དང་པོ། ཨཱོྃ་ཡིག་ལ་འ་འདོགས་ཐོབ་མིན་གྱི་རྩོད་པའི་བྱུང་རབས།
མ་ཎིའི་ཨོཾ་ཡིག་ལ་འ་འདོགས་ཐོབ་མིན་དེ་ཉེ་ཆར་གསར་དུ་གླེང་བ་ཞིག་མ་ཡིན་པར་ལོ་ངོ་བདུན་བརྒྱའི་ཡར་སྔོན་ནས་སྐྱ་པཎྜི་ཏ་ནས་རིམ་པས་གླེང་སློང་བྱས་པའི་གླེང་གཞི་རྙིང་ནག་ཁྱི་རྒན་སྔུན་གྱི་རུས་ཀོང་ལྟར་མ་ཆོད་མ་དོར་པ་ཞིག་སྟེ། དུས་རབས་༡༣པའི་ནང་དུ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས«སྒྲ་ཉེ་བར་བསྡུས་པའི་ཚིགས་སུ་བཅད་པ་»ལས། [1]“རྒྱ་དཔེ་ཨོཾ་ལ་རིང་ཆ་མེད། །འ་བཏགས་ནོར་ཅེས་བླ་མས་[2]གསུང་། །འབྲུ་གསུམ་ཨཱཿ ལ་ཚེག་དྲག་ཐོབ། །”ཅེས་གསུངས་ཤིང་ཨཱོྃ་ལ་འ་འདོགས་འགྲིག་མིན་གྱི་དོགས་པ་སློང་མཁན་གྱི་ཐོག་མ་ཡང་འདི་ཙམ་ནས་འཇོག་དགོས་པར་མཐོང་ངོ་། །དེ་ནས་དུས་རབས་༡༤་པ་ཙམ་ལ་དཔང་ལོ་བློ་གྲོས་བརྟན་པས་ཀྱང་ཨཱོཾ་ལ་འ་འདོགས་མི་ཐོབ་པར་གསུངས་ཡོད་ཅེས་དངུལ་ཆུ་དྷརྨ་བྷ་དྲས་གསུངས་ཀྱང་ཡིག་ཆ་དངོས་སུ་མ་མཐོང་ངོ་། །
དེ་རྗེས་དུས་རབས་༡༥་པར་སྣར་ཐང་ལོ་ཙཱ་བ་དགེ་འདུན་དཔལ་གྱིས་《སྔགས་ཀྱི་བཀླག་ཐབས་བསྡུས་པ》་ལས། [3] “འགྲེང་བུ་ན་རོ་ཡོད་གྱུར་ན། །རིང་བོ་ཉིད་ཕྱིར་འ་འདོགས་འཁྲུལ། །”ཞེས་དང་། དེའི་རང་འགྲེལ་ལས། “ཡི་གེ་སུ་དང་སུའི་སྟེང་ནའང་འགྲེང་བུ་དང་ན་རོ་རྐྱང་པ་དང་བརྩེགས་པ་ཅི་དང་ཅི་ཡོད་པར་གྱུར་ནའང་། སློབ་ཕན་ལས། མཚམས་སྦྱོར་གྱི་ཡི་གེ་རྣམས་རྟག་ཏུ་རིང་པོར་གནས་སོ། །ཞེས་བཤད་པས། རིང་བོ་ཉིད་ཡིན་པའི་ཕྱིར། ཨོོ་དང་ཏྲེེ་དང་ཀོོ་སོགས་ལ་ཤིན་ཏུ་རིང་པོའི་བརྡར་འ་འདོགས་པ་འཁྲུལ་བ་ཡིན་པས་སྤང་བར་བྱའོ། །” ཞེས་གསུངས་སོ། །
དེ་རྗེས་དུས་རབས་༡༦་པར་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་གཟུགས་སྔགས་ཀྱི་དག་ཆ་དང་དེའི་ཁུངས་ལེགས་སྦྱར་ཁོ་ན་ལ་བཅོལ་དགོས་མིན་ཐད་ནས་བརྒལ་བརྟག་མང་པོ་གནང་ཡང་དམིགས་བསལ་དུ་ཨཱོྃ་ལ་འ་འདོགས་ཐོབ་མིན་གསུངས་ཡོད་པ་མ་མཐོང་ངོ་། །དེ་ནས་དུས་རབས་༡༩་པར་སླེབས་པ་ན་དངུལ་ཆུ་དྷརྨ་བྷ་དྲས་བརྩམས་པའི་《སྔགས་ཀྱི་ཡི་གེའི་ཀློག་ཚུལ་དངོས་བསྟན་པ་མདོར་བསྡུས་ཙམ་གོ་བདེ་བར་བཀོད་པ》ལས། “ཨོཾ་ལ་འ་འདོགས་བྱེད་པ་བོན་པོ་དང་། རྙིང་མའི་ལུགས་ཡིན་གསུངས་ཕྱིར་སྤང་བར་བྱ།” [4] ཞེས་དང་། དེའི་རང་འགྲེལ་《སྔགས་ཀྱི་ཡི་གེའི་ཀློག་ཚུལ་དངོས་བསྟན་པ་མདོར་བསྡུས་ཀྱི་འགྲེལ་པ་དཔེར་བརྗོད་དང་བཅས་པ》ཞེས་པ་ལས། [5] “ཨོཾ་ལ་འ་ཆུང་འདོགས་པར་བྱེད་པ་བོན་པོ་དང་། གསང་སྔགས་རྙིང་མ་བའི་ལུགས་ཡིན་ཞེས་དཔང་ལོ་ཙཱ་བློ་གྲོས་བརྟན་པས་གསུངས་པའི་ཕྱིར་རང་ལུགས་ལ་སྤང་བར་བྱ་སྟེ། འགྲེང་བུ་དང་ན་རོ་ཡོད་པ་རིང་པོའི་ཡི་གེ་ཡིན་ཅིང་། འ་ཆུང་ཡང་རིང་ཆ་ཡིན་པས་རིང་པོ་ལ་རིང་ཆ་འདོགས་མི་དགོས་ལ། ཅི་སྟེ་དགོས་ཀྱང་ཉིས་བརྩེགས་བྱས་ན་ཤིན་ཏུ་རིང་པོར་འགྱུར་བའི་ཕྱིར་རོ། །”ཞེས་གསུངས། འདིའི་“རང་ལུགས་ལ་སྤང་བར་བྱ”ཞེས་པའི་རང་ལུགས་དེ་དགེ་ལྡན་པ་ཡིན་ན་ཨོཾ་ལ་འ་འདོགས་མི་བྱེད་པ་དགེ་ལྡན་པའི་ལུགས་ཡིན་ཟེར་མཁན་གྱི་ཐོག་མ་ཁོང་ཡིན་སྲིད་དོ། །
དུས་རབས་༢༠་པའི་ནང་དུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》ལས། [6] “ཨཱོྃ་ལ་རིང་ཆ་བྲིས་པ་མཁས་པ་རྣམས་ཀྱིས་སྡིག་མོ་མང་དུ་བྱས་མོད། གནའ་བོའི་བྲིས་རྙིང་ཕལ་ཆེར་ལ་སྣང་ཞིང་།”ཞེས་གསུངས་ཤིང་། ཁོང་གི་གསུངས་རྣམས་གུང་བསྒྲིགས་ཏེ་བལྟས་ན་ཁོང་གིས་ཨཱོྃ་འ་འདོགས་ཅན་དེར་དགག་པ་མཛད་ཀྱིན་མེད་པར་མཐོང་ངོ་། །
དུས་རབས་༢༡་པར་ཕྲན་ནས་ཀྱང་《ཨཱོྃ་ཡིག་ལ་རིང་ཆ་ཡོད་མེད་རོབ་ཙམ་དཔྱད་པ》ཞེས་པ་[7] ཞིག་བྲིས་ཤིང་སྤྱི་ལོ་༢༠༠༦་ལོའི་《གུར་ཀུམ་ཆུན་པོ》ཞེས་པའི་དུས་དེབ་ཏུ་བཀོད་ཡོད་པས་བགྲོ་གླེང་ཉུང་ཟད་རེ་བྱུང་ཡང་སྤྱི་ལ་བཟང་ངན་གྱི་ཤུགས་རྐྱེན་གང་ཡང་མ་བྱུང་བ་དང་། སྤྱི་ལོ་༢༠༡༥་ལོར་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་《 ཡིག་དྲུག་གི་དག་ཆ་ལ་དཔྱད་པ།》ཞེས་པ་དང་《མ་ཎི་ཡིག་དྲུག་གི་ཕན་ཡོན་སྐོར་ལས་འཕྲོས་པའི་དྲིས་ལན》་ཞེས་པ་གཉིས་བརྩམས་ཏེ་དགེ་ལུགས་དྲྭ་ཚུགས་སུ་བཀོད་པ་དང་། ཀ་བཞི་འཇམ་དབྱངས་བསམ་གཏན་གྱིས་《རྫ་ཆུ་ཁའི་མཁས་དབང་དང་སྒྲ་མཁན་དང་རྡོ་བརྐོ་(རྐོ)བ་རྣམས་ཀྱིས་ལན་ཞིག་ཐོབ།》ཅེས་པ་བརྩམས་ཏེ་ཡོངས་འཛིན་དྲྭ་ཚུགས་སུ་བཀོད་ཡོད་པ་དང་། མཁས་དབང་ཚངས་དབང་དགེ་འདུན་བསྟན་པས་《ཨཱོཾ་ལ་རིང་ཆ་ཡོད་མེད་སྐོར》 [8] ཞེས་པ་ཞིག་ཀྱང་བརྩམས་ཡོད་མོད་ད་ལྟ་དངོས་སུ་སྤེལ་མེད་པ་འདྲ། ད་ལྟ་དགེ་བཤེས་རྣམ་གཉིས་ལ་ཨ་ལན་ཞིག་ཕྲན་ནས་འབྲི་མགོ་བརྩམས་ཡོད་པས། ཕྱིར་མིག་ཅིག་འཕངས་ན་དུས་རབས་སོ་སོར་ཨཱོྃ་ལ་འ་འདོགས་ཐོབ་མིན་གྱི་གླེང་སློང་མཚམས་མ་བཞག་ཅིང་མི་འཇོག་པར་མཐོང་ངོ་། །
དཔྱད་རྩོམ་འདིས་གླེང་འདོད་པ་ནི། རྫ་ཆུ་ཁའི་དགེ་བཤེས་རྣམ་གཉིས་ཀྱིས་མ་ཎི་ཡིག་དྲུག་གི་དག་ཆ་སླར་ཡང་གླེང་སློང་མཛད་པ་མཁས་བླུན་མང་པོས་ཆ་འཕྲིན་གསར་བའི་རླབས་རྩེར་བསྐྱོན་པས་སྤྱི་ཚོགས་ལ་ཁྱབ་ཆེ་བའི་ཤུགས་རྐྱེན་སྣ་ཚོགས་ཤིག་ཐེབས་ཀྱིན་ཡོད་པས་དེའི་སྐོར་ནས་འབྲི་འདོད་པ་ཡིན་ཏེ། དེ་ཡང་ སྤྱི་ལོ་༢༠༡༥་ལོའི་ཟླ་༡༠་པའི་ཚེས་༡༢་ཉིན་རྫ་ཆུ་ཁའི་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་《 ཡིག་དྲུག་གི་དག་ཆ་ལ་དཔྱད་པ།》་[9] ཞེས་པ་ཞིག་བརྩམས་ཤིང་། དེ་ལས། “ཐབས་སྐྱོ་བ་དང་སེམས་ཕམ་པ་ཞིག་ལ། བོད་མི་རིགས་སྐད་བརྡ་འཕྲོད་པ་ཐམས་ཅད་ཁ་ནས་མ་ཎི་འདོན་མི་ཤེས་མཁན་མེད་ན་ཡང་། མ་ཎི་འབྲི་(འབྲུ)དྲུག་བྲི་(འབྲི)[10]མཁན་མང་པོ་ཞིག་འབྲུ་དྲུག་གི་དག་ཆ་ལ་རྨོངས་ཏེ། (ཨཱོྃ་མ་ཎི་པདྨེ་ཧཱུྃཿ )འདི་འདྲའི་(ཨཱོྃ་)ཡིག་གི་མགོའི་ཟླ་ཕྱེད་དང་འོག་གི་འ་ཆུང་ལྷག་པ།” ཞེས་དང་། “གཞུང་ལུགས་རྣམ་དག་གི་ཁུངས་དང་དྲི་མ་མེད་པའི་རིགས་པའི་རྒྱབ་རྟེན་གང་ཡང་མེད་པར་བླུན་པོའི་ངག་སྒྲོས་ཙམ་ལ་ཡིད་ཆེས་ཀྱིས་གཟུངས་སྔགས་ཁྱད་པར་ཅན་བཅོས་སླད་ཅན་དུ་བྱེད་མི་རུང་སྟེ། གཟུངས་སྔགས་ཀྱི་ནུས་པ་ཉམས་པར་འགྱུར་བའི་ཕྱིར་རོ། །མདོར་ན། བོད་མི་ཆོས་དད་ཅན་མ་ཎི་རི་བྲག་སོགས་ལ་སྐོ་(རྐོ)མཁན་དང་། ཡང་འབྲུ་དྲུག་རྡོ་ལ་བསྐོས་(བརྐོས)ནས་འཚོ་བ་སྐྱེལ་མཁན་སུ་ཡིན་ཡང་འབྲུ་དྲུག་གི་དག་ཆ་(ཨོཾ་མ་ཎི་པདྨེ་ཧཱུཾ།)འདི་འདྲ་ཞིག་བསྐོས་(བརྐོས)ཏེ་ཚོགས་གསོག་སྒྲིབ་སྦྱོང་ལ་འབད་འཚལ་ཞེས་རེ་བ་སྙིང་ནས་ཞུ།”ཞེས་དང་། ཡང་ཁོང་གི་《མ་ཎི་ཡིག་དྲུག་གི་ཕན་ཡོན་སྐོར་ལས་འཕྲོས་པའི་དྲིས་ལན》[11]ཞེས་པ་ལས། “ངའི་རྩོམ་ཡིག་དེའི་ནང་གི་ཡིག་དྲུག་གི་མགོའི་(ཨཱོྃ་)ཡིག་འདི་ལྟར་བྲིས་ན་མགོའི་ཟླ་ཕྱེད་དང་འོག་གི་འ་ཆུང་ལྷག་ཅེས་པ་ནི། ཟླ་ཕྱེད་དང་འ་ཆུང་མི་མཁོ་བའི་ལྷག་མ་ཡིན་པས་མི་དགོས་ཞེས་པའི་དོན་ཡིན་ཞིང་། དེ་ལྟར་བྱས་ན་ཡིག་དྲུག་གི་དག་ཆ་ནོར་འདུག་ཅེས་པ་ཡིན།” ཞེས་གསུངས་པ་དང་། ངག་ཐོག་ནས་ཀྱང་སྤྲོས་ཚོགས་དུ་མའི་སྟེང་ནས་ཡིག་དྲུག་གི་དག་ཆའི་སྐོར་ནས་གསུང་མཛད་ནན་མོ་བསྐྱངས་སོང་ཞེས་ཐོས་སོ། །
ཡང་ན་ནིང་སྟེ་སྤྱི་ལོ་༢༠༢༡་ལོའི་ཟླ་༧་པའི་ཚེས་༡་ཉིན་སླར་ཡང་ཤཱཀྱའི་དགེ་སློང་ཀ་བཞི་འཇམ་དབྱངས་བསམ་གཏན་ཟེར་བ་ཞིག་གིས་ཀྱང་《རྫ་ཆུ་ཁའི་མཁས་དབང་དང་སྒྲ་མཁན་དང་རྡོ་བརྐོ་(རྐོ)བ་རྣམས་ཀྱིས་ལན་ཞིག་ཐོབ།》 [12] ཅེས་པའི་བསྒྲགས་ཡིག་ཅིག་བརྩམས་ཤིང་ཡོངས་འཛིན་དྲྭ་ཚུགས་སོགས་སུ་བཀོད་པའི་ནང་དུ། “ ཉེ་ཆར་ཁོ་བོ་ཕ་ཡུལ་དུ་ལོག་པའི་སྐབས་སུ་མུ་རའི་མ་ཎིའི་རྡོ་འབུམ་སོགས་ལ་བསྐོར་བ་བྱེད་སྐབས་སུ་ཚོན་མདངས་རྣམ་པར་བཀྲ་བའི་མ་ཎི་འབྲུ་དྲུག་སོགས་ཀྱི་རྡོ་བརྐོས་སོགས་ལ་ཞིབ་ཏུ་བལྟས་ཚེ། མ་ཎི་སོགས་ཀྱི་མགོ་འདྲེན་ཨོཾ་ལ་ཨཱོཾ་ཞེས་རིང་ཆ་ཡོད་པ་དང་མགོ་ལ་ཟླ་ཚེས་དང་ཐིག་ལེ་བྲིས་འདུག” ཅེས་པ་ནས་“ཁོ་བོའི་བློ་མི་བདེ་བ་དང་དོགས་གཞི་སོགས་མང་པོ་ཞིག་བྱུང་སོང་།”་ཞེས་དང་། “ཨོཾ་ལ་རིང་ཆ་མེད་པས་ཨོཾ་ལ་རིང་ཆ་བཞག་པ་ནི་སྒྲུབ་བྱེད་གང་ཡང་མེད་པའི་འདོད་པས་བཏགས་པ་ཙམ་ཡིན་པར་སེམས་སོ། །”ཞེས་དང་། “དགེ་རྩེ་རྫ་ཆུ་ཁའི་རྡོ་བརྐོས་(རྐོ)པ་དང་དེ་ལ་འཛུབ་སྟོན་གནང་མཁན་དག་གིས་ཐུགས་བསམ་ཡག་པོ་རེ་གཏང་ན་མ་གཏོགས་འདི་ལ་མ་དག་རྒྱུན་འབྱམས་སུ་འགྲོ་བའི་ཉེན་ཁ་འདུག་སྙམ་ནས་བསམ་པ་བཟང་པོས་ཀུན་ནས་བསླངས་ཏེ་བྲིས་སོ། །”ཞེས་སོགས་གསུངས་སོ། །
ཁོང་རྣམ་གཉིས་ཀྱི་རྩོམ་ཡིག་གསུམ་པོའི་ནང་དོན་མདོར་བསྡུས་ན་ཨཱོྃ་ཡིག་འ་འདོགས་ཅན་དང་། ཨཱོྃ་དང་ཧཱུྃ་ཟླ་ཚེས་ཅན། མ་ཎིའི་མཇུག་ཏུ་ཧྲཱི་སྦྱར་བ་ནི་མཐའ་གཅིག་ཏུ་མ་དག་པ་ཡིན་པར་མ་ཟད། དེ་ལྟར་བྲིས་ན་ཡི་གེ་དྲུག་མའི་བྱིན་རླབས་ཀྱང་ཉམས་འགྲོ་ཞེས་པ་དེ་རེད།
དགག་སྒྲུབ་འདི་ཁོང་གཉིས་ཀྱིས་ནན་ནན་ཏིག་ཏིག་གིས་གནང་ཞིང་། དགག་ཡིག་གཉིས་དྲྭ་སྒང་ནས་སྤུར་བས་ཕལ་བའི་དད་མོས་ལ་གནོད་སྐྱོན་ཐེབས་པ་དང་། མཁས་བླུན་སྐོར་ཞིག་གིས་དེ་ངན་ཕྱོགས་སུ་ཁྱེར་ཏེ་འགལ་བ་སློང་བྱེད་དུ་བཀོལ་བ་དང་། ཡང་འགའ་ཞིག་གིས་སེམས་པ་དྲང་པོས་ཅི་ཡིན་ཧ་མ་གོ་བར་ཕྱིས་ཅི་འདྲ་འབྲི་དགོས་མ་ཤེས་པར་ཡོད་པ་དང་། ཕྲན་ལ་ཡང་འདིའི་སྐོར་ནས་དྲི་བ་རེ་གཉིས་ཐོན་པས་འདིར་དེ་དག་ལ་ཨ་ལན་གྱི་ཚུལ་དང་། ཀ་བཞིའི་དགེ་སློང་འཇམ་དབྱངས་བསམ་གཏན་ཁོ་རང་གིས་ཀྱང་ “ཨོཾ་ལ་རིང་ཆ་ཡོད་པའི་སྒྲུབ་བྱེད་ཀྱི་ལུང་རིགས་གང་ཡོད་ན་དོགས་པ་དང་ཐེ་ཚོམ་གྱི་ཚ་བས་རབ་ཏུ་གདུང་བའི་བདག་ཡིད་ཀྱི་ཞིང་ས་རུ་བློ་བསྐྱེད་ཀྱི་བསིལ་བའི་ཆར་རྒྱུན་རེ་ཕོབས་དང་”[13] ཞེས་རེ་བ་ཤུགས་ཆེར་བཏོན་པ་དང་། ལྷག་པར་དུ་བདག་གི་རྩ་བའི་བླ་མ་རིན་པོ་ཆེ་སྐྱབས་རྗེ་ལྷ་སྤྲུལ་ཨོ་རྒྱན་གར་དབང་ཉི་མ་མཆོག་གིས་དཔལ་ཡུལ་དར་ཐང་དགོན་པའི་ཉེ་འགྲམ་དུ་མ་ཎིའི་དུང་རྡོ་ཆེན་པོ་ཞིག་ད་ལོར་བཞེངས་མགོ་ཚུགས་ཤིང་། དེའི་ལས་ཀའི་སྣེ་མོ་པ་རྣམས་ཀྱིས་ཀྱང་འགེབས་དཔེ་རུ་སྤྱོད་འོས་པའི་མ་ཎི་ཀ་ཆེན་གྱི་ཐིག་རྩ་ཚད་ལྡན་ཅན་ཞིག་འབྲི་རོགས་བྱ་དགོས་ཞེས་ཕྲན་ལ་ལས་བསྐུལ་བྱུང་བ་དང་། རྩ་བའི་བླ་མ་རིན་པོ་ཆེ་སྐུ་དངོས་ཀྱིས་ཀྱང་ཨཱོྃ་ལ་འ་འདོགས་དང་ཧྲཱི་ཡིག་འཐོབ་མིན་སོགས་ཀྱི་ཐད་ནས་དཔྱད་རྩོམ་ཞིག་ཕྲིས་ལ་འཁྱེར་ཤོག་ཅེས་བཀས་བསྐུལ་བ་བྱུང་བས། ཕྲན་གྱིས་བྲེལ་ཚབས་ངང་སྔོན་ཆད་རང་གིས་བྲིས་པ་དེ་གཞིར་བཞག་སྟེང་། མཁས་པའི་དབང་ཕྱུག་ཁམས་སྤྲུལ་བསོད་ནམས་དོན་གྲུབ་དང་། ཚངས་དབང་དགེ་འདུན་བསྟན་པ། བན་ཤུལ་དཔལ་མཁར་རྒྱལ། ལྟག་ཨོ་རྒྱན་ཆོས་འཕེལ་སོགས་ལ་འཕྲིན་ལམ་ནས་བཀའ་འདྲི་ཞུས་པ་དང་། དེ་དག་གིས་མཛུབ་སྟོན་ལྟར་འབྲེལ་ཡོད་ཀྱི་ཡིག་ཆ་ཀློག་པ་དང་། རང་ཉིད་མཇལ་སྐོར་དུ་འགྲོ་སྐབས་སུ་པར་བཏབ་པའི་སྔོན་གྱི་མཁས་པས་བྲིས་པ་དང་རང་བྱོན་གྱི་ཡི་གེ་དྲུག་མ་རྙིང་པའི་སྐོར་གྱི་འདྲ་པར་རྣམས་ཕྱོགས་བསྡུས་བྱས་ཏེ། བྱ་བའི་བྲེལ་ཚུབས་ཀྱི་བར་སྐབས་དང་མཚན་མོར་ཉལ་འཕྱི་བྱས་ཏེ་ཡི་གེ་དྲུག་མའི་དག་ཐོབ་སྐོར་ནས་དཔྱད་རྩོམ་འདི་འབྲི་བར་བྱའོ། །
དེ་ཡང་ཨཱོྃ་འ་འདོགས་ཅན་གྱི་རྩོད་གླེང་འདིའི་བྱུང་རིམ་དང་དེའི་འགྱུར་ལྡོག་སྐོར་ལ་ཕྱིར་མིག་བཏང་སྟེ་ཕྱོགས་བསྡོམས་ཤིག་བྱས་ན། དང་པོར་ཨཱོྃ་ལ་འ་འདོགས་མི་ཐོབ་པར་གསུང་མཁན་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་(༡༡༢༧-༡༢༢༥)་ཡིན་ལ། རྒྱ་དཔེ་ལ་མེད་པའི་ཕྱིར་རོ་ཞེས་པ་རྒྱུ་མཚན་རེད། གཉིས་པ་ས་སྐྱ་པཎ་ཆེན་(༡༡༨༢-༡༢༥༡)་ཡིན་ལ། ཨཱོྃ་ལ་འ་འདོགས་མེད་ཅེས་བླ་མ་པཎ་ཆེན་ཤཱཀྱ་ཤྲཱིས་གསུང་པའི་ཕྱིར་རོ་ཞེས་པ་རྒྱུ་མཚན་རེད། གསུམ་པ་དཔང་ལོ་བློ་གྲོས་བརྟན་པ་(༡༢༧༦-༡༣༤༢)་ཡིན་ལ། ཨཱོྃ་འ་འདོགས་ཅན་བོན་པོ་དང་སྔགས་རྙིང་མའི་ལུགས་ཡིན་པའི་ཕྱིར་རོ་ཞེས་པ་རྒྱུ་མཚན་རེད། བཞི་པ་སྣར་ཐང་ལོ་ཙཱ་བ་དགེ་འདུན་དཔལ་(དུས་རབས་༡༤་པའི་སྨད)་ཡིན་ལ། ན་རོ་ཉིད་རིང་པོའི་རྟགས་ཡིན་པས་དེ་ལས་ལོགས་སུ་རིང་པོའི་རྟགས་འ་འདོགས་སྦྱར་མི་དགོས་ཞེས་པ་རྒྱུ་མཚན་རེད། ལྔ་པ་དངུལ་ཆུ་དྷརྨ་བྷ་དྲ་(༡༧༧༢-༡༨༥༡)་ཡིན་ལ། དཔང་ལོ་ཙཱ་བས་གསུང་པའི་ཕྱིར་རོ་ཞེས་པ་རྒྱུ་མཚན་རེད། དྲུག་པ་དགེ་བཤེས་འཇམ་དཔལ་བློ་ཤེས་ཡིན་ལ། ཨཱོྃ་ལ་འ་འདོགས་འབྲི་བ་ནི་གཞུང་ལུགས་དང་རིགས་པའི་རྒྱབ་རྟེན་གང་ཡང་མེད་པར་བླུན་པོའི་ངག་སྒྲོས་ཙམ་རེད་ཅེས་པ་རྒྱུ་མཚན་རེད་དོ། །
གཉིས་པ་ཨཱོྃ་ལ་འ་འདོགས་ཐོབ་པར་གསུང་མཁན་དང་དེའི་རྒྱུ་མཚན་ནི། དང་པོ་སོག་ཟློག་པ་བློ་གྲོས་རྒྱལ་མཚན་(༡༥༥༢-༡༦༢༤)་རེད། ཁོང་གིས་གཟུངས་སྔགས་ཡོད་ཚད་ལེགས་སྦྱར་གྱིས་དག་ཕུད་པ་ནོར་རོ་ཞེས་པ་དེ་རྒྱུ་མཚན་རེད། གཉིས་པ་དགེ་འདུན་ཆོས་འཕེལ་རེད། གནའ་བོའི་བྲིས་རྙིང་རྣམས་སུ་རྒྱ་སྐད་ཀྱི་གདངས་ཇི་ལྟར་ཐོན་པ་དེ་ལྟར་དུ་འབྲི་སྲོལ་ཡོད་པས་ཨཱོྃ་ལ་འ་འདོགས་ཡོད་ཅིང་། བོད་ཡིག་གི་སྔགས་ཀྱང་རྒྱ་ཡིག་ཅི་ལྟ་བ་བཞིན་འབྲི་སྲོལ་འདི་དུས་ཕྱིས་ཙ་ན་མཛད་པ་ཞིག་ཡིན་པའི་ཕྱིར་རོ་ཞེས་པ་རྒྱུ་མཚན་རེད། གསུམ་པ་བདག་གིས་སྤྱི་ལོ་(༢༠༠༦)བྲིས་པ་དེ་རེད། སློབ་དཔོན་ཐོན་མི་སོགས་གནའ་བོའི་མཁས་པའི་བྲིས་དང་རང་བྱོན་རྣམས་ཀྱི་ཨཱོྃ་ལ་འ་འདོགས་ཡོད་པའི་ཕྱིར་ཞེས་པ་དེ་རྒྱུ་མཚན་རེད། བཞི་པ་ཚངས་དབང་དགེ་འདུན་བསྟན་པ་རེད། ཨཱོྃ་ལ་འ་འདོགས་ཡོད་མེད་ནི་སྐད་གསར་བཅད་ཀྱི་ཁྱད་པར་ཙམ་ལས་མ་དག་པ་མིན་ནོ་ཞེས་པ་དེ་རྒྱུ་མཚན་རེད། ལྔ་པ་ཁམས་སྤྲུལ་བསོད་ནམས་དོན་གྲུབ་ཚང་རེད། ལེགས་སྦྱར་ལྟར་ན་ཨཱོྃ་ལ་འ་འདོགས་མེད་ཀྱང་སྲིད་མོད། གསང་སྔགས་ཀྱི་གཞུང་མང་པོ་ཞིག་ཨོ་རྒྱན་སོགས་ནས་བསྒྱུར་ཞིང་ཨོ་རྒྱན་གྱི་སྒྲ་སྒྲུབ་སྟངས་ཤིག་ཏུ་ཡོད་པ་འདྲ་ཞེས་པ་དེ་རྒྱུ་མཚན་ཡིན་ནོ། །
གཉིས་པ། ཨཱོྃ་ཡིག་འ་འདོགས་ཅན་གྱི་རྩོད་པ་ལས་བྱུང་བའི་ཤུགས་རྐྱེན་དང་དེ་བསལ་བའི་དགོས་པ།
སྔོན་གྱི་རྩོད་པ་དག་གིས་ནི་ཡི་གེ་ཤེས་མཁན་གྱི་སྡེ་ལས་ཉུང་ཤས་ཤིག་ལ་གླེང་མོལ་གྱི་གཞི་ཙམ་ལས་ཤུགས་རྐྱེན་ཆེན་པོ་བྱུང་མེད་ཅིང་། ལྷག་པར་དུ་ལག་ལེན་གྱི་སྟེང་ནས་ཤུགས་རྐྱེན་གང་ཡང་བྱུང་མེད་པ་ད་ལྟའང་མདོ་དབུས་ཁམས་གསུམ་གྱི་ས་ཆ་ཕལ་མོ་ཆེ་ནས་མ་ཎི་ཀ་ཆེན་ཨཱོྃ་ཡིག་འ་འདོགས་ཅན་དུ་རྐོ་བཞིན་ཡོད་པ་འདིས་ཤེས་སོ། །
འོན་ཀྱང་རེབ་འདིར་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱི་མ་ཎིའི་དག་ཆའི་སྐོར་གྱི་གླེང་སློང་བྱས་པ་དེས་ནི་ལྡོག་ཕྱོགས་ནས་ཀྱང་ཤུགས་རྐྱེན་ཆེ་ཁག་གཉིས་ཙམ་ཐེབས་ཀྱིན་ཡོད་པ་སྟེ། དང་པོ་སྤྱིར་བཏང་གི་མིའི་དད་མོས་དང་མཛེས་དཔྱོད་ལ་ཐེབས་པའི་ཤུགས་རྐྱེན་ཏེ། དཔེར་ན། མི་ཚེར་མ་ཎི་ཀ་ཆེན་ཁོ་ན་བརྐོས་ཏེ་དགེ་བ་སྒྲུབ་མཁན་གྱི་རྫ་ཆུ་ཁ་ཕྱོགས་ཀྱི་རྒད་པོ་ཞིག་གིས་འགྱོད་གཏམ་དང་ཡི་མུག་གི་སྐད་ཆ་འདི་འདྲ་ཞིག་བཤད་ཀྱིན་ཡོད་པར་ཐོས་ཏེ། ཁོ་བོས་མི་ལོ་བཅུ་ཕྲག་དུ་མར་སྡུག་རུས་ཆེན་པོས་ཨཱོྃ་འ་ཆུང་ཅན་གྱི་མ་ཎི་ཀ་ཆེན་ཤ་སྟག་བརྐོས་ཤིང་། ཕྱོགས་བཅུའི་བླ་མ་དགེ་འདུན་པ་གྲངས་མེད་པ་ཞིག་ལ་རབ་གནས་དང་དགེ་བསྔོ་བྱེད་དུ་བཅུག་ཀྱང་། དེ་དག་སུས་ཀྱང་བདག་ལ་ཨཱོྃ་ལ་འ་ཆུང་མི་འཐོབ་ཅེས་མ་གསུངས་པས་དེ་དག་ཐུགས་རྗེ་རེ་ཆུང་། ད་ནི་ཤེས་ཀྱང་འཕྱི་དྲགས་སོང་ཞེས་འགྱོད་སེམས་དང་འཁང་ར་བྱེད་ཀྱིན་ཡོད་པར་ཐོས་སོ། །
མཛེས་དཔྱོད་དང་རིན་ཐང་ལྟ་བར་ཤུགས་རྐྱེན་ཐེབས་པ་ནི། དཔེར་ན། ཡང་འགའ་ཞིག་གིས། རྫ་ཆུ་ཁ་དང་སྡེ་དགེའི་ཡིད་ལྷུང་ཕྱོགས་ཀྱི་བྲག་དང་ཕ་བོང་སོགས་ཀྱི་ངོས་སུ་བརྐོས་པའི་ཡིག་དྲུག་རྣམས་སྔོན་ཆད་མཐོང་སྐབས་མཛེས་སྡུག་ལྡན་པ་ཞིག་ཏུ་མཐོང་ཡང་། ད་ལྟ་དེ་དག་མཐོང་སྐབས་ཕ་བོང་རྣམས་ཀྱང་ཡིག་ནོར་གྱིས་བརླགས་འདུག་སྙམ་གྱིན་འདུག་ཅེས་ཟེར་བ་དང་། བྲག་བརྐོས་ཡིག་དྲུག་རྙིང་པ་འགའ་ཞིག་གི་ཨཱོྃ་གྱི་འ་འདོགས་དང་ཟླ་ཚེས་སོགས་གཟོང་གིས་བཞར་ཡོད་པར་ཐོས་སོ། །
ཤུགས་རྐྱེན་གཉིས་པ་མཐུན་སྒྲིལ་ལ་ཐེབས་པའི་ཤུགས་རྐྱེན་ནི། ཨཱོྃ་འ་འདོགས་ཅན་དེ་བོན་པོ་དང་རྙིང་མའི་ལུགས་ཡིན་ཞིང་གསར་མའམ་དགེ་ལུགས་པའི་ལུགས་སུ་འ་འདོགས་མི་འཐོབ་ཅེས་པ་ཞིག་དམངས་ཁྲོད་དུ་ཁྱབ་ཀྱིན་ཡོད་པ་དང་། རི་བོང་ཅལ་འདྲོག་པ་དང་རྫ་མའི་ནང་དུ་ཞིང་ཚིགས་གཏོད་པར་དགའ་བའི་བླུན་པོ་སྐོར་ཞིག་གི་འདོད་ཐོག་ཏུ་རྟ་རྒྱུག་སྟེ། དོན་འདི་སྒྲོགས་ཅི་ཐུབ་དང་དེའི་སྟེང་ནས་ཀྱང་ཆགས་སྡང་བརྩད་དེ་མཐུན་སྒྲིལ་ལ་ངན་ཕྱོགས་ནས་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་མཐོང་ངོ་། །འདི་ནས་ཞིབ་བཤད་ཞུ་དགོས་པ་ཞིག་ལ། གོང་དུ་མཚན་གཞིར་བཀོད་པའི་དགེ་བཤེས་གཉིས་ཀྱིས་ནི་ཨཱོྃ་ཡིག་འ་འདོགས་ཅན་དེ་བོན་པོ་དང་རྙིང་མའི་ལུགས་རེད་ཅེས་བྲིས་ཡོད་པ་མ་མཐོང་ངོ་། །ལྷག་པར་དུ་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་《མ་ཎི་ཡིག་དྲུག་གི་ཕན་ཡོན་སྐོར་ལས་འཕྲོས་པའི་དྲིས་ལན》་ལས། “འོན་ཀྱང་རང་གིས་ནི་རྙིང་མའི་ལུགས་ཡིན་པའི་རྒྱུ་མཚན་གྱིས་འདོགས་མི་རུང་ཞེས་པ་གཏན་ནས་མིན། གཙོ་བོ་རྒྱུ་མཚན་ཡོད་མེད་ལ་བལྟ་དགོས་པ་རེད།”ཅེས་གསུངས་ཡོད་དོ། །
རྒྱུ་མཚན་དེ་དག་གི་ཕྱིར་ན་ལུང་རིགས་དངོས་གསུམ་གྱིས་ཕྱུག་པའི་དཔྱད་རྩོམ་ཞིག་བྲིས་ཏེ། རྡོ་རྐོན་རྣམས་ལ་འགྱོད་བསལ་དང་། མཛེས་དཔྱོད་པ་དག་ལ་སེམས་གསོ། ལོ་རྒྱུས་དང་རིག་དངོས་ཀྱི་རིན་ཐང་བླ་ན་མེད་པ་ཡོད་པའི་གནའ་བོའི་རྡོ་རྐོས་རྙིང་པ་རྣམས་ལ་སྲུང་སྐྱོབ། ཨཱོྃ་ཡིག་འ་འདོགས་དང་ཟླ་ཚེས་དང་ཧྲཱི་ཡིག་ཡོད་མེད་སོགས་ནི་གསར་རྙིང་གི་གྲུབ་མཐའི་ཁྱད་པ་ཞིག་གིས་མིན་པ་གོ་བརྡ་ཞིག་སྤྲད་པ་ནི་ཤིན་ཏུ་གལ་ཆེ་བར་མཐོང་ངོ་། །
གསུམ་པ། ཨཱོྃ་ཡིག་འ་འདོགས་ཅན་ལུང་དང་རིག་དངོས་གཉིས་ཀྱི་སྒོ་ནས་དག་པར་སྒྲུབ་པ།
ཨཱོྃ་ཡིག་འ་འདོགས་ཅན་དེ་ལུང་དང་རིག་དངོས་གཉིས་ཀྱི་སྒོ་ནས་ཁུངས་དག་ཡིན་པར་བསྒྲུབ་པར་བྱ་སྟེ། དེ་ལས་དང་པོ་ལུང་གིས་སྒྲུབ་པ་ནི། 《མ་ཎི་བཀའ་འབུམ》་ལས། “ཨོཾ་ཡེ་ཤེས་ལྔ་ལ་ཕྱག་འཚལ་ལོ། །”ཞེས་དང་། “ཨོཾ་ཡེ་ཤེས་རྣམ་ལྔ་འདི་བཟླས་པས། །དུག་ལྔ་རྩད་བཅད་སྐུ་ལྔ་ཐོབ། །” [14]ཞེས་དང་། 《མ་ཎི་བཀའ་འབུམ》་གྱི་(བཤད་ཐབས་ཀྱི་ཡན་ལག་བཤད་འགྲེལ་ཆེན་མོ་སྤྱིའི་ཁོག་དབུབ་སོགས)་ལས། “ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པ་ཨོཾ་ཡེ་ཤེས་རྣམ་པ་ལྔ། ” [15] ཞེས་དང་། 《རྒྱལ་རབས་གསལ་བའི་མེ་ལོང》་ལས། “ཨོཾ་ཡེ་ཤེས་ལྔ་དང་ལྡན། །”[16] ཞེས་དང་། 《ཐུགས་ཆེན་ཡང་གསང་འདུས་པ》་ལས། “ཨོཾ་ལ་སྐུ་ལྔ་ཡེ་ཤེས་ལྔ། །ཡུལ་ལྔ་འབྱུང་བ་རིགས་ལྔ་སྟེ། །ཡེ་ཤེས་ཡི་གེ་ཨོཾ་ལ་རྫོགས། །” ཞེས་སོགས་གསུངས་ཤིང་། ལུང་འདི་དག་གིས་ཨཱོྃ་ཡིག་ལ་ཡེ་ཤེས་ལྔའི་མཚོན་དོན་ཡོད་པར་བསྟན་ལ། གལ་ཏེ་ཨོཾ་ཡིག་ལ་འ་འདོགས་མེད་པར་བྱས་ན་ཡེ་ཤེས་ལྔའི་མཚོན་དོན་མི་ཚང་བར་འགྱུར་བའི་ཕྱིར་ཏེ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་《བྱེ་བྲག་གསང་ཆེན་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ》་ལས། “ཕལ་ཆེར་ཡེ་ཤེས་ལྔ་ལྡན་ལ༔ དེང་སང་མཚན་ཉིད་མ་ཚང་སྟེ༔ རྒྱ་དཔེའི་ༀ་ལ་རིང་ཆ་མེད༔ ༀ་ལ་ཡེ་ཤེས་ལྔ་ལྡན་མེད༔ རྒྱུད་ཀྱི་རྗེས་སུ་མ་འབྲངས་པར༔ རྒྱ་དཔེའི་ༀ་ལ་ཡིད་བརྟན་མེད༔”ཞེས་གསུངས་པའི་ཕྱིར་རོ། །འདིའི་ལུང་གི་དོན་བཀྲལ་ན་འདི་ལྟ་སྟེ། སྤྱིར་བོད་ཡིག་གི་ཨཱོྃ་ཡིག་ལ་ཡེ་ཤེས་ལྔའི་མཚོན་དོན་དང་ཚང་པ་ལ། དེང་སང་ཅོལ་ཆུང་གཡམ་རྒྱུག་ལ་དགའ་བ་ཚོས་ཞྭ་དཔེ་ལྷམ་འགེབས་ཀྱིས་རྒྱ་དཔེ་ལྟར་ཨོཾ་ལ་རིང་ཆ་དང་ཟླ་ཚེས་མེད་པར་བྱས་པས་ཡེ་ཤེས་ལྔའི་མཚོན་དོན་མི་ཚང་བར་བྱས་འདུག། རྒྱ་དཔེའི་ཨོཾ་ལ་རིང་ཆ་མེད་པས་ཡེ་ཤེས་ལྔའི་མཚོན་དོན་ཡང་མི་ལྡན་པས། རྒྱུད་ཀྱི་རྗེས་སུ་འབྲང་བར་བྱ་བ་ལས་རྒྱ་དཔེའི་ཨོཾ་ལ་ཡིད་རྟོན་བྱ་མི་རུང་ངོ་ཞེས་པའི་དོན་ཡིན་ནོ། །
འདི་ནས་གསལ་བཤད་བྱ་དགོས་པ་ཞིག་ལ། གོང་དུ་དྲངས་པའི་ལུང་དག་གི་དཔེ་རྙིང་ལག་ཏུ་མ་སོན་ཞིང་། ད་ལྟའི་གློག་པར་མ་རྣམས་སུ་ཨོཾ་ཡིག་འ་འདོགས་དང་ཟླ་ཚེས་མེད་པ་ཤ་སྟག་ཏུ་བྲིས་འདུག་པ་ནི། འཕྲུལ་པར་མ་བཟོ་སྐབས་སུ་དཔེ་སྐྲུན་འགའ་ཞིག་གིས་མཁས་མདོག་གིས་སྣར་ཐང་ལོ་ཙཱ་བའི་སྔགས་བཀླག་ཐབས་སོགས་ལ་བསྟུན་ཏེ་འ་འདོགས་མེད་པར་བྱས་པ་དང་། མ་ཎི་བཀའ་འབུམ་གྱི་ཨོྃ་ཡིག་ལ་ནཱ་ད་ཡོད་པ་ཤིན་ཏུ་གསལ་ཡང་དེ་རྩིས་འཕྲུལ་གྱིས་ཕབ་མི་ཐུབ་པ་ལྟ་བུ་སོགས་ཅི་རིགས་ཀྱིས། ད་ལྟའི་འཕྲུལ་པར་མ་མང་པོ་ཞིག་མ་དཔེའི་དཔེ་ཆ་དང་མི་མཐུན་པར་གྱུར་ཡོད། དེ་བས་ཕྱིས་སུ་འཕྲུལ་པར་མ་འདི་དག་ལ་ཞུ་དག་གཏོང་བ་དང་ནཱ་ད་རྩིས་འཕྲུལ་གྱིས་ཕབ་ཐུབ་པ་བཟོ་རྒྱུ་ནི་གལ་ཆེའོ། །
གལ་ཏེ་ཨོྃ་ལ་འ་འདོགས་མི་འབྲི་ན་ངེས་པར་དུ་ཀླད་ཀོར་གྱི་སྟེང་དུ་ནཱ་ད་བྲིས་ཏེ་དེས་ཡེ་ཤེས་ལྔ་ལས་བྱ་གྲུབ་ཡེ་ཤེས་མཚོན་པར་བྱ་དགོས་ཏེ། བོད་ཀྱི་ཆོས་གཞུང་གི་ཐོག་མར་གྲགས་པའི་《མ་ཎི་བཀའ་འབུམ》་ལས།[17] “ཨོྃ་མ་ཎི་པདྨེ་ཧཱུཾ་ཞེས་པ་ཡིན་ནོ། །ཨོྃ་ཡེ་ཤེས་རྣམ་པ་ལྔ་ཞེས་པ། ཨ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཐིག་ལེ་མེ་ལོང་ལྟ་བུའི་ཡེ་ཤེས། ཟླ་ཚེས་མཉམ་པ་ཉིད་ཀྱི་ཡེ་ཤེས། ན་རོ་སོར་སོར་རྟོགས་པའི་ཡེ་ཤེས། ནཱ་ད་བྱ་བ་གྲུབ་པའི་ཡེ་ཤེས།”ཞེས་གསུངས་པའི་ཕྱིར་དང་། སྔོན་གྱི་ཡིག་རྙིང་རྣམས་སུའང་ཨཱོྃ་ཡིག་གི་ཀླད་ཀོར་གྱི་སྟེང་དུ་ནཱ་ད་བྲིས་ཡོད་པ་མཐོང་དུ་ཡོད་པའི་ཕྱིར་རོ། །གཞན་ཡང་། ཀུན་མཁྱེན་འབྲུག་པ་པདྨ་དཀར་པོའི་《ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད》་ལས། [18] “དེ་ལ་བོད་རྣམས་རྙིང་མ་ཡང་དག་པ་མིན་ཟེར་བ་ལ་སྔགས་མ་དག་ཟེར་ཏེ། རྒྱ་སྐད་ཨོཾ་ལ་རིང་པོ་མེད་ཅེས་ཟེར་ནས་ཨོཾ་ལ་འ་བཏགས་པ་ལ་སྐྱོན་འདོགས་ཏེ། རྒྱ་སྐད་ཨོཾ་རང་རིང་པོ་ཡིན་པས་རིང་པོ་མེད་སྨྲ་བ་རང་འཁྲུལ། དེ་རིང་པོར་ཤེས་པར་བྱ་བ་ལ་འ་བཏགས་པས་སྐྱོན་ཅིའང་མེད། རྒྱ་སྐད་སོར་བཞག་ན་ཨོོ་སྲོག་ཞུགས་པ་ལ་སྣ་རུ་ཉིས་བརྩེགས་ལས་མི་འབྱུང་རྒྱུ་ལ། དེ་བོད་དུ་ཀློག་པ་ལ་གོའུ་ཏ་མའམ། ཀོའུ་ཤི་ཀ་སོགས་སྔོན་གྱི་ལོ་ཙཱ་བ་མཁས་པ་དག་གིས་བཀོད་པ་ལྟ་བུ།”ཞེས་གསུངས་པ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》ལས། [19] “ཨཱོྃ་ལ་རིང་ཆ་བྲིས་པ་མཁས་པ་རྣམས་ཀྱིས་སྡིག་མོ་མང་དུ་བྱས་མོད། གནའ་བོའི་བྲིས་རྙིང་ཕལ་ཆེར་ལ་སྣང་ཞིང་།”ཞེས་གསུངས་པ་སོགས་གུང་བསྒྲིགས་ཏེ་བལྟས་ན་ཁོང་གིས་ཨཱོྃ་འ་འདོགས་ཅན་དེ་དགག་པ་མཛད་ཀྱིན་མེད་པ་དང་། དེང་དུས་ཀྱི་མཁས་དབང་ཚངས་དབང་དགེ་འདུན་བསྟན་པས་བརྩམས་པའི་《ཨཱོཾ་ལ་རིང་ཆ་ཡོད་མེད་སྐོར》་ཞེས་པ་ལས། [20] “སྨར་ཁམས་བྲག་སྒོ་ཕྱེས་ཀྱི་བོད་བཙན་པོའི་སྐབས་ཀྱི་བྲག་བརྐོས་ཡིག་དྲུག་སོགས་དང་། གཙུག་ལག་ཁང་གི་རྟེན་ཡིག་དང་། བྲག་ཡེར་བ་དང་སྡེ་དགེའི་མ་ཎི་གད་འགོ་དང་། སྒ་སྐྱེ་དགུ་མདོའི་ཀེ་རུ་བྲག་བརྐོས་ཀྱི་མ་ཎི་ཡིག་དྲུག་དང་། ལྷག་པར་དུ་མངའ་རིས་པུ་རངས་འཁོར་ཆགས་དགོན་པའི་གཙུག་ལག་ཁང་གི་རྩིག་ངོས་དང་། ལ་དྭགས་དང་ཟངས་དཀར་ཕྱོགས་ཀྱི་བྲག་བརྐོས་སོགས་སུ་ཨཱོཾ་འ་འདོགས་ཅན་ཡིན་པས། འདི་མ་དག་པར་བཤད་པ་ནི་མི་འགྲིགས་པར་སེམས་སོ།།”ཞེས་དང་། ཡང་དེ་ལས། “ཡིག་ཚང་དང་གནའ་དཔྱོད་གང་ཐད་ནས་བལྟས་ཀྱང་། ཨཱོཾ་ལ་འ་ཆུང་བཏགས་པ་ནི་ཤིན་ཏུ་མང་བས་དེ་མ་དག་པར་བཤད་པ་ནི་ཅུང་ཟད་ཡིད་ཆེས་དཀའ་བ་ཞིག་རེད།”ཅེས་གསུངས་པ་སོགས་ཨཱོཾ་འ་འདོགས་ཅན་མ་དག་པ་མིན་པར་སྒྲུབ་བྱེད་ཀྱི་ལུང་མཐའ་ཡས་པ་ཡོད་དོ། །
