐབས་སུ་ཀུན་གཞིའི་རྣམ་ཤེས་དེ་ཉིད་དབང་པོ་ཡུལ་ལྔའི་ལམ་དུ་མི་འཇུག་པར་བྱིང་པ་དང་རྨུགས་པས་ནོན་ཏེ་དབང་ལྔའི་ལམ་དུ་སྣ་ཚོགས་སུ་འཆར་བའི་སྣང་བ་ལ་བྱ་སྟེ། <<ཟབ་མོ་ནང་དོན་གྱི་འགྲེལ་བའི་ལུས་སེམས་གསལ་བའི་མེ་ལོང>>ལས།“གཉིད་དུས་ཀུན་གཞི་གཙོ་བོ་སྟེ། །སྙིང་ག་ཆོས་ཀྱི་འཁོར་ལོར་གནས། །ཚོགས་དྲུག་མི་གསལ་གཅིག་ཏུ་བསྡུས། །” ཞེས་གསུངས་པ་བཞིན། སྤྱིར་བཏང་གཉིད་ཁུག་པའི་སྐབས་སུ་རྣམ་ཤེས་ཚོགས་བརྒྱད་ལས་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་རྒྱུ་བ་གཙོ་བས། མི་གང་ཞིག་གཉིད་མཐུག་པོར་ལོག་པའི་སྐབས་སུ་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་དབང་པོའི་ཡུལ་ལྔ་གང་དུ་འཇུག་ཅིང་རྒྱུ་བའི་ལམ་དུ་མི་འཇུག་པར། གནས་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་གསུངས་པའི་རྩ་འཁོར་དྲུག་གི་ནང་ནས་སྙིང་ག་ཆོས་ཀྱི་འཁོར་ལོར་ཚོགས་དྲུག་མི་གསལ་བའི་ངང་གཅིག་ཏུ་བསྡུས་ཡོད་ལ། སྲོག་གི་རླུང་གིས་ཡིད་ཀྱི་རྣམ་པར་ཤེས་པ་མཐོང་ཐོས་མྱོང་གསུམ་གྱི་བག་ཆགས་དང་བཅས་པ་ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་བསྐྱོད་དེ། ཡིད་ཀྱི་འདུ་བྱེད་ལངས་པའི་ཚེ་ཕྱི་རོལ་ཏུ་བྱུང་བ་ལྟ་བུའི་སྣང་བ་སྣ་ཚོགས་འབྱུང་བ་ཡིན་ཏེ། ཀརྨ་པ་སྐུ་ཕྲེང་བདུན་པའི་བླ་མ་གོ་ཤྲཱི་དཔལ་འབྱོར་དོན་གྲུབ་ཀྱི<<རྩ་རླུང་འཁྲུལ་འཁོར>>ལས། “ཐོག་མར་སྙིང་ཁར་ཀུན་གཞིའི་སྟེང་དུ་ཆོས་དྲུག་པོ་ཐམས་ཅད་སྡུད་དོ། །དེ་ནས་ཡིད་སྲོག་གི་རླུང་དང་ལྷན་ཅིག་ལངས་ནས་ལུས་ཀྱི་སྟེང་གི་ཕྱོགས་སྤྱི་བོར་སོང་བས་ལྷ་ཡུལ་རྣམས་ཀྱི་སྣང་བ་དང་།”ཞེས་སོགས་གསུངས་པ་ལྟར་རོ། །
