གནས་བརྟན་སྒང་རྟེན་མཆོག་འགྱུར་མེད་གླིང་གི་གྱང་རིས་རྙིང་པར་བརྟག་པ།

0
1201

ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་དུ། གནས་བརྟན་སྒང་གི་ལྷ་ཁང་ཀ་བཞི་མའི་ནང་དུ་བཞུགས་པའི་གྱང་རིས་རྙིང་པ་དེ་དག་ཅི་འདྲ་ཞིག་ཡིན་པ་དང་། ལྷ་རིས་པ་སུས་བྲིས་པ། ལྷ་བཟོ་དེའི་གནས་ཚུལ། རི་མོ་དེ་དག་འབྲི་དགོས་པའི་རྒྱབ་ལྗོངས། རི་མོའི་སྒྱུ་རྩལ་གྱི་ཁྱད་ཆོས། ད་ལྟའི་བར་ལྷག་སོང་བའི་རྒྱུ་རྐྱེན། གྱང་རིས་ཀྱི་གཤམ་དུ་བྲིས་པའི་ཡི་གེ་དག་དཔེ་བཤུས་བྱས་པ་སོགས་དོན་ཚན་བདུན་གྱི་སྟེང་ནས་དཔྱད་གླེང་བྱས་ཏེ་བྲིས་ཡོད།

གནད་ཚིག ། གནས་བརྟན་སྒང་། གྱང་རིས། ཀརྨའི་མཁན་པོ། སྒྱུ་རྩལ།

གླེང་གཞི།

མདོ་ཁམས་རི་བོ་ཆེ་ལྕགས་ཟམ་ཡུལ་ཤོག་གི་གནས་བརྟན་སྒང་དུ་ཡོད་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་(༡༨༢༩-༡༨༧༠)གདན་ས་བར་མ་བོད་ཡུལ་བཀྲ་ཤིས་རྟེན་མཆོག་འགྱུར་མེད་གླིང་དུ། ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས་(༡༨༣༥-༡༩༡༠)ཀྱིས་ཕྱག་བྲིས་མཛད་པའི་གྱང་རིས་རྙིང་པ་འགའ་ཞིག་རིག་གནས་གསར་བརྗེའི་རླུང་དམར་དྲག་པོའི་ཁྲོད་ནས་མ་ཡལ་བར་དུས་ད་ལྟ་ཡང་དངོས་སུ་བཞུགས་བསྡད་ཡོད།

རྟེན་མཆོག་འགྱུར་མེད་གླིང་གི་ལྷ་ཁང་ཀ་བཞི་མ་འདི་ལྔ་བཅུ་ང་དགུ་ལོར་ཡུལ་མི་རྣམས་ཀྱིས་འབྲུ་རིགས་དང་གཟན་ཆས། སྒ་ཆ་སྟན་སོགས་འཇོག་ས་བྱས་པས་གསར་བརྗེའི་སྐབས་སུ་གཏོར་བརླག་ཆེར་མ་ཐེབ་པར་ལྷག་སོང་བར་བཤད་ལ། ལྷ་ཁང་ནང་གི་གྱང་རིས་རྣམས་ཀྱང་གང་འཚམ་བདེ་ཐང་གིས་བཞུགས་འདུག་མོད། ལྷ་ཁང་ཕུག་གི་གནས་བརྟན་བྲག་རི་མའི་ངོས་ཀྱི་རི་མོ་དང་ནང་གི་སྐུ་འདྲ་རྣམས་ཆ་ཚང་བ་ཞིག་ལྷག་མེད། གནས་བརྟན་བྲག་རི་མ་འདི་ནི་«མཆོག་གྱུར་གླིང་པའི་རྣམ་ཐར་བཀྲ་ཤིས་དབྱངས་ཀྱི་ཡན་ལག་གསལ་བྱེད»དུ་འཁོད་པ་ལྟར། “གཏེར་ཆེན་(གྱིས་)ཞལ་བཀོད་མཛད་རིམ་བཞིན་འབར་བའི་རྡོ་རྗེས་གནས་བརྟན་ལྷ་ཁང་དུ་གནས་བརྟན་བྲག་རིའི་བཀོད་པ་ལྡེར་བཟོས་ཡུལ་ཉམས་སྣ་ཚོགས་ཀྱི་བར་རྣམས་སུ་རྟོགས་བརྗོད་རི་མོར་བྲིས་ཏེ་ངོ་མཚར་ཅན་བཞེངས། རྟེན་གྱི་གཙོ་བོ་ཐུབ་དབང་ལི་མ་ཇོ་བོ་ཡིད་བཞིན་ནོར་བུ་དང་སྐུ་རྒྱུད་གཅིག་པར་གྲགས་པ་ཆོས་གླིང་དཔོན་ཚང་གིས་ཕུལ་བ་བཞུགས།”[1] ཞེས་པ་ལྟར་རྩ་བའི་ཆ་ནས་དེ་ལྟར་ཡིན་ལ། སྐབས་འདིར་ལྷ་ཁང་འདིའི་ནང་གི་གནས་བརྟན་བྲག་རི་མ་མི་གླེང་བར། གྱང་ངོས་སུ་ཡོད་པའི་རི་མོ་རྣམས་གླེང་རྒྱུ་ཡིན།

དང་པོ། གྱང་རིས།

རྟེན་མཆོག་འགྱུར་མེད་གླིང་གི་ལྷ་ཁང་ཀ་བཞི་མའི་ནང་རོལ། གནས་བརྟན་བྲག་རི་མའི་གཡས་ཕྱོགས་ཀྱི་གྱང་ངོས་སུ་ཐོག་མར་གོར་ཐིག་གི་ནང་དུ་ཟངས་མདོག་དཔལ་རིའི་ཞིང་ཁམས་དང་པདྨ་འོད་ཀྱི་གཞལ་ཡས་ཁང་གི་བཀོད་པ་བྲིས་ཤིང་། དེའི་སྟེང་ཕྱོགས་སུ་མར་པ་ལོ་ཙཱ་བ་རྡོ་དྲིལ་འཛིན་པ། མི་ལ་རས་པ་དང་དྭགས་པོ་ཟླ་འོད་བཅས་བྲིས་གནང་འདུག །དེ་བཞིན་དུ་གནས་བརྟན་བྲག་རི་མའི་གཡོན་ཕྱོགས་ཀྱི་གྱང་ངོས་སུ་གོར་ཐིག་གི་ནང་དུ་གངས་ཀྱི་ར་བས་བསྐོར་བའི་ཞིང་ཁམས་ཤམ་བྷ་ལའི་བཀོད་པ་དང་། དེའི་སྟེང་ཕྱོགས་སུ་རི་བོ་ཆེའི་རྗེ་འཕགས་ཞབས་གསུམ་བཅས་བྲིས་འདུག །རི་མོ་འདི་དག་གི་གཤམ་དུ་གསལ་བཤད་ཀྱི་ཡི་གེ་མེད་ན་ཡང་། «མཆོག་གླིང་རྣམ་ཐར»རྒྱས་པ་ལས། “གྱང་བྲིས་སུ་འཛམ་གླིང་དག་པའི་ཞིང་བཞིའི་བཀོད་པ་དགོངས་པའི་ཞལ་བཀོད་ལྟར་མཁན་བླ་མས་ཟངས་མདོག་དཔལ་རིའི་བཀོད་པ་བཀའ་འདུས་སྐབས་ཀྱི་དག་སྣང་མདོར་བསྡུས་ཤམ་བྷ་ལའི་གཟིགས་སྣང་བཅས་ཕྱག་བྲིས་མཛད།”[2] ཅེས་དང་། དེ་བཞིན་དུ་ཟངས་མདོག་དཔལ་རིའི་རི་མོ་འདི་ཉིད་ཀྱི་སྐོར་ལ། རྣམ་ཐར་དེ་ཉིད་ལས། “གནས་བརྟན་སྒང་དུ་བཀའ་འདུས་གཏེར་སྒྲུབ་སྒྲུབ་ཆེན་གྱི་སྐབས་ཞལ་གཟིགས་པ་མཁན་ཆེན་སངས་རྒྱས་ཆོས་འཕེལ་གྱིས་འགྱུར་མེད་གླིང་གཙུག་ལག་ཁང་དུ་ལོགས་བྲིས་སུ་བཀོད་མཛེས་པ།”[3] ཞེས་པ་ལྟར། རི་མོ་འདི་དག་ནི་མཆོག་གྱུར་གླིང་པའི་དག་པའི་གཟིགས་སྣང་རྣམས་མཁན་ཆེན་སངས་རྒྱས་ཆོས་འཕེལ་[4]ལམ་ཀརྨ་རིན་ཆེན་དར་རྒྱས་ཀྱིས་ཕྱག་བྲིས་མཛད་པར་གསལ་ལ། མཆོག་གྱུར་གླིང་པས་འཛམ་གླིང་དག་པའི་ཞིང་བཞི་འབྲི་བར་འཆར་འགོད་གནང་བ་ལྟར་གོར་ཐིག་བཞི་བྲིས་འདུག་མོད། ཟངས་མདོག་དཔལ་རི་དང་ཤམ་བྷ་ལ་གཉིས་ལེགས་པར་བྲིས་གནང་ལ། གཞན་གཉིས་བྲིས་མ་ཚར་བར་གོར་ཐིག་སྟོང་པར་བཞག་འདུག །

རྟེན་མཆོག་འགྱུར་མེད་གླིང་གི་གྱང་རིས། བདེ་ཆེན་ཞིང་བཀོད། པར་པ། གྲོག་མ།

གཡས་ཕྱོགས་ཀྱི་ཟངས་མདོག་དཔལ་རིའི་བཀོད་པའི་མཚམས་སུ། ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་ཕྱག་ན་རྡོ་དྲིལ་འཛིན་པ་གཙོ་ལྷ་བྱས་ཤིང་། དེའི་མཐའ་སྐོར་དུ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་བཅུ་བཞི་ཐམ་པ། ཐམས་ཅད་ཀྱང་ཞྭ་ནག་གི་ཅོད་པན་དང་ཤ་འགག་སེར་པོ། ཆོས་གོས་དང་བེར་སྨུག་གསོལ་བ། དེའི་མདུན་དུ་མིའུ་ཐུང་ཁྲོས་པ་བེར་ནག་ཅན་ཞལ་ཚད་གསུམ་པ་བཅས་བཀོད་འབྲི་བྱས་འདུག །

ཀརྨ་པའི་སྐུ་ཕྲེང་རྣམས་ཀྱི་སྒྲིག་རིམ་ནི་མཆོག་གྱུར་གླིང་པར་དག་སྣང་ཞལ་གཟིགས་བྱུང་ཚུལ་ལྟར་ན། “གཡས་ནས་རིམ་པར་དུས་གསུམ་མཁྱེན་པ། ཀརྨ་པཀྴི། རང་བྱུང་རྡོ་རྗེ། རོལ་པའི་རྡོ་རྗེ། དེ་བཞིན་གཤེགས་པ། མཐོང་བ་དོན་ལྡན། ཆོས་གྲགས་རྒྱ་མཚོ། གཡོན་ནས་རིམ་པར། མི་བསྐྱོད་རྡོ་རྗེ། དབང་ཕྱུག་རྡོ་རྗེ། ཆོས་དབྱིངས་རྡོ་རྗེ། ཡེ་ཤེས་རྡོ་རྗེ། བྱང་ཆུབ་རྡོ་རྗེ། བདུད་འདུལ་རྡོ་རྗེ། ཐེག་པ་མཆོག་གི་རྡོ་རྗེ་རྣམས་ཞལ་གཟིགས་པ་ནི་ཡོངས་གྲགས་ལྟར”[5]གོ་རིམ་འདི་ལྟར་ཡིན་མོད། ཀརྨའི་མཁན་པོས་གྱང་རིས་འདི་དེ་ལྟར་བཞེངས་པ་ཡིན་མིན་ནི་ཆ་མ་འཚལ།

གྱང་རིས་འདི་ལ་གཤམ་ཡིག་མེད་ཅིང་རྒྱབ་ལྗོངས་ཡིག་ཆ་གཞན་གང་ཡང་མ་རྙེད་མོད། ཚོད་དཔག་བྱས་ནས་བཤད་ན། སྤྱི་ལོ༡༨༧༧ལོར་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་(༡༨༧༠-༡༩༢༡)ཁྲི་འདོན་མཛད་སྒོའི་དུས་སྐབས་སུ་དགའ་སྟོན་རྟེན་འབྲེལ་མཚོན་ཆེད་བྲིས་མཛད་པར་སྙམ། དེ་ལྟར་ཡིན་ཚེ། དེ་དུས་ཀརྨ་པ་སྐུ་འཕྲེང་བཅོ་ལྔ་པ་དེ་དགུང་ལོ་བདུན་ཡིན་མོད། བྱིས་པ་ཆུང་ཆུང་གི་རྣམ་པ་འབྲི་མི་ཤེས་པ་འདི་ནི་བོད་ཀྱི་རི་མོའི་ལུགས་སྲོལ་ཀུན་དང་ལྷ་བཟོ་སྤྱི་ཡི་སྐྱོན་ཆ་ཆེན་པོ་ཞིག་ཡིན་ནོ། །