འོ་ན་ཨཱོྃ་ཡིག་ལ་འ་འདོགས་དང་ཟླ་ཚེས་ཡོད་མེད་སོགས་ཀྱི་ཁྱད་པར་འདི་ཇི་ལྟར་འོང་བ་ཡིན་ནམ་ཞེ་ན། འདི་ལ་ཚོད་དཔག་བྱ་ཆོག་པ་བཞི་ཙམ་འདུག་སྟེ། དང་པོ་གོང་དུ་དྲངས་པའི་《བྱེ་བྲག་གསང་ཆེན་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ》དང་། 《མ་ཎི་བཀའ་འབུམ》་གཉིས་ཀྱི་ལུང་དོན་ལྟར་ཏེ། ཨཱོྃ་དང་ཨོཾ་ཞེས་ཡེ་ཤེས་ལྔའི་མཚོན་རྟགས་བཞག་པ་དང་མ་བཞག་གི་ཁྱད་པར་ལས་བྱུང་བ་སྟེ། བོད་སྔ་རབས་པ་དག་གིས་ཡེ་ཤེས་ལྔའི་མཚོན་རྟགས་བཞག་པ་དང་། ཕྱི་རབས་པ་དག་གིས་རིམ་གྱིས་མ་བཞག་པའི་ཁྱད་པར་ཙམ་ཡིན་སྲིད་དོ། །འདིའི་མཚོན་རྟགས་ཞེས་པ་ནི་རྒྱས་(符号)་ཞེས་པ་དང་གཅིག་སྟེ་ད་ལྟ་བོད་སྐད་དུ་བརྡ་རྟགས་ཞེས་སྒྱུར་གྱིན་འདུག། དེ་ལྟར་ན་ཨཱོྃ་འདི་གཡུང་དྲུང་ལྟར་བརྡ་རྟགས་ཀྱི་རི་མོ་ཞིག་རེད། ཨཱོྃ་ཡིག་འདི་བརྡ་རྟགས་ཤིག་ཡིན་པའི་སྐོར་མཁས་པའི་དབང་ཕྱུག་ཆེན་པོ་དགེ་འདུན་ཆོས་འཕེལ་གྱི་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》་ལས་(སྔོན་དང་ད་ལྟའི་བར་ཡུལ་སོ་སོའི་ཡིག་རིགས།)ཞེས་པའི་སྐབས་སུ་དཔེ་རིས་དང་བཅས་པ་བསྟན་འདུག་ཀྱང་འདིར་ཡིག་ཚོགས་བསྐྱུང་ཕྱིར་མི་འགོད་པར་བྱའོ། །[21] ད་དུང་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་《འབྲུག་སྒྲ་བཟང་པོའི་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ་ཞེས་པའི་རྩོད་པ་ལ་ལན་དུ་བརྗོད་པ》[22] ཞེས་པ་ལས་ཀྱང་། “སྐྱེ་བ་མེད་པའི་ཆོས་དབྱིངས་ལས། །འགགས་མེད་ཡེ་ཤེས་རང་སྣང་བའི། །རྟགས་ཉིད་ཡིན་གྱི་རྗོད་བྱེད་སྒྲའི། །ཡི་གེ་ཡིན་པའི་ངེས་པ་མེད། །”ཅེས་གསུངས་པ་ལྟར་ཡིན་ནོ། །
གཉིས་པ་ཨཱོྃ་དང་ཨོཾ་ནི་སྐད་གསར་བཅད་བྱས་དང་མ་བྱས་ཀྱི་ཁྱད་པར་ལས་བྱུང་བ་ཞིག་ཡིན་སྲིད་དེ། ཐོག་མར་བོད་ཡིག་གསར་གཏོད་པ་ཐོན་མི་སོགས་སྔ་རབས་ཀྱི་ལོ་པཎ་དག་གིས་བོད་ཡིག་ཏུ་དབྱངས་རིང་པོ་མཚོན་བྱེད་དུ་འ་འདོགས་དང་ཤིན་ཏུ་རིང་པོ་མཚོན་བྱེད་དུ་ན་རོ་ཉིས་བརྩེགས་སམ་འུ་སྦྱར་བ་ཡིན་ཡང་། ཕྱིས་སྐད་གསར་བཅད་ཀྱི་སྒྲིག་ཁྲིམས་དེ་སྔགས་ཡིག་འབྲི་སྟངས་ལའང་ཐེབས་ཏེ་ཨོཾ་ལ་འ་འདོགས་མེད་པར་བྱས་པ་ཡིན་སྲིད་དེ། ཚངས་དབང་དགེ་འདུན་བསྟན་པས་བརྩམས་པའི་《ཨཱོཾ་ལ་རིང་ཆ་ཡོད་མེད་སྐོར》་ལས། [23] “ངས་བལྟས་ན། ཨོཾ་ལ་རིང་ཆ་ཡོད་མེད་དེ་ཡང་སྐད་གསར་བཅད་ལ་འབྲེལ་བ་ཡོད་པ་ཞིག་ལས། ཡི་གེ་རང་ངོས་སུ་དག་མ་དག་གི་གནད་དོན་ཞིག་ཡོད་པར་མི་འདོད་དོ། །དེས་ན་བོད་བཙན་པོའི་སྐབས་ཀྱི་བྲག་བརྐོས་ཡིག་དྲུག་རྣམས་སུ་ཨོཾ་ལ་རིང་ཆ་ཡོད་པ་མང་དུ་མཐོང་རྒྱུ་ཡོད་པའི་རྒྱུ་མཚན་ནི་སྐད་གསར་བཅད་ཀྱི་སྔོན་དང་ཡང་ན་དེའི་ཤུགས་རྐྱེན་མ་ཐེབས་པའི་འབྲི་སྲོལ་དེ་རྒྱུན་འབྱམས་སུ་སོང་བ་ཞིག་རེད་འདོད་དོ། །”ཅེས་དང་། དགེ་འདུན་ཆོས་འཕེལ་གྱི་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》[24] ལས། བོད་ཡིག་གི་སྔགས་ཡིག་རྣམས་ཀྱང་“ལེགས་སྦྱར་གཙང་སང་རྒྱ་ཡིག་ཇི་ལྟ་བ་བཞིན་བྲིས་ཆོག་པ་འདི་དུས་ཕྱིས་ཙ་ན་མཁས་པ་རྣམས་ཀྱིས་མཛད་པ་ཞིག་ཏུ་སྣང་།” ཞེས་གསུང་པ་ལྟར་ཡིན་ནོ། །དེ་ལྟར་ན། 《བོད་རྒྱ་ཚིག་མཛོད་ཆེན་མོ》་ལས། “བཀས་བཅད་གསུམ་པ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་བྱོན་པའི་ལོ་ཙཱ་ཆེན་པོ་རིན་ཆེན་བཟང་པོ་ནས་དྷརྨ་པཱ་ལ་བྷ་དྲའི་བར་དུ་བྱོན་པ་རྣམས་ཀྱིས་བྱས་པ་ཡིན།”ཞེས་གསུངས་ཤིང་། འདིའི་དྷརྨ་པཱ་ལ་བྷ་དྲ་ཞེས་པ་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་ཡིན་ལ། བོད་ཡིག་གི་མ་དཔེ་ལཉྫ་དང་ཝརྟུ་ཡིན་གསུང་མཁན་ཡང་ཁོང་ཡིན་པས། བོད་ཡིག་གིས་གཟུངས་སྔགས་སོགས་ཀྱི་འབྲི་ལུགས་ལན་ཝར་གྱི་ཐོབ་ཐང་ལྟར་བྱ་བའི་སྲོལ་ཡང་ཁོང་གིས་བཏོད་པའམ་དེ་ཙམ་ནས་བྱུང་བ་ཡིན་ནམ་དཔྱད་པར་བྱའོ། །
གསུམ་པ་ནི་འགྱུར་གཞིའི་ཡིག་རིགས་ཀྱི་ཁྱད་པར་གྱིས་བྱུང་བ་སྟེ། ཨཱོྃ་དང་ཨོཾ་གཉིས་ལས་སྔ་མ་ཨོ་རྒྱན་གྱི་ཡི་གེ་དང་ཕྱི་མ་རྒྱ་གར་གྱི་ཡི་གེའི་སྟེང་ནས་བྱུང་བ་ཡིན་སྲིད་དེ། མཁས་པའི་དབང་ཕྱུག་ཆེན་པོ་ཁམས་སྤྲུལ་བསོད་ནམས་དོན་གྲུབ་ལགས་ཀྱིས་“ཨཱོྃ་རིང་ཆ་ཅན་འདིའི་ཐད་ནས་འབྲི་གུང་དཔལ་འཛིན་སོགས་ཀྱི་རྩོད་པ་ལ་སོག་ཟློག་པས་བརྒལ་ལན་གནང་ཡོད་པ་ལྟར་ཡིན་སྙམ་ཞིང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་སོག་ཟློག་པ་ལ་བདེན་ཁ་གནང་ཡོད་པ་རེད། ལེགས་སྦྱར་རང་ངོས་ཀྱི་ཨོཾ་གྱི་སྒྲ་སྒྲུབ་སྟངས་ལྟར་ན་འ་འདོགས་མེད་ཀྱང་། ཨོ་རྒྱན་གྱི་ཡི་གེ་ལྟར་ན་ཨཱོྃ་ལ་འ་འདོགས་ཡོད་པའི་སྒྲ་སྒྲུབ་སྟངས་ཤིག་ཀྱང་ཡོད་ཚོད་རེད། ཡང་ན་ཀ་ཙན་དབྱངས་གསུམ་གྱིས་སྒྲ་སྒྲུབ་སྟངས་ལའང་མི་འདྲ་བ་ཡོང་གིན་ཡོད་པས་ལེགས་སྦྱར་མཐའ་གཅིག་ཏུ་མེད་ཅེས་ཁ་ཚོན་གཅོད་དཀའ་ས་རེད”[25] ཅེས་གསུངས་པ་ལྟར་ཡིན་ལ། ཨོ་རྒྱན་གྱི་ཡི་གེ་ནི་དགེ་འདུན་ཆོས་འཕེལ་གྱི་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》་ལས། བོད་བཙན་པོའི་སྐབས་ཙམ་ན་“ཨོ་རྒྱན་ཀྱང་སྔོན་ཁ་རོཥྚའི་ཡི་གེ་བྲིས་བས་ལོ་པཎ་ཐང་ཡིག་གི་མཇུག་ཏུ་ཨོ་རྒྱན་གྱི་ཡི་གེ་ཉའི་སྒལ་པ་འདྲ་བ་སོགས་བྲིས་པ་ལ། འདི་ལྟར་ཡོད་པ།”ཞེས། [26] དཔེ་རིས་དང་བཅས་པ་བསྟན་ཡོད་ཅིང་། དཔེ་རིས་དེར་བལྟས་ན་ལན་ཝར་གུབ་གསུམ་གྱི་ཡི་གེའི་གཟུགས་དབྱིབས་དང་རྩ་བ་ནས་མི་གཅིག་པ་ཞིག་ཏུ་འདུག་པས། གལ་ཏེ་ཨཱོྃ་འ་འདོགས་ཅན་གྱི་འབྲི་སྲོལ་དེ་ཨོ་རྒྱན་གྱི་ཡི་གེའི་སྟེང་ནས་ཡོང་པ་ཡིན་ན། རྒྱ་གར་ཡི་གེའི་འབྲི་ལུགས་དང་མི་མཐུན་པས་མི་དག་གོ་ཞེས་སྨྲ་མི་རུང་ངོ་སྙམ་མོ། །གུ་རུ་ཆོས་ཀྱི་དབང་ཕྱུག་གི་《བྱེ་བྲག་གསང་ཆེན་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ》་ལས། “རྒྱུད་ཀྱི་རྗེས་སུ་མ་འབྲངས་པར༔ རྒྱ་དཔེའི་ༀ་ལ་ཡིད་བརྟན་མེད༔ ”ཞེས་པའི་རྒྱུད་ཅེས་པ་ཡང་ཨོ་རྒྱན་སོགས་ནས་འགྱུར་བ་དང་བཅས་པར་གོ་དགོས་པར་མཐོང་ངོ་། །བོད་འགྱུར་ནང་བསྟན་ཆོས་གཞུང་ཡོད་ཚད་རྒྱ་གར་ནས་འགྱུར་བ་མིན་པ་ནི། ཇོ་བོ་རྗེ་ཨ་ཏི་ཤས་བསམ་ཡས་ནས་རྒྱ་གར་དུ་མེད་པའི་གཞུང་ཆེན་མང་པོ་མཇལ་བས་ཐུགས་དགྱེས་ཤིང་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ཨོ་རྒྱན་མཁའ་འགྲོའི་གླིང་སོགས་ནས་འདིར་དྲངས་པ་ཡིན་ངེས་ཞེས་པ་བསྔགས་བརྗོད་གནང་བའི་ལོ་རྒྱུས་དང་། ད་ལྟ་མལ་གྲོ་རྫོང་སོགས་ཀྱི་ས་འོག་ནས་ཀྱང་ཕྱི་ཡིག་གི་རིགས་མང་པོ་ཐོན་གྱིན་ཡོད་པ་སོགས་ཀྱིས་ཀྱང་དཔག་ཐུབ་བོ། །
ཡང་ན། བོད་ཡིག་གི་མ་ཕྱི་གུབྟའི་ཡི་གེ་ཁོ་ན་ཡིན་པར་མ་ཟད། བོད་བཙན་པོའི་སྐབས་སུ་རྒྱ་གར་ནས་བོད་འགྱུར་བྱས་པའི་གསུང་རབ་དག་ཀྱང་གུབྟའི་ཡི་གེའི་སྟེང་ནས་བསྒྱུར་བ་ཡིན་པ་གཏམ་རྒྱུད་གསེར་ཐང་དུ་གསལ་བོར་གསུངས་ཡོད་པ་ལྟར་ལགས་པས། ཕྱིས་སུ་བྱུང་བའི་ལཉྫ་དང་ཝརྟུའི་ཨོཾ་ཡིག་ལ་འ་འདོགས་མེད་ཀྱང་གུབྟའི་ཡི་གེ་ལ་ཡོད་ཆོག་པ་སྟེ། 《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》[27] རུ་གུབ་ཏའི་ཡི་གེའི་ཨཽཾ་རིང་གི་དཔེ་རིས་ཤིག་བྲིས་ཡོད་པ་ལ་ཟླ་ཚེས་ཡོད་པར་མ་ཟད། མ་ཎི་བཀའ་འབུམ་ལས་གསུངས་པ་ལྟར་ཐིག་ལེ་དང་དེའི་སྟེང་དུ་ནཱ་དའི་རི་མོའང་འདུག་པའི་ཕྱིར་རོ། །ལཉྫ་ནི་གུབྟ་ཕྱི་མའི་དུས་ཀྱི་མཇུག་ཏེ་རྒྱལ་པོ་ཤྲིཧརྴཝདྡྷ་ནའི་སྐབས་ཙམ་ལ་པཎྜི་ཏ་རྣམས་ཀྱིས་མཛེས་པར་བཅོས་པའི་ཡིག་རིགས་དར་ཁྱབ་ཆུང་ངུ་ཅན་ཞིག་ལས་སྤྱི་ལ་ཁྱབ་པའམ་རྒྱལ་ཁམས་ཀྱི་ཡི་གེ་མ་རེད་ཅེས་ 《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》[28] རུ་གསུངས་པ་དང་། དུས་རབས་༡༥་པའི་ནང་དུ་ཞ་ལུ་ལོ་ཙཱ་བས་ཀྱང་བོད་ཡིག་གི་མ་དཔེ་ལཉྫ་ཡིན་པར་གསུངས་པ་སོགས་ཀྱིས་དཔགས་ན། ཕྱིས་ཀྱི་སྣར་ཐང་ལོ་ཙཱ་བ་སོགས་ཀྱིས་རྒྱ་དཔེའི་ཨོཾ་ལ་འ་འདོགས་མེད་ཅེས་པའི་རྒྱ་དཔེ་ཡང་ལཉྫ་ཙམ་ལ་ཟེར་བ་ཡིན་སྲིད་དོ། །
གཞན་ཡང་། དུས་རབས་༡༢་པ་ནས་ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་ལ་མ་ཐུག་གི་བར་གྱི་མི་ལོ་བརྒྱད་བརྒྱ་ཙམ་གྱི་དུས་ཡུན་ནང་དུ་རྒྱ་གར་ལ་ཕེབས་མྱོང་མཁན་གྱི་བོད་ཀྱི་ལོ་ཙཱ་བ་གཅིག་ཀྱང་བྱུང་མྱོང་མེད་པ་དགེ་འདུན་ཆོས་འཕེལ་གྱིས་སྤྱི་ལོ་༡༩༤༤་ལོར་བརྩམས་པའི་《ཆོས་ཀྱི་ཚིགས་སུ་བཅད་པ》 [29] ཡི་མཇུག་རྩོམ་དུ་བསྟན་ཡོད་ཅིང་། དེ་ལྟར་ན་ཕྱིས་ཀྱི་བོད་ཀྱི་ལོ་ཙཱ་བ་རྣམས་ནི་བོད་ནས་སྒྲ་མདོར་སྦྱངས་ཏེ་ལོ་ཙཱ་བར་གྱུར་པ་ཤ་སྟག་ཡིན་ཚོད་འདུག་པས། རྒྱ་དཔེའི་ཨོཾ་ལ་འ་འདོགས་མེད་པ་ཇི་ལྟར་ཤེས་པ་ཡིན་ནམ་སྙམ་པ་དང་། ས་སྐྱ་པཎྜི་ཏས་ཀྱང་《སྒྲ་ཉེ་བར་བསྡུས་པའི་ཚིགས་སུ་བཅད་པ》ལས། [30]“འ་བཏགས་ནོར་ཅེས་བླ་མས་གསུང་། །”ཞེས་བླ་མའི་མགོར་འཕངས་པ་ལས་ཁོང་རང་ངོས་ནས་རྒྱ་དཔེར་མེད་པའམ་སྒྲ་སྒྲུབ་ཀྱིས་ཨོཾ་ལ་འ་འདོགས་མི་ཐོབ་པར་མ་གསུངས་པ་འདི་ཡང་དཔྱད་པའི་གནས་ཤིག་གོ། །
ཡང་བོད་ལ་གྲགས་ཆེ་བའི་《བརྡ་སྤྲོད་པ་དབྱངས་ཅན་གྱི་མདོའི་འགྲེལ་བ་གསལ་ལྡན》དང་《བརྡ་སྤྲོད་པ་པཱ་ཎི་པའི་གཞུང་འགྲེལ་གྱི་གོ་དོན་ཆོ་ག་དཔེར་བརྗོད་སོགས་རེག་ཟིག་ཏུ་བཀོད་པ་ལེགས་བཤད་ནོར་བུ་འདྲེན་པའི་ཤིང་རྟ》་གཉིས་རྩོམ་མཁན་འདར་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་“དྲང་པོར་སྨྲས་ན་གཞན་ཕར་ཞོག འདར་ལོས་དཔག་བསམ་འཁྲི་ཤིང་གི་ཆད་བསབ་ཏུ་བྲིས་པ་དེ་དག་ཀྱང་རྒྱ་གར་བས་ཀློག་ཐུབ་པ་གཅིག་ཀྱང་མེད།”ཅེས་གོང་བཅད་བྱས་འདུག་ཅིང་། འདིའི་“གཞན་ཕར་ཞོག”ཅེས་པའི་གཞན་དེ་ནི་དེ་ལས་ཀྱང་འཕྱི་བར་བྱོན་པའི་སྣར་ཐང་ལོ་ཙཱ་བ་དང་དངུལ་ཆུ་དྷརྨ་བྷ་དྲ་སོགས་ཡིན་སྲིད་དམ། དེ་ཡིན་ན་ནི་སྣར་ཐང་ལོ་ཙཱ་བའི་སྔགས་བཀླག་ཐབས་ལག་མཐིལ་ཙམ་པ་དེར། ཆེ་ས་ནས་ཐོན་མི་སཾ་བྷོཊ་དང་ཆུང་ས་ནས་རྫ་ཆུ་ཁ་པའི་རྡོ་རྐོན་རྒད་པོ་ཚོ་དང་བཅས་པ་ལེབ་རྡུང་བྱ་ནུས་པའི་ཤེད་ཤུགས་ཅིག་ཡོད་དམ་སྙམ་མོ། །