གཞན<<མེས་པོའི་ཞལ་ལུང>>ལས།“སྤྱིར་རྨི་ལམ་ནི་སེམས་ཀྱི་སྣང་ཆ་རླུང་དང་བསྡོངས་པ་ལས་ནད་གདོན་གྱི་བྱེད་པ་སྣ་ཚོགས་མཐོང་བའམ་མྱོང་བར་གྱུར་པ་སྟེ།”ཞེས་དང་། ཡང་དེ་ཉིད་ལས“འདི་ནི་ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་ནས་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་བག་ཆགས་དང་བཅས་པ་ཉོན་མོངས་པ་ཅན་གྱི་ཡིད་སྲོག་གི་རླུང་གིས་བསྐྱེད་ནས་ཡིད་ཀྱི་འདུ་བྱེད་ལངས་པ་ནི་རྨི་ལམ་གྱི་ངོ་བོ་ཡིན།”ཞེས་འབྱུང་ཞིང་། འཕགས་པ་ལྷའི<<སྤྱོད་བསྡུས་སྒྲོན་མ>>ལས་ཀྱང་། “ཕུང་པོ་ཁམས་དང་སྐྱེ་མཆེད་དབང་པོ་རྣམས། །ཤེས་པ་གཉིས་པོ་དེ་འདིར་རབ་འདུས་ནས། ། སྟོང་ཆེན་གྱུར་པར་གང་ཞིག་རང་གཉིད་ལོག །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། །”ཞེས་གསུངས་པ་དང་། <<རྡོ་རྗེ་ཕྲེང་བ>>ལས། “རྨི་ལམ་རླུང་དང་ལྡན་པ་རུ། །འདོད་པ་ལྔ་ལ་ལོངས་སྤྱོད་དེ། །”ཞེས་ལ་སོགས་པར་གཞིགས་ན། རྨི་ལམ་ནི་མིའི་མཐོང་ཐོས་མྱོང་གསུམ་སོགས་ཏེ། ཕྱི་རོལ་ཡུལ་གྱི་སྲིད་པའི་གནས་ལུགས་དང་རང་གི་ཀུན་སློང་སྣ་ཚོགས་ཀྱིས་རྒྱུ་བྱས་ཏེ། རྐྱེན་ཀུན་གཞིའི་རྣམ་པར་ཤེས་པ་དེ་གྲོགས་རླུང་དང་བསྡོངས་ཏེ་རྒྱུ་བ་ལ་བརྟེན་ནས་འབྱུང་བ་ཡིན་པས། རླུང་ནི་རྨི་ལམ་འབྱུང་བའི་གྲུབ་ཆའམ་རྐྱེན་གཙོ་བོ་ཞིག་ཏུ་སྣང་མོད། ཞིབ་ཏུ་བརྟག་པར་ཕྲན་གྱི་ཕྱི་རོལ་ཡུལ་ལ་དཔྱོད་པའི་རིག་པ་ན་ཆུང་བས་མོས་པ་ཅན་གྱི་སྐལ་ལྡན་བུ་ལ་ལས་འཕྲོ་རུ་བསྐྱུར་ཡོད།
གཉིས་པ། བོད་ལུགས་གསོ་རིག་དང་འབྲེལ་ཏེ་སྐྱེ་ལུགས་ཀྱི་རྒྱུ་རྐྱེན་ལས་འབྱུང་བའི་རྨི་ལམ་བཤད་པ།
སྐྱེ་ལུགས་ཀྱི་རྒྱུ་རྐྱེན་ལས་འབྱུང་བའི་རྨི་ལམ་ཡང་ནད་ཅན་དང་ནད་མེད་གཉིས་སུ་ཕྱེ་སྟེ་བཤད་ན། ནད་ཅན་ནི་ན་བའི་དབང་གིས་རྨི་ལམ་ལ་དེ་མཚུངས་ཀྱི་སྣང་བ་མངོན་པར་བསྐྱེད་པ་ཡིན་ཏེ། རྒྱུད་ལས།“དེ་ལ་སོགས་ཏེ་རྨི་ལམ་མི་བཟང་བ། །ཡིད་འཇུག་བུ་ག་ནད་ཀྱིས་བཀག་ཕྱིར་འབྱུང་། །”ཞེས་པ་སྟེ། ཡིད་ལ་སོགས་པའི་རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་སྙིང་ལ་འཇུག་ཅིང་། དེ་ལས་གཞན་དུ་རྒྱུ་བའི་བུ་གའམ་རྩ་སྦུབས་རྣམས་ནད་ཀྱིས་བཀག་པའི་ཕྱིར་མ་རུང་བའི་སྣང་བ་དེ་དག་འབྱུང་བ་ཡིན་ཏེ། དེའང་སྙིང་ནད་ཅན་གྱིས་དངངས་སྐྲག་ཆེ་བའི་རྨི་ལམ་མང་པོ་རྨི་བ་དང་། སྐྱོ་གདུང་དྲག་པོ་དང་འཇིགས་སུ་རུང་བའི་གནས་སུ་འཆི་བ་རྨི་ལ། རྒྱུན་དུ་འཇིགས་སྣང་དྲག་པོས་གཉིད་ལས་སད་པ་དང་། གློ་ནད་ཅན་གྱི་རྨི་ལམ་དུ་དབུགས་སུབ་ཐེབས་པ་དང་དབུགས་ཀྱི་རྒྱུ་བ་ཆད་པ། གཞན་གྱིས་རང་ཉིད་བཙིར་བའི་རྨི་སྣང་འབྱུང་བ་ཡིན། དེ་བཞིན་དུ་དོན་ལྔ་སྣོད་དྲུག་དང་དབང་པོ་སྒོ་ལྔ་སོགས་གང་དུ་ནད་ཡོད་ན་དེ་དག་གི་མཚན་ཉིད་དམ་ངོ་བོ་དང་མཐུན་པའི་རྨི་ལམ་སྣ་ཚོགས་འབྱུང་བ་ཡིན་ཏེ། དེ་དག་ཀུན་ཀྱང་ནད་རིགས་ཀྱི་དབང་གིས་རྨིས་པའི་རྨི་ལམ་ཡིན་པས་ནད་ཁམས་སམ་སྐྱེ་ལུགས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་རྨི་ལམ་དུ་གཏོགས་པ་ཡིན།
ཡང་ནད་མེད་ཀྱི་དབང་དུ་བྱས་ན། གནས་ཀྱི་རྐྱེན་ལས་འབྱུང་བའི་རྨི་ལམ་དང་ཁམས་ཀྱི་དབང་གིས་འབྱུང་བའི་རྨི་ལམ་ཞེས་གཉིས་སུ་ངེས་ཤིང་། དེ་ལས་གནས་ཀྱི་རྐྱེན་ལས་འབྱུང་བའི་རྨི་ལམ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དེ་དང་སྙིང་ལ་གནས་པའི་སྲོག་གི་རླུང་གཉིས་ནི་ཉི་མ་དང་འོད་ཟེར་ལྟར་ལྷན་གཅིག་ཏུ་གནས་ཡོད་པ་ལངས་ཏེ་སྤྱི་བོར་སོང་ན་གྱེན་དུ་འཛེག་པ་རྨི་བ་དང་། ལུས་ཀྱི་སྨད་དུ་སོང་ན་ཐུར་དུ་འགྲོ་བ་རྨི། གཞན་ཆོས་ཀུན་རྣམ་པར་རྟོགས་པར་བྱེད་པའི་རྣམ་ཤེས་ཀྱི་རྟེན་སྙིང་གི་རྩ་འདབ་བཞི་སྟེ། མདུན་ཕྱོགས་སུ་ཟུག་པའི་དབང་པོ་སྒོ་ལྔའི་རྣམ་ཤེས་རྒྱུ་སའི་རྩ་དམར་པོ། གཡས་ཕྱོགས་སུ་ཟུག་པའི་ཀུན་གཞིའི་རྣམ་ཤེས་རྒྱུ་སའི་རྩ་སེར་པོ། རྒྱབ་ཕྱོགས་སུ་ཟུག་པའི་ཉོན་མོངས་པའི་ཡིད་རྒྱུ་བའི་རྩ་ལྗང་གུ། གཡོན་ཕྱོགས་སུ་ཟུག་པའི་ཡིད་ཀྱི་རྣམ་ཤེས་རྒྱུ་བའི་རྩ་སྔོན་པོ་སོགས་སྟོད་སྨད་བར་གསུམ་གཡས་གཡོན་མདུན་རྒྱབ་སོགས་སུ་སོང་ན་ཤར་ལྷོ་ནུབ་བྱང་དུ་འགྲོ་བ་སོགས་རྩ་སོ་སོའི་གནས་ས་མཐུན་པའི་ཕྱོགས་སུ་འགྲོ་བ་རྨི་བ་དང་། རྩ་གནས་ཡངས་པོར་སོང་ན་ཡུལ་ཡངས་པ་དང་། རྩ་གནས་དོག་པོར་སོང་ན་ཡུལ་ཤིན་ཏུ་དོག་པོའི་གནས་སུ་འགྲོ་བའི་སྣང་བ་འཆར་བ་སོགས་ཀྱི་རྨི་ལམ་མི་འདྲ་བ་ནི་རྩ་གནས་ཏེ་གནས་ཀྱི་རྐྱེན་གྱིས་འབྱུང་བ་ཡིན།