དེའི་མཚམས་སུ་བདེ་བ་ཅན་གྱི་ཞིང་ཁམས་ན་སངས་རྒྱས་འོད་དཔག་མེད་གཙོ་ལྷ་བྱས་ཤིང་འཁོར་བྱང་སེམས་ཉན་རང་གི་ཚོགས་ཀྱིས་བསྐོར་བ། གཞལ་ཡས་ཁང་དང་བྱང་ཆུབ་ཀྱི་ལྗོན་ཤིང་། བར་སྣང་ན་མཆོད་ལྷ་སྣ་ཚོགས། གསེར་གྱི་ས་གཞི་དང་པདྨའི་རྫིང་བུ། མདུན་དུ་གཏེར་ཆེན་མཆོག་གླིང་བཞེང་སྟབས་ཅན། རྫིང་བུའི་ནང་གི་མེ་ཏོག་པདྨ་ལས་གཏེར་ཆེན་གྱི་མ་ཡུམ་གསར་དུ་འཁྲུངས་པ་གསེར་གྱི་ལུས་ཅན། གཡས་གཡོན་དུ་གོར་ཐིག་བཞི་ཡི་ནང་དུ་སྟུག་པོ་བཀོད་པ། མངོན་པར་དགའ་བ། རིན་ཆེན་བརྒྱན་པ། ལས་རབ་གྲུབ་པ་སོགས་བཀོད་འབྲི་བྱས་འདུག །

ཞིང་བཀོད་ཀྱི་རི་མོ་འདི་ཡང་གཏེར་ཆེན་མཆོག་གླིང་གི་གཟིགས་སྣང་ལྟར་བྲིས་པ་ཞིག་ཡིན་འདུག་སྟེ། «མཆོག་གླིང་གི་རྣམ་ཐར་»རྒྱས་པ་དེ་ཉིད་ལས། “གཞན་རྗེ་རིག་པ་འཛིན་པ་ཉིད་བསྐྱེད་པའི་མ་ཡུམ་སྐུ་གྲོངས་པའི་སྐབས། ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་བླ་མ་ལོངས་སྐུའི་སྒོས་སྒྲུབ་འོད་ཆོག་སྔགས་ལུགས་གྲགས་པ་ཁྲིགས་ཆོག་མཛད་ཅིང་ཉམས་བཞེས་ཀྱིས་སྒྲིབ་སྦྱོང་གནང་བས། འཇིག་རྟེན་དང་འཇིག་རྟེན་གྱི་ནམ་མཁའ་ལས་འདས་པའི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པར་སངས་རྒྱས་འོད་དཔག་མེད་འཁོར་རྒྱལ་སྲས་སེམས་དཔའ་རྒྱ་མཚོའི་ཚོགས་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་གཟིགས་ཤིང་། མེ་ཏོག་པདྨའི་སྙིང་པོ་ལས་མ་ཡུམ་ཉིད་བྱང་ཆུབ་སེམས་དཔའ་གསེར་གྱི་ལུས་ཅན་མཚན་དང་དཔེ་བྱད་ལྡན་པས་མཚོན་གདུལ་བྱ་སྐལ་ལྡན་དུ་གྱུར་པ་གྲངས་སུ་མེད་པ་བཅས་ཞིང་དེར་སྐྱེས་ནས་སངས་རྒྱས་མཆོད་ཅིང་དམ་ཆོས་ཉན་པ་སོགས་ཕྱོགས་མཚོན་ཞིང་བཀོད་བྲིས་ཐང་བཞུགས་པ་དང་།”[6] ཞེས་འཁོད་པ་ནང་ལྟར་བྲིས་ཡོད་ལ། གྱང་རིས་འདི་དང་འདྲ་བའི་བྲིས་ཐང་ཞིག་ཀྱང་ལོགས་སུ་བཞེངས་ཡོད་ངེས་རེད།

བདེ་ཆེན་ཞིང་བཀོད་ཀྱི་རི་མོ་འདིའི་གཤམ་དུ་ཡི་གེའི་ཕྲེང་རིང་མོ་བརྒྱད་བྲིས་འདུག་ལ། ཡིག་ཕྲེང་ཐོག་མ་གསུམ་དུ། སངས་རྒྱས་འོད་དཔག་མེད་ཀྱི་གཟུངས་རིང་དང་མཚན་སྔགས། མ་ཎི། བཛྲ། རྟེན་འབྲེལ་སྙིང་པོ་བཅས་སྒྲ་སུམ་ཕབ་བྱས་ནས་བྲིས་ཤིང་། དེའི་འོག་ཏུ། “ལུས་རྟེན་འདི་ཉིད་བསྐྱེད་པའི་དྲིན་ཆེན་མ། །ངན་སོང་འཁོར་བའི་འཇིག་ལས་རབ་བསྒྲལ་ནས། །”[7]ཞེས་པ་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་བསྔོ་ཡིག་ཚིག་རྐང་དྲུག་ཅུ་རེ་དྲུག་ཙམ་འབྲུ་ཚ་ཡིས་བྲིས་འདུག །

དེའི་མཚམས་སུ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ལྷ་ཚོགས་རྣམས་བྲིས་ཡོད་ཅིང་། གཙོ་ལྷ་གུ་རུ་སྣང་སྲིད་ཟིལ་གནོན་ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁར་གདེང་བ། གཡོན་པས་ཐོད་བུམ་བསྣམས་ཤིང་གྲུ་མོར་ཁ་ཊྭཱྃ་འཁྱུད་པ། སེང་ཁྲི་པདྨ་ཉི་ཟླའི་སྟེང་དུ་ཞབས་གཉིས་རོལ་སྟབས་སུ་འཇའ་ཟེར་འོད་ལྔའི་ཀློང་ན་འགྱིང་བ། དེ་ཡི་སྤྱི་བོར་གོར་ཐིག་ནང་དུ་སྤྱན་རས་གཟིགས། དེའི་སྟེང་གི་གོར་ཐིག་ནང་དུ་སྣང་བ་མཐའ་ཡས། གཙོ་བོའི་གཡས་གཡོན་དུ་གསང་ཡུམ་རིག་མ་གཉིས། མཐའ་འཁོར་གྱི་གོར་ཐིག་ནང་དུ་རྣམ་འཕྲུལ་བཅུ་གཉིས། དཔའ་བོ་སྡེ་བཞི། ཡུལ་ལྗོངས་སུ། གངས་ཀྱི་རྒྱལ་མོ་ཇོ་མོ་གླང་མ་གཙོར་བྱས་ཚེ་རིང་མཆེད་ལྔའི་གནས་ཡུལ་གངས་རི་ཆེན་པོ་ལྔ། དེའི་མདུན་དུ་ཐུགས་སྒྲུབ་ཀྱི་སྲུང་མ་བཀྲ་ཤིས་ཚེ་རིང་མ་སེང་གེ་དཀར་མོར་ཞོན་པ་བཅས་བྲིས་ཤིང་། གོར་ཐིག་ནང་གི་ལྷ་དེ་དག་ལ་ཚོན་མདངས་མ་བྱས་པར་སྐྱ་རིས་བྱས་ནས་བཞག་འདུག །«ཐུགས་སྒྲུབ་བར་ཆད་ཀུན་སེལ་»ནི་མཆོག་གྱུར་གླིང་པ་དགུང་ལོ་ཉི་ཤུ་ཡི་སྟེང་ཟླ་ཉིང་ཁ་ལ་རོང་སྒོའི་དབེན་གནས་ནས་སྤྱན་དྲངས་པའི་གཏེར་ཆོས་ཡིན་ཞིང་། ཤིན་ཏུ་རྩ་ཆེན། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་དེ་ཡིན་པར་གསུངས།[8] གྱང་རིས་འདི་ལ་མཆོག་གླིང་སྐུ་དངོས་ཀྱིས་རབ་གནས་མཛད་ཡོད་པར་བཤད་སྲོལ་འདུག་ལ་དུས་ཀྱང་འགྲིགས་པས་བདེན་པ་ཡིན་སྲིད།

«བར་ཆད་ཀུན་སེལ་»གྱི་རི་མོ་འདི་དག་གི་གཤམ་དུ། ཡི་གེའི་ཕྲེང་བརྒྱད་བྲིས་ཡོད་པ་ལས་ཐོག་མའི་ཡིག་ཕྲེང་བཞི་རུ། བླ་མ་སྐུ་གསུམ་དང་རྣམ་འཕྲུལ་བཅུ་གཉིས་ཀྱི་མཚན་སྔགས་ཆ་ཚང་ལཉྪ་དང་བོད་ཡིག་སྦྲག་ནས་བྲིས་ལ། དེའི་འོག་ཏུ་བསྔོ་ཡིག་ཚིག་རྐང་བཅོ་ལྔ་དང་མཇུག་རྩོམ་བཅས་བྲིས་ཡོད། ཡི་གེ་དེའི་ནང་དུ་ལྷ་ངོ་གསལ་བཤད་དང་། ཡོན་བདག་གི་མིང་། བྲིས་པའི་དགོས་དོན། རི་མོ་པ། བཞེངས་པའི་དུས་སོགས་གསལ་པོར་འཁོད་པ་ལས། “དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོ་ཁྲུཾ་སྟོད་ཟླ་བའི་ཡར་ཚེས་དགེ་བར་བྲིས་པ”ཞེས་གསལ་བས་ན། དེ་ནི་སྤྱི་ལོ་༡༨༦༩ལོའི་བོད་ཟླ་༨པར་ཁེལ། སྐབས་དེར་ཀརྨའི་མཁན་ཆེན་དགུང་ལོ་སོ་ལྔ་དང་། མཆོག་གྱུར་གླིང་པ་དགུང་གྲངས་ཞེ་གཅིག་པར་ཁེལ་ཡོད། ལོ་འདི་ནི། མཆོག་གྱུར་གླིང་པ་འཁོར་དང་བཅས་པ་དབུས་གཙང་གནས་སྐོར་དུ་“ཆིབས་ཁ་བསྒྱུར་ནས་ཕྱིར་གདན་སར་ཕེབས་གྲུབ་ཀྱི་བར་ཟླ་བ་བཅོ་བརྒྱད་ཙམ་འགོར་མཚམས་དགུང་གྲངས་ཞེ་གཅིག་ཏུ་སོན་པའི་ས་སྦྲུལ་དཔྱིད་ཟླ་ཐ་ཆུང་གི་ཚེས་ནང་སྐོར་གདན་ས་བར་མ་གནས་བརྟན་དགོན་འགྱུར་མེད་གླིང་དུ་ཕྱག་ཕེབས་ཤིང་གཞི་བྱེས་སྤོམ”[9]པའི་ལོ་དེ་ཡིན།