ཡང་དོགས་པ་གཞན་ཞིག་ལ། ཇོ་བོ་རྗེའི་《རྟ་མགྲིན་སྔགས་རིང་།》་དང་《རྟ་མགྲིན་ལྕགས་རལ》དང་། ཤངས་པའི་《རྟ་མགྲིན་གསང་སྒྲུབ》 ས་སྐྱའི་《པཱུ་ཏྲ་མིང་སྲིང་གི་སྔགས》་སོགས་གསར་རྙིང་དང་གྲུབ་མཐའ་རིས་མེད་ཀྱི་སྔགས་ཡིག་མང་པོ་དང་། དེ་བཞིན་དུ་རྒྱ་ནག་དང་སོག་པོ་སོགས་ཀྱི་སྐད་དང་ཡིག་གཟུགས་སུ་བྲིས་པ་དང་། དེ་དག་གི་སྐད་དུ་བྱིན་གྱིས་རླབས་པའི་གཟུངས་སྔགས་མཐའ་ཡས་པ་ཞིག་ཡོད་པ་མཐའ་དག་ལེགས་སྦྱར་རམ་སྒྲ་སྒྲུབ་ཀྱིས་ཞུ་དག་གཏོང་དགོས་ན་ཧ་ཅང་ཐལ་མ་ཆེས་སམ། སྤྱིར་སྔགས་ཟེར་བ་དེ་སྔགས་སུ་གསུང་པ་པོ་དང་སྔགས་སུ་བྱིན་གྱིས་བརླབས་པ་དེ་ཁོ་ན་དབང་བཙན་པར་བྱ་བ་ལས། སྔགས་ཐམས་ཅད་སཾ་སྐྲྀ་ཏའི་སྐད་དང་སྒྲ་གཞུང་གིས་དཔྱད་སྦྱོང་དང་དག་ཕུད་བྱེད་མི་ནུས་ཤིང་། དེ་ལྟར་བྱས་པས་སྐྱོན་དུ་སོང་བའང་མང་པོ་ཡོད་པར་ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མ་དང་། རྡོ་གྲུབ་བསྟན་པའི་ཉི་མ་སོགས་ཀྱིས་གསུངས་ཤིང་། ས་སྐྱ་པཎྜི་ཏའི་རྣམ་ཐར་ལས་ཀྱང་གཏམ་རྒྱུད་དང་བཅས་གསུངས་ཡོད་པ་ལྟར་ཡིན་ནོ། །
གཞན་ཡང་། གལ་ཏེ་ཨཱོྃ་ཡིག་གི་ཞབས་སུ་འ་ཞིག་བཏགས་པས་མ་ཎིའི་བྱིན་རླབས་ཉམས་འགྲོ་བ་བདེན་ན། ཆོས་རྒྱལ་རིམ་བྱོན་སྐབས་ཀྱི་གཟུངས་སྔགས་ཡི་གེ་དྲུག་མ་ལ་ཕན་ཡོན་མེད་པར་ཐལ་བ་དང་། རྒྱ་ནག་དང་དབྱིན་ཇིའི་ཡིག་གཟུགས་སོགས་སུ་བྲིས་པའི་མ་ཎི་ལ་ཡང་དབྱངས་རིང་ཐུང་གི་རྣམ་བཞག་དང་དེ་མཚོན་བྱེད་གང་ཡང་མེད་པས་ཡི་གེ་དེ་དག་ཏུ་ཕབ་པའི་མ་ཎི་ལ་བྱིན་རླབས་མེད་པར་ཐལ་བ་དང་། བཅོམ་ལྡན་གྱིས་འགྲོ་བ་ཀུན་གྱི་སྒྲ་སྐད་མཐུན་པའི་ཆོས་གསུངས་ཀྱང་དེ་དག་གི་ཡིག་རིགས་སུ་ཕབ་མི་ནུས་པར་ཐལ་བ་དང་། ལེགས་སྦྱར་གྱི་སྐད་ཡིག་ཡང་དག་པར་ཤེས་མཁན་ནི་ད་ལྟ་རྒྱ་གར་རང་ལ་ཡང་མེད་པའམ་ཤིན་ཏུ་ཉུང་བར་བཤད་པས་ད་ལྟ་འཛམ་གླིང་དུ་མ་ཎི་འདོན་ཤེས་མཁན་མེད་པར་ཐལ་བ་སོགས་མཆིས་སོ། །
གཉིས་པ་རིག་དངོས་ཀྱི་སྟེང་ནས་ཨཱོྃ་ཡིག་འ་འདོགས་ཅན་དག་པར་སྒྲུབ་པ་ལ། སྤྱིར་རིག་དངོས་ཀྱིས་བསྒྲུབ་བྱ་སྒྲུབ་པ་ནི་འཛམ་གླིང་གི་རིག་པའི་སྒྲོམ་གཞི་ཚན་རིག་གིས་ཕུབས་པའི་དུས་འདིར་ལུང་རིགས་གཉིས་ལས་ཀྱང་ཆེས་བླ་ན་མེད་ཅིང་དག་པར་སྨྲ་བ་དང་། དགེ་བཤེས་འཇམ་དཔལ་བློ་ཤེས་ཉིད་ཀྱིས་ཀྱང་《 ཡིག་དྲུག་གི་དག་ཆ་ལ་དཔྱད་པ།》ལས། [31] “སྔོན་གྱི་ཡིག་རྙིང་གི་དཔེ་དག་པ་རྣམས་དང་། རྡོ་བསྐོས་(བརྐོས)དག་པོ་རྣམས་ལ་བསྐྱར་གཟིགས་ཤིག་གནང་སྟེ” དག་མིན་ཐག་གཅད་དགོས་ཞེས་བཀའ་སློབ་བསྩལ་བྱུང་བས། གཤམ་ནས་དུས་རབས་རིམ་པའི་རིག་དངོས་རྩ་ཆེན་ཁུངས་ཆེན་དག་གི་འདྲ་པར་དང་དེའི་འགྲེལ་བཤད་བཅས་རིམ་པས་བཀོད་དེ། ཨཱོྃ་ལ་འ་འདོགས་དང་། ཨཱོྃ་དང་ཧཱུྃ་ལ་ཟླ་ཚེས། མ་ཎིའི་མཐར་ཧྲཱི༔ཡིག་བྲིས་པ་སོགས་མ་དག་པ་ཡིན་མིན་གྱི་རྣམ་དབྱེ་ཞིབ་ཏུ་བསྟན་པར་བྱ་སྟེ།
དང་པོ། དུས་རབས་བདུན་པའི་སྐབས་ཀྱི་རིག་དངོས་ཀྱིས་དག་པར་སྒྲུབ་པ་ནི།
(འདྲ་པར་ཨང་། ༠༡) བོད་ཡིག་གསར་གཏོད་པ་ཐོན་མི་སམྦྷོཊ་ཁོ་རང་ཉིད་ཀྱིས་དངོས་སུ་བྲིས་པར་གྲགས་པའི་ཁྲ་འབྲུག་མ་ཎི་[32]དང་། བོད་ཡིག་གསར་རྩོམ་གྱི་ཡིག་ཕུད་དུ་རྒྱལ་པོ་སྲོང་བཙན་སྒམ་པོར་ཕུལ་བར་གྲགས་པའི་ཕ་བོང་མ་རུ་ཁའི་མ་ཎི་གཉིས་ཀའི་ཨཱོྃ་ལ་འ་འདོགས་ཡོད་པར་བཤད་ཀྱང་རིག་གསར་སྐབས་སུ་གཏོར་བརླག་ཐེབས་ཏེ་ད་ལྟ་གཉིས་ཀ་དངོས་དེ་བཞུགས་མེད་ཀྱང་། དང་པོ་ཁྲ་འབྲུག་མ་ཎིའི་ཨཱོྃ་ལ་འ་འདོགས་ཡོད་པ་ནི་མཁས་དབང་ཆེན་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་《དུང་དཀར་ཚིག་མཛོད》་ཀྱི་ཁྲ་འབྲུག་ཅེས་པའི་འགྲེལ་བཤད་དུ། “ཕྱི་ཁྱམས་སུ་ཐུ་མི་སམ་བྷོ་ཊས་གསེར་བྲེ་བདུན་གྱིས་བྲིས་གནང་མཛད་པའི་མ་ཎི་ཡིག་དྲུག་ཨོཾ་ལ་རིང་ཆ་ཡོད་ཅིང༌། ཡིག་འབྲུ་རེར་རིང་ཚད་མཐོ་གང་ཙམ་ཡོད་པ་སོགས་གནའ་རབས་ཀྱི་རིག་དངོས་རྩ་ཆེན་ཤིན་ཏུ་མང༌།”ཞེས་གསལ་བོར་གསུངས་ཡོད་པ་དང་། ད་ལྟའང་ཁྲ་འབྲུག་གཙུག་ལག་ཁང་གི་ཉེ་འཁོར་རྣམས་སུ་ཡོད་པའི་མ་ཎིའི་རྡོ་བརྐོས་རྙིང་པ་ཕལ་ཆེ་བ་ཞིག་གི་ཨཱོྃ་ལ་རིང་ཆ་དང་ཟླ་ཚེས་མཇུག་ཏུ་ཧྲི་ཡིག་བཅས་འདུག་ཅིང་། དེ་དག་གི་གདུང་རྒྱུད་ཡར་དེད་ན་ཡང་ཁུངས་ཁྲ་འབྲུག་མ་ཎི་ལ་ཐུག་པས་ཡིན་ནོ་སྙམ་མོ། །གཉིས་པ་ཕ་བོང་ཁའི་མ་ཎིའི་ཨཱོྃ་ལ་རིང་ཆ་ཡོད་པ་ནི་《བོད་ལྗོངས་ནང་བསྟན》ཞེས་པའི་དུས་དེབ་བམ་དུས་དེབ་གཞན་ཞིག་ཏུ་གསལ་བོར་བྲིས་ཡོད་པ་དང་། དངོས་དེ་རིག་གསར་སྐབས་གཏོར་བརླག་ཐེབས་ཞེས་བྲིས་ཡོད་པ་དྲན་ཡུལ་དུ་ཡོད་ཀྱང་དཔེ་ཆ་དེ་ཐེངས་འདིར་ལག་སོན་མ་བྱུང་པས་ཕྱིས་སུ་ཉམས་འཇོག་བྱ་དགོས་པ་དང་། དེའི་ཉེ་འཁོར་གྱི་རྡོ་དང་ཕ་བོང་སོགས་སུ་བརྐོས་པའི་མ་ཎི་རྙིང་པ་རྣམས་ལའང་དཔྱད་དཔོག་གི་རིན་ཐང་ཆེ་ཡང་རེ་ཞིག་དེའི་སྐོར་གྱི་དཔྱད་གཞིའི་རིག་དངོས་བསྡུ་རུབ་བྱ་མ་ཐུབ་བོ། །ད་ལྟ་དེ་གཉིས་ཀྱི་ཚབ་ཏུ་བཞེངས་པའི་ཡིག་དྲུག་གཉིས་ཀ་སྔོན་གྱི་ལྟར་མ་བྱས་པར་ཨོཾ་ལ་རིང་ཆ་མེད་པ་ཞིག་བཞེངས་འདུག་པ་ནི་ཤིན་ཏུ་འཕང་ཆེའོ། །
(འདྲ་པར་ཨང་། ༠༢) འདི་ནི་དགེ་བཤེས་འཇམ་དཔལ་བློ་ཤེས་ཉིད་ཀྱིས་ཀྱང་“འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་རོལ་སྤྲུལ་པའི་ཆོས་རྒྱལ་རིམ་བྱོན”[33] ཞེས་བསྔགས་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་པ་དང་མཉམ་དུ་རང་བྱོན་དུ་དོད་པའི་མ་ཎིའི་པར་རེད། འདི་ལ་ལྷག་པ་བཀྲ་ཤིས་ཀྱིས་བརྩམས་པའི་《མལ་གྲོ་གུང་དཀར་རྫོང་གི་རིག་གནས་ལོ་རྒྱུས།》ཞེས་པ་ལས། “ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་པ་དང་དུས་མཉམ་དུ་ཕོ་བྲང་བྱམས་པ་མི་འགྱུར་གླིང་གི་ཉེ་འགྲམ་དུ་ཆུ་མིག་གཅིག་[34]འཁྲུངས་ཤིང་། ཆུ་མིག་དེའི་ནང་ནས་རྡོ་སྐུ་རིན་པོ་ཆེ་གཅིག་དང་། མ་ཎི་ཡིག་དྲུག་གི་རང་བྱོན་གཅིག་དུས་མཉམ་དུ་འཁྲུངས།” ཞེས་པ་ནས་ “མ་ཎི་ཡིག་དྲུག་གི་རང་བྱོན་དེ་ནི་ད་ལྟ་རྒྱ་མ་ཁྲི་ཁང་ནང་གི་རབ་རྒྱས་དགོན་པའི་ནང་མཇལ་རྒྱུ་ཡོད།”[35] ཅེས་པའི་ཡི་གེ་དྲུག་མ་ཡང་འདི་རེད། འདིའི་ཨཱོྃ་ཡིག་ལ་རིང་ཆ་དང་ཟླ་ཚེས་ལྡན་པར་མ་ཟད་ཧྲི་ཡིག་ཀྱང་ཡོད་མོད། ཧྲི་ཡིག་གི་སྐོར་གཤམ་དུ་ཞར་བྱུང་གི་སྐབས་སུ་འབྲི་བར་འདོད་དོ། །ད་དུང་གནས་འདིར་དུས་རབས་༧་པ་ཙམ་གྱི་ཡིན་པའི་ཨཱོྃ་འ་འདོགས་ཅན་གྱི་མ་ཎིའི་རྡོ་རིང་ཞིག་ཀྱང་མཆིས་མོད་དེའི་སྐོར་ཞར་བྱུང་བདུན་པའི་སྐབས་སུ་(འདྲ་པར་ཨང་། ༣༩)་འདྲ་པར་དང་བཅས་བཀོད་ཡོད་པས་དེར་གཟིགས་ཤིག།
གཉིས་པ། དུས་རབས་བརྒྱད་པའི་སྐབས་ཀྱི་རིག་དངོས་ཀྱིས་དག་པར་སྒྲུབ་པ་ནི།
(འདྲ་པར་ཨང་། ༠༣) འདི་ནི་བསམ་ཡས་མཆིམས་ཕུར་བཞུགས་པའི་བོད་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ཀྱི་ཡིན་པར་གྲགས་པའི་བྲག་བརྐོས་བྱམས་པ་མགོན་པོའི་བརྐོས་བརྙན་དེ་རེད། འདིའི་གཡོན་ཕྲག་གི་སྟེང་ངོས་སུ་ཨཱོྃ་མེ་ཏྲི་ཞེས་པའི་ཨཱོྃ་ཡིག་ལ་འ་འདོགས་ཟླ་ཚེས་དང་བཅས་པ་གསལ་བོར་བཞུགས་སོ། །
འདྲ་པར་ཨང་། ༠༤) འདི་ནི་མཚོ་སྔོན་ཡུལ་ཤུལ་སྐྱེ་རྒུ་མདོའི་ཤར་ལྷོའི་ཕྱོགས་སྤྱི་ལེ་༢༣་ཙམ་ཕྱིན་པའི་ས་སྟེ། འབྲི་ཆུའི་ལུང་ལག་ལེབ་ཁོག་རི་བྱོན་མ་ཎི་ཞེས་པའི་བྲག་སྒང་དེར་བཞུགས་པའི་ཨཱོམ་ཡིག་རིང་ཆ་ཅན་གྱི་པར་ཞིག་རེད། གནས་དེར་དུས་རབས་བརྒྱད་པའི་སྐབས་ཀྱི་ཡིན་མིན་ལ་དོགས་པ་མེད་ཅིང་ཨཱོྃ་ལ་རིང་ཆ་ཡོད་པའི་བྲག་བརྐོས་ཀྱི་ཡི་གེ་དྲུག་མ་ཤིན་ཏུ་མང་པོ་ཞིག་བཞུགས་ཤིང་། ཨཱོཾ་ཡིག་འགའ་ཞིག་ནི་ཨཱོམ་འདི་ལྟ་བུ་མ་ཡིག་རྗེས་འཇུག་གི་ཚུལ་དུ་ཡོད་པའང་མཆིས་སོ། །འདིའི་ཨཱོམ་གྱི་སྟེང་ཟུར་དུ་ནག་ཚེག་ཅིག་འདུག་པ་དེ་ཀླད་ཀོར་ཡིན་ནམ། གལ་ཏེ་འདི་བསམ་བཞིན་དུ་བརྐོས་པ་ཞིག་ཡིན་ན་དཔྱད་པའི་གནས་སུ་མཐོང་ཡང་སྐབས་ཀྱི་བརྗོད་དོན་མི་བོར་བའི་ཕྱིར་རེ་ཞིག་བསྐྱུང་ངོ་། །
(འདྲ་པར་ཨང་། ༠༥) འདི་ནི་ཡུལ་ཤུལ་སྐྱེ་རྒུ་མདོ་ནས་ལྷོ་སྟོད་དུ་སྤྱི་ལེ་༡༣་ཙམ་གྱི་འབིས་ཁོག་ཅེས་པའི་ལུང་ཕྲན་ཞིག་ཏུ། དགེ་སློང་ཡེ་ཤེས་དབྱངས་ཀྱིས་དབུ་ཁྲིད་དེ་བརྐོས་པའི་སྐད་གྲགས་ཅན་གྱི་འབིས་རྣམ་པར་སྣང་མཛད་བྱ་བའི་བྲག་སྐུ་ཆེན་པོ་དེའི་གཡས་བཞི་གཡོན་བརྒྱད་རྣམས་སུ་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་ཀྱི་བྲག་བརྐོས་ཡི་གེ་མཐའ་ཡས་པ་ཞིག་བཞུགས་ཤིང་། དེ་དག་གི་ཁྲོད་ཀྱི་ཨཱོྃ་ལ་འ་འདོགས་ཅན་གྱི་དཔེ་མཚོན་འདྲ་པར་གཅིག་ཡིན། ཀྱེ་མ། གནས་འདི་ནས་ཀྱང་བཙན་པོའི་སྐབས་ཀྱི་བྲག་བརྐོས་ཡི་གེ་མང་དག་ཅིག་གི་སྟེང་དུ་བསམ་བཞིན་ཨོཾ་འ་འདོགས་མེད་པ་གཡག་འདྲ་བ་རེ་བརྐོས་ཏེ་བརླགས་འདུག་ཀྱང་། འདི་ནི་དགེ་བཤེས་ལགས་ཀྱི་གསར་བརྗེ་དང་འབྲེལ་བ་གང་ཡང་མེད་པ་ཤེས་དགོས་ཤིང་། དེར་མ་ཟད་གནའ་བོའི་བྲག་ཡིག་རྩ་ཆེན་རྣམས་གཟོང་གིས་བཞར་བ་དང་། རྡོ་རིང་རྣམས་རྡོས་བརྡུངས་ཏེ་མེད་པར་བཟོ་བའི་གཡོ་སྲོལ་ཞིག་སྔ་མོ་ནས་ཡོད་པར་བཤད་པ་དེས་ཀྱང་མིན་པར་བླུན་པོ་ཞིག་གི་ངང་ཚུལ་ཕྱིར་བསྟན་པ་ཙམ་དུ་ཟད་དོ། །
གསུམ་པ། དུས་རབས་དགུ་པའི་སྐབས་ཀྱི་རིག་དངོས་ཀྱིས་དག་པར་སྒྲུབ་པ་ནི།
(འདྲ་པར་ཨང་། ༠༦) འདི་ནི་ཆབ་མདོའི་དཔའ་ཤོད་རྫོང་གྲོང་ནས་མར་གླིང་ཆུའི་རྒྱུད་དུ་སྤྱི་ལེ་༤་ཙམ་ཕྱིན་སའི་གད་སྟེང་དུ་རྡོ་ལྷ་དགོན་པ་དང་རྡོ་ལྷ་གནས་རི་ཞེས་པ་དེར་བཞུགས་ཤིང་། གནས་རི་འདིའི་ཕ་བོང་རྣམས་ཀྱི་ངོས་སུ་ལྷ་སྐུ་དང་གཟུངས་སྔགས་བརྐོས་ཏེ་བཀང་ཡོད་པས་ན་མིང་ཡང་དེ་ལྟར་ཐོགས་པར་བཤད། འདིར་བཞུགས་རྡོ་བརྐོས་ཡོད་ཚད་དུས་རབས་གཅིག་དང་རྙིང་པ་ཤ་སྟག་མིན་པ་སྨོས་མེད་ཡིན་ལ། དེ་ལས་སྐོར་ཞིག་ནི་དུས་རབས་དགུ་པའི་སྐབས་ཀྱི་ཡིན་པ་རྡོ་ལྷའི་གནས་ཡིག་དང་དགོན་པའི་ལོ་རྒྱུས་སོགས་སུ་གསལ་བར་མ་ཟད། ཡིག་གཟུགས་དང་རྐོས་ཁ་སོགས་ཀྱིས་དཔགས་ནའང་སྐབས་དེ་ཤེད་ཅིག་གི་ཡིན་པ་གོར་མ་ཆག་པ་ཞིག་ཏུ་འདུག་གོ། །དེ་ཡང་འདི་ལ་འདི་འདྲའི་ལོ་རྒྱུས་ཤིག་མཆིས་ཏེ། དུས་རབས་དགུ་པའི་ནང་གླང་དར་མས་བསྟན་པ་སྣུབ་སྐབས་སྐྱེས་ཆེན་འགའ་ཞིག་དབུས་ནས་འདི་ཕྱོགས་སུ་ཉེན་བཤོལ་དུ་ཕེབས་ཤིང་། ཉིན་ཞིག་རྨི་ལམ་དུ་དཔལ་ལྡན་ལྷ་མོས་གནས་ཤིག་ལུང་བསྟན་པས་དེ་འཚོལ་བར་འདིར་སླེབས་པ་ན། གནས་འདི་ལུང་བསྟན་པ་ཇི་བཞིན་དུ་ཡོད་པས་ཁོང་རྣམས་ཀྱིས་འདིར་སྒྲུབ་པ་བཟུང་སྟེ་བཞུགས་ཤིང་ལྷ་སྐུ་དང་ཡི་གེ་འདི་རྣམས་ཀྱང་སྐབས་དེར་བརྐོས་པ་ཡིན་ཞེས་བཤད་དོ། །འདིའི་ཡིག་དྲུག་གི་ཨཱོྃ་ལ་འ་འདོགས་དང་ཟླ་ཚེས་ཡོད་པར་མ་ཟད། སྟེང་དུ་ཨོཾ་ཨཱ་ཧཱུྃ་ཞེས་པ་དང་གཤམ་ཟུར་དུ་ཧྲི༔ཡིག་ཡོད་པ་འདི་ཡང་གནའ་སྔ་མོའི་ཡིན་རྟགས་ཤིག་ཡིན་པ་འོག་ནས་བསྟན་རྩིས་ཡིན་ལ། ད་དུང་འདིའི་ཨཱོྃ་དང་ཧཱུྃ་གི་འ་ཡིག་ལ་ཙ་རྟགས་ལྟ་བུ་ཞིག་ཡོད་པ་དང་། ཎིའི་གི་གུའི་གུག་མཚམས་ཎ་ཡིག་གིས་མས་སྣེར་ཡོད་པ་སོགས་ནི་ཤིན་ཏུ་རྙིང་བའི་རྟགས་ཤིག་ཀྱང་ཡིན་ནོ། །ད་དུང་གནས་འདིར་ཞིབ་འཇུག་བྱ་བ་མཐའ་ཡས་པ་ཞིག་ཡོད་པར་མཐོང་ཡང་ཕྲན་ནི་ལན་གསུམ་ལ་ཐོན་ཡང་བྲེལ་ཚུབས་ཀྱི་མཇལ་སྐོར་ཙམ་ལས་ཡུན་རིང་གི་ཞིབ་འཇུག་བྱ་ཁོམ་མ་བྱུང་ངོ་། །