ཁམས་ཀྱི་རྐྱེན་གྱིས་འབྱུང་བའི་རྨི་ལམ་ནི། གཙོ་བོ་ཉེས་གསུམ་ཤས་ཆེ་ཆུང་ལས་བྱུང་བའི་མིའི་ཁམས་སམ་རང་བཞིན་དང་མཐུན་པར་འབྱུང་བ་ཡིན་ཏེ། རླུང་གི་རང་བཞིན་གྱི་མི་ལ་རླུང་གི་རྨི་ལམ་གྱི་སྡེ་ཚན་དང་། མཁྲིས་པའི་རང་བཞིན་ལ་མཁྲིས་པའི་སྡེ་ཚན། བད་ཀན་གྱི་རང་བཞིན་ལ་བད་ཀན་གྱི་སྡེ་ཚན་འབྱུང་བ་དང་། དེ་བཞིན་དུ་ཉེས་གསུམ་ལྡང་དུས་ཏེ་སྲོད་དང་མཚན་གུང་། ཐོ་རངས་བཅས་སུ་ལུས་ཁམས་ཀྱི་ཉེས་པ་སོ་སོའི་རང་བཞིན་ཅུང་ཟད་འཕེལ་ཏེ་རང་རང་གི་ཁམས་དང་མཐུན་པའི་རྨི་ལམ་རྨི་བར་གསུངས་སོ། །
གསུམ་པ། བོད་ལུགས་གསོ་རིག་དང་འབྲེལ་ཏེ་སེམས་ཁམས་ཀྱི་རྒྱུ་རྐྱེན་ལས་འབྱུང་བའི་རྨི་ལམ་བཤད་པ།
དེང་སང་རྨི་ལམ་ལ་ཞིབ་འཇུག་བྱེད་མཁན་མང་ཤོས་ཀྱིས་བོད་ཀྱི་གསོ་རིག་ཏུ་ནད་ཅན་གྱི་རྨི་ལྟས་བསྟན་པ་ཙམ་ལས་ནད་མེད་ཀྱི་སྐོར་ལ་དམིགས་བསལ་གྱི་འགྲེལ་བཤད་གནང་མེད་པ་འདོད་ཀྱིན་འདུག་མོད། འོན་ཀྱང་།ཞིབ་ཏུ་བརྟག་ན་སེམས་ཁམས་ཀྱི་རྒྱུ་རྐྱེན་ལས་འབྱུང་བའི་རྨི་ལམ་སྟེ། རྒྱུད་དུ་བསྟན་པའི་མཐོང་ཐོས་མྱོང་གསུམ་དང་གསོལ་བ་བཏབ་པའམ་འདོད་མོས་ཀྱི་དབང་གིས་འབྱུང་བའི་རྨི་ལམ་ནི་ནད་ཅན་དང་ནད་མེད་གཉིས་ལས་ཐ་མ་ནད་མེད་དུ་གནས་པའི་མི་ལ་འབྱུང་བའི་རྨི་ལམ་ལ་གོ་དགོས་པར་སྣང་སྟེ། དེ་སྐད་དུ་ཀློང་རྡོལ་བླ་མས། “ནད་ཀྱིས་གདུངས་པར་གྱུར་དང་སྡུག་བསྔལ་དང་། །ཤེས་པ་འཁྲུག་དུས་མ་ཡིན་ལེགས་པར་བརྟགས། །”ཞེས་རྨི་ལམ་རྨི་མཁན་གང་དེའི་ལུས་སེམས་བདེ་ཐང་ཡིན་པ་དང་ཤེས་པ་རང་བཞིན་དུ་གནས་པ་ཞིག་ཡིན་དགོས་པར་བསྟན་འདུག དེའང་རྨི་ལམ་གྱི་གཞི་མ་སྐྲུན་མཁན་ནི་ཀུན་གཞིའི་ངོས་སུ་ས་བོན་གྱི་ཚུལ་དུ་གནས་པའི་སྔར་སོང་གི་མཐོང་ཐོས་དྲན་རེག་གི་བག་ཆགས་རྣམས་གཉིད་ལོག་པའི་སྐབས་སུ་དབང་པོའི་རྫས་ནུས་ལ་བརྟེན་ནས་རྨི་ལམ་དུ་སྣང་བ་ཡིན།