ལྷ་ཁང་ཀ་བཞི་མའི་ནང་གི་གཡོན་ལོགས་ཤམ་བྷ་ལའི་ཞིང་གི་བཀོད་པའི་མཚམས་སུ། གཏེར་ཆེན་མཆོག་གྱུར་གླིང་པ་གཙོ་འཁོར་རྣམས་བྲིས་འདུག་སྟེ། གཙོ་ལྷ་ནི་རྣམ་ཐར་དུ་གསལ་བ་ནང་བཞིན“རྗེ་གཏེར་ཆེན་ཉིད་ཀྱི་ཆ་ལུགས་ཤམ་ཐབས་དཀར་པོ་བླ་གོས་དམར་པོ”[10]ཅན། དབུ་ལ་པད་ཞུ་གསོལ་ཞིང་ཕྱག་གཡས་ན་རལ་པོད་ཀྱིས་མཚན་པའི་མེ་ཏོག་གི་ཡུ་བ་ཐུགས་ཀར་འཛིན་པ། གཡོན་མཉམ་གཞག་གི་སྟེང་ན་གཏེར་བུམ་འཛིན་པ། ཞལ་རྒྱན་སྨ་ར་དང་ཨག་ཚོམ་ཅུང་ཟད་ཡོད་པ་ལ་མདུན་སོ་གཉིས་ཕྱིར་མངོན་ཙམ་བྱས་པའི་མཆོག་གྱུར་གླིང་པའི་སྐུ་ཡི་འདྲ་རིས་རྨད་དུ་བྱུང་བ་ཞིག་བྲིས་འདུག་ལ། དེའི་མཐའ་སྐོར་དུ་«མཆོག་གླིང་རྣམ་ཐར་གསོལ་འདེབས་»ལས། “ཨོ་རྒྱན་རྡོ་རྗེའི་ལུང་གིས་བསྔགས་པ་ཡི། །རྩ་བའི་ཆོས་བདག་རྣམ་བཅུའི་ཐོག་དྲངས་ཏེ། །མངའ་རི་དབུས་གཙང་མདོ་ཁམས་མཐའ་དབུས་སུ། །ཟབ་གཏེར་ཕྲིན་ལས་སྤེལ་ལ་གསོལ་བ་འདེབས། །”[11]ཞེས་པའི་དོན་ལྟར། «ཐུགས་སྒྲུབ་བར་ཆད་ཀུན་སེལ་»གྱི་རྩ་བའི་ཆོས་བདག་རྣམ་བཅུ་ལས། “ཏཱའི་སི་ཏུ་པདྨ་ཀུན་བཟང་། ས་སྐྱ་ཁྲི་ཆེན་བཀྲ་ཤིས་རིན་ཆེན། ཀོང་སྤྲུལ་བློ་གྲོས་མཐའ་ཡས། འཇམ་དབྱངས་མཁྱེན་བརྩེ་དབང་པོ། རྗེ་དབོན་མཆོག་སྤྲུལ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན། ཟླ་བཟང་སྤྲུལ་སྐུ་ཀརྨ་ཚེ་དབང་བསྟན་འཛིན། སྨིན་གླིང་ཁྲི་ཆེན་ཡིད་བཞིན་དབང་རྒྱལ། འབྲུག་འཇིགས་མེད་དབང་གི་རྒྱལ་པོ། སྡེ་དགེ་རྒྱལ་པོ་འཆི་མེད་རྟག་པའི་རྡོ་རྗེ་”[12]བཅས་བྲིས་འདུག་ལ། མཆོག་གཏེར་ཆོས་བདག་ཀརྨ་པ་ཐེག་མཆོག་རྡོ་རྗེ་(༡༧༩༧-༡༨༦༨)འདིར་བསྐྱར་འབྲི་བྱས་མེད། གཙོ་བོའི་མདུན་དུ། གཏེར་སྲས་ཚེ་དབང་གྲགས་པ། སྲས་མོ་དཀོན་མཆོག་དཔལ་སྒྲོན། གཏེར་ཡུམ་བདེ་ཆེན་ཆོས་སྒྲོན་བཅས་འབྲི་བཞེངས་བྱས་ཡོད། རི་མོ་འདི་ནི་གཏེར་ཆེན་མཆོག་གླིང་སྐུ་གཤེགས་པའི་རྗེས་དྲན་དུ་སྤྱི་ལོ༡༨༧༠ལོ་ཙམ་ལ་བྲིས་པ་ཞིག་ཡིན་རྒྱུ་རེད་སྙམ།

དེའི་མཚམས་ཀྱི་གྱང་ལོགས་སུ། རྨ་བྱ་པད་ཟླའི་གདན་སྟེང་དུ་སངས་རྒྱས་ཚེ་དཔག་མེད་གསེར་གྱི་མདོག་ཅན་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ་ཞིག་དང་། དེའི་མཐའ་སྐོར་དུ། “ཚེ་ལྷ་རྣམ་གསུམ་འཆི་མེད་བི་མ་ལ། །མཚོ་སྐྱེས་རྡོ་རྗེ་སངས་རྒྱས་ཡེ་ཤེས་ཞབས། །མངའ་རི་རིག་འཛིན་ལེགས་ལྡན་རྡོ་རྗེ་བཅས། །”[13]ཞེས་གྱང་རིས་འདིའི་གཤམ་ཡིག་ཏུ་བྲིས་པ་ལྟར་བཀོད་འདུག་ལ། ད་དུང་གཙོ་བོའི་གཡས་གཡོན་དུ་གོར་ཐིག་དྲུག་གི་ནང་དུ་ཚེ་དཔག་མེད་ཀྱི་སྐུ་ཆུང་ཆུང་བརྒྱ་དང་སུམ་ཅུ་ཙམ་སྐྱ་རིས་བྱས་ནས་བཞེངས་ཡོད་པ་བཅས་སོ། །

རྟེན་མཆོག་འགྱུར་མེད་གླིང་གི་གྱང་རིས། ཚེ་ལྷ་རྣམ་གསུམ་སོགས། པར་པ། གྲོག་མ།

རི་མོ་འདིའི་གཤམ་དུ་ཡི་གེ་ཐིག་ཕྲེང་དྲུག་བྲིས་ཡོད་ལ། ཐོག་མའི་ཕྲེང་གསུམ་དུ་ཚེ་གཟུངས་དང་ཚེ་ལྷ་རྣམ་གསུམ་གྱི་མཚན་སྔགས་ཆ་ཚང་སྒྲ་སུམ་ཕབ་བྱས་ཤིང་། དེ་འོག་གི་ཡིག་ཕྲེང་གསུམ་དུ། “དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་པ་དང་། །མཆོག་གི་ཡང་སྲིད་ཟླ་ཞལ་གསར་དུ་ཚེས། །”[14]ཞེས་སོགས་རེ་སྨོན་བྱས་ཡོད་པས། གྱང་རིས་འདི་འབྲི་དུས་གཏེར་ཆེན་མཆོག་གླིང་སྐུ་གཤེགས་ཟིན་པ་དང་ཡང་སྲིད་ད་དུང་འཁྲུངས་མེད་པར་གསལ་བས་ན། ཧ་ལམ་སྤྱི་ལོ༡༨༧༡ཙམ་ལ་བྲིས་པ་ཞིག་ཡིན།

རི་མོ་འདིའི་མཚམས་སུ། བྲག་ཆེན་པད་ཟླའི་གདན་སྟེང་དུ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དབུ་སྐྲ་དང་སྨ་ར་ཨག་ཚོམ་དཀར་པོ་ཅན། སྒོམ་ཐག་བཅིངས་ཤིང་རས་གཟན་དཀར་པོའི་ཕྱི་རུ་བེར་སྨུག་གསོལ་བ་མི་ཚད་ཙམ་ཞིག །ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་གི་སྟེང་ན་ཚེ་བུམ་བཟངས་ཤིང་གིས་བརྒྱན་པ་བཟུང་བ་ཞིག་བྲིས་ཤིང་། དེའི་གཡས་ཕྱོགས་སུ་ཀརྨའི་མཁན་པོ་ཚེ་ཞལ་བྲག་ཕུག་ནང་དུ་བཞུགས་པ་ལ་སྤྱི་གཙུག་གི་ཐད་དུ་འཇའ་འོད་ཟླ་གམ་གྱི་ཀློང་ནས་ཁྲོ་བོ་རྟ་མགྲིན་གྱིས་ཕྱག་གཉིས་བུམ་པ་བཟུང་བ། དེའི་སྟེང་ནས་བྱ་ཁྱུང་ལྡིང་བ་བཅས་རི་མོ་ཆུང་ངུར་བྱས་ནས་བྲིས་འདུག །བཤད་ཟིན་པའི་རི་མོ་ཚོན་རྩི་དང་བཅས་པར་གོག་སྐྱོན་ཆེན་པོ་གང་ཡང་ཤོར་མེད་ལ། གྱང་རིས་འདི་དག་གི་སྟེང་དུ་དེང་སང་གི་བཀྲག་རྩི་ཞིག་གསར་དུ་བྱུག་ཡོད་པ་ཙམ་མོ། །

ལྷ་ཁང་གི་སྒོ་ཆེན་ནང་ལོགས་སུ་ལས་མགོན་ཏྲགྴད་ནག་པོ་རྟ་བྲ་ནག་རྟིང་དཀར་ལ་ཆིབས་ཤིང་། སྲིན་མོ་སྣ་ཚོགས་གདོང་མས་རྟ་མཐུར་ནས་ཁྲིད་པ། མཆོག་གྱུར་གླིང་པས་«ལས་མགོན་ཏྲགྴད་ཀྱི་གཏོར་ཆོག»ལས་བསྟན་པ་[15]ཇི་བཞིན་ཤིན་ཏུ་རྔམ་བརྗིད་དང་ལྡན་པ་བྲིས་ཤིང་། དེའི་གཡོན་ཕྱོགས་སུ་སྔགས་ཀྱི་སྲུང་མ་སྐུ་མདོག་དམར་མོ་ཅན་མི་ཚད་ཙམ་ཡོད་པ་བཅས་ལ་ཞལ་ཁེབས་ཀྱིས་གཡོགས་ནས་འདུག་ལ། ཆོས་སྐྱོང་སྲུང་མའི་རི་མོ་འདི་དག་ལ་སྐྱོན་ཆ་མ་ཤོར་བར་གསར་ཉམས་དང་བཅས་བཞུགས།

རྒྱ་མཐོངས་ཀྱི་ནང་དུ་རྡོ་རྗེ་སེམས་དཔའ་གཙོ་བོ་བྱས་ཤིང་མདུན་དུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ། གཡས་གཡོན་རྣམས་སུ་རྫོགས་ཆེན་གྱི་སྟོན་པ་བཅུ་གཉིས་བྲིས་ཡོད་མོད་ཐིགས་ཆུ་ཤོར་ནས་དེ་ཙམ་མི་གསལ། སྒོ་ཁང་གི་ནང་དུ་གླིང་བཞི་རི་རབ་དང་བཅས་པ་དེའི་སྟེང་དུ་གཟུགས་ཁམས་གནས་རིས་བཅུ་བདུན། དེའི་སྟེང་དུ་སྐྱེ་མཆེད་མུ་བཞི་དང་བཅས་པ་བང་རིམ་གྱི་རྣམ་པས་བྲིས་པ་དང་། ད་དུང་སྲིད་པའི་འཁོར་ལོ། བདུད་རྩི་འཁྱིལ་བ་སོགས་ཁྲོ་ཆེན་བཞི། ཡེ་རྒྱལ་མི་དཀར་རྟ་དཀར། དགེ་བསྙེན་མི་ནག་རྟ་ནག་ཅན། རྣམ་བཅུ་དབང་ལྡན་བཅས་བྲིས་འདུག །རི་མོ་འདི་དག་ལ་མིས་ལས་ཞོར་གནོད་འཚེ་ཐེབས་པ་དང་གྱང་ངོས་ཟད་པ། བསམ་གཟས་ནས་དེའི་སྟེང་དུ་རི་མོ་བྲིས་པ་དང་ཚོན་བྱུག་པ་སོགས་ཀྱིས་དེ་ཙམ་མི་གསལ་བར་གྱུར་འདུག་ལ། སྲིད་པ་འཁོར་ལོའི་གཤམ་དུ་ཡི་གེ་མང་ཙམ་བྲིས་ཡོད་མོད། བདེ་སྡུག་་་རྟེན་འབྲེལ་་་། ཟེར་བ་ཙམ་ལས་མང་ཆེ་བ་ཀློག་ཐབས་མེད་པར་གྱུར་འདུག །

གཉིས་པ། ལྷ་རིས་པ།

རྟེན་མཆོག་འགྱུར་མེད་གླིང་གི་གྱང་རིས་འདི་དག་མང་ཆེ་བ་ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས་ཀྱིས་བྲིས་པ་ཡིན་པ་ནི། ངག་རྒྱུན་དང་བཤད་ཡམས་ཙམ་མ་ཡིན་པར། «གཏེར་ཆེན་མཆོག་གླིང་གི་རྣམ་ཐར»རྒྱས་པ་རུ་ཡང་ཡང་གསལ་ཡོད་པ་གོང་དུ་དྲངས་ཟིན་པ་ལྟར། གྱང་རིས་རྣམས་ཀྱི་གཤམ་དུ་ཡང་ལྷ་ཡི་མཚན་སྔགས་དང་བསྔོ་ཡིག །ཡོན་བདག་གི་མིང་། རི་མོ་པའི་མཚན་སོགས་བྲིས་འདུག་པ་ལས། དཔེར་ན། «ཐུགས་སྒྲུབ་བར་ཆད་ཀུན་སེལ»གྱི་ལྷ་ཚོགས་གཙོ་འཁོར་དང་བཅས་པའི་གཤམ་དུ། “ཅེས་པ་འདི་ནི༈གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་གྱི་སྤྱན་སྔ་བ་སྐུ་སྐྱེ་ཛྙཱ་ན་དྷྭ་ཛའི་ཐུགས་དམ་གྱི་རྟེན་དུ་བཞེངས་པའི་རི་མོའི་འདུ་བྱེད་དང་སྨོན་ཚིག་སོགས་ནི་རིས་བྲལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་འཛིན་དང་བཅས་པ་ལ་ལྷག་བསམ་དད་པའི་པདྨོ་རབ་ཏུ་རྒྱས་པ་མཚོ་སྐྱེས་མ་ཧཱ་གུ་རུ་ཡབ་ཡུམ་གྱི་ཞབས་རྡུལ་སྤྱི་བོར་ཐོབ་པའི་བསྐལ་པ་བཟང་པོ་ཅན། འདུལ་འཛིན་ཀརྨྨ་རིན་ཆེན་དར་རྒྱས་དཔལ་བཟང་པོའམ་འབྱུང་དུ་རུང་བའི་ཡོན་ཏན་ལ་སྨོན་པའི་བཏགས་མིང་ངག་དབང་བློ་གྲོས་རིན་ཆེན་སེངྒེ་ལེགས་བཤད་སྒྲ་དབྱངས་རྒྱ་མཚོར་འབོད་པས * * * * * * * * *[16]་དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོ་ཁྲུཾ་སྟོད་ཟླ་བའི་ཡར་ཚེས་དགེ་བར་བྲིས་པ་འདིས་ཀྱང་། མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག”[17] ཞེས་དང་། དེ་བཞིན་དུ། ཚེ་ལྷ་རྣམས་ཀྱི་གཤམ་དུ། “མངའ་རི་རིག་འཛིན་ལེགས་ལྡན་རྡོ་རྗེ་བཅས། །ཤཱཀྱའི་དགེ་སློང་ཀརྨ་རཏྣས་བཞེངས། །”[18] ཞེས་སོགས་གསལ་པོར་བྲིས་མཛད་འདུག་པས་མཚོན་ནོ། །

འགྱུར་མེད་གླིང་གི་གྱང་རིས་ཡོད་ཚད་ཀརྨའི་མཁན་ཆེན་གྱིས་བྲིས་པ་ཡིན་ནམ་ཟེར་ན། དེའང་རེད་མི་འདུག །དེ་ཡང་ལྷ་ཁང་གི་གཡོན་ཕྱོགས་གྱང་ངོས་སུ་གོར་ཐིག་དྲུག་གི་ནང་དུ་ཚེ་དཔག་མེད་ཀྱི་སྐུ་བརྒྱ་དང་སུམ་ཅུ་སྐྱ་རིས་སུ་བྲིས་ཡོད་པ་དེ་དག་དང་། གཙོ་ལྷ་ཚེ་དཔག་མེད་པའི་དབུ་གཙུག་ཏུ་དངུལ་ལས་གྲུབ་པའི་ཚེ་དཔག་མེད་དཀར་པོ་སོགས་ནི། ཀརྨ་འཕགས་མཆོག་དང་། ས་བཅུ། ལྷུན་གྲུབ། ཆོས་འཛིན། ཀར་དགེ། ཀར་ཚེ། ཀརྨ་ཤེས་རབ་(ཚང་མ་དུས་རབས་བཅུ་དགུ་པའི་མི་ཡིན)སོགས་ཀྱིས་བྲིས་མཛད་པ་རེད་འདུག་སྟེ། ལྷ་དེ་དག་གི་གཤམ་ཡིག་ལས། “ཐིག་ལེ་དྲུག་ཏུ་ཚེ་དཔག་མེད་པའི་སྐུ། །མཁའ་མེ་ཟླ་བའི་གྲངས༼༡༣༠༽དང་ལྡན་པ་འདི། །གནས་འཛིན་བླ་མ་༡ཀརྨྨ་འཕགས་མཆོག་དང་། །༢ས་བཅུ་༣ལྷུན་གྲུབ་༤ཆོས་འཛིན་༥ཀར་དགེ་བཅས། །****་བཅུ་ཕྲག་རེ་རེ་བཞེངས༼༥༠༽། །དེ་ལྷག་བརྒྱད་ཅུ་༼༨༠༽ཉེ་གནས་ཀར་ཚེས་བྲིས། །ལྷོ་རྒྱུད་དགེ་སློང་ཀརྨ་ཤེས་རབ་ཀྱིས། །དངུལ་ལས་གྲུབ་པའི་ཚེ་དཔག་དཀར་པོ་བཞེངས། །”[19] ཞེས་གསལ་བ་ལྟར་ཡིན་ལ། རི་མོ་དེ་དག་ནི་ཚོན་མདངས་མ་བྱས་པའི་སྐྱ་རིས་ཡིན་པ་དང་སྒྱུ་རྩལ་གྱི་བྱང་ཆ་དང་སྤོས་ཚད་ཀྱི་སྟེང་ནས་བལྟས་ན་ཡང་ཀརྨའི་མཁན་ཆེན་གྱི་རི་མོ་ལ་འགྲན་དུ་མེད་པ་རེད།

གསུམ་པ། ཀརྨའི་མཁན་པོ།

ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས་འདི་ནི་བོད་ཀྱི་བཟོ་རིག་པའི་ཁྱབ་ཁོངས་ནས་ཕར་མཇལ་བ་ཡིན་ན། བཟོ་བོའི་སྒྱུ་རྩལ་བརྩམས་ཆོས་དང་བཟོ་རིག་པའི་གཞུང་ལུགས་བརྩམས་ཆོས་གཉིས་ཀ་དང་ལྡན་པའི་བཟོ་རིག་མཁས་ཅན་ཞིག་ཡིན་པ་སྟེ། འདི་ལྟ་བུའི་ཁྱད་ཆོས་གཉིས་ལྡན་གྱི་བཟོ་བོ་ནི་བོད་ཀྱི་བཟོ་རིག་གི་ལོ་རྒྱུས་ཁྲོད་དུ་མང་པོ་ཞིག་ཡོད་པ་མ་རེད།

རྟེན་མཆོག་འགྱུར་མེད་གླིང་གི་གྱང་རིས། ཀརྨ་པ་སྐུ་ཕྲེང་རིམ་བྱོན། པར་པ། གྲོག་མ།

འདི་ལྟར་གླེང་ཚེ། ང་ཚོས་ཐོག་མར་བོད་ཀྱི་བཟོ་རིག་པའི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གལ་ཆེན། རི་མོའི་གཞུང་ལུགས་དང་ལག་རྩལ་གཉིས་ལྡན་གྱི་སྨན་ལུགས་རི་མོའི་སྲོལ་འབྱེད་པ་སྨན་བླ་དོན་འགྲུབ་(དུས་རབས་བཅོ་ལྔ་པའི་སྟོད་དུ་བྱོན)ལགས་དྲན་ཡོང་ངེས་ཡིན་ལ། དེ་ལས་གཞན་པ་ཞིག་དྲན་དགོས་ཚེ་ཁྱེད་ཀྱིས་བསམ་བློ་མང་པོ་གཏོང་དགོས་ཀྱི་རེད། ཀརྨའི་མཁན་ཆེན་གྱིས་མཛད་པའི་བཟོ་རིག་པའི་གཞུང་ལུགས«སྐུ་བྲིས་འབུར་ཡོངས་ཀྱི་ཐིག་ཚད་བཟོ་བོའི་ཡིད་བཞིན་ནོར་བུ»གཙོར་བྱས། «ལྷ་ཐིག་མཁས་པའི་མགུལ་རྒྱན» «མཆོད་རྟེན་རྣམ་བཞག་ཀུན་ཤེས་རབ་གསལ» «མཆོག་གླིང་དཀྱིལ་འཁོར་རྣམས་ཀྱི་སྤྱིའི་ཐིག་རྩ» «ཁྲི་རྒྱན་དྲུག་གི་རྣམ་བཞག་མཁས་པའི་མགུལ་རྒྱན»སོགས་བཟོ་རིག་གི་ཡིག་ཆ་མང་པོ་ཞིག་བརྩམས་མཛད་ཡོད། ཀརྨའི་མཁན་པོ་འདི་སྐུ་ན་ཤིན་ཏུ་ཕྲ་མོའི་དུས་ནས་རི་མོ་འབྲི་རྒྱུར་དགའ་ཞིང་རི་མོ་པའི་ཁོར་ཡུག་ལྡན། ཁོང་གིས་ཀློག་སློབ་བཞིན་པའི་སྐབས་ནས་རྗེ་བཙུན་མི་ལའི་རྣམ་ཐར་ནང་གི་ཁྱི་ར་སྐོར་གསུམ་སོགས་བྲིས་ཏེ་རི་མོ་དེར་གཡེང་[20]འགྲོ་བ་ཞིག་ཡིན་པར་«རང་རྣམ་ཚིགས་བཅད་མར་»གསུང་ཡོད་ལ། དེ་དུས་ཁོང་ད་དུང་བྱིས་པ་ལོ་བརྒྱད་ལོན་མེད། ཁོང་རང་གི་ཕ་ཡབ་དེ་ལྷ་བཟོ་ཞིག་ཡིན་པ་དང་དེས་འབུམ་ཤུལ་གསར་རྙིང་སོགས་སུ་རི་མོ་འབྲི་སར་ཁྲིད་ཅིང་། ལྷ་ཡི་ཐིག་རྩ་བསླབ་པ་དང་རི་མོའི་གཞུང་ལུགས་རྒྱས་པ་དག་ཀྱང་བློར་བཟུང་བཅུག་པ་མ་ཟད། ཚོན་གདབ་པའི་ཚེ་ན་བྱུག་པས་མ་ཐོན་ནས་ཡབ་ཀྱིས་མང་དུ་བརྡུངས་བ་སོགས་བྱིས་པའི་དུས་ནས་ལྷ་བཟོའི་ས་བོན་བཞག་ཅིང་། སློབ་དཔོན་གཞན་ལ་བརྟེན་ནས་ལཉྫ་དང་ཝརྟུ། གཟབ་ཡིག་གི་འདེབས་ཁ། སྐུ་འདྲ་དང་མཆོད་རྟེན། རྣམ་བཅུ་དབང་ལྡན་གྱི་ཐིག་རྩ་ཡན་ཆད་རང་བྱན་ཚུད་པར་སྦྱངས་བ་དང་། ཉིན་མོ་ལྷ་བྲིས་ཤིང་མཚན་མོ་དཔེ་ཆ་སྦྱངས། འཇིགས་བྱེད། གསང་འདུས། ཀུན་རིག །བདེ་མཆོག་སོགས་ཀྱི་དཀྱིལ་འཁོར་གྱི་ཐིག་རྩ་དང་གོ་དོན་བློར་བཟུང་ཞིང་བརྗེད་བྱང་བྲིས་ཏེ་ཤིན་ཏུ་ནན་ཏན་ཆེན་པོ་གནང་ལ། དཀྱིལ་འཁོར་བློས་བསླངས་ས་ལ་བཅས་ནས་སློབ་ཁྲིད་མཛད་ཅིང་མི་བརྗེད་པའི་ཐོ་ཡིག་དང་དཔེ་རིས་བྲིས། བློས་བསླངས་ཀྱི་ཐིག་རྩ་གསར་རྩོམ་མཛད།[21]

དེ་བཞིན་དུ། ཁོང་གིས་མཛད་པའི«ཐིག་ཚད་བཟོ་བོའི་ཡིད་བཞིན་ནོར་བུ་»ལས། “སྨན་གསར་སྒར་རིས་འདྲེས་མ་རི་མཁར་ལུགས། །འགྱིང་བའི་རྣམ་འགྱུར་ཆེ་ན་ངོ་མཚར་ཆེ། །སྨན་རྙིང་བལ་རིས་སོར་གནས་འགྱིང་ཆ་ཆུང་། །སྒར་བྲིས་གསར་རྙིང་འགྱིང་ཚུལ་རན་པར་འོང་། །དེ་སྐད་བདག་གི་ཡོངས་འཛིན་ཏཱ་རེས་གསུང་། །”[22]ཞེས་དང་། ཡང་དེ་ཉིད་ལས། “སྒར་སྨན་ཁྲོ་བོ་གནོད་སྦྱིན་ཁྲོས་པའི་ཚུལ། སྨན་གསར་སྒར་བྲིས་འདྲེས་པ་སྲིན་པོའི་ཉམས། །མཁྱེན་ལུགས་སྨན་གསར་གཤིན་རྗེའི་ཁྲོ་ཚུལ་དང་། །མཐུན་པར་སློབ་དཔོན་མཁས་པའི་ཞལ་ལས་ཐོས། །”[23] ཞེས་གསུང་པ་ལྟར། བཟོ་རིག་གི་ཡོངས་འཛིན་མཁས་པར་བསྟེན་ནས་བོད་ཀྱི་ཐང་ཀའི་ལུགས་སྲོལ་ཀུན་དང་། བཟོ་རིག་པའི་ཕྱོགས་ཀྱི་སྒྱུ་རྩལ་དང་གཞུང་ལུགས་གཉིས་ཀར་མཐར་ཕྱིན་པར་སློབ་སྦྱོང་མཛད། དུས་ད་ལྟ་ཡང་གྱང་བྲིས་དང་ཐང་ཀ །ཙཀ་ལི། ཤིང་བརྐོས། ལྡེར་བཟོས། དཀྱིལ་འཁོར་སོགས་ཀརྨའི་མཁན་ཆེན་གྱི་ཕྱག་གི་སྒྱུ་རྩལ་དང་སོར་མོའི་འདུ་བྱེད་ལས་བྱུང་བའི་སྒྱུ་རྩལ་གྱི་བརྩམས་ཆོས་མང་པོ་ཞིག་དངོས་སུ་བཞུགས་ཡོད་པ་ལྟ་བུ་ཡིན། ཀརྨ་རིན་ཆེན་དར་རྒྱས་ནི་བཟོ་གསོ་བ། སྒྲ་ཚད་མ། སྙན་ངག་སྐར་རྩིས་སོགས་རིག་པའི་གནས་བཅུ་ལ་མཁས་པའི་དབང་པོ་ཞིག་ཡིན་མོད། སྐབས་ཐོབ་ཀྱིས་བཟོ་རིག་པའི་སྐོར་ནས་རོབ་ཙམ་གླེང་བ་དེ་ཡིན།