(འདྲ་པར་ཨང་། ༠༧) འདི་ནི་ཉིང་ཁྲི་རྫོང་གྲོང་ནས་མར་ཡར་ཀླུངས་གཙང་པོའི་རྒྱུད་དུ་སྤྱི་ལེ་༢༠་ཙམ་ཕྱིན་ས་སྟེ་སྨན་རི་ཡུལ་ཤོག་གི་གཡུང་དྲུང་འཛིན་གྲོང་ཚོའི་ཁོངས་སུ་བཞུགས་པའི་《ཀོང་པོ་དེ་མོའི་བཀའ་གཙིགས་བྲག་བརྐོས་མ》་ཡི་ཉེ་འགྲམ་དུ་ཡོད་ཅིང་། མ་ཎི་འདིའི་ཨཱོྃ་ལ་ཡང་འ་འདོགས་དང་ཟླ་ཚེས་མཆིས་སོ། །འདིར་བཞུགས་ཀྱི་བཀའ་གཙིགས་བྲག་བརྐོས་མ་ནི་དུས་རབས་བརྒྱད་པའི་མཇུག་གམ་དགུ་པའི་མགོའི་ཡིན་པར་ལོ་རྒྱུས་ཆེད་ཞིབ་པ་དང་གནའ་དཔྱོད་རིག་པ་བ་དག་གིས་གཅིག་གྱུར་ཏུ་ཐག་བཅད་ཡོད་པ་ཞིག་ཡིན་ལ། འདིའི་ཉེ་འཁོར་རྣམས་སུ་ཡོད་པའི་རྡོ་བརྐོས་མང་པོ་ཞིག་ཀྱང་དུས་རབས་དགུ་པའི་ནང་གི་ཡིན་པར་བཤད་ཅིང་དེ་ལྟ་ན་ཡི་གེ་དྲུག་མ་འདི་ཡང་སྐབས་དེ་ཤེད་ཅིག་གི་ཡིན་སྲིད་སྙམ་ཏེ་འདིར་དཔྱད་གཞིར་བཀོད་པ་ཡིན་ནོ། །
(འདྲ་པར་ཨང་། ༠༨) འདི་ནི་རྒྱལ་པོ་གྲི་གུམ་བཙན་པོའི་ཕོ་བྲང་ཉང་རོ་ཤམ་པོ་རྩེ་དགུའི་གཤམ་ཟུར་དུ་ཡོད་པའི་རྩེ་ཆེན་དགོན་པར་བཞུགས་ཤིང་། འདི་ལ་ད་སྔོན་སུས་ཀྱང་ཞིབ་འཇུག་བྱས་ཏེ་དཔྱད་རྩོམ་སོགས་བྲིས་ཡོད་པ་མ་མཐོང་ཡང་། འདིའི་དབུ་ཁྱུད་དང་ཚེག་གི་དབྱིབས་དང་། ནོར་བུ་སུམ་ཚུགས་ཀྱི་འབྲི་སྟངས། ན་རོ་དང་འགྲེང་བུ་འདོགས་ལུགས་སོགས་ཀྱིས་གཞིགས་ན་དུས་རབས་དགུ་པ་ཙམ་གྱི་ལོས་ཡིན་སྙམ་པ་ཞིག་འདུག་སྟེ་གནའ་དཔྱོད་པ་དག་གིས་ཞིབ་པར་དཔྱད་འཚལ་ལོ། །
བཞི་པ། དུས་རབས་བཅུ་པའི་སྐབས་ཀྱི་རིག་དངོས་ཀྱིས་དག་པར་སྒྲུབ་པ་ནི།
(འདྲ་པར་ཨང་། ༠༩) འདི་ནི་“བྲག་ཡེར་པའི་མ་ཎི་རང་བྱོན”ཞེས་བོད་ཁམས་ཡོངས་ལ་གྲགས་ཆེ་བ་དེའི་འདྲ་པར་རེད། འདིའི་ཨཱོྃ་ལ་འ་འདོགས་ཡོད་པར་མ་ཟད་མཇུག་ཏུ་ཧྲཱི་ཡིག་ཀྱང་ཡོད་པ་ཞིག་ཀྱང་ཡིན་མོད་རིག་གསར་སྐབས་ཆག་སྐྱོན་བྱུང་སྟེ་ད་ལྟ་ཨཱོཾ་དང་ཧྲཱི་ཡིག་ལས་གཞན་དག་ཆག་དུམ་ཙམ་ལས་ལྷག་མི་འདུག་ལ། ཨཱོཾ་ཡིག་ལས་གཞན་དག་ད་ལྟ་མཇལ་ཁའང་འཇོག་གིན་མི་འདུག་གོ། །འདི་ནི་ངག་རྒྱུན་དུ་གླང་དར་མས་བསྟན་པ་བསྣུབས་ཏེ་ཡེར་པ་ལྷ་རིའི་སྒང་ལ་རྒན་མོ་ལོང་བ་ཞིག་ལ་བུ་མོ་ལྐུགས་པ་ཞིག་ལས་ཅི་ཡང་མེད་པར་གྱུར་པ་དང་། ཁོ་གཉིས་ལ་ར་དཀར་མོ་ཞིག་ཡོད་པ་ཉིན་ལྟར་བོར་བརླག་ཏུ་གྱུར་པ་རྟག་པར་གྲོག་ཤུར་ཞིག་གི་ནང་ནས་རྙེད་ཀྱིན་ཡོད་པ་དང་། ཉིན་ཞིག་བུ་མོས་ལྐོག་ཏུ་བལྟས་པས་ར་མོས་རྡོ་ལེབ་ཅིག་གི་ངོས་སུ་འོ་མ་གཏོར་གྱིན་ཡོད་པ་མཐོང་། བུ་མོ་གམ་དུ་ཕྱིན་ཏེ་བལྟས་པས་རྡོ་ལེབ་ནག་པོའི་ངོས་སུ་རྡོ་དཀར་གྱི་ཡི་གེ་དྲུག་མ་རང་བྱོན་དུ་ཡོད་པ་མཐོང་ཞིང་དེའི་ངོས་ཀྱི་འོ་མ་རྣམས་ལྕེས་བལྡགས་པས་དེ་མ་ཐག་ངག་གྲོལ། རྡོ་ལེབ་དེ་ཁྱེར་ཞིང་ར་མ་དེད་དེ་ཕྱིར་ཁྱིམ་དུ་ལོག་ཏེ་མ་ལ་ཕུལ་ཞིང་མིག་ལ་གླན་པས་མས་ཀྱང་མིག་གིས་མཐོངས་སོ། །དེ་ནས་རེ་ཞིག་བར་ཁོང་གཉིས་ཀྱིས་མཆོད་པའི་རྟེན་དུ་བཞག་ཅིང་། ཕྱིས་ཀླུ་མེས་ལ་ཕུལ་བས་བྲག་ཡེར་པའི་མ་ཎི་རང་བྱོན་དུ་གྲགས་ཤིང་བྲག་ཡེར་པའི་རྟེན་གྱི་གཙོ་བོར་བཟུང་ངོ་། །ཞེས་གྲགས་སོ། །གཏམ་རྒྱུད་འདིས་ཚོད་དཔག་བྱས་ན་དུས་རབས་བཅུ་པའི་མཇུག་ཙམ་གྱི་ཡིན་པར་མཐོང་ཞིང་བཙན་པོའི་《འཛམ་གླིང་རྒྱས་བཤད》་སོགས་ལོ་རྒྱུས་དང་གནས་ཡིག་མང་པོ་ཞིག་ཏུ་འདི་འཁོད་ཡོད་དོ། །
ལྔ་པ། དུས་རབས་བཅུ་གཅིག་པའི་སྐབས་ཀྱི་རིག་དངོས་ཀྱིས་དག་པར་སྒྲུབ་པ་ནི།
(འདྲ་པར་ཨང་། ༡༠) རྡོ་སྐུ་འདི་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་《གཏམ་རྒྱུད་གསེར་གྱི་ཐང་མ》 རུ་ཁོང་དང་པཎྜི་ཏ་ར་ཧུ་ལ་གཉིས་ཀྱིས་འཕན་ཡུལ་རྒྱལ་ལྷ་ཁང་དུ་རྒྱ་གར་གྱི་བཟོ་ལུགས་འཁྲུལ་མེད་ཀྱི་བྱམས་པ་གཙོ་འཁོར་གསུམ་གྱི་རྡོ་སྐུ་མི་ཚད་ལོང་ཙམ་ཞིག་མཇལ་ཞིང་། “ཞུགས་མེ་བཏེགས་ནས་ཞིབ་ཏུ་བལྟས་པས། རྒྱབ་ཡོལ་ལ། མཆོད་གནས་དམ་པ་བྱམས་པའི་སྐུ་གཟུགས་འདི། །ཡོན་བདག་དམ་པ་གཙང་རྡོ་དཀོན་བརྩེགས་ཀྱིས། །གནས་ཀྱི་དམ་པར་རྒྱལ་མཚན་བཙུགས་པ་འདིར། །འབྲས་བུ་དམ་པ་བྱང་ཆུབ་མཆོག་ཐོབ་ཤོག །ཨཱོཾ་མེ་ཧ་ར་ན་ཧཱུཾ། བྱ་བ་འདུག། དེས་ན་སྐུ་དེ་བོད་དུ་རྒྱ་གར་གྱི་བཟོ་བོ་ཞིག་གིས་བཞེངས་པ་འདྲ།” ཞེས་པ་ནས་ “ཨཱོྃ་ལ་རིང་ཆ་བྲིས་པ་ ”[36] ཞེས་གསུངས་པའི་རྡོ་སྐུ་དང་དེའི་རྒྱབ་ཡོལ་ངོས་སུ་ཡོད་པའི་ཨཱོྃ་རིང་ཆ་ཅན་དེའི་འདྲ་པར་ཡིན་པ་དང་། ངོ་མཚར་བ་ཞིག་ལ་ཧུྃང་འདི་འདྲ་ཞིག་བྲིས་འདུག། ཅིག་བྱས་ན་གནའ་བོའི་དུས་སུ་ང་ཡིག་རྗེས་འཇུག་གི་ཚུལ་དུ་བྲིས་ཡོད་པ་དང་། སྟེང་དུ་ཡོད་པའི་ཟླ་ཚེས་དང་ཀླད་ཀོར་དེ་སྐུ་དང་ཡེ་ཤེས་སོགས་ཅི་ཞིག་མཚོན་བྱེད་དུ་བྲིས་པ་ཞིག་ལས་ང་རོ་མིན་པ་དང་། ཕྱིས་སུ་རྗེས་འཇུག་ཏུ་སྦྱར་བའི་ང་ཡིག་ཀླད་ཀོར་གྱིས་འོང་བར་བྱས་པ་ཞིག་ཡིན་ཡང་སྲིད་ཅིང་། འདི་ལྟར་ད་ལྟའང་འབྲི་བཞིན་ཡོད་ན་མ་ཎིའི་ཧཱུྃ་ཡིག་ཧཱུང་དང་ཧཱུམ་གང་ཀློག་གི་རྩོད་པ་འོང་སྟངས་མེད་དོ། །འདི་ནས་ཞིབ་མོར་བྱ་དགོས་པ་ཞིག་ལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་《གཏམ་རྒྱུད་གསེར་ཐང》དུ། “ཨཱོཾ་མེ་ཧ་ར་ན་ཧཱུཾ།”ཞེས་ཧ་ལ་འ་འདོགས་མེད་ཅིང་ཧཱུཾ་ལ་ཡོད་པ་དང་། ཟླ་ཚེས་དང་རྗེས་འཇུག་གི་ང་ཡིག་མེད་པ་ཞིག་བཤུ་ཕབ་བྱས་ཡོད་པ་དང་། ཤ་བོ་མཁའ་བྱམས་ཀྱིས་《འཕན་ཡུལ་རྒྱལ་ལྷ་ཁང་ནས་བུད་པའི་རྡོ་སྐུ་ལས་འཕྲོས་ཏེ་འབྲེལ་ཡོད་གནས་ཚུལ་སྐོར་གླེང་བ》་[37] ཞེས་པར། “ཨཱོ་མེ་ཧ་ར་ན་ཧཱུཾ།”ཞེས་གཞན་དག་གསེར་ཐང་ཅི་བཞིན་ལ་ཨཱོཾ་ལ་ཀླད་ཀོར་མེད་པ་ཞིག་ཕབ་འདུག་ཀྱང་། ཕབ་གཞི་རྡོ་སྐུ་དངོས་ཀྱི་ངོས་སུ་“ཨཱོཾ་མེ་ཧཱ་ར་ན་ཧུྃང་”ཞེས་ཡོད་པས་ཁོང་གཉིས་ཀྱིས་ཅིའི་ཕྱིར་ཅི་བཞིན་དུ་མ་ཕབ་པ་ཡིན་ནམ། ཡང་ན་དཔེ་སྐྲུན་པས་ཡིག་སྐྱོན་ཤོར་བ་ཡིན། ཡང་ན་མ་ཧཱ་ཡི་འ་འདོགས་དེ་གསལ་ཁ་བཏོད་མཁན་གྱིས་འོལ་ཚོད་དུ་བསྣན་པ་ཡིན་ནམ་ཅི་སླར་ཡང་རྡོ་སྐུ་དངོས་ལ་མཇལ་བའི་སྐབས་སུ་ཞིབ་མོར་བལྟ་བར་བྱའོ། །འདྲ་པར་འདིའི་ངོས་སུ་མེ་ཧཱ་ལ་མ་ཧཱ་ཞེས་མ་ལ་འགྲེང་བུ་མེད་པ་ཞིག་བྲིས་པ་ནི་ཚོན་གྱིས་གསལ་ཁ་བཏོད་མཁན་གྱིས་ཞིབ་མོར་མ་བྱས་པ་ལས་འགྲེང་བུ་ཡོད་པ་འདྲ་པར་གྱི་སྟེང་ནས་ཀྱང་གསལ་བོར་མཐོང་ངོ་། །འཕན་པོ་རྒྱལ་ལྷ་ཁང་འདི་དུས་རབས་བཅུ་གཅིག་པའི་དུས་མགོར་བསྟན་པའི་མེ་རོ་སྨད་ནས་གསོ་མཁན་གྱི་གཙོ་གྲས་ཀླུ་མེས་ཀྱི་སློབ་མ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་བཞེངས་པ་ཡིན་ལ། རྡོ་སྐུ་ཡང་ཤ་བོ་མཁའ་བྱམས་ཀྱིས་[38] “རྡོ་སྐུའི་དུས་ཚོད་དུས་རབས་བཅུ་གཅིག་པར་བཞག་ཆོག་པ་ཞིག་རེད”ཅེས་བཤད་དོ། །
(འདྲ་པར་ཨང་། ༡༡) འདི་ནི་རྭ་སྒྲེང་དགོན་པའི་ནང་རྟེན་དུ་བཞུགས་པའི་མ་ཎི་རང་བྱོན་གྱི་འདྲ་པར་ཡིན་ལ། འདིའི་ཨཱོཾ་ཡིག་ལ་ཡང་འ་འདོགས་ཡོད་པ་དང་། འདིའི་ལོ་ཚོད་གསལ་བོར་མ་ཤེས་ཀྱང་སྔོན་གྱི་བཀའ་གདམས་པའི་སྐབས་ཀྱི་ནང་རྟེན་གྱི་གྲས་ཀྱི་ཡིན་པར་སྒོ་གཉེར་གྱིས་ངོ་སྤྲོད་གནང་བས། དེ་ལྟར་ན་དུས་རབས་བཅུ་གཅིག་པའམ་བཅུ་གཉིས་པ་ཡས་མས་ཀྱི་ཡིན་སྲིད་དོ། ། དེ་མིན་(འདྲ་པར་ཨང་། ༡༢)་འདྲ་པར་གཉིས་པ་ལྟ་བུ་སོགས་རྭ་སྒྲེང་དགོན་པའི་ཉེ་འཁོར་དུ་མ་ཎིའི་རྡོ་བརྐོས་རྙིང་པ་ཤིན་ཏུ་མང་པོ་ཞིག་བཞུགས་ཤིང་དེ་དག་ལས་ཕལ་མོ་ཆེ་ཞིག་གི་ཨཱོཾ་ལ་འ་འདོགས་ཡོད་པར་མ་ཟད་ཧྲཱི་ཡིག་ཀྱང་འདུག་གོ། །
དྲུག་པ། དུས་རབས་བཅུ་གཉིས་པའི་སྐབས་ཀྱི་རིག་དངོས་ཀྱིས་དག་པར་སྒྲུབ་པ་ནི།
(འདྲ་པར་ཨང་། ༡༣) གྱོ་ལེབ་ངོས་སུ་པར་བའི་མ་ཎི་འདི་ནི་རྒྱ་མའི་ལྷ་ཁང་ཆེན་མོ་སྤྱི་ལོ་༡༥༣༦་ལོར་མེས་ཚིག་པའི་གནའ་ཤུལ་གྱི་ས་འོག་ནས་ཐོན་ཞིང་། ད་ལྟ་རྒྱ་མ་ཁྲི་ཁང་ངམ་ཧོར་ཁང་གཞིས་ཀའི་ར་ནང་དུ་ཡོད་པའི་ཆོས་ཁང་རབ་རྒྱས་གླིང་གི་ལྷ་ཁང་རྙིང་བར་བཞུགས། འདིའི་ཨཱོཾ་ཡིག་ལ་འ་འདོགས་ཡོད་ཅིང་ཨཱོཾ་ཀྱི་ཀླད་ཀོར་དེ་ཐིག་ཚེག་ཅིག་ལས་ཐིག་ལེ་ཁོང་གསེང་ཞིག་མིན་ལ། འདི་དང་འདྲ་བར་བྲག་ཡེར་པའི་མ་ཎི་རང་བྱོན་གྱི་ཨཱོཾ་དང་། རྒྱལ་ལྷ་ཁང་གི་བྱམས་སྐུའི་རྒྱབ་ཡོལ་ངོས་ཀྱི་ཨཱོཾ་ཡིག་དང་ཧུཾང་ཡིག་བཅས་ཀྱི་ཀླད་ཀོར་ཡང་ཐིག་ལེ་ཁ་བསུམས་ཤིག་ཡིན་པ་འདི་ཡང་དཔྱད་རིན་ཡོད་པ་ཞིག་གོ། །རྒྱ་མའི་ལྷ་ཁང་ཆེན་མོ་ནི་སྤྱི་ལོ་༡༡༨༢་ལོར་འགྲོ་མགོན་སངས་རྒྱས་དབོན་གྱིས་བཞེངས་པར་བཤད་ཅིང་དེ་ལྟར་ན་ཚ་ཚ་འདི་དག་ཀྱང་དུས་རབས་བཅུ་གཉིས་པའི་མཇུག་ཙམ་གྱི་ཡིན་དགོས་ཀྱང་། ཧོར་ཁང་བྱམས་པ་བསྟན་དར་གྱིས་བརྩམས་པའི་《རྒྱ་མའི་ལྷ་ཁང་ཆེན་མོའི་གནའ་ཤུལ་ནས་འདོན་པའི་བཀའ་གདམས་དུས་ཀྱི་ཚ་ཚའི་སྐོར་གྱི་ངོ་སྤྲོད་མདོར་བསྡུས།》 [39] ལས། “ཕྱག་ཚྭ་དེ་དག་ནི་ཇོ་བོ་རྗེ་དང་། དགྱེར་སྒོམ་པ། སངས་རྒྱས་དབོན་སྟོན་སོགས་ཀྱི་རབས་གནས་ཕོག་པའི་བྱིན་ཅན་རྩ་ཆེ་ཤ་སྟག་ཡིན་པར་སྣང་། ཁོ་བོའི་བསམ་པར་དེང་གི་དུས་སུ་ཕྱག་ཚྭ་དེ་ཚོའི་སྟེང་ནས་ལོ་ངོ་དགུ་བརྒྱ་ཙམ་གྱི་གོང་གི་བོད་ཀྱི་ཆོས་ལུགས། རིག་གནས། ལོ་རྒྱུས། བཟོ་རྩལ་སོགས་གང་ཅིར་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད་དོ། །”ཞེས་གསུངས་པ་དང་། ཚ་ཚ་འདི་དག་དང་ཆ་འདྲ་བ་ཞིག་མངའ་རིས་རྩ་མདའི་མ་ནམ་གྲོང་པ་ནས་ཀྱང་ཐོན་ཡོད་པས་ཅིག་བྱས་ན་ཚ་ཚ་འདི་དག་དུས་རབས་བཅུ་གཅིག་པ་སྟེ་ཇོ་བོ་རྗེ་ཨ་ཏི་ཤའི་སྐབས་ཀྱི་ཡིན་སྲིད་དོ། །
(འདྲ་པར་ཨང་། ༡༤) འདི་ནི་བྱང་གི་གནམ་མཚོའི་བཀྲ་ཤིས་དོའི་བྲག་ཕུག་དག་ཏུ་ཡོད་པའི་མཚལ་བྲིས་མ་ཎིའི་པར་རེད། འདིའི་མ་ཎིའི་ཨཱོྃ་ཡང་འ་འདོགས་དང་མཇུག་ཏུ་ཧྲིཿ ཡིག་བཅས་ཡོད་པ་དང་། ཕུག་པ་འདི་དག་གི་ནང་དུ་ཡོད་པའི་སྲོག་ཆགས་ཀྱི་རི་མོ་སྐོར་ཞིག་ནི་ལོ་ཆིག་སྟོང་སྔོན་གྱི་ཡིན་པར་བཤད་ཀྱང་། འདིར་ཡོད་ཀྱི་ཡི་གེ་དང་རི་མོ་མཐའ་དག་དུས་རབས་གཅིག་གི་མིན་ཡང་། ཁྲི་སྤེལ་པ་སངས་ཚེ་རིང་གིས་བརྩམས་པའི་《 གནམ་མཚོའི་མཐའ་འཁོར་ཕུག་པའི་བྲག་བརྐོས་རི་མོའི་ཁྲོད་གསལ་བའི་ཡིག་འབྲུ་ཨའི་སྐོར་གྱི་དོགས་དཔྱོད་ཐོར་བུ།》ལས། “གནམ་མཚོའི་མཐའ་འཁོར་གྱི་ཕུག་པ་ཁག་ནང་འཁོད་པའི་ཡིག་འབྲུ་ཨ་འབྲི་བའི་ལོ་རབས་ནི་ཇི་ལྟར་སྔ་ཡང་དུས་རབས་༡༡་གོང་དུ་མིན་པ་མདུན་གྱི་དབྱེ་ཞིབ་ལས་རགས་ཙམ་ཤེས་ནུས་སོ། །” [40] ཞེས་པ་ལྟར་ན་མ་ཎི་འདི་དག་ཀྱང་ཨ་ཡིག་དེ་དག་དང་དུས་མཉམ་པའམ་དེ་ལས་འཕྱི་ཙམ་ཡིན་སྲིད་པས་ཕལ་ཆེར་དུས་རབས་བཅུ་གཉིས་པ་ཙམ་གྱི་ཡིན་ཞེས་ཚོད་དཔོག་བྱ་ཆོག་སྙམ་མོ། །
བདུན་པ། དུས་རབས་བཅུ་གསུམ་པའི་སྐབས་ཀྱི་རིག་དངོས་ཀྱིས་དག་པར་སྒྲུབ་པ་ནི།
(འདྲ་པར་ཨང་། ༡༥) འདི་ནི་ཀན་སུའུ་ཀ་ཆུ་ཧེའུ་རིགས་རང་སྐྱོང་ཁུལ་ཡོང་ཆིན་རྫོང་(永靖县)ནས་ལྷོ་ནུབ་ཏུ་སྤྱི་ལེ་༤༠་ཙམ་གྱི་རྨ་ཆུའི་འགྲམ་གྱི་བྲག་སྐྱིབས་སུ་ཡོད་པའི་བྱམས་པ་འབུམ་གླིང་(炳灵寺)་གི་བྲག་ལྡེབས་ཤིག་ཏུ་བྲིས་ཡོད་པའི་མ་ཎིའི་འདྲ་པར་རེད། འདིའི་ངོས་སུ་ཁྱོན་མ་ཎི་ཚར་གསུམ་ཡོད་པ་ལས་གཅིག་ལ་ཧྲཱི་ཡིག་ཡོད་ཅིང་གཉིས་ལ་མེད་པ་དང་། ཨཱོཾ་གཉིས་ལ་རིང་ཆ་འདུག་ལ་གཅིག་ཞལ་བ་གོག་ཏེ་མི་གསལ་བར་གྱུར་འདུག། འདིའི་ཡིག་གཟུགས་འབྲི་རྩལ་གྱི་ཆ་ནས་ཡིག་མཁན་ཞིག་གིས་བྲིས་པའི་ཟོ་ལྟ་མི་འདུག་ཀྱང་། དབུ་ཁྱུད་འབྲི་ལུགས་ཤིན་ཏུ་སྔ་དུས་ལྟར་ཡིན་པ་དང་། ལྷག་པར་དུ་མ་ཎིའི་མཇུག་ཏུ་ཧྲི་ཡིག་དང་གཤམ་དུ་ཨོཾ་ཨཱ་ཧཱུྃ་བྲིས་ཡོད་པ་ནི་སྣར་ཐང་དགོན་པའི་ནང་རྟེན་གྱི་གྲས་སུ་བཞུགས་པའི་“སྤྱན་རས་གཟིགས་ཀྱི་གཟུངས་རང་བྱོན”དང་། སྲོང་བཙན་སྒམ་པོའི་བང་སོའི་སྟེང་དུ་བཙུགས་ཡོད་པའི་མ་ཎིའི་རྡོ་རིང་སོགས་དང་ཤིན་ཏུ་འདྲ་ཆེ་བས་ཞིབ་འཇུག་གི་རིན་ཐང་ཆེ་བར་མཐོང་ངོ་། །