རང་རེའི་བོད་ཀྱི་བསྟན་བཅོས་དང་གསོ་རིག་སོགས་སུ་རྨི་ལམ་འབྱུང་བའི་རྒྱུ་གཙོ་བོ་སེམས་ཁམས་ཉིད་ཡིན་པར་བསྟན་ཡོད་དེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས།“སད་པའི་དུས་ཀྱི་བག་ཆགས་ལ་བརྟེན་ནས་རྨི་ལམ་གྱི་སྣང་བ་སྣ་ཚོགས་འབྱུང”ཞེས་དང་། ཀློང་རྡོལ་བླ་མས།“ཁྱད་པར་སེམས་ལ་ཆགས་པའི་བྱ་བ་ཡིན། །བག་ཆགས་འབྱུང་བས་དེ་ཉིད་ཡང་ཡང་རྨི། །”ཞེས་སེམས་ཁམས་འབའ་ཞིག་རྨི་ལམ་གྱི་འབྱུང་རྐྱེན་དུ་འདོད་པ་དང་། རྒྱུད་ལས་ཀྱང“མཐོང་ཐོས་མྱོང་དང་གསོལ་བ་བཏབ་པ་དང་། །གྲུབ་པ་ནད་ལས་བྱུང་དང་རྣམ་པ་དྲུག །”ཅེས་པ་ལས། མཐོང་བ་དང་ཐོས་པ། མྱོང་བ། གསོལ་བ་བཏབ་པ་བཞི་བོ་སེམས་ཁམས་ཀྱི་རྐྱེན་ལས་འབྱུང་བའི་རྨི་ལམ་དུ་གཏོགས་ཏེ། དེ་ལས་མཐོང་བ་ཞེས་པ་ནི་གཉིད་མ་ལོག་པའི་སྐབས་སུ་མཐོང་བའི་རྒྱུ་དང་མི་རྒྱུ་བའི་གཟུགས་སྣ་ཚོགས་པ་རྨི་ལམ་དུ་འབྱུང་བ་དང་། ཐོས་པ་ནི་སྔར་རྣ་དབང་གིས་ཐོས་པའམ་གོ་བའི་སྒྲ་རྣམས་རྨིས་པ། མྱོང་བ་ནི་རང་གིས་དངོས་སུ་མྱངས་པའི་ཚོར་བ་བདེ་སྡུག་དང་མཐུན་པར་རྨིས་པ། གསོལ་བ་བཏབ་པ་ཞེས་པ་ནི་ཡིད་ཀྱི་འདོད་དོན་གང་ཞིག་ལ་དོན་དུ་གཉེར་བའམ་རེ་སེམས་བྱས་པ་དེ་དང་མཐུན་པར་རྨིས་པ་སྟེ། འདི་ལ་ཨའོ་ཏི་ལེའི་སེམས་ཁམས་རིག་པ་བ་གྲགས་ཅན་ཧྥུ་ལོ་དབྱི་ཏི་ཟེར་བ་ཞིག་གིས“རྨི་ལམ་ནི་འདོད་བློ་ཚིམ་བྱེད་ཡིན”(梦是愿望的满⾜)ཞེས་གསུངས་པ་དང་མཐུན་ལ། བོད་ཀྱི་དམངས་ཁྲོད་ཁ་དཔེ་ལ“མི་ཕྱུག་པོ་ཤི་བ་བླ་མས་རྨིས། །ཟས་ཞིམ་པོ་ཟོས་པ་ཕུངས་པོས་རྨིས། །ཕོ་དཔའ་བོ་ཐུབ་པ་སྡར་མས་རྨིས། །ནོར་གཡུ་བྱུར་བཏགས་པ་བུ་མོས་རྨིས། །སྨན་མཛེས་མ་འཕྲད་པ་བྱི་ཕོས་རྨིས། །”ཞེས་པ་སོགས་གོང་གི་སྐད་ཆ(རྨི་ལམ་ནི་འདོད་བློ་ཚིམ་བྱེད་ཡིན)དེ་དང་བསྡུར་ན་ངོ་བོ་གཅིག་ལས་གཉིས་སུ་མ་མཆིས་ཏེ། དེའང་སྐྱེ་བོ་རྣམས་གཉིད་དུ་ཡུར་སྐབས་ཀྱི་སེམས་ཁམས་ལས་བྱུང་བའི་ཚོར་བ་ཞིག་ཡིན་པས། དེ་ཐམས་ཅད་སེམས་ཁམས་ཀྱི་རྒྱུ་རྐྱེན་ལས་འབྱུང་བའི་རྨི་ལམ་གྱི་ཁོངས་སུ་གཏོགས་པ་ཡིན་ནོ། །
མཇུག་བསྡུ་བའི་གཏམ།