བཞི་པ། རི་མོའི་སྒྱུ་རྩལ།

རྟེན་མཆོག་འགྱུར་མེད་གླིང་ན་བཞུགས་པའི་ཀརྨའི་མཁན་ཆེན་གྱི་བྲིས་སྐུ་འདི་དག་གཞིར་བཞག་ནས་གླེང་བརྗོད་བྱས་ན། རི་མོའི་བར་གྱི་སྟོང་ཆ་དང་བར་སྣང་ཆུང་ཞིང་ཚོན་རྩི་སྣུམ་ཤས་ཆེ་ལ་བཀྲག་མདངས་དང་ལྡན་པ་སོགས་ཀྱིས། གཞི་རྩའི་ཆ་ནས་ཀརྨ་སྒར་རིས་ཀྱི་ཁོངས་སུ་བསྡུ་མི་ཐུབ་ལ།[24] རི་བྲག་རྩིང་ལ་ཁ་ཐག་ཉེ་བ། སྤྲིན་རིས་ཤར་མོ་ཡིན་པ། ལྷ་བཀོད་ཅུང་འཚངས་ཁ་ཆེ་བ། ཐིག་རིས་གཙང་ཞིང་གྲུང་ཤ་ལྡན་པ་སོགས་ཀྱིས་སྨན་ཐང་གི་ལུགས་ལ་ཅུང་ཟད་ཁ་ཐག་ཉེ་བར་སྙམ།

དེ་བཞིན་དུ་གསུང་རབ་དག་ལས་སངས་རྒྱས་ཀྱི་དཔེ་བྱད་བཟང་པོའི་གྲལ་དུ། “ཕྱག་དང་ཞབས་ཀྱི་མཐིལ་དམར་བ་དག་ཡིན་ནོ། །”[25]ཞེས་པ་ནང་ལྟར། གཙོ་ལྷ་རྣམས་ཀྱི་ཕྱག་ལག་དང་ཞབས་ཀྱི་མཐིལ་དམར་པོ་བྱས་པ་དང་ན་བཟའ་མང་ལ་རྒྱན་ཆ་ཡང་བ་སོགས་ལ་བལྟས་ཡོང་ན། མཐོང་ཙམ་ཉིད་ནས་མཁྱེན་བརྩེ་ཆེན་མོའི་(དུས་རབས་བཅོ་ལྔ་པའི་སྟོད)ལུགས་ཀྱི་རི་མོ་རེད་འདུག་དྲན་ཡོང་ས་ཡོད།  འོན་ཀྱང་ཀརྨའི་མཁན་ཆེན་འདི་ནི། ཁོང་རང་ཉིད་ཀྱི་«ཐིག་ཚད་ཡིད་བཞིན་ནོར་བུ་»ལས། “ཞི་བའི་མཛེས་འཛུམ་སྒར་བྲིས་ཤིན་ཏུ་ལེགས། །ཁྲོ་བོའི་ཞལ་རས་སྨན་གསར་ཤིན་ཏུ་རྔམ། །ཁྲོ་འཛུམ་ལྡན་པའི་རྔམ་བརྗིད་སྨན་རྙིང་ཆེ། །སྐབས་སུ་གང་བབ་ལག་ཏུ་ལེན་པར་བྱ། །”[26]ཞེས་གསུང་པ་ལྟར། རི་མོའི་ལུགས་སྲོལ་ཀུན་ལ་མཁས་ཤིང་ཐམས་ཅད་ཀྱི་ལེགས་ཆ་བསྡུ་ཐུབ་པ། ལུགས་སྲོལ་ག་གེ་མོའི་ནང་དུ་ཡར་འཛུལ་ནས་དེ་ལས་ཕྱིར་འབུད་ཐུབ་པ། གང་གི་ཡང་ཁོངས་སུ་མི་གཏོགས་པ། རང་ཉིད་ཀྱི་བསམ་བློ་དང་ལག་རྩལ་གཉིས་ཀ་སྨིན་པའི་ཚད་དུ་སླེབས་པ། སྐྱེས་བུ་སྒེར་གྱི་གཤིས་ཀ་དང་དད་མོས་མངོན་པར་གསལ་བའི་རི་མོ་དང་རྩོམ་ཡིག་འབྲི་ནུས་པ་ཞིག་ཡིན་པས་ན། ཀརྨའི་མཁན་པོས། “མདོར་ན་གོམ་ཤེས་ཕྱག་གི་གོམ་ཁྲིད་དང་། །དཔྱད་ཤེས་རིག་པ་ཤིན་ཏུ་གྲུང་ལྡན་པས། །ཚད་ལྡན་ཕན་ཡོན་ཚད་མེད་ཉེས་དམིགས་ལ། །གཞིག་ནས་དུས་ཀུན་གཟོབ་པ་ལྷུར་བླངས་ན། །བི་ཤྭ་ཀརྨ་དག་དང་མཚུངས་པར་འགྱུར། །”[27]ཞེས་གསུང་པ་ནང་བཞིན། གྱང་རིས་འདི་དག་ལ་བལྟས་ན་ཡང་། དཔྱད་ཤེས་ཀྱི་རིག་པ་གཙོ་བོ་མཛད་ཅིང་ཤིན་ཏུ་གཟབ་ནན་གྱི་སྒོ་ནས་ལྷ་རིས་ཚད་ལྡན་འབྲི་མཁན་ཞིག་ཡིན་པ་བདེན་དཔང་མཛད་ཡོད།

གྱང་ངོས་སུ་བྲིས་པའི་ལྷ་སྐུ་འདི་དག་མཇལ་བ་ན། མཁས་བླུན་བར་མ་སུ་འདྲ་ཞིག་ཡིན་རུང་ཡིད་མི་འཕྲོག་པ་གཅིག་ཀྱང་མེད། དེ་ནི་ཀརྨའི་མཁན་པོའི་བྲིས་སྐུ་འདི་དག་གི་རུས་ཚུགས་ལེགས་ཤིང་ཞི་ཉམས་ཆེ་བས་ཡིན་ངེས། ཁྱད་ཆོས་འདིའི་ཆ་ནས་བཤད་ན་མཁན་པོ་ཁོང་ཀརྨ་སྒར་རིས་ལུགས་ཀྱི་ཐིག་རྩ་དང་བཅད་རྩལ་ལ་ཐུགས་མོས་ཆེ་ཙམ་ཡོད་པར་མངོན། སྟབས་བདེ་བྱས་ནས་བཤད་ན། ཀ་བཞི་མའི་ནང་གི་རི་མོ་འདི་དག་སྒར་སྨན་འདྲེས་མའི་རི་མོ་རེད་ཅེས་སྨྲ་སྲིད་མོད། ཁོང་གིས་བྲིས་པའི་ཤིང་ལོ་དང་མེ་ཏོག །རྒྱན་རིས་པ་ཏྲ། གོས་རིས་སོགས་ཕྱོགས་གང་ས་ནས་ཞིབ་ཏུ་བལྟས་ན། ཀརྨའི་མཁན་པོས་རི་མོ་བྲི་བའི་ཚེ་ན་བོད་ཀྱི་རི་མོའི་ལུགས་སྲོལ་གང་གི་ནང་དུ་ཡང་མི་འཛུལ་བར། “མིག་ཡུལ་དག་ལ་མཛེས་པར་མ་གྱུར་ན། །ཆ་ཚད་ལྡན་པར་རློམས་ཀྱང་གད་མོའི་གནས། །”[28]ཞེས་ཆ་ཚད་དང་ལྡན་པར་རློམས་པའི་རི་མོ་མིག་ལ་མཛེས་པ་དེ་དག་ལ་ཟུར་ཟ་མཛད་ཞོར་དུ། ཁོང་རང་ཉིད་མདོ་དབུས་གང་སར་ཕེབས་ནས་མཁྱེན་རྒྱ་ཆེན་པོ་དང་། མདོ་རྒྱུད་ཀུན་དང་རི་མོའི་གཞུང་ལུགས་ཡོངས་ལ་མཁས་པ། རང་ཉིད་མི་སྒེར་གྱི་གཤིས་ཀ་མངོན་པར་གསལ་བ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་སྔར་མེད་ཀྱི་རི་མོའི་སྒྱུ་རྩལ་ཞིག་གསར་དུ་འཁྲུངས་འདུག །

ལྔ་པ། གཤམ་ཡིག།

གནས་བརྟན་སྒང་རྟེན་མཆོག་འགྱུར་མེད་གླིང་གི་ལྷ་ཁང་ཀ་བཞི་མའི་ནང་གི་གཡས་ཕྱོགས་གྱང་ངོས་སུ་བྲིས་པའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྩ་བའི་ལྷ་གུ་རུ་སྣང་སྲིད་ཟིལ་གནོན་དང་། རྣམ་འཕྲུལ་བཅུ་གཉིས། དཔའ་བོ་སྡེ་བཞི། ཚེ་རིང་མ་དང་བཅས་པའི་རི་མོའི་གཤམ་དུ་བཀོད་པའི་ཡི་གེ་ནི་འདི་ལྟར། 

༄༅། །ཨོཾ་སྭ་སྟི། (ཡི་གེ་འདིའི་གོང་དུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྐུ་གསུམ་དང་རྣམ་འཕྲུལ་བཅུ་གཉིས་ཀྱི་མཚན་སྔགས་ཆ་ཚང་བོད་ཡིག་གིས་བྲིས་ཤིང་ལཉྪ་ཡི་སྟེང་དུ་ཕབ་ནས་མཚལ་སྣག་ཁྲ་སྡེབ་ནས་ཡིག་འཕྲེང་གཉིས་བྲིས་གནང་འདུག་མོད་འདིར་བཤུས་མེད)ཐུགས་སྒྲུབ་བར་ཆད་ཀུན་སེལ་རྩ་བའི་ལྷ། །སྣང་བརྙན་རིས་སུ་བྲིས་པའི་དགེ་ཚོགས་དེས། །གཏེར་ཆེན་ཡབ་སྲས་ཞབས་པད་བརྟན་པ་དང་། །འདུས་པའི་འཁོར་ཚོགས་ཐོས་བསམ་སྒོམ་པ་འཕེལ། །ཡངས་པའི་རྒྱལ་ཁམས་བདེ་སྐྱིད་དཔལ་ལ་སྤྱོད། །སྦྱིན་པའི་བདག་པོ་ཡེ་ཤེས་རྒྱལ་མཚན་གྱི། །ཆོས་མཐུན་བསམ་དོན་ཡིད་བཞིན་འགྲུབ་པ་སོགས། །མདོར་ན་ལེགས་པའི་དཔལ་འབྱོར་ཕུན་ཚོགས་ཀུན། །དཔག་བསམ་ཤིང་དང་འདོད་འབྱུང་བུམ་བཟང་ལྟར། །གཞན་ཕན་འདོད་དགུའི་གྲུ་ཆར***། །མཐར་ཐུགས་རྣམ་མཁྱེན་གོ་འཕང་མྱུར་ཐོབ་ཤོག །ཚོགས་གཉིས་མི་ཟད་ནམ་མཁའ་མཛོད་ཀྱི་ཀློང་། །འཕགས་མཆོག་གནས་བརྟན་ཚོགས་ཀུན་བཞུགས་པའི་གནས། །བོད་ཡུལ་བཀྲ་ཤིས་རྟེན༷་མཆོ༷ག་འགྱུར༷་མེ༷ད་གླིང༷་། །དར་ཞིང་རྒྱས་ལ་ཡུན་རིང་གནས་པར་ཤོག །ཅེས་པ་འདི་ནི༈གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་གྱི་སྤྱན་སྔ་བ་སྐུ་སྐྱེ་ཛྙཱ་ན་དྷྭ་ཛའི་ཐུགས་དམ་གྱི་རྟེན་དུ་བཞེངས་པའི་རི་མོའི་འདུ་བྱེད་དང་སྨོན་ཚིག་སོགས་ནི་རིས་བྲལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་འཛིན་དང་བཅས་པ་ལ་ལྷག་བསམ་དད་པའི་པདྨོ་རབ་ཏུ་རྒྱས་པ་མཚོ་སྐྱེས་མ་ཧཱ་གུ་རུ་ཡབ་ཡུམ་གྱི་ཞབས་རྡུལ་སྤྱི་བོར་ཐོབ་པའི་བསྐལ་པ་བཟང་པོ་ཅན། འདུལ་འཛིན་ཀརྨྨ་རིན་ཆེན་དར་རྒྱས་དཔལ་བཟང་པོའམ་འབྱུང་དུ་རུང་བའི་ཡོན་ཏན་ལ་སྨོན་པའི་བཏགས་མིང་ངག་དབང་བློ་གྲོས་རིན་ཆེན་སེངྒེ་ལེགས་བཤད་སྒྲ་དབྱངས་རྒྱ་མཚོར་འབོད་པས*********དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོ་ཁྲུཾ་སྟོད་ཟླ་བའི་ཡར་ཚེས་དགེ་བར་བྲིས་པ་འདིས་ཀྱང་། མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། མངྒ་ལཾ་སྭ་སྟི་བྷ་ཝནྟུ། ཞེས་གསལ། 