(འདྲ་པར་ཨང་། ༡༦) འདི་ནི་སྤོ་བོའི་ཁོག་སུམ་འཛོམས་གྲོང་རྡལ་ཁོངས་ཀྱི་མདོང་ཝ་འབོད་ཆུ་ཞེས་པའི་ཆུ་མིག་གྲགས་ཆེན་དེའི་ཡས་ཀླད་ཀྱི་བྲག་ལྡེབས་སུ་ཡོད་པའི་མ་ཎི་རང་བྱོན་དུ་གྲགས་པ་དེ་རེད། སྤྱིར་བོད་ཁམས་ཀྱི་རང་བྱོན་དུ་གྲགས་པ་ཡོད་ཚད་རང་བྱོན་ཡིན་པའི་ངེས་པ་མེད་མོད། རང་བྱོན་དུ་གྲགས་པ་གང་ཡིན་ཡང་རྙིང་པ་ཡིན་ངེས་རེད། སྤྱིར་བྲག་ལྡེབས་འདིའི་ངོས་སུ་མཆོད་རྟེན་དཀར་ནག་དམར་གསུམ་༡༢་དང་། དུང་དཀར་དང་། མེ་ཏོག་གི་རི་མོ། འགྲོ་མགོན་ཆོས་རྒྱལ་འཕགས་པས་བཟོས་པའི་སོག་ཡིག་སོགས་བྲིས་ཡོད་པས་དཔགས་ན་མ་ཎི་རང་བྱོན་འདི་ཡང་དེ་དག་དང་དུས་མཉམ་པ་སྟེ། ས་སྐྱ་པའི་སྐབས་སམ་དུས་རབས་བཅུ་གསུམ་པའི་སྐབས་ཀྱི་ཡིན་སྲིད་པ་ཞིག་རེད། འོན་ཀྱང་འདི་དང་ཐག་ཉེ་བར་དུས་རབས་བདུན་པར་བཞེངས་པའི་ཚངས་པ་རླུང་གནོན་གྱི་ལྷ་ཁང་བཞིའི་ཡ་གྱལ་དུ་གྲགས་པ་མདོང་ཆུ་ཁ་བ་ལྷ་ཁང་ཞེས་པ་ཡོད་པས་དེ་ལས་ཀྱང་སྔ་བའི་རིག་དངོས་ཤིག་ཡིན་ཡང་སྲིད་དོ། །
བརྒྱད་པ། དུས་རབས་བཅུ་བཞི་པའི་སྐབས་ཀྱི་རིག་དངོས་ཀྱིས་དག་པར་སྒྲུབ་པ་ནི། (འདྲ་པར་ཨང་། ༡༧) འདི་ནི་བོ་དོང་པཎ་ཆེན་གྱི་གདན་སའི་ས་འོག་ནས་ཐོན་པའི་འཇིམ་པར་པར་བའི་མ་ཎིའི་འཇིམ་ཚ་ཞིག་རེད། འདིའི་ངོས་ཀྱི་མ་ཎིའི་ཨཱོཾ་ལ་ཡང་འ་འདོགས་མཆིས་སོ། །འཇིམ་ཚ་འདི་དུས་ནམ་ཞིག་གི་ཡིན་ཁ་ཚོན་གཅོད་དཀའ་ཡང་གལ་ཏེ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཁོང་གི་སྐུ་དུས་ཀྱི་ཡིན་སྲིད་ན་དུས་རབས་བཅུ་བཞི་པའི་སྨད་དམ་བཅོ་ལྔ་པའི་སྟོད་ཀྱི་ཡིན་དགོས་སོ། །ད་དུང་བོ་དོང་དགོན་པའི་ཉེ་འགྲམ་གྱི་གཡུ་ཐོག་གྲོང་བར་དང་། དེའི་རི་ངོས་སོགས་སུ་ཨཱོཾ་འ་འདོགས་ཅན་གྱི་རྡོ་བརྐོས་གསར་རྙིང་མང་པོ་ཞིག་མཐོང་བས་ཨཱོྃ་འ་འདོགས་ཅན་ནི་མ་དག་པའོ་ཞེས་བརྗོད་སླ་བ་ཞིག་མིན་པར་མཐོང་ངོ་། །
དགུ་པ། དུས་རབས་བཅོ་ལྔ་པའི་སྐབས་ཀྱི་རིག་དངོས་ཀྱིས་དག་པར་སྒྲུབ་པ་ནི།
(འདྲ་པར་ཨང་། ༡༨) འདི་ནི་སྣར་ཐང་དགོན་པའི་ནང་རྟེན་དུ་བཞུགས་པའི་རྒྱལ་བ་དགེ་འདུན་གྲུབ་ཀྱིས་ཕྱག་བཟོས་མ་ཎི་ཡིན་ལ། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་སྤྱི་ལོ་༡༣༩༡-༡༤༧༤་ཡིན་པས་མ་ཎི་འདི་ཡང་དུས་རབས་བཅོ་ལྔ་པའི་སྐབས་ཀྱི་ཡིན་དགོས་སོ། །འདིས་ནི་ཨཱོྃ་འ་འདོགས་དང་ཟླ་ཚེས་ཅན་དེ་རྙིང་མ་པའི་མ་ཎི་ཁོ་ན་མ་ཡིན་པ་གསལ་བོར་བསྟན་འདུག་པས། དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་“འོན་ཀྱང་རང་གིས་ནི་རྙིང་མའི་ལུགས་ཡིན་པའི་རྒྱུ་མཚན་གྱིས་འ་འདོགས་མི་རུང་ཞེས་པ་གཏན་ནས་མིན། གཙོ་བོ་རྒྱུ་མཚན་ཡོད་མེད་ལ་བལྟ་དགོས་པ་རེད།”ཅེས་གསུངས་ལ་དེ་ལྟར་གསུང་ཡང་དགོས་ངེས་སོ། །སྣར་ཐང་ལོ་ཙཱ་བ་ཁོང་དང་ས་ཆ་གཅིག་དང་སྐུ་ཐོག་གཅིག་ཏུ་བྱོན་པའི་རྒྱལ་བ་དགེ་འདུན་གྲུབ་ཀྱིས་ཀྱང་སྔགས་བཀླག་ཐབས་ལྟར་མ་བྱས་པར་མ་ཎིའི་ཨཱོྃ་ལ་རིང་ཆ་བཏགས་ཤིང་། སྣར་ཐང་ལོ་ཙ་བ་རང་གི་དགོན་པས་ཀྱང་འདི་ནི་ངེད་ཚང་གི་ལོ་ཙཱ་བའི་དགོངས་པ་དང་མི་མཐུན་པས་མ་དག་པའོ་ཞེས་ཐུར་དུ་མ་འཕངས་ཤིང་གཟོང་གིས་མ་བཞར་པར་ཁ་བྱང་བརྒྱབ་ཏེ་གལ་ཆེན་རྩ་ཆེན་དུ་བརྩིས་ནས་ནང་རྟེན་དུ་ཉར་འདུག་གོ། །
(འདྲ་པར་ཨང་། ༡༩) འདི་ནི་སྣར་ཐང་དགོན་པའི་ནང་རྟེན་དུ་བཞུགས་པའི་“སྤྱན་རས་གཟིགས་ཀྱི་གཟུངས་རང་བྱོན”ཞེས་པ་དེའི་འདྲ་པར་རེད། འདིའི་ཡིག་གཟུགས་དང་། ཐིག་ལེ། ཚེག། དབུ་ཁྱུད་སོགས་ཀྱིས་དཔགས་ན་ཤིན་ཏུ་སྔ་མོ་ཞིག་གི་ཡིན་པར་མཐོང་ཡང་དུས་རབས་འདིའི་ནང་གི་རེད་ཅེས་བཤད་ཐག་ཆོད་མ་སོང་། ལྷ་གཉེར་ལ་བཀའ་འདྲི་ཞུས་ཀྱང་སྔོན་གྱི་སྣར་ཐང་དགོན་པའི་རྟེན་རྙིང་གི་གྲས་ཀྱི་རེད་ཅེས་པ་ཙམ་ལས་གསལ་ཁ་མ་བྱུང་། འདིའི་ཨཱོྃ་ལ་འ་འདོགས་ཟླ་ཚེས་བཅས་པ་ཡོད་པར་མ་ཟད། གཤམ་དུ་ཨཱོྃ་ཨཾ་ཧཱུྃ་ཧྲིཿ ཞེས་བྲིས་འདུག། འདི་ལྟར་ཧྲི་ཡིག་དང་ཉེ་འཁོར་དུ་ཨཱོྃ་ཨཱ་ཧཱུྃ་བྲིས་ཡོད་པའི་མ་ཎི་རྙིང་པ་སྐོར་ཞིག་མཇལ་རྒྱུ་བྱུང་བས། མ་ཎི་ཧྲཱི་ཡིག་ཅན་དང་ཨོྃ་ཨཱ་ཧཱུྃ་ཅན་མ་དག་པའོ་ཞེས་ལས་སླ་བོས་བཤད་ཆོག་པ་ཞིག་མིན་པར་མཐོང་ངོ་། །
(འདྲ་པར་ཨང་། ༢༠) འདི་ཡང་སྣར་ཐང་དགོན་པའི་ནང་རྟེན་གྲས་སུ་ཡོད་པའི་པང་ལེབ་ངོས་སུ་འབུར་དོད་དུ་བརྐོས་པའི་མ་ཎི་ཨཱོཾ་འ་འདོགས་ཅན་གྱི་རིག་དངོས་རྙིང་པ་ཞིག་རེད། དེ་དག་ལས་གཞན་དུ་སྣར་ཐང་དགོན་པའི་ཉེ་འཁོར་རྣམས་སུ་ཨཱོཾ་འ་འདོགས་ཅན་ཀྱི་རྡོ་བརྐོས་གསར་རྙིང་ཇི་སྙེད་ཅིག་ཡོད་པ་མཐོང་བས། སྣར་ཐང་ལོ་ཙཱ་བས་“འགྲེང་བུ་ན་རོ་ཡོད་གྱུར་ན། །རིང་བོ་ཉིད་ཕྱིར་འ་འདོགས་འཁྲུལ། །”ཞེས་གསུངས་པ་ནི། ཁོང་གི་སྐུ་དུས་ནས་ད་ལྟའི་བར་གྱི་མཁས་བླུན་གཉིས་ཀས་ཁས་མི་ལེན་པའམ་ལག་ལེན་དུ་བསྟར་མེད་པ་མངོན་གསལ་རེད། དེ་བས་“རྫ་ཆུ་ཁའི་མཁས་དབང་དང་སྒྲ་མཁན་དང་རྡོ་བརྐོ་བ་རྣམས་ཀྱིས་ལན་ཞིག་ཐོབ”དང་ལས་སླ་བར་མ་ཟད། “བླུན་པོའི་ངག་སྒྲོས་ཙམ་ལ་ཡིད་ཆེས”བྱས་པ་ཞིག་དང་། “གཟུངས་སྔགས་ཁྱད་པར་ཅན་བཅོས་སླད་ཅན”བྱས་པ་ཞིག་ཀྱང་མ་རེད། ཨཱོྃ་ལ་འ་འདོགས་དང་ཟླ་ཚེས་བཞག་པས་“གཟུངས་སྔགས་ཀྱི་ནུས་པ་ཉམས་པར་འགྱུར་བའི”སེམས་ཁུར་དང་། གཡམ་རྒྱུག་གིས་ཨཱོྃ་གྱི་འ་འདོགས་བཞར་བའི་ལས་མཚམས་ཀྱང་བཞག་ཆོག་འདུག་གོ། །
(འདྲ་པར་ཨང་། ༢༡) འདི་ནི་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་ནང་རྟེན་དུ་བཞུགས་པའི་མ་ཎི་རྡོ་བརྐོས་ཀྱི་པར་ཡིན་ལ། ལྷ་ཁང་འདི་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་ཞལ་བཀོད་མཛད་དེ་བཞེངས་པར་གྲགས་ཤིང་དེ་ལྟར་ན་དུས་རབས་བཅོ་ལྔ་པའི་ནང་གི་ཡིན་དགོས་མོད། མ་ཎི་རྡོ་བརྐོས་འདི་སྐབས་དེའི་ཡིན་མིན་མ་ཤེས་པས་དཔྱད་གཞི་ཙམ་དུ་སྐབས་འདིར་བཀོད་པ་ཡིན། འདིའི་ཨཱོཾ་ལ་ཡང་འ་འདོགས་དང་མཇུག་ཏུ་ཧྲཱི་གཏེར་ཚེག་ཅན་ཞིག་ཏུ་ཡོད་དོ། །
(འདྲ་པར་ཨང་། ༢༢) འདི་ནི་སྤྱི་ལོ་༢༠༡༦་ལོའི་ཟླ་༣་ཚེས་༢༣་ཉིན་རྔ་བ་ཁུལ་འབར་ཁམས་མྱ་ཅོ་སྡེ་བའི་གནས་མཆོག་འཇུར་གམ་ནོར་བུ་སྤུངས་འདྲའི་མདུན་ཞོལ་ནས་གཞུང་ལམ་བཟོ་སྐབས་བྲག་བར་ཅིག་ནས་ཚ་ཚ་མང་བོ་ཞིག་གསར་རྙེད་བྱུང་ཡོད་པའི་གྲས་ཀྱི་རེད། དགེ་བཤེས་ཤེས་རབ་གྲགས་པས་བརྩམས་པའི་《 འབར་ཁམས་མྱ་ཅོ་སྡེ་བ་ནས་ཚ་ཚ་གསར་རྙེད་བྱུང་བ།》་ལས། [41]“ཚ་ཚ་རིགས་ཉེར་གཉིས་ཙམ་བྱུང་ཡོད་པར་མ་ཟད་ཚ་ཚའི་དབུ་རྩེ་ན་དཔའ་བོ་འབྲུ་ལྔའི་ས་བོན་ཅན་དང་ཡང་ན་ཨ་ཨཱོཾ་ཧཱུཾ་ཧྲི་ཧྲང་ཅན་གཉིས་དང་། འདབས་སུ་ལྕགས་རིའི་ཚུལ་དུ་སྙིང་བོ་རྣམ་གསུམ་དང་། སྐུ་ཡི་སྙིང་བོ་ཨ་མུ་ཁྱུང་ཅན་གཉིས་བོད་ཡིག་གི་ཐོག་ནས་གསལ་བོ་ཞིག་ཡོད་”ཅེས་གསུངས་པ་ལྟར་ཨཱོཾ་འ་འདོགས་ཅན་མང་པོ་རྙེད་ཡོད་ཅིང་གཡུང་དྲུང་བོན་གྱི་གནའ་བོའི་ཡིག་རྙིང་དག་གི་ཨཱོཾ་ལ་ཡང་འ་འདོགས་མཆིས་པས། དངུལ་ཆུ་དྷརྨ་བྷ་དྲས་ཨཱོཾ་འ་འདོགས་བོན་དང་རྙིང་མའི་ལུགས་རེད་ཅེས་པའང་བདེན་པ་སྟེ། གནའ་སྔ་མོའི་དུས་སུ་བན་བོན་གཉིས་ཀས་ཨཱོཾ་ཡིག་འདི་ལྟར་འབྲི་བཞིན་ཡོད་པ་ཤེས་སོ། །
གཞན་ཡང་། སྟོབས་ལྡན་གྱིས་བརྩམས་པའི་《 དམངས་གཙོ་བཅོས་བསྒྱུར་བཏང་རྗེས་བོད་ཀྱི་གནའ་དཔེ་སྲུང་སྐྱོབ་ཀྱི་གྲུབ་འབྲས་སྐོར་གླེང་བ》་ལས། [42] “ཏུན་ཧོང་ཤོག་དྲིལ་རྣམས་ཀྱི་བྲིས་གཟུགས”་ཞེས་པ་ནས་་“འ་ཡིག་ལ་ཙ་རྟགས་ཡོད་པ་ལྟ་བུ་དང་། ཨཱོཾ་ལ་འ་བཏགས་པའི་འ་ཡིག་ལའང་ཙ་རྟགས་ཡོད་པ་སོགས་དུས་སྐབས་དེའི་ཁྱད་ཆོས་སུ་གྱུར་བའི་འབྲི་ཚུལ་རྣམས”ཞེས་ཏུན་ཧོང་ཡིག་རྙིང་དུའང་ཨཱོཾ་འ་འདོགས་ཅན་ཡོད་པར་བཤད་པ་དང་། དེ་བཞིན་དུ་ཆེས་སྔ་མོའི་དུས་ཀྱི་ཡིན་ངེས་ཀྱི་ཐོག་ལྕགས་རྙིང་པ་ངོས་སུ་ཨཱོྃ་ལ་རིང་ཆ་ཅན་མང་པོ་མཐོང་རྒྱུ་ཡོད་པ་དང་། དེ་མིན་མཁས་དབང་ཚངས་དབང་དགེ་འདུན་བསྟན་པས་བརྩམས་པའི་《ཨཱོཾ་ལ་རིང་ཆ་ཡོད་མེད་སྐོར》[43]་ཞེས་པར། “སྨར་ཁམས་བྲག་སྒོ་ཕྱེས་ཀྱི་བོད་བཙན་པོའི་སྐབས་ཀྱི་བྲག་བརྐོས་ཡིག་དྲུག་སོགས་དང་། གཙུག་ལག་ཁང་གི་རྟེན་ཡིག་དང་། བྲག་ཡེར་བ་དང་སྡེ་དགེའི་མ་ཎི་གད་འགོ་དང་། སྒ་སྐྱེ་དགུ་མདོའི་ཀེ་རུ་བྲག་བརྐོས་ཀྱི་མ་ཎི་ཡིག་དྲུག་དང་། ལྷག་པར་དུ་མངའ་རིས་པུ་རངས་འཁོར་ཆགས་དགོན་པའི་གཙུག་ལག་ཁང་གི་རྩིག་ངོས་དང་། ལ་དྭགས་དང་ཟངས་དཀར་ཕྱོགས་ཀྱི་བྲག་བརྐོས་སོགས་སུ་ཨཱོཾ་འ་འདོགས་ཅན་ཡིན་པས”ཞེས་གསུངས་པ་ལྟར་རིག་དངོས་ཀྱི་སྒྲུབ་བྱེད་མཐའ་ཡས་པ་ཞིག་ཡོད་ངེས་སོ། །
འདིར་འདི་ལྟར་རིག་དངོས་ཀྱི་འདྲ་པར་མང་པོ་ཞིག་བཀོད་དོན་ཡང་། སྐབས་འདིའི་བསྒྲུབ་བྱ་སྒྲུབ་བྱེད་ཁོ་ན་ཙམ་གྱི་ཆེད་དུ་མིན་པར་རིག་དངོས་ཀྱི་འདྲ་པར་རྣམས་དཔྱད་རྩོམ་འདི་དང་མཉམ་དུ་ཉར་ཚགས་དང་། ཞིབ་འཇུག་པ་རྣམས་ལ་སྟབས་བདེ་དང་རྒྱུ་ཆ་མཁོ་སྤྲོད་དང་། རང་གིས་ཀྱང་མུ་མཐུད་དུ་ཞིབ་འཇུག་བྱ་བདེ་ཕྱིར་བཀོད་པ་ཡིན་ནོ། །
བཅུ་པ། ཉེ་རབས་ཀྱི་རིག་དངོས་ཀྱིས་དག་པར་སྒྲུབ་པ་ནི། (འདྲ་པར་ཨང་། ༢༣) འདི་ནི་དཔལ་དགེའི་རྡོ་རིང་མའི་ནང་རྟེན་དུ་ཡོད་པའི་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱིས་ཕྱག་བརྐོས་མ་ཎི་རེད། དཔལ་དགེ་རྡོ་རིང་མ་ནི་འཛམ་གླིང་སྟེང་ཆེས་རིང་བའི་ཆོས་བརྐོས་རྡོ་རྩིགས་ཡིན་ཞིང་དུས་རབས་༡༧་པར་བཞེངས་པ་ཞིག་རེད། དཔལ་དགེ་བླ་མ་ནི་བྱང་སྡེ་ཉི་མ་རྫ་ཆུ་ཁ་བའི་མ་ཎི་རྡོ་མཁར་བཞེངས་པའི་ཤིང་རྟའི་སྲོལ་འབྱེད་པ་ལྟ་བུ་ཡིན་ཞིང་། ཁོང་གིས་ཀྱང་ཨཱོྃ་ལ་འ་འདོགས་ཟླ་ཚེས་དང་མཐར་ཧྲཱི༔ དང་བཅས་པ་བཞག་ཡོད་པས། རྫ་ཆུ་ཁ་པས་རིག་གནས་གསར་བརྗེ་ཞིག་བྱ་འདོད་ན་ཐོག་མར་འདི་མེད་པར་བཟོ་བ་ནས་མགོ་བརྩམ་མི་དགོས་སམ།
(འདྲ་པར་ཨང་། ༢༤) འདི་ནི་གཡུ་ཁོག་བྱ་བྲལ་པ་ཆོས་དབྱིངས་རང་གྲོལ་གྱི་ཐུགས་བཀོད་ལྟར་བྲིས་པར་གྲགས་པའི་མ་ཎིའི་ཐིག་རྩའི་དཔེ་རིས་རེད། འདིའི་ཨཱོྃ་ལ་འ་འདོགས་དང་ཟླ་ཚེས་ཧྲཱིཿ ཡིག་བཅས་ཡོད་པར་མ་ཟད། ཧཱུྃ་ཡིག་ལ་ནཱ་དའང་ཡོད་པ་ཞིག་གོ། །
ཞར་བྱུང་དང་པོ། ཨཱོྃ་ཡིག་ལ་ཟླ་ཚེས་ཐོབ་མིན་ལ་དཔྱད་པ།
ཀ་བཞིའི་དགེ་སློང་འཇམ་དབྱངས་བསམ་གཏན་གྱིས། 《རྫ་ཆུ་ཁའི་མཁས་དབང་དང་སྒྲ་མཁན་དང་རྡོ་བརྐོ་བ་རྣམས་ཀྱིས་ལན་ཞིག་ཐོབ།》་ཅེས་པ་ལས། [44] “ཨོཾ་ལ་ཨཱོཾ་ཞེས་རིང་ཆ་ཡོད་པ་དང་མགོ་ལ་ཟླ་ཚེས་དང་ཐིག་ལེ་བྲིས་འདུག” ཅེས་དང་། “ཨཱོྃ་ཞེས་རིང་ཆ་དང་ཟླ་ཚེས་དང་ཐིག་ལེ་ཡོད་པའི་ཨཱོྃ་ནི་གོང་གི་དོན་དེ་ལྟར་འཇུག་པའི་ཁུངས་མ་མཐོང”ཞེས་དང་། དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་《ཡིག་དྲུག་གི་དག་ཆ་ལ་དཔྱད་པ།》ལས། [45]“ཐབས་སྐྱོ་བ་དང་སེམས་ཕམ་པ་ཞིག་ལ། བོད་མི་རིགས་སྐད་བརྡ་འཕྲོད་པ་ཐམས་ཅད་ཁ་ནས་མ་ཎི་འདོན་མི་ཤེས་མཁན་མེད་ན་ཡང་། མ་ཎི་འབྲི་(འབྲུ)དྲུག་བྲི་མཁན་མང་པོ་ཞིག་འབྲུ་དྲུག་གི་དག་ཆ་ལ་རྨོངས་ཏེ། (ཨཱོྃ་མ་ཎི་པདྨེ་ཧཱུྃཿ )འདི་འདྲའི་(ཨཱོྃ་)ཡིག་གི་མགོའི་ཟླ་ཕྱེད་དང་འོག་གི་འ་ཆུང་ལྷག་པ།” [46] ཞེས་སོགས་གསུངས་སོ། །