མདོར་ན་རྨི་ལམ་ཡུལ་ལ་ཇི་ལྟར་འཇུག་པ་ནི་རྩ་ཕྲ་མོའི་ལམ་ལ་རླུང་ཕྲ་མོ་ཉོན་མོངས་དབང་གིས་ཞུགས་ནས་དགའ་སྐྱོ་ཆགས་སྡང་གི་སྣང་བ་སྣ་ཚོགས་བསྐྲུན་པ་ཞིག་ཏུ་འདོད་ལ། གོང་དུ་བསྟན་པའི་རང་རེའི་བོད་ཀྱི་རང་ས་རང་མལ་ནས་བརྡོལ་བའི་གསོ་བ་རིག་པའི་རྒྱུད་ཆེན<<དཔལ་ལྡན་རྒྱུད་བཞི>>ས་གཙོས་པའི་གསོ་རིག་གི་གཞུང་རྣམས་སུ་བསྟན་པའི་རྨི་ལམ་གྱི་འབྱུང་རྐྱེན་དང་། དེང་རབས་ཚན་རིག་གིས་ཞིབ་འཇུག་རང་བཞིན་ཅན་གྱི་རྨི་ལམ་གྱི་འབྱུང་ཚུལ་གཉིས་ཕན་ཚུན་བསྡུར་ནས་བལྟས་ན་མི་མཚུངས་ས་མཆིས་ཀྱང་། རྩོམ་ཡིག་འདིར་ཕྱི་ནང་གང་ལ་མཚོན་ནའང་། ནད་དང་གནས། ཁམས་སོགས་རྐྱེན་གང་ལས་འབྱུང་བའི་རྨི་ལམ་ཡིན་ཡང་མདོར་བསྡུས་ན་སྐྱེ་ལུགས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་རྨི་ལམ་དང་། སེམས་ཁམས་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་རྨི་ལམ་གཉིས་སུ་བསྡུ་ཆོག་པ་གཞི་གཅིག་ཏུ་བབས་འདུག་ཅེས་བསམ་ཚུལ་བཏོན་ཡོད། འདི་ནི་ཁོ་བོས་སློབ་སྦྱོང་གི་ཞོར་དུ་བྲིས་པ་ཞིག་ཡིན་ཏེ། སྤྱིར་གསོ་བ་རིག་པའི་གཞུང་ལུགས་འདིའི་བརྗོད་བྱའི་ཁྱབ་ཁོངས་ཆེ་ཞིང་དཔོག་དཀའ་བ་ཞིག་ཡིན་ལ། སྒོས་སུ་རྨི་ལམ་གྱི་འབྱུང་རྐྱེན་དང་འབྲེལ་བའི་དཔྱད་གཞིའི་ཡིག་རིགས་རྙེད་དཀའ་ཞིང་ཕལ་ཆེར་དམིགས་སུ་མེད་པ་དང་། ལྷག་ཏུ་གུས་ཕྲན་ཕལ་བ་ཀུན་གྱི་མཐར་ཐུག་ཏུ་གྱུར་པ་སྒྱིད་ལུག་དང་གཏི་མུག་གྲོགས་སུ་སྦྲན་པ་ཞིག་ཡོད་པས་ཤེས་བརྩོན་ཐོས་གསུམ་གྱི་རང་སྟོབས་རབ་ཅིག་ཞན་ཁར། གསོ་རིག་གཞུང་ལུགས་ཀྱི་ཤེས་རྒྱ་ཆུང་ཞིང་རིགས་ལམ་གྱི་དཔྱད་སྟོབས་ཞན་པས། རྩོམ་འདིར་བཏོན་པའི་ལྟ་ཚུལ་ཏེ། རྩོམ་གྱི་ནང་དོན་རྣམས་དོན་ལ་མི་འབྱོར་བ་ནི་ཨ་ཅང་ཅང་སྟེ། ཕྱིའི་ཐ་སྙད་དང་ཚིག་སྦྱོར་ཙམ་ཡང་རྡོ་ཆག་བཙན་སྒྲིག་གི་རྣམ་པར་གྱུར་འདུག་སྙམ་པའི་སྣང་བ་ཀློག་མཁན་དག་ལ་འབྱུང་སྲིད་ཅིང་། མ་ཟད་ནོར་འཛོལ་དང་འགལ་ཟློས་ཀྱི་ཆའང་མང་ཙམ་ཡོད་པ་ནི་གོར་མ་ཆག་པས། ཐོས་པའི་བསགས་རྒྱབ་ཀྱིས་བཏེགས་ཤིང་བསམ་པའི་བོགས་ཐོན་པའི་དཔྱོད་ལྡན་ཚོས་དགོངས་འཆར་ལྷུག་ལྷུག་ཏུ་སྩོལ་རོགས་ཞེས་རང་ལྟ་མཆོག་འཛིན་གྱི་ང་རྒྱལ་ཐད་ལ་བོར་ཏེ་ཞུའོ། ། ། །