གུས་པས་རྟེན་མཆོག་འགྱུར་མེད་གླིང་གི་གྱང་རིས་མཇལ་སྐབས།

གནས་བརྟན་སྒང་རྟེན་མཆོག་འགྱུར་མེད་གླིང་གི་ལྷ་ཁང་ཀ་བཞི་མའི་ནང་རོལ་གཡས་ཕྱོགས་ཀྱི་གྱང་ངོས་སུ་ཡོད་པའི་བདེ་ཆེན་ཞིང་བཀོད་ཀྱི་གཤམ་དུ་བཀོད་པའི་ཡི་གེ་ནི་གཤམ་གསལ་ལྟར།

༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ་འོད་དཔག་ཏུ་མེད་པ། དཔག་ཏུ་མེད་པ་འབྱུང་བ་དཔག་ཏུ་མེད་པ་འབྱུང་བ་དཔག་ཏུ་མེད་པ་རྣམ་པར་གནོན་པ། དཔག་ཏུ་མེད་པར་འགྲོ*********་བྱེད་པ་ཉོན་མོངས་པ་ཐམས་ཅད་སེལ་བར་བྱེད་པའི་གཞི་ཚུགས། རྡོ་རྗེ་བླ་མ་པདྨ་དངོས་གྲུབ་སྩོལ། གང་ཡང་ཆོས་རྣམས་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུང་། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོ་འདི་སྐད་གསུང་། །(འདིའི་ཡན་ཆད་ཡིག་ཕྲེང་གཅིག་ཡིན་ལ་སྒྲ་སུམ་ཕབ་བྱས་ཤིང་མཚལ་སྣག་སྡེབ་ནས་བྲིས་ཡོད། རྟེན་འབྲེལ་སྙིང་པོའི་ཚིག་དོན་འགའ་ཞིག་ལ་མཆན་འགྲེལ་ཡང་བཀོད་གནང་འདུག)ཐུགས་རྗེའི་དབང་གིས་བྱང་ཆུབ་ཐུགས་བསྐྱེད་ནས། །བརྩོན་པའི་དབང་གིས་ཚོགས་གཉིས་ལེགས་པར་བསྒྲུབས། །སྨོན་ལམ་དབང་གིས་གདུལ་བྱའི་དཔལ་གྱུར་པའི། །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །གློ་བུར་དྲི་མ་དག་པ་ཆོས་ཀྱི་དབྱིངས། །སྒྲིབ་གཉིས་མུན་པ་སེལ་བ་འཕགས་པའི་ལམ། །ཆོས་ཉིད་རྟོགས་པའི་རྒྱུ་མཐུན་གསུང་རབ་མཆོག །ལུང་རྟོགས་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །ཤེས་རབ་ཆེན་པོའི་བདག་མེད་དོན་རྟོགས་ནས། །ཐུགས་རྗེ་ཆེན་པོས་འགྲོ་ཀུན་བདག་ཏུ་མཛད། །གཞན་དོན་ཆེན་པོའི་ཁུར་གྱིས་མི་སྐྱོ་བའི། །རྒྱལ་སྲས་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །ཆོས་དང་མི་འཇིག་ཟང་ཟིང་དངོས་པོ་རྣམས། །ལས་དང་རྣམ་སྨིན་རེ་བ་མེད་པའི་བློས། །གཞན་གྱི་དོན་དུ་རྟག་ཏུ་གཏོང་བྱེད་པའི། །སྦྱིན་པ་ཕུན་སུམ་ཚོགས་པའི་དགེ་ཚོགས་དེས། །ལུས་རྟེན་འདི་ཉིད་བསྐྱེད་པའི་དྲིན་ཆེན་མ། །ངན་སོང་འཁོར་བའི་འཇིག་ལས་རབ་བསྒྲལ་ནས། །རྣམ་དག་བདེ་བ་ཅན་གྱི་ཞིང་ཁམས་སུ། །རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་སངས་རྒྱས་ཤོག །གཞན་གནོད་གཞིར་བཅས་སྤོང་ལ་གོམས་པའི་མཐུས། །རྨི་ལམ་ན་ཡང་སྡིག་པ་མི་འབྱུང་ཞིང་། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་བའི། །ཚུལ་ཁྲིམས་ཕུན་ཚོགས་པའི་དགེ་ཚོགས་དེས། །ལུས་རྟེན་འདི་ཉིད་བསྐྱེད་པའི་དྲིན་ཆེན་མ། །ངན་སོང་འཁོར་བའི་འཇིག་ལས་རབ་བསྒྲལ་ནས། །རྣམ་དག་བདེ་བ་ཅན་གྱི་ཞིང་ཁམས་སུ། །རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་སངས་རྒྱས་ཤོག །ཚུལ་ཁྲིམས་དགེ་བའི་བཤེས་ལས་ཐོབ་པ་ལྟར། །བཟོད་པ་གནོད་པར་བྱེད་ལས་ཐོབ་ཤེས་ནས། །གནོད་པར་བྱེད་ལ་ལན་དུ་ཕན་འདོག་པའི། །བཟོད་པ་ཕུན་སུམ་ཚོགས་པའི་དགེ་ཚོགས་དེས། །ལུས་རྟེན་འདི་ཉིད་བསྐྱེད་པའི་དྲིན་ཆེན་མ། །ངན་སོང་འཁོར་བའི་འཇིག་ལས་རབ་བསྒྲལ་ནས། །རྣམ་དག་བདེ་བ་ཅན་གྱི་ཞིང་ཁམས་སུ། །རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་སངས་རྒྱས་ཤོག །སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་རབ་བསྐུལ་ནས། །སྐད་ཅིག་ཙམ་ཡང་གཡེལ་བ་མེད་པ་ནི། །སྒོ་གསུམ་གཞན་དོན་འབའ་ཞིག་སྒྲུབ་བྱེད་པའི། །བརྩོན་འགྲུས་ཕུན་སུམ་ཚོགས་པའི་དགེ་ཚོགས་དེས། །ལུས་རྟེན་འདི་ཉིད་བསྐྱེད་པའི་དྲིན་ཆེན་མ། །ངན་སོང་འཁོར་བའི་འཇིག་ལས་རབ་བསྒྲལ་ནས། །རྣམ་དག་བདེ་བ་ཅན་གྱི་ཞིང་ཁམས་སུ། །རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་སངས་རྒྱས་ཤོག །ཆོས་ཉིད་སྨྲ་བསམ་བརྗོད་དུ་མེད་པ་ལ། །སེམས་ཉིད་བྱིང་རྒོད་མེད་པར་རབ་གནས་ཤིང་། །སྲིད་དང་ཞི་བའི་བདེ་ལ་མ་ཆགས་པའི། །བསམ་གཏན་ཕུན་སུམ་ཚོགས་པའི་དགེ་ཚོགས་དེས། །ལུས་རྟེན་འདི་ཉིད་བསྐྱེད་པའི་དྲིན་ཆེན་མ། །ངན་སོང་འཁོར་བའི་འཇིག་ལས་རབ་བསྒྲལ་ནས། །རྣམ་དག་བདེ་བ་ཅན་གྱི་ཞིང་ཁམས་སུ། །རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་སངས་རྒྱས་ཤོག །ཆོས་ཀུན་རང་བཞིན་མེད་པར་ཤེས་པའི་བློས། །ཚད་མེད་སྙིང་རྗེ་ཆེ་དང་འབྲེལ་བའི་མཐུས། །འཁོར་དང་མྱ་ངན་འདས་ལ་མི་གནས་པའི། །ཤེས་རབ་ཕུན་སུམ་ཚོགས་པའི་དགེ་ཚོགས་དེས། །ལུས་རྟེན་འདི་ཉིད་བསྐྱེད་པའི་དྲིན་ཆེན་མ། །ངན་སོང་འཁོར་བའི་འཇིག་ལས་རབ་བསྒྲལ་ནས། །རྣམ་དག་བདེ་བ་ཅན་གྱི་ཞིང་ཁམས་སུ། །རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་སངས་རྒྱས་ཤོག །བདག་ཀྱང་འདི་ནས་ཚེ་རབ་ཐམས་ཅད་དུ། །གཏེར་ཆེན་བླ་མ་མཆོག་དང་མི་འབྲལ་ཞིང་། །དེས་གསུང་གསུང་གི་བདུད་རྩི་མྱོང་བ་དང་། །དེ་དོན་སྒྲུབ་ལ་ཞུམ་པ་མེད་པར་ཡི། །ཚེ་རབ་ཀུན་ཏུ་ཡོངས་འཛིན་དམ་པ་དང་། །ནམ་ཡང་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག ། ཤྲཱི་ཤྲཱི་ཤྲཱི་སིདྷཾ་སྭ་སྟི་སརྦ་དཱ་སྥ་ར་ཎཾ་ཀུརྦྦནྟུ། ། ཞེས་གསལ།

གནས་བརྟན་སྒང་རྟེན་མཆོག་འགྱུར་མེད་གླིང་གི་ལྷ་ཁང་ཀ་བཞི་མའི་ནང་རོལ་གཡོན་ཕྱོགས་ཀྱི་གྱང་ངོས་སུ་ཚེ་ལྷ་རྣམ་གསུམ་སོགས་ཀྱི་གཤམ་དུ་བཀོད་པའི་ཡི་གེའང་འདི་ལྟར།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ་བསོད་ནམས་བསོད་ནམས་བསོད་ནམས་ཆེན་པོ་དཔག་ཏུ་མེད་པའི་བསོད་ནམས་དཔག་ཏུ་མེད་པའི་བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཉེ་བར་བསག་པས་འདུ་བྱེད་ཐམས་ཅད་ཡོངས་སུ་དག་པ་ཆོས་ཉིད་ནམ་མཁའི་དབྱངས****པ་རང་བཞིན་གྱིས་རྣམ་པར་དག་པའི་ཚུལ་ཆེན་པོ་ཀུན་ཏུ་ཁྱབ་པའི་གཞི་ཚུགས། འཆི་མེད་རིང་དུ་འཚོ་བའི་གཞི་ཚུགས། བདེ་གཤེགས་པདྨ་རྡོ་རྗེ་རིན་ཆེན་ཕྲིན་ལས་ཀྱི་ཚེ་བཅུད་ཐམས་ཅད་སྡུས་ཤིག །(འདིའི་ཡན་ཆད་ཡིག་ཕྲེང་གཅིག་ཡིན་ལ་སྒྲ་སུམ་ཕབ་བྱས་ཤིང་མཚལ་སྣག་སྡེབ་ནས་བྲིས་གནང་འདུག) ཨོཾ་སྭ་སྟི། ཚེ་ལྷ་རྣམ་གསུམ་འཆི་མེད་བི་མ་ལ། །མཚོ་སྐྱེས་རྡོ་རྗེ་སངས་རྒྱས་ཡེ་ཤེས་ཞབས། །མངའ་རི་རིག་འཛིན་ལེགས་ལྡན་རྡོ་རྗེ་བཅས། །ཤཱཀྱའི་དགེ་སློང་ཀརྨ་རཏྣས་བཞེངས། །ཐིག་ལེ་དྲུག་ཏུ་ཚེ་དཔག་མེད་པའི་སྐུ། །མཁའ་མེ་ཟླ་བའི་གྲངས༼༡༣༠༽དང་ལྡན་པ་འདི། །གནས་འཛིན་བླ་མ་༡ཀརྨྨ་འཕགས་མཆོག་དང་། །༢ས་བཅུ་༣ལྷུན་གྲུབ་༤ཆོས་འཛིན་༥ཀར་དགེ་བཅས། །***བཅུ་ཕྲག་རེ་རེ་བཞེངས༼༥༠༽། །དེ་ལྷག་བརྒྱད་ཅུ་༼༨༠༽ཉེ་གནས་ཀར་ཚེས་བྲིས། །ལྷོ་རྒྱུད་དགེ་སློང་ཀརྨ་ཤེས་རབ་ཀྱིས། །དངུལ་ལས་གྲུབ་པའི་ཚེ་དཔག་དཀར་པོ་བཞེངས། །དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་པ་དང་། །མཆོག་གི་ཡང་སྲིད་ཟླ་ཞལ་གསར་དུ་ཚེས། །དབང་མཆོག་རྡོ་རྗེས་ཟབ་གསང་བསྟན་པ་སྤེལ། །ཡེ་ཤེས་དྷ་ཀིས་ཚེ་ཡི་རིགས་སྔགས་གྲུབ། །རྣམ་གསུམ་གདན་སར་ལུང་རྟོགས་དམ་ཆོས་འཕེལ། །འདུས་པའི་ཚོགས་ཀྱིས་ས་ཆེན་ཡོངས་སུ་གང་། །ཕན་བདེའི་ལེགས་ཚོགས་ཡར་ངོས་ཟླ་བ་དང་། །***མཚོའི་དཔལ་བཞིན་གོང་འཕེལ་ཤོག ། ཨོྃ་འགྲུབ་པར་གྱུར་ཅིག་རྡོ་རྗེའི་ཡེ་ཤེས*། །***་མཁའ་ལྟར་ཀུན་ལ་ཁྱབ། །ཡོན་ཏན་དཔག་ཡས་ཕྲིན་ལས་བསམ་མི་ཁྱབ། །པདྨ་ཚེ་དཔག་མེད་མགོན་མྱུར་ཐོབ་ཤོག །འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་སོགས། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །དཔོན་སློབ་མི་འབྲལ་ལྷན་གཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་ཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་གནས་བརྟན****************་ཀརྨ་རིན་ཆེན་དར་རྒྱས་དཔལ་བཟང་པོས་བསམ་སྦྱོར་རྣམ་པར་དག་པས་བྲིས་པ་དགེ་ལེགས་འཕེལ།། །། ཞེས་གསལ་བ་ཡིན་ནོ། ། གོང་གསལ་གྱི་ཚིག་ཕྲེང་འདི་དག་ནི་ཕྲན་གྱིས་༢༠༢༤ལོའི་ཟླ་༧པའི་ཚེས་༡༦ཉིན་བོད་ཡུལ་བཀྲ་ཤིས་རྟེན་མཆོག་འགྱུར་མེད་གླིང་དུ་ནན་ཏན་གྱིས་བཤུས་པ་ལགས་སོ། །