འདི་ལ་འདི་སྐད་ཞུ་སྟེ། ཁྱེད་རང་གིས་གདམས་པ་ལྟར་“སྔོན་གྱི་ཡིག་རྙིང་གི་དཔེ་དག་པ་རྣམས་དང་། རྡོ་བསྐོས་དག་པོ་རྣམས་ལ་བསྐྱར་གཟིགས་ཤིག་གནང་སྟེ།” [47] གོང་དུ་རིག་དངོས་ཀྱི་འདྲ་པར་བཅས་རྒྱས་པར་བཀོད་ཟིན་པ་རྣམས་ཀྱིས་ཨཱོྃ་ལ་ཟླ་ཚེས་ཐོབ་པ་ཤིན་ཏུ་ལེགས་པར་གྲུབ་ཟིན་མོད། ཡང་གཅིག་བཤད་ན། ཨོྃ་ལ་ཟླ་ཚེས་མི་དགོས་ན། 《མ་ཎི་བཀའ་འབུམ》་ལས། “ཨོྃ་མ་ཎི་པདྨེ་ཧཱུཾ་ཞེས་པ་ཡིན་ནོ། །ཨོྃ་ཡེ་ཤེས་རྣམ་པ་ལྔ་ཞེས་པ། ཨ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཐིག་ལེ་མེ་ལོང་ལྟ་བུའི་ཡེ་ཤེས། ཟླ་ཚེས་མཉམ་པ་ཉིད་ཀྱི་ཡེ་ཤེས། ན་རོ་སོ་སོར་རྟོག་པའི་ཡེ་ཤེས། ནཱ་ད་བྱ་བ་གྲུབ་པའི་ཡེ་ཤེས།”ཞེས་པ་དག་བཅོས་བྱ་དགོས་པ་ཡིན་ནམ་ཞེས་འདྲིའོ། །
ཡང་རྟོག་གེ་པ་ཞིག་གིས་རྒྱ་གཞུང་གི་ཨཱོྃ་ལ་ཟླ་ཚེས་མེད་དོ་ཞེ་ན། དེ་ཡང་མ་ངེས་ཏེ། ལོ་ཙཱ་བ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱི་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》 [48] རུ། གུབ་ཏའི་ཡི་གེའི་ཨཽཾ་རིང་གི་དཔེ་རིས་ཤིག་བྲིས་ཡོད་པ་དེར་གཟིགས་དང་དེ་ལ་ཟླ་ཚེས་དང་ནཱ་དའི་རི་མོ་ཡོད་པའི་ཕྱིར་རོ། །གཞན་དུ་(འདྲ་པར་ཨང་། ༢༥)པར་གཟིགས་དང་། ཨཱོྃ་ཡིག་དང་དེའི་ཟླ་ཚེས་དང་ནཱ་ད་སོགས་འབྲི་སྟངས་སྣ་ཚོགས་ཤིག་ལོ་རྒྱུས་སྟེང་བྱུང་འདུག་པས། བར་སྐབས་ཤིག་གི་འབྲི་སྲོལ་ཉི་ཚེ་བ་ཞིག་ལ་བརྟེན་ཏེ་གཞན་དག་མ་དག་པའོ་ཞེས་རྨེག་མེད་དུ་བཟོ་མི་རུང་བར་རྟོགས་སོ། །
དེ་མིན་ཀ་བཞིའི་དགེ་སློང་གིས་ཨོྃ་ལ་“ཐིག་ལེ་བྲིས་འདུག”ཅེས་དང་། “ཐིག་ལེ་ཡོད་པའི་ཨཱོྃ་ནི་གོང་གི་དོན་དེ་ལྟར་འཇུག་པའི་ཁུངས་མ་མཐོང་”ཞེས་ག་ཆད་དུ་གསུངས་ཏེ། ཨོྃ་ལ་ཐིག་ལེ་འབྲི་མི་དགོས་ན་ཨོ་མ་ཎི་པདྨེ་ཧཱུཾ་ཞེས་འབྲི་འདོན་བྱ་དགོས་སམ། ད་དུང་ཐིག་ལེ་མི་དགོས་ན་《མ་ཎི་བཀའ་འབུམ》་ལས། “ཐིག་ལེ་མེ་ལོང་ལྟ་བུའི་ཡེ་ཤེས།”ཞེས་པའི་མེ་ལོང་ཡེ་ཤེས་གང་གིས་མཚོན་པ་ཡིན་ནམ་ཞེས་རྫ་ཆུ་ཁའི་རྡོ་རྐོན་རྣམས་ཀྱིས་འདྲི་བཞིན་འདུག་གོ། །
ཡང་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་《ཡིག་དྲུག་གི་དག་ཆ་ལ་དཔྱད་པ།》ལས། “ཧཱུཾ་ཡིག་ཡོད་ཚད་ལ་རྒྱུ་མཚན་དང་གོ་རྒྱུ་ཅི་ཡང་མེད་པར་མགོ་ལ་ཟླ་ཕྱེད་དང་ཐིག་ལེ་རེ་སྦྱར་བ་དང་།” [49] ཞེས་གསུངས་པའི་“ཐིག་ལེ”དེ་ཧཱུཾ་ཡིག་གི་ཀླད་ཀོར་ལ་གསུངས་པ་ཡིན་ནམ། ཡིན་ན་ཨོཾ་མ་ཎི་པདྨེ་ཧཱུ་ཞེས་འདོན་དགོས་སམ། ཉིད་ཀྱིས“བོད་མི་རིགས་སྐད་བརྡ་འཕྲོད་པ་ཐམས་ཅད་ཁ་ནས་མ་ཎི་འདོན་མི་ཤེས་མཁན་མེད་”ཅེས་གསུངས་ཀྱང་། ཨོཾ་ལ་ཨོ་དང་ཧཱུཾ་ལ་ཧཱུ་ཞེས་འདོན་པའི་དགེ་བཤེས་ཀྱང་ཡོད་པས་ངེས་པ་མི་འདུག་ཅེས་ཀུ་རེ་ཡང་ཞུའོ། །
ཞར་བྱུང་གཉིས་པ། ཧཱུྃ་མཐར་རྣམ་བཅད་བཞག་པ་ཡིག་ནོར་ཡིན་མིན་ལ་དཔྱད་པ།
ཡང་དགེ་བཤེས་ཁོང་གིས་“(ཧཱུྃཿ )གི་མགོའི་ཟླ་ཕྱེད་ལྷག་ཅིང་ཟུར་གྱི་གཏེར་མའི་རྟགས་སམ་རྣམ་བཅད་དགོས་མེད་དུ་སྦྱར་བ་སོགས་མ་དག་རྒྱུན་འབྱམས་སུ་སོང་”ཞེས་དང་། “ད་དུང་གཟུངས་སྔགས་ཡི་གེ་དྲུག་མ་འདི་གཏེར་མ་རེད་ཟེར་བཞིན། མཇུག་ཏུ་གཏེར་ཡིག་གི་རྟགས་ཡིན་ཞེས་ཀླད་ཀོར་གཉིས་བརྩེགས་རེ་བྲིས་ནས་ཡོད་པའང་མཐོང་མོད། གཏེར་མ་ནི་གུ་རུ་རིན་པོ་ཆེ་བོད་དུ་ཕེབས་ནས་བྱུང་བ་མ་གཏོགས་མེད་ཅིང་། ཡི་གེ་དྲུག་མ་འདི་ནི་དེའི་སྔོན་ནས་རྒྱ་གར་གྱི་བཀའ་བསྟན་གྱི་ནང་དུ་བྱུང་ཟིན་པ་དང་།” [50] ཞེས་སོགས་གསུངས་སོ། །
དེ་ལ་འདི་སྐད་ཅེས་ཞུ་སྟེ། གཅིག་ནས་ཉིད་ཀྱིས་ཅི་ཞིག་ལ་གཏེར་མ་ཟེར་བ་རེད་མཁྱེན་གྱིན་མེད་པ་འདྲ་བ་དང་། གཉིས་ནས་བོད་ཡིག་ཏུ་གོར་ཐིག་ཉིས་རྩེགས་ཅན་གཟིགས་ཚད་སཾ་སྐྲྀ་ཏའི་རྣམ་བཅད་ཟེར་བ་དེ་ཡིན་པར་རློམ་གྱིན་ཡོད་པ་འདྲ་ཡང་། དེ་ནི་ནོར་བ་ཞིག་སྟེ། གོར་ཐིག་ཉིས་རྩེགས་མ་དེ་ཅི་ཞིག་ཡིན་ངོ་སྤྲོད་ཙམ་ཞུས་ན། མཁས་པའི་དབང་ཕྱུག་ཆེན་པོ་དགེ་འདུན་ཆོས་འཕེལ་གྱིས་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》 [51] ལས། “ཡིག་རྙིང་ཕལ་ཆེར་ལ་ཚེག་སྟེང་འོག་གཉིས་ཡི་གེ་རེ་རེའི་བར་ན་གངཿ དུཿ སོངཿ ཀྱངཿ སོགས་འདི་འདྲར་འདུག་ལ་ཚེག་སྟེང་འོག་གཉིས་མཉམ་དུ་བསྲེས་པ་ལས་དབུ་མེད་ཀྱི་ཚེག་རིང་པོ་འདི་ལྟ་བུ་བྱུང་བ་ཤེས་སོ། །”ཞེས་དང་། “གཏེར་ཡིག་རྣམས་ལ་རྐང་རེ་བཞིན་གྱི་མཐར་ཚེག༔འདི་འདྲ་བྱུང་བ་དེ་ཡང་གོང་དུ་བཤད་པ་ལྟར་བོད་ཡིག་རྙིང་པ་ལ་ཚེག་སྟེང་འོག་གཉིས་རེ་འདུག་པ་དེའི་སྲོལ་དུ་འདུག་པས་འགའ་ཞིག་གིས་རྐང་རེའི་མཐའ་ལ་རྣམ་བཅད་ཐོབ་ན་སྒྲ་མདོ་དང་འགལ་ཅེས་དགག་པ་མཛད་པ་ཡང་དོན་མེད་དུ་སོང་ལ་སོག་ཟློག་པས། འདི་ནི་ཚེག་དྲག་ལ་ཡང་རུང་། བཤད་བྲིས་མགྱོགས་ཙམ་ཁྱད་པར་ཡིན། གསུངས་པ་ཡང་མད་དོ། །”ཞེས་དང་། ཚག་བྱང་སེམས་འོད་ཟེར་གྱིས་བརྩམས་པའི་《བོད་ཀྱི་ཡིག་རྐྱེན་སྣ་ཚོགས་དང་གླེགས་བམ་སྐོར་གྱི་ཤེས་བྱ་འགའ།》 ལས། [52] “༔་འདི་ལ་གཏེར་ཚེག་དང་། ཟླུམ་ཤད་ཟེར། རཏྣའི་གཏེར་འབྱུང་ལས། ཤོག་སེར་བརྡ་ཡིག་རྣམས་ལ། བར་རྣམས་ཚེག་ཤད་དང་། ཟླུམ་ཤད་བྱ། ཞེས་པ་ལྟར་རོ།།”ཞེས་དང་། “ཿ འདི་ལ་རྣམ་བཅད་དང་། ཚེག་ཤད། དྲག་ཤད། ཚེག་དྲག། ཏིག་ཅེས་ཟེར”ཞེས་གསུངས་པ་འདི་ཙམ་གྱིས་ཤེས་རབ་ཅན་ཉིད་ལ་གོ་བརྡ་ལེགས་པོ་འཕྲོད་པར་འགྱུར་རོ། །
ཡང་ན། (འདྲ་པར་ཨང་། ༢༦)་དཔེ་རིས་ལ་གཟིགས་དང་། ཚེགས་ཆུང་ངུས་གོར་གོར་བརྩེགས་མ་ཡོད་ཚད་ལེགས་སྦྱར་གྱི་རྣམ་བཤད་མིན་པའི་ངེས་པ་རགས་ཙམ་འདྲོང་བར་འགྱུར་རོ། །ཁ་ཅིག་གིས་དཔེ་རིས་འདི་དག་ཁུངས་ལྡན་ཡིན་མིན་ལ་དོགས་པ་ཟ་སྲིད་དེ། འདིའི་ཁྲོད་དུ་རང་བཟོ་བྱས་པ་གཅིག་ཀྱང་མེད་པར་རིག་དངོས་ཀྱི་མ་དཔེ་ཡོད་པ་ཤ་སྟག་ཡིན་ནོ། །
ཞར་བྱུང་གསུམ་པ། མ་ཎིའི་མཐར་ཧྲཱི་ཡིག་ཐོབ་མིན་ལ་དཔྱད་པ།
ཡང་། དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་《ཡིག་དྲུག་གི་དག་ཆ་ལ་དཔྱད་པ།》ལས། “འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་མ་དེ་ཡང་ཡི་གེ་དྲུག་ཏུ་འདོན་པ་དགེ་ལུགས་པས་འདོན་ལུགས་དང་། ཡི་གེ་བདུན་དུ་བཟོས་ནས་འདོན་པ་རྙིང་མ་པས་འདོན་ལུགས་ཡིན་ཞེས་ལུགས་གཉིས་སུ་ཕྱེས་ནས་འགྲེལ་བཤད་རྒྱག་བཞིན་འདུག རི་ཆེན་པོ་དང་བྲག་ཆེན་པོ་སོགས་ཀྱི་ངོས་སུ། ཡིག་དྲུག་བསྐོས་པ་འགའ་ཞིག་ལ་ཧྲཱི་ཡིག་འདི་འདྲ་ཞིག་བསྣན་པ་དང་མ་བསྣན་པ་གཉིས་འདུག་པས། གྲྭ་པ་ཞིག་གིས་ཡི་གེ་བདུན་དུ་བཟོས་པ་འདི་ནི་རྙིང་མ་པས་འབྲི་ལུགས་རེད། ཡི་གེ་དྲུག་ཏུ་འབྲི་བ་ནི་དགེ་ལུགས་པས་འབྲི་ལུགས་རེད་ཅེས་བླུན་པོ་ངོ་མཚར་སྐྱེ་བའི་མཁས་ཉམས་ཀྱིས་འགྲེལ་བཤད་ལྟར་སྣང་རེ་རྒྱག་ཁུལ་བྱས་ནས་ཡིག་དྲུག་གི་འབྲི་ཚུལ་འདི་ལ་ཡང་ཆོས་རྒྱུད་གཉིས་སུ་ཕྱེས་ནས་ཕྱོགས་དང་རིས་སུ་བཅད་ཀྱིན་འདུག”ཅེས་དང་། “ཡིག་དྲུག་ཡིག་འབྲུ་བདུན་དུ་བཟོས་ཏེ་དགོས་པ་མི་འདྲ་བ་ཞིག་ཡོད་ལུགས་ཀྱི་རྒྱུ་མཚན་ལྟར་སྣང་རེ་བཀོད་པ་ནི། འགའ་ཞིག་གིས་ཧྲཱི་ཡིག་ནི་སྤྱན་རས་གཟིགས་ཀྱི་ས་བོན་ཡིན་པས་སམ། རིགས་བདག་འོད་དཔག་མེད་ཀྱི་ས་བོན་ཡིན་པས་སྦྱོར་དགོས་ཞེས་དང་། འགའ་ཞིག་གིས་རྒྱུ་མཚན་གཞན་དགོད་རྒྱུ་མ་རྙེད་ཚེ་བླ་མའི་མན་ངག་ཡིན་ཞེས་བཤད་ཚོད་འདུག་སྟེ། དེ་ལྟ་ན་སྤྱན་རས་གཟིགས་ཀྱི་གཟུངས་རིང་གི་མཇུག་ཏུའང་སྦྱོར་དགོས་པར་འགྱུར་བ་དང་། འཇམ་དབྱངས་ཀྱི་གཟུང་སྔགས་སོགས་གཟུངས་སྔགས་ཐམས་ཅད་ཀྱི་མཐར་ལྷ་དེའི་ས་བོན་རེ་སྦྱོར་དགོས་ན་ཧ་ཅང་ཐལ་བར་འགྱུར་ཞིང་། བཀའ་འགྱུར་རིན་པོ་ཆེའི་ནང་དུ་སྤྱན་རས་གཟིགས་ཀྱི་སྙིང་པོའི་གཟུངས་ཀྱི་རྒྱུད་ཡོད་པ་དང་། དེ་གཟུངས་འདུས་ཀྱི་ནང་དུ་ཡང་བཀོད་ཡོད་པ་ལ་རྟོག་དཔྱོད་ཙམ་ཡང་མ་ཞུགས་ཤིང་རྒྱུད་ཚིག་རང་དགར་བཅོས་པའི་སྐྱོན་དུ་སྣང་ཞིང་།”ཞེས་དང་། “བླུན་པོའི་ངག་སྒྲོས་ཙམ་ལ་ཡིད་ཆེས་ཀྱིས་གཟུངས་སྔགས་ཁྱད་པར་ཅན་བཅོས་སླད་ཅན་དུ་བྱེད་མི་རུང་”ཞེས་སོགས་གསུངས་སོ། །
ཡི་གེ་དྲུག་མ་དང་བདུན་མ་ནི་དགེ་ལུགས་པ་དང་རྙིང་མ་པའི་ཁྱད་པར་ཞིག་རེད་ཅེས་སྨྲ་མཁན་དག་གིས་ནི་མ་ཤེས་པའམ་བསམ་བཞིན་ཕྱོགས་དང་རིས་སུ་བཅད་པ་ཞིག་ཡིན་པ་ཉིད་ཀྱིས་གསུངས་པ་ལྟར་ལགས་ལ། ཡི་གེ་བདུན་མའམ་མ་ཎི་ལ་ཧྲཱི་ཡིག་བཏགས་པ་མཐའ་གཅིག་ཏུ་མ་དག་པར་གསུངས་པ་ཡང་ངོས་ལེན་དཀའ་བ་ཞིག་སྟེ། ཉིད་ཀྱིས་“སྔོན་གྱི་ཡིག་རྙིང་གི་དཔེ་དག་པ་རྣམས་དང་། རྡོ་བསྐོས་དག་པོ་རྣམས་ལ་བསྐྱར་གཟིགས”བྱོས་ཞེས་ལམ་སྟོན་གནང་པ་ལྟར་ཡིག་རྙིང་ཁུངས་དག་ཅིང་ཡིད་ཆེས་རུང་པ་རྣམས་ལ་བལྟས་ན། ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་སྐབས་རང་བྱོན་དུ་དོད་པའི་མ་ཎི་དང་། སྲོང་བཙན་སྒམ་པོའི་བང་སོའི་སྟེང་གི་མ་ཎིའི་རྡོ་རིང་། དཔའ་ཤོད་རྡོ་ལྷའི་གནས་རིར་བཞུགས་པའི་མ་ཎི། བྲག་ཡེར་པའི་མ་ཎི་རང་བྱོན། བྱང་གི་གནམ་མཚོའི་བཀྲ་ཤིས་དོར་བཞུགས་པའི་མ་ཎི། ཀན་སུའུ་བྱམས་པ་འབུམ་གླིང་གི་མ་ཎི། སྣར་ཐང་དགོན་པའི་ནང་རྟེན་དུ་བཞུགས་པའི་སྤྱན་རས་གཟིགས་ཀྱི་གཟུངས་རང་བྱོན། རྒྱལ་རྩེ་དཔལ་འཁོར་དགོན་པའི་ནང་རྟེན་མ་ཎི། དཔལ་དགེ་རྡོ་འབུམ་དུ་བཞུགས་པའི་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་ཕྱག་བཟོས་མ་ཎི། གཡུ་ཁོག་བྱ་བྲལ་པ་ཆོས་དབྱིངས་རང་གྲོལ་གྱིས་ཐུགས་བཀོད་ལྟར་གྱི་མ་ཎིའི་ཐིག་རྩ་སོགས་དང་། དེ་མིན་ཁྲ་འབྲུག་ལྷ་ཁང་། སྟག་སྤྱན་འབུམ་པ། འཇིགས་མེད་གླིང་པའི་གདན་ས་ཚེ་རིང་ལྗོངས། བཀའ་བརྒྱུད་པའི་བསྟན་པའི་ཆུ་མགོ་འབབ་གནས་དྭགས་ལྷ་སྒམ་པོ་རི། ཀོང་པོ་རྒྱ་ལ་རྦ་དོང་གི་གནས་སོགས་སུ་བཞུགས་པའི་མ་ཎི་རྙིང་པ་གྲངས་མེད་པ་ཞིག་གི་མཇུག་ཏུ་ཧྲཱི་ཡིག་ཡོད་པ་ཟུར་དུ་འདྲ་པར་རྣམས་ཕྱོགས་བསྡུས་བྱས་ཏེ་(འདྲ་པར་ཨང་། ༢༧)་པར་བཀོད་ཡོད་པ་ལྟར་ལགས་པས། ཡང་ཁྱེད་རང་འཆུགས་སོ་ཞེས་མི་ཞུ་ཐུ་མེད་བྱུང་ངོ་། །
གཞན་ཡང་། གཏེར་ཆེན་མཆོག་གྱུར་གླིང་པའི་《བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ ཕྲིན་ལས་སྙིང་པོའི་རྣལ་འབྱོར།》ལས། ཐུགས་རྗེ་ཆེན་པོའི་སྐུ་རུ་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གཞན་དོན་ཕྲིན་ལས་མཁའ་ཁྱབ་བོ༔ རང་ཉིད་རིགས་འདུས་བླ་མ་ཡི༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཧྲཱིཿ མཐར་སྔགས་ཀྱིས་བསྐོར༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ཅེས་དང་། དེ་བཞིན་དུ་འཇམ་མགོན་ཀོང་སྤྲུལ་གྱི་《རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས༔ གསོལ་འདེབས་རྒྱུད་བསྐུལ་གྱི་བཀོལ་བྱང》དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་《གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས༔ སྒྲུབ་ཐབས་སྙིང་པོ་སྐོར་ལྔ།》་དང་། རཏྣ་གླིང་པའི་《རྩ་གསུམ་འབྲས་བུའི་དོན་ཁྲིད་ཀྱི་ཐེམ་བྱང》སོགས་གྲུབ་མཐའ་རིས་མེད་ཀྱི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཤིན་ཏུ་མང་པོ་ཞིག་གི་མ་ཎིའི་མཐར་ཧྲཱི་ཡིག་སྦྱར་འདུག་པས་དེ་དག་ཐམས་ཅད་མ་དག་པའོ་ཞེས་གསུང་ནུས་སམ། མ་ཎི་ལ་ཧྲཱི་ཡིག་སྦྱར་བའི་དགོས་པ་ཡང་། 《མ་ཎི་བཀའ་འབུམ》་ལས། [53] “བདག་ཐུགས་རྗེ་ཆེན་པོའི་ཐུགས་ཀའི་ཧྲཱིཿ ལས་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པས་བསྐོར་ནས་ཡོད་པ་ལས་འོད་ཟེར་འཕྲོས”ཞེས་དང་། ཡང་དེ་ཉིད་ལས། “ལྕེ་པདྨ་འདབ་མ་དྲུག་པ་དབུས་ན་ཧྲཱིཿ འདབ་མ་དྲུག་ལ་ཡི་གེ་དྲུག་བསམས་ལ།”ཞེས་པ་སོགས། བོད་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་རྣམས་ལ་བལྟས་པ་ཙམ་གྱིས། མ་ཎི་ལ་ཧྲཱི་ཡིག་སྦྱར་ཏེ་བྲིས་པ་ནི་ཐུགས་རྗེ་ཆེན་པོའི་སྒོམ་རིམ་གྱི་སྔགས་འཁོར་རྡོ་སོགས་ཀྱི་ངོས་སུ་ཡི་གེར་ཕབ་པ་ཙམ་དུ་གསལ་བ་དང་། ད་དུང་མ་ཎིའི་ཡིག་རྙིང་མང་པོ་ཞིག་གི་ཧྲཱི་ཡིག་དེ་མ་ཎིའི་ཡི་གེ་དང་རགས་ཞིག་མི་མཉམ་པ་དང་ཐིག་རྐང་གཅིག་ཏུ་མེད་པར་ལོགས་སུ་བརྐོ་འབྲི་བྱས་ཡོད་པ་འདིས་ཀྱང་ཡི་གེ་དྲུག་མ་ལས་ལོགས་སུ་ཡིན་པ་དང་འབྲི་དགོས་པ་གཉིས་ཀ་གསལ་བོར་བསྟན་འདུག་པས་“རྟོག་དཔྱོད་ཙམ་ཡང་མ་ཞུགས་ཤིང་རྒྱུད་ཚིག་རང་དགར་བཅོས་པའི་སྐྱོན་”ཞིག་མི་འདུག་གོ། །
ཞར་བྱུང་བཞི་པ། ཨཱོྃ་དང་ཧཱུྃ་ཡིག་གི་ནཱ་དའི་འགྱུར་ལྡོག་ལ་དཔྱད་པ།
ནཱ་ད་ནི་སྔགས་ཡིག་གི་ཀླད་ཀོར་སྟེང་དུ་མེ་རིའི་དབྱིབས་ཅན་ཞིག་བྲིས་ཡོད་པ་དེ་ལ་ཟེར། རྣམ་བཅུ་དབང་ལྡན་གྱི་ཡང་རྩེར་ད་དུང་ཡང་འབྲི་བཞིན་ཡོད་པས་དེར་བལྟས་པ་ཙམ་གྱིས་ངོས་ཟིན་ནོ། །《མ་ཎི་བཀའ་འབུམ》་ལས། [54] “ཨོྃ་ཡེ་ཤེས་རྣམ་པ་ལྔ་ཞེས་པ། ཨ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཐིག་ལེ་མེ་ལོང་ལྟ་བུའི་ཡེ་ཤེས། ཟླ་ཚེས་མཉམ་པ་ཉིད་ཀྱི་ཡེ་ཤེས། ན་རོ་སོར་སོར་རྟོགས་པའི་ཡེ་ཤེས། ནཱ་ད་བྱ་བ་གྲུབ་པའི་ཡེ་ཤེས།”ཞེས་གསུངས་པའི་ནཱ་ད་ཡང་དེ་ལ་གོ་དགོས་སོ། །གནའ་ཡིག་རྣམས་ཀྱི་ཨོྃ་དང་ཧཱུྃ་གི་ཀླད་ཀོར་ཀྱི་སྟེང་དུ་ནཱ་ད་བྲིས་ཡོད་པ་མང་པོ་འདུག་པ་དང་། (འདྲ་པར་ཨང་། ༢༨)་པ་ལྟར་ཉེ་བའི་དུས་སུ་ཡང་གཡུ་ཁོག་བྱ་བྲལ་པ་ཆོས་དབྱིངས་རང་གྲོལ་གྱི་ཞལ་བཀོད་ལྟར་བྲིས་པའི་མ་ཎིའི་ཐིག་རྩའི་ཧཱུྃ་ཡིག་དང་། དེའི་ཟུར་གྱི་ཀ་ཆེན་དཔེ་རིས་ཤིང་པར་དུ་བརྐོས་པ་འདིའི་ཨཱོྃ་དང་ཧཱུྃ་ཡིག་གཉིས་ཀར་ནཱ་ད་ཡོད་པ་སོགས་ལྟ་བུ་རེ་ཟུང་ཕྱིས་སུ་ཡང་བྱུང་ངོ་། །ནམ་ཞིག་ནས་ནཱ་ད་ལོགས་སུ་འབྲི་བའི་སྲོལ་ཉམས་ཤིང་། ནཱ་ད་དང་ཀླད་ཀོར་གཉིས་གཅིག་ཏུ་བསྲེས་པ་དུང་དཀར་གྱེན་དུ་བསླངས་པ་ལྟ་བུ་ཞིག་འབྲི་སྲོལ་བྱུང་བ་དང་། རིམ་གྱིས་དེ་ཡང་འགྱུར་ཞིང་མཐར་ཟླ་ཚེས་ཤིག་གི་སྟེང་དུ་ཐིག་ལེ་ཟླུམ་པོ་སོགས་འབྲི་སྲོལ་བྱུང་བ་(འདྲ་པར་ཨང་། ༢༩)་པ་ལྟར་ཡིན་ལ། ད་ལྟ་ཟླ་ཚེས་ཀྱང་གཏན་མེད་དུ་བཟོ་དགོས་ཞེས་སྐད་འབོད་ཤུགས་ཆེན་རྒྱག་གིན་ཡོད་པར་མ་ཟད་ཧཱུྃ་ཡིག་གི་ཐིག་ལེ་ཡང་དགོས་མིན་ཁ་ཐོག་ཏུ་ལེན་གྱིན་འདུག་གོ། །
ད་སྐབས་ནཱ་ད་འབྲི་བའི་སྲོལ་ཕལ་ཆེར་ཉམས་ཟིན་ཡང་ཆོ་ག་མང་པོ་ཞིག་གི་འདོན་སྒོམ་གཉིས་ཀར་ནཱ་ད་ད་དུང་ཡོད་དེ། དཔེར་ན། 《དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང》ལས། “དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ཡང་ཧཱུྃ་ལ་ཐིམ། ཧཱུྃ་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་དལ་ཅིག་མཉམ་པར་གཞག།” [55] ཅེས་པ་ལྟ་བུ་ཡིན་ནོ། །
ཞར་བྱུང་ལྔ་པ། ཡིག་རྙིང་གི་མ་ཎིར་ཨཱོྃ་ཨཱཿ ཧཱུྃ་དང་ཧྲཱིཿ ཡིག་སྦྱར་བའི་རྒྱུ་མཚན་ལ་དཔྱད་པ།
གོང་དུ་(འདྲ་པར་ཨང་། ༡༤) དང་(འདྲ་པར་ཨང་། ༡༩) དང་། འདིར་བཀོད་(འདྲ་པར་ཨང་། ༣༠)་དང་(འདྲ་པར་ཨང་། ༣༡)་ལས་གསལ་བ་ལྟར་ཡིག་རྙིང་གི་མ་ཎིའི་ཉེ་འཁོར་དུ་ཨཱོྃ་ཨཱཿ ཧཱུྃ་དང་ཧྲཱིཿ ་ཡིག་སོགས་བྲིས་ཡོད་ལ། འདི་ཡང་གནའ་དཔྱད་ཀྱི་སྟེང་ནས་བཤད་ན་གནའ་དངོས་ཡིན་མིན་ལྟ་བྱེད་གལ་ཆེན་ཞིག་ཏུ་བརྩི་ཆོག་ལ། ད་ལྟ་འདི་འདྲ་འབྲི་བའི་སྲོལ་ཕལ་ཆེར་ཉམས་ཟིན་ནོ། །འདི་འདྲའི་མ་ཎིའི་དོན་ཅི་ཡིན་སྙམ་ན། འདིའི་སྐོར་ཡང་《མ་ཎི་བཀའ་འབུམ》་གྱི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་རྣམས་སུ་འཁོད་པའི་ལུང་སྐོར་ཞིག་དྲངས་ཏེ་འགྲེལ་བཤད་བྱས་ན། 《ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཀྱི་ཆོས་སྐོར》་ལས། “སྤྱི་བོར་འཁོར་ལོ་རྩིབས་བཞི་པའི་ལྟེ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་འདབ་མ་བཞི་པའི་ལྟེ་བ་ལ་ཨཱཿ དམར་པོ། སྙིང་གར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཧཱུྃ་སྔོན་པོ། ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ དཀར་པོ་ལ་ཡེ་གེ་དྲུག་པས་བསྐོར་བར་བསམ་མོ། །” [56] ཞེས་དང་། 《ཚིག་དབང་རིན་པོ་ཆེའི་ཞལ་གདམས》་ལས། “ཨོཾ་ཨཱཿ ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་སྔགས་ལན་བདུན་བཟླས་ལ།” [57] ཞེས་དང་། 《རྒྱལ་བ་སུམ་སྒྲིལ་གསང་སྒྲུབ》་ཏུ་ལུས་ངག་ཡིད་གསུམ་གྱི་གདེངས་གསུང་པའི་སྐབས་སུ། “ངག་སྔགས་ཀྱི་གདེངས་ནི། ཨོཾ་ཨཱཿ ཧཱུྃ་ཧྲཱིཿ ཞེས་བཟླས་སོ། །” [58] ཞེས་དང་། 《མཁའ་འགྲོ་མའི་གསང་སྐོར》་ལས། “ཨོཾ་ཨཱཿ ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་ཨོཾ་ཐུགས་རྗེ་ཆེན་པོའི་སྐུའི་སྙིང་པོ། ཨཱཿ གསུང་གི་སྙིང་པོ། ཧཱུྃ་ཐུགས་ཀྱི་སྙིང་པོ། ཧྲཱིཿ ཡང་སྙིང་། ཡི་གེ་དྲུག་པ་ཉེ་བའི་སྙིང་པོ།” [59] ཞེས་སོགས་གསུངས་པ་ལྟར། ཡི་གེ་དྲུག་མའི་སྔགས་ཀྱི་གདེངས་སམ། མ་ཎི་ཡི་གེ་བཅུ་པའམ། ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་གསུམ་གྱི་སྙིང་པོ་དང་ཡང་སྙིང་དང་ཉེ་བའི་སྙིང་པོ་དང་སྒོམ་རིམ་གྱི་དོན་ཡི་གེའི་རང་བཞིན་དུ་ཕབ་པ་ཞིག་ཡིན་པར་མཐོང་ངོ་། །
ཞར་བྱུང་དྲུག་པ། ཡིག་རྙིང་གི་མ་ཎི་ཟུར་དུ་གཡུང་དྲུང་རི་མོ་འབྲི་དོན་ལ་དཔྱད་པ།
མ་ཎིའི་ཡིག་རྙིང་འགའ་ཞིག་གི་འགྲམ་དུ་གཡུང་དྲུང་གཡོན་འཁོར་གྱི་རི་མོ་བྲིས་པའང་མཐོང་དུ་ཡོད་ཅིང་། འདི་ནི་སྐབས་འདིའི་བརྗོད་བྱ་གཙོ་བོ་ཞིག་མིན་ཡང་། ལྟ་རྒྱ་ཆུང་བ་འགའ་ཞིག་དང་བོན་ལ་སྡང་བ་རེ་ཟུང་གིས་འདི་འདྲ་བ་མཐོང་ན་འདི་ཡང་བོན་པོའི་མ་ཎི་རེད་ཅེས་སྤངས་ཤིང་ངན་པ་སྒྲོགས་པར་དོགས་ཏེ། འདིའི་སྐོར་ཡང་འདིར་ཅུང་ཟད་སྨྲ་བར་འདོད་དོ། །
དེ་ཡང་མ་ཎི་གཡུང་དྲུང་ཅན་གྱི་རིག་དངོས་རྩ་ཆེན་གཉིས་དཔེ་མཚོན་དུ་བཀོད་དེ་བཤད་ན། དང་པོ་གོང་དུ་བཀོད་པའི་(འདྲ་པར་ཨང་། ༠༢) ་པ་སྟེ། ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་པ་དང་དུས་མཉམ་དུ་ཕོ་བྲང་བྱམས་པ་མི་འགྱུར་གླིང་གི་ཉེ་འགྲམ་གྱི་ཁྲེང་འགོ་ཆུ་མིག་ནས་རང་བྱོན་དུ་ཐོན་པའི་མ་ཎི་དང་། གཉིས་པ་ནི་(འདྲ་པར་ཨང་། ༣༩)་པ་སྟེ། མལ་གྲོ་གུང་དཀར་རྫོང་ཧོར་ཁང་གཞིས་ཀའི་ར་བར་ཡོད་པའི་མ་ཎིའི་རྡོ་རིང་འདི་གཉིས་ཡིན་ལ། རྡོ་རིང་འདི་གཉིས་ཀྱི་མ་ཎིའི་ཟུར་དུ་གཡུང་དྲུང་གི་རི་མོ་བྲིས་ཡོད་ཅིང་། འདིའི་ནང་དོན་ཡང་《མ་ཎི་བཀའ་འབུམ》་ལས་《ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཀྱི་ཆོས་སྐོར》་གྱི་ལུང་ཞིག་དྲངས་ཏེ་བཤད་ན། དེ་ལས་སྤྱི་དོན་གསུམ་པ་དགོངས་པ་དྲུག་ཏུ་བསྡུ་བ་བསྟན་པའི་དགོངས་པ་བཞི་པ་སྟེ། “བྱིན་གྱིས་བརླབས་པ་ལ་དགོངས་ཏེ། གཡུང་དྲུང་འཁྱིལ་བ་ལ་བསྡུ་བ་ནི། རང་གི་མདུན་གྱི་ནམ་མཁའ་ལ་ཡེ་ཤེས་ཀྱི་གཡུང་དྲུང་དམར་པོ་གཡོན་དུ་འཁྱིལ་བ་ལ་སེམས་གཏད་ལ། སྙིང་པོ་མ་ནིང་གི་ཚུལ་དུ་དུ་ལྕེ་འགུལ་བ་ཙམ་དུ་(མ་ཎི)བཟླས་པས། ལུས་ལ་བདེ་བ་འབར་བར་བྱིན་གྱིས་བརླབས། ངག་ལ་ནུས་པ་འབར་བར་བྱིན་གྱིས་བརླབས། སེམས་ལ་རྟོག་པ་འབར་བར་བྱིན་རླབས་འཆར་རོ། །” [60] ཞེས་གསུངས་པའི་དམིགས་རྟེན་གཡུང་དྲུང་དམར་པོ་གཡོན་འཁྱིལ་དེ་རྡོ་བའི་ངོས་སུ་རི་མོར་ཕབ་པ་ཞིག་ཡིན་པ་གོར་མ་ཆག་གོ། །རིག་དངོས་འདི་གཉིས་ཀྱི་ངོས་ཀྱི་གཡུང་དྲུང་གཡོན་འཁོར་ཡིན་པ་འདིས་ཀྱང་ཕྱོགས་ཞེན་ཅན་རྣམས་ཀྱིས་གཡུང་དྲུང་གཡས་འཁོར་བན་གྱི་དང་གཡོན་འཁོར་བོན་གྱི་ཡིན་ཞེས་ཨུ་ཚུགས་སྨྲ་བའི་ཁ་ལ་ཀུ་རུ་ཁ་བཏབ་འདུག་གོ། །
ཞར་བྱུང་བདུན་པ། མ་ཎིའི་ཧཱུྃ་ཡིག་བཀླག་སྟངས་ལ་ཕྲན་ཙམ་དཔྱད་པ།
ཡང་། དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་《མ་ཎི་ཡིག་དྲུག་གི་ཕན་ཡོན་སྐོར་ལས་འཕྲོས་པའི་དྲིས་ལན》་[61] ཞེས་པ་ལས། “དེ་ཉིད་[62]ལས། ཧ་ནི་ཐུར་སེལ་མིང་ཅན་རླུང་། །བཤང་སྒོ་གསང་བའི་དབུས་ན་གནས། །ཡི་གེ་ཨཱུ་ནི་སྟེང་འགྲོའི་རླུང་། །མགྲིན་པའི་པདྨའི་དབུས་ན་གནས། །ཡི་གེ་མ་ནི་སྲོག་རླུང་ཡིན། །དཔྲལ་བ་རླུང་གི་འཁོར་ལོ་ལ། །དེ་དག་གཅིག་གྱུར་སྙིང་ག་ལ། །ཐུགས་ཀྱི་ས་བོན་དུ་ནི་བརྗོད། །ཅེས་ཧཱུཾ་ཡིག་སོ་སོར་ཕྲལ་བས་ཧ་ཨཱུ་མ་གསུམ་”ཞེས་དང་། “དེ་[63] གཉིས་ཀའི་སྟེང་གི་ཀླད་ཀོར་རམ་ཐིག་ལེ་ནི་མ་ཡིག་ཏུ་བཀླག་དགོས་པ་གསལ་བོ་གསུངས་པ་དང་།”ཞེས་སོགས་གསུངས་སོ། །
དེ་ལ་འདི་སྐད་ཅེས་ཞུ་སྟེ། ཧཱུམ་ཞེས་བཀླག་ཀྱང་མི་ཆོག་པ་མེད་མོད། ཧཱུང་ཞེས་ཀློག་པ་ནི་ཤིན་ཏུ་དག་སྟེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ། ཕྱིས་ཀྱི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཧཱུང་ལྟར་ཀློག་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྣར་ཐང་ལོ་ཙཱ་བ་དགེ་འདུན་དཔལ་གྱིས་《སྔགས་ཀྱི་བཀླག་ཐབས་བསྡུས་པ》་ལས། “གཉིས་པ་དམིགས་བསལ་ནི། ཨོཾ་དང་ཧཱུཾ་ནི་མ་དང་ང་། །ཚིག་གྲོགས་དག་ལ་ལྟོས་པ་མིན། །ཞེས་པས་སྟོན་ཏེ། ཨོཾ་གྱི་ཀླད་ཀོར་མ་དང་། ཧཱུཾ་གི་ཀླད་ཀོར་ང་རུ་དུས་ནམ་ཡང་བཀླག་པར་བྱ་སྟེ། གོང་འོག་གི་ཚིག་གྲོགས་དག་ལ་ལྟོས་པ་མིན་ནོ། །དེ་ཅིའི་ཕྱི་ཞེ་ན། ཨོཾ་དང་ཧཱུཾ་དང་ཕཊ་དང་སྭཱཧཱ་རྣམས་སྔགས་ཀྱི་འགོ་མཇུག་གི་རྒྱན་ལ་འོང་བ་མ་གཏོགས། ཡི་གེ་སྔ་ཕྱི་གང་ལའང་མ་འབྲེལ་བར་ཤད་ཀྱིས་ཆོད་པ་ལྟ་བུའི་ཚུལ་དུ་རང་དབང་བར་གནས་པས། རང་ཐོག་བརྩི་བར་བྱ་བ་ཡིན་ལ། དེས་ན་ཨོཾ་ལ་མ་དང་ཧཱུཾ་ལ་ང་རུ་ཐོབ་པ་ཡིན་ཏེ། ཀླུ་སྒྲུབ་ཀྱི་སྔགས་བཀླག་ཐབས་སུའང་དེ་ལྟར་བཤད་དོ། །” [64]ཞེས་གསུང་པའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་《མ་ཎི་བཀའ་འབུམ》་ལས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་རྣམས་སུ་མ་ཎི་ལ་འབྲུ་བཤད་གནང་སྐབས་ཧཱུྃ་གི་རྗེས་སུ་འབྲེལ་སྒྲའི་ཕྲད་ལ་གི་ལས་གྱི་སྦྱར་མེད་པའི་ཕྱིར་རོ། །གསུམ་པའང་གྲུབ་སྟེ། གོང་དུ་(འདྲ་པར་ཨང་། ༡༠)་པའི་ངོས་སུ་འཁོད་པ་ལྟར། དུས་རབས་བཅུ་གཅིག་པར་བཀའ་གདམས་པའི་གདན་ས་ཆེན་པོ་རྒྱལ་ལྷ་ཁང་གི་བྱམས་པའི་རྡོ་སྐུའི་རྒྱབ་ཡོལ་ངོས་སུ་ཧུྃང་ཞེས་བརྐོས་ཡོད་པའི་ཕྱིར་རོ། །
དེར་མ་ཟད་བོད་ཀྱི་གྲུབ་མཐའ་རིས་མེད་དང་ཆོལ་ཁ་རིས་མེད་ཀྱི་མཁས་ཆེན་མང་པོས་མི་ལོ་ལྔ་བཅུ་ཙམ་གྱི་རིང་ལ་བསྒྲིགས་པའི་《བོད་རྒྱ་ཚིག་མཛོད་ཆེན་མོ》་ལས། “ ཧཱུའི་ཀླད་ཀོར་ལ་ང་སྒྲ།”ཞེས་གསུངས་ཡོད་པས། རིག་གཞུང་པ་དག་ནི་ད་ནས་བཟུང་འདིའི་རྗེས་སུ་འབྲངས་ན་ལེགས་སོ་ཞེས་ཞུའོ། །འོན་ཀྱང་འདིར་གསལ་བཤད