དཔྱད་གཞིའི་ཡིག་ཆ།
[1] 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད།》 གཡུ་ཐོག་ཡོན་ཏན་མགོན་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
[2] 《རྒྱུད་གཞིའི་གསལ་བྱེད་བཻ་ཌཱུརྱ་སྔོན་པོ།》 (སྟོད་ཆ།) སྡེ་སྲིད་སངས་རྒྱས་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་།
[3] 《ཟབ་མོ་ནང་དོན་གྱི་འགྲེལ་བའི་ལུས་སེམས་གསལ་བའི་མེ་ལོང་།》 (འཕྲུལ་དེབ།) ཐུབ་བསྟན་ཕུན་ཚོགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
[4] 《རྒྱུད་བཞིའི་འགྲེལ་བ་མེས་པོའི་ཞལ་ལུང་།》ཟུར་མཁར་བ་བློ་གྲོས་རྒྱལ་པོ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
[5] 《བྱ་མདོ་ཀླུ་བྱམས་རྒྱལ་གྱི་ཆེད་རྩོམ་ཕྱོགས་བསྒྲིགས།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
[6] 《སེམས་རིག་སྤྱི་རྣམ།》 འགྱན་སངས་རྒྱས་དོན་འགྲུབ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
[7] 《གཉིད་དང་རྨི་ལམ་བར་གྱི་འབྲེལ་བ་རྣམ་པར་དཔྱད་པ་ཌཱ་ཀིའི་གླུ་དབྱངས།》 (འཕྲུལ་དེབ།) ཆུ་དཀར་པདྨ་རྡོ་རྗེས་རྩོམ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
[8] 《གསོ་རིག་ཚིག་མཛོད་ཡོངས་འདུས་དགའ་ཚལ།》 བདུད་འདུལ་གྱིས་རྩོམ་སྒྲིག་བྱས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
[9] 《བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ།》 བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། མི་རིགས་དཔེ་སྐྲུན་ཁང་།
[10] 《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་།》 ཁྲོ་རུ་ཚེ་རྣམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
– – – – –