དྲུག་པ། མཇུག་བསྡུ་བའི་གཏམ།

ང་རང་ཆུང་དུས་ནས་ཀརྨའི་མཁན་ཆེན་གྱི་གསོལ་འདེབས། “ངེས་འབྱུང་རྣམ་དག་ངུར་སྨྲིག་རྒྱལ་མཚན་འཛིན། །གཞན་ཕན་རྣམ་དག་སྨོན་འཇུག་བྱང་སེམས་ལྡན། །དམ་ཚིག་རྣམ་དག་སྔགས་ཀྱི་རྣལ་འབྱོར་པ། །བསླབ་གསུམ་རྣམ་དག་མཁན་པོར་གསོལ་བ་འདེབས། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །”[29]ཞེས་ཡང་ཡང་བཏོན་ནས་ཡོང་བ་ཞིག་ཡིན་པས། རང་ཉིད་ཀརྨའི་མཁན་ཆེན་ལ་བག་ཆགས་ཟབ་པ་དང་རིག་དངོས་རྙིང་པ་ལ་བལྟས་ནས་དེའི་རྒྱབ་ལྗོངས་ཤེས་འདོད་ཅན་གྱི་མི་ཞིག་ཡིན་པ་སོགས་ཀྱིས་ད་ལོ་གནས་བརྟན་སྒང་ལ་རང་འགུལ་གྱིས་ཐེངས་མ་གཉིས་ལ་ཡོང་བ་ཡིན། ཐེངས་འདིར་གནས་བརྟན་སྒང་དུ་«འཇམ་དབྱངས་མཁྱེན་བརྩེའི་བཀའ་བབ་བདུན་ལྡན»གྱི་དབང་ལུང་ཁྲིད་གསུམ་ཞུ་ཞོར་དུ་གྱང་རིས་རྙིང་པ་འདི་དག་ལ་ཅུང་ཟད་ཞིབ་མོར་མཇལ་བའི་གོ་སྐབས་བཟང་པོ་བྱུང་བས་ན། གྱང་རིས་རྣམས་པར་དུ་བླངས་ཤིང་རི་མོའི་གཤམ་དུ་བཀོད་པའི་ཡི་གེ་དག་ཀྱང་ངོ་བཤུས་བྱས། རི་མོ་འདི་དག་གི་ཕག་ན་ཡོད་པའི་དོན་དག་དང་ལོ་རྒྱུས་ཀྱི་ཡིག་ཆ་བཙལ་བ་མ་ཟད། གནས་བརྟན་དགོན་པའི་བླ་གྲྭ་འགའ་ཞིག་ལ་བཀའ་འདྲི་ཡང་ཞུས་ནས་རྒྱུས་ལོན་བྱས་པ་ན། དུས་རབས་བཅུ་དགུ་པར་བྱོན་པའི་བོད་ཀྱི་ལྷ་བཟོ་མཁས་ཅན་ཞིག་གིས་བྲིས་པའི་རི་མོ་འདི་དག་གི་རྒྱབ་ལྗོངས་ཡིག་ཆ་ཡང་ཅུང་ཟད་འཐུས་སྒོ་ཚང་བའི་སྒོ་ནས་རྙེད་སོན་བྱུང་སོང་བ་སོགས་རྒྱུ་རྐྱེན་དེ་དག་གིས་རྩོམ་ཡིག་འདི་འདྲ་ཞིག་འབྲི་བར་འབད་བརྩོན་བྱས་པ་ཡིན།

རྩོམ་ཡིག་འདི་ནི་ཕྲན་གྲོག་མ་ནས་མདོ་ཁམས་ཕྱུག་དྲུག་ཡུལ་གྱི་བྱེ་བྲག །སྤྱི་སྔོན་མོ་ནས་ཕྱུག་གི་ས་ཆ། ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་ཉེ་ཟུར། གནས་བརྟན་སྒང་བོད་ཡུལ་བཀྲ་ཤིས་རྟེན་མཆོག་འགྱུར་མེད་གླིང་དུ་བོད་ཤིང་འབྲུག་ལོ་ཆུ་སྟོད་ཟླ་བ་སྔོན་མའི་ཚེས་པ་བཅུ་དགུ་་དང་༢༠༢༤ལོའི་ཕྱི་ཟླ་༧པའི་ཚེས་༢༥ཉིན་བྲིས་སོ། །

དཔྱད་ཡིག་དང་ཞབས་མཆན། 

[1]མཆོག་གླིང་ཟབ་གཏེར་ཆོས་མཛོད།  ལྕགས་པར། པདྨ་བཀྲ་ཤིས་ནས་པར་དུ་བསྐྲུན། པོད༼ཉི༽རྟགས་ཅན། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་རྣམ་ཐར་བཀྲ་ཤིས་དབྱངས་ཀྱི་ཡན་ལག་གསལ་བྱེད། དཀོན་མཆོག་འགྱུར་མེད་བསྟན་པའི་རྒྱལ་མཚན་གྱིས་བརྩམས། ལྡེབ་གྲངས། ༥༤༦པ།

[2]གོང་གི་དཔེ་ཆ། ལྡེབ་གྲངས་༥༤༦པ།

[3]གོང་གི་མཆོག་གླིང་རྣམ་ཐར། ལྡེབ་གྲངས། ༡༤༢པ།

[4]སངས་རྒྱས་ཆོས་འཕེལ་ནི་ཀརྨའི་མཁན་ཆེན་གྱི་མཚན་གྱི་རྣམ་གྲངས་ཤིག་ཡིན། ཁོང་གི་མཚན་གྱི་རྣམ་གྲངས་ནི། ཀརྨ་རིན་ཆེན་དར་རྒྱས། ཀརྨ་སངས་རྒྱས་ཆོས་འཕེལ། པདྨ་དྲི་མེད་བློ་གྲོས། ཀརྨ་གཞན་ཕན་ཆོས་ཀྱི་སྣང་བ། ལེགས་བཤད་ཟ་མ་ཏོག །ངག་དབང་བློ་གྲོས་རིན་ཆེན་སེང་གེ །ལེགས་བཤད་སྒྲ་དབྱངས་རྒྱ་མཚོ།  ཀརྨ་རཏྣ། བན་རྒན་རཏྣ། གཏེར་སློབ་རཏྣ། འདུལ་འཛིན་རཏྣ། ཨ་མདོ་འདུལ་འཛིན། མཁན་པོ་ཡེ་མཁྱེན་པ། མཁན་ཞྭ་ལྗང་ཅན། གཏེར་སློབ་མཁན་པོ། འདུལ་འཛིན་གུ་ཡངས་བློ་བདེ། འདུལ་ནག་མེ་འབར་རྡོ་རྗེ། ཕུན་ཚོགས་དོན་འགྲུབ། ཀརྨ་མང་ཐོས་རྒྱ་མཚོ། གྲུབ་དབང་རིན་ཆེན་རྡོ་རྗེ། མི་བསྐྱོད་རྡོ་རྗེའི་རྩལ། མཁས་དབང་མ་ཏི་རཏྣ། འདུལ་ནག་པ་རིན་ཆེན་སེང་གེ། མཁན་འདུལ་འཛིན་རིན་ཆེན་སེང་གེ །མཁན་པོ་མ་ཏི་རཏྣ། འདུལ་འཛིན་པདྨ་མ་ཏི། དཔལ་ཆེན་རིགས་འདུས་རྡོ་རྗེ་བདེ་བ་རྩལ། མཁན་པོ་འབར་བ་ཆེན་པོ། རྒྱ་བྲག་ཉག་སེའི་བན་རྒན། དྲག་པོ་མེ་འབར་རྩལ། ངག་དབང་བློ་གྲོས་རིན་ཆེན་སེང་གེ་ལེགས་བཤད་སྒྲ་དབྱངས་རྒྱ་མཚོ་བཅས་སོ། །མཚན་གྱི་རྣམ་གྲངས་འདི་ཀརྨའི་མཁན་པོའི་གསུང་རབ་བསྡུ་སྒྲིག་ཁང་གིས་ཁོ་བོར་མཁོ་འདོན་གནང་བྱུང་།

[5] མཆོག་གླིང་ཟབ་གཏེར་ཆོས་མཛོད།  ལྕགས་པར། པདྨ་བཀྲ་ཤིས་ནས་པར་དུ་བསྐྲུན། པོད༼ཉི༽རྟགས་ཅན། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་རྣམ་ཐར་བཀྲ་ཤིས་དབྱངས་ཀྱི་ཡན་ལག་གསལ་བྱེད། དཀོན་མཆོག་འགྱུར་མེད་བསྟན་པའི་རྒྱལ་མཚན་གྱིས་བརྩམས། ལྡེབ་གྲངས། ༡༥༧པ།

[6]གོང་གི་དཔེ་ཆ། ལྡེབ་གྲངས། ༡༦༠-༡༦༡ བར།

[7]རྟེན་མཆོག་འགྱུར་མེད་གླིང་གི་ལྷ་ཁང་ཀ་བཞི་མའི་གྱང་ངོས་སུ་བྲིས་པའི་བདེ་ཆེན་ཞིང་བཀོད་ཀྱི་གཤམ་ཡིག། རྩོམ་མཁན། ཀརྨ་རིན་ཆེན་དར་རྒྱས།

[8]བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་ཕྲིན་ལས་རྗེས་ཀྱི་ཆོས་བདུན་གྱི་མཇུག་བྱང་དུ། ཁོ་བོ་མཆོག་གྱུར་བདེ་ཆེན་གླིང་། །ལས་འཕྲོ་སྨོན་ལམ་དུས་བབ་པས། །ཁ་ལ་རོང་སྒོའི་དབེན་གནས་ནས། །རང་ལོ་ཉི་ཤུ་ས་སྤྲེལ་ལོ། །དབྱུག་པ་ཟླ་བའི་ཚེས་བཅུ་ལ། །གུ་རུའི་བརྡ་ཡི་གསང་མཛོད་རྙེད། །བོད་ཡུལ་ས་འོག་གཏེར་གཅིག་འདི། །ཞེས་སོགས་གསུང་པ་ལྟ་རོ། །གཏེར་སར་ཆོས་སྐོར་ལྕགས་པར་མ། པོད༼ག༽རྟགས་ཅན། ལྡེབ་གྲངས། ༦༨པ།

[9]ཨ་དར་ཤ adarshah པར་གཞི།1.3ནང་གི་རིན་ཆེན་གཏེར་མཛོད། པོད་གྲངས༼ཧྲཱིཿ༽རྟགས་ཅན། གཏེར་ཆེན་མཆོག་གྱུར་གླིང་པའི་ཐུན་མོང་ཕྱི་ཡི་རྣམ་ཐར་བཀྲ་ཤིས་སྐྱེ་བ་ལྔ་པའི་དབྱངས་སྙན། པདྨ་ཛྙཱ་ནས་བརྩམས། ལྡེབ་གྲངས། 20a-20bབར།

[10]མཆོག་གླིང་ཟབ་གཏེར་ཆོས་མཛོད།  ལྕགས་པར་མ། པདྨ་བཀྲ་ཤིས་ནས་པར་དུ་བསྐྲུན། པོད༼ཉི༽རྟགས་ཅན། མཆོག་གྱུར་བདེ་ཆེན་གླིང་པའི་རྣམ་ཐར་བཀྲ་ཤིས་དབྱངས་ཀྱི་ཡན་ལག་གསལ་བྱེད། དཀོན་མཆོག་འགྱུར་མེད་བསྟན་པའི་རྒྱལ་མཚན་གྱིས་བརྩམས། ལྡེབ་གྲངས། ༡༣༢པ།

[11]ཨ་དར་ཤ adarshah པར་གཞི།1.3ནང་གི་རིན་ཆེན་གཏེར་མཛོད། པོད་གྲངས༼ང༽རྟགས་ཅན། མཆོག་གྱུར་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་བའི་དབྱངས་སྙན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་བརྩམས། ལྡེབ་གྲངས། 3aཔ།

[12]གོང་གི་མཆོག་གླིང་རྣམ་ཐར། ལྡེབ་གྲངས། ༤༧༩-༤༨༢པ།

[13]གནས་བརྟན་སྒང་རྟེན་མཆོག་འགྱུར་མེད་གླིང་གི་གྱང་ངོས་སུ་བྲིས་པའི་ཚེ་ལྷ་རྣམས་ཀྱི་གཤམ་ཡིག། རྩོམ་མཁན། ཀརྨ་རིན་ཆེན་དར་རྒྱས།

[14]འགྱུར་མེད་གླིང་གི་གྱང་ངོས་སུ་བྲིས་པའི་ཚེ་ལྷ་རྣམས་ཀྱི་གཤམ་ཡིག། རྩོམ་མཁན། ཀརྨ་རིན་ཆེན་དར་རྒྱས།

[15] ཕྲིན་ལས་མགོན་པོ་ཏྲགྴད་ནག་པོ་ནི། །ཆར་སྤྲིན་འཁྲིགས་འདྲ་སྤྱན་གཉིས་ཉི་ཟླ་འཁྱིལ། །ཞལ་གདངས་མཆེ་བ་གངས་རི་ལྟ་བུ་གཙིག །ལྗགས་འདྲིལ་ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོག །ཕྱག་གཡས་རུ་མཚོན་ནག་པོ་སྲིད་རྩེར་ཕྱར། །གཡོན་པའི་བདུད་ཞགས་མ་རུང་སྐེ་ནས་ཁྲིད། །དར་ནག་བེར་ཅན་ཕྱི་ནང་གསེར་སྐེད་བཅིང་། །སྭག་ལྷམ་གསོལ་ནས་གཞུ་མཆོག་གྲུ་ལ་བཀལ། །བྱ་རྒོད་སྒྲོ་ལྡན་བདུད་མདའ་སྟོང་དམར་དང་། །བདུད་ཀྱི་ཁྲམ་ཤིང་ནག་པོ་སྐེད་ལ་བཙུག །བདུད་རྟ་བྲ་ནག་རྟིང་དཀར་རླུང་གཤོག་ལ། །གསེར་སྒ་སྦྲུལ་གྱི་གོང་སྨད་ལྡན་པ་ཆིབས། །སྲིན་མོ་སྣ་ཚོགས་གདོང་མས་རྟ་མཐུར་ནས། །ཁྲིད་དེ་དམ་ཅན་རྒྱ་མཚོའི་དམག་གིས་བསྐོར། །ཞེས་སོ། །ལས་མགོན་ཏྲགྴད་ཀྱི་གཏོར་ཆོག །མཆོག་གྱུར་གླིང་པས་མཛད། ཞལ་འདོན་ལག་བྲིས་མ་ཞིལ་ལས་བཤུས།

[16]ཡི་གེ་མི་གསལ་བ་དང་ཆད་སྐྱོན་ཅུང་ཟད་ཤོར་སར་རྟགས་*འདིས་མཚོན་པར་བྱས་ཡོད།

[17]རྟེན་མཆོག་འགྱུར་མེད་གླིང་གི་གྱང་ངོས་སུ་བྲིས་པའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལྷ་ཚོགས་ཀྱི་གཤམ་ཡིག། རྩོམ་མཁན། ཀརྨ་རིན་ཆེན་དར་རྒྱས།

[18]རྟེན་མཆོག་འགྱུར་མེད་གླིང་གི་གྱང་ངོས་སུ་བྲིས་པའི་ཚེ་ལྷ་རྣམས་ཀྱི་གཤམ་ཡིག། རྩོམ་མཁན། ཀརྨ་རིན་ཆེན་དར་རྒྱས།

[19]རྟེན་མཆོག་འགྱུར་མེད་གླིང་གི་གྱང་ངོས་སུ་བྲིས་པའི་ཚེ་ལྷ་རྣམས་ཀྱི་གཤམ་ཡིག། རྩོམ་མཁན། ཀརྨ་རིན་ཆེན་དར་རྒྱས།

[20]གནས་བརྟན་སྒང་གི་མཁན་རབས་དང་པོ་ཀརྨྨ་རིན་ཆེན་དར་རྒྱས་ཀྱི་རང་ཚུལ་མདོར་བསྡུས་བྱང་འབྲོག་བྱིས་པ་དགའ་བྱེད་ཀྱི་སྒྲུང་རྒྱུད་ཚིགས་སུ་བཅད་པ་བཞུགས་སོ། །ཀརྨ་རིན་ཆེན་དར་རྒྱས་ཀྱིས་བརྩམས། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས། ཨང་རྟགས། W00EGS1017054 ཤོག་གྲངས། ༢པ།

[21]གོང་མཚུངས་ཀྱི་དཔེ་ཆ། ཀརྨའི་མཁན་ཆེན་གྱི་རང་རྣམ་ཚིགས་བཅད་མ། ཤོག་གྲངས་༣-༦བར།

[22]སྒར་ལུགས་བྲིས་འབུར་གཉིས་ཀྱི་སྐུ་གཟུགས་ཀྱི་ཐིག་དཔེ་ཉི་མའི་སྣང་བ། མཁན་པོ་རིན་ཆེན་དར་རྒྱས་སོགས་ཀྱིས་བརྩམས། ༢༠༡༤ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ལྡེབ་གྲངས། ༢༤༤པ།

[23]གོང་གི་དཔེ་ཆ། ལྡེབ་གྲངས། ༢༤༥པ།

[24] ད་ལྟའི་དུས་སུ་ཀརྨ་སྒར་རིས་ཀྱི་ལུགས་སྲོལ་འཛིན་མཁན་འགའ་ཞིག་གིས་ཀརྨའི་མཁན་པོ་སྒར་རིས་འབྲི་མཁན་གྱི་ཁོངས་སུ་བསྡུས་ནས་ཁོང་གི་གསུང་རྩོམ་པར་དུ་བསྐྲུན་འདུག །

[25] སྡེ་དགེ་བཀའ་འགྱུར། ཤེར་ཕྱིན་ཁྲི་པ་༼ང༽རྟགས་ཅན། སངས་རྒྱས་ཀྱིས་གསུངས། ལྡེབ་གྲངས་༣༣༢པའི་སྲིབ་ངོས།

[26]གོང་གི་དཔེ་ཆ། ལྡེབ་གྲངས། ༢༤༢ན་གསལ།

[27] སྒར་ལུགས་བྲིས་འབུར་གཉིས་ཀྱི་སྐུ་གཟུགས་ཀྱི་ཐིག་དཔེ་ཉི་མའི་སྣང་བ། མཁན་པོ་རིན་ཆེན་དར་རྒྱས་སོགས་ཀྱིས་བརྩམས། ༢༠༡༤ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ལྡེབ་གྲངས། ༢༤༡པ།

[28]གོང་གི་དཔེ་ཆ། ལྡེབ་གྲངས། ༢༤༡ན་གསལ།

[29]ངའི་ཕ་ཡུལ་ན་ཀརྨའི་མཁན་ཆེན་གྱི་གསོལ་འདེབས་འདི་ཞོགས་འདོན་ཆོས་སྤྱོད་ཀྱི་གྲལ་དུ་རྒྱུན་འདོན་བྱེད་མཁན་མང་པོ་ཡོད། འདི་ཀརྨའི་མཁན་ཆེན་རང་ཉིད་ཀྱིས་སེ་ར་བྱེས་པའི་དགེ་ཚུལ་འཇམ་དབྱངས་ཆོས་འཕེལ་གྱིས་བསྐུལ་ངོར་བྲིས་མཛད་པ་ཞིག་ཡིན་པར་གསུང་ཡོད། ཁ་འདོན་ལག་བྲིས་མ་ཞིག་ལས་བཤུས།

དཔྱད་གཞིའི་ཡིག་ཆ། 

[1] གཏེར་སར་ཆོས་སྐོར་ལྕགས་པར་མ། པདྨ་བཀྲ་ཤིས་ནས་པར་དུ་བསྐྲུན། པོད༼ཉི༽རྟགས་ཅན། མཆོག་གྱུར་བདེ་ཆེན་གླིང་པའི་རྣམ་ཐར་བཀྲ་ཤིས་དབྱངས་ཀྱི་ཡན་ལག་གསལ་བྱེད། དཀོན་མཆོག་འགྱུར་མེད་བསྟན་པའི་རྒྱལ་མཚན་གྱིས་བརྩམས།

[2] གཏེར་སར་ཆོས་སྐོར་ལྕགས་པར་མ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ། པོད༼ག༽རྟགས་ཅན། མཆོག་གྱུར་གླིང་པའི་གཏེར་ཆོས།

[3] ཀརྨའི་མཁན་པོའི་གསོལ་འདེབས་ལག་བྲིས་མ། ཀརྨ་རིན་ཆེན་དར་རྒྱས་ཀྱིས་མཛད།

[4] རྟེན་མཆོག་འགྱུར་མེད་གླིང་གི་ལྷ་ཁང་ཀ་བཞི་མའི་གྱང་ངོས་སུ་བྲིས་པའི་རི་མོ་རྣམས་ཀྱི་གཤམ་ཡིག། རྩོམ་མཁན། ཀརྨ་རིན་ཆེན་དར་རྒྱས།

[5] གནས་བརྟན་སྒང་གི་མཁན་རབས་དང་པོ་ཀརྨྨ་རིན་ཆེན་དར་རྒྱས་ཀྱི་རང་ཚུལ་མདོར་བསྡུས་བྱང་འབྲོག་བྱིས་པ་དགའ་བྱེད་ཀྱི་སྒྲུང་རྒྱུད་ཚིགས་སུ་བཅད་པ་བཞུགས་སོ། །ཀརྨ་རིན་ཆེན་དར་རྒྱས་ཀྱིས་བརྩམས། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས། ཨང་རྟགས། W00EGS1017054

[6] སྒར་ལུགས་བྲིས་འབུར་གཉིས་ཀྱི་སྐུ་གཟུགས་ཀྱི་ཐིག་དཔེ་ཉི་མའི་སྣང་བ། མཁན་པོ་རིན་ཆེན་དར་རྒྱས་སོགས་ཀྱིས་བརྩམས། ༢༠༡༤ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར།

[7] སྡེ་དགེ་བཀའ་འགྱུར། ཁྲི་པ།༼ང༽རྟགས་ཅན། སངས་རྒྱས་ཀྱི་བཀའ།

[8] ལས་མགོན་ཏྲགྴད་ཀྱི་གཏོར་ཆོག་ལག་བྲིས་མ། མཆོག་གྱུར་གླིང་པས་མཛད།

[9] ཨ་དར་ཤ adarshah པར་གཞི།1.3ནང་གི་རིན་ཆེན་གཏེར་མཛོད། པོད་གྲངས༼ཧྲཱིཿ༽རྟགས་ཅན། གཏེར་ཆེན་མཆོག་གྱུར་གླིང་པའི་ཐུན་མོང་ཕྱི་ཡི་རྣམ་ཐར་བཀྲ་ཤིས་སྐྱེ་བ་ལྔ་པའི་དབྱངས་སྙན། པདྨ་ཛྙཱ་ནས་བརྩམས།

[10] ཨ་དར་ཤ adarshah པར་གཞི།1.3ནང་གི་རིན་ཆེན་གཏེར་མཛོད། པོད་གྲངས༼ང༽རྟགས་ཅན། མཆོག་གྱུར་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་བའི་དབྱངས་སྙན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་བརྩམས།

[11] སྨོན་ལམ་ཚིག་མཛོད་ཆེན་མོ། དྲ་བའི་འབྲེལ་ཐག ། Monlamdictionary.com

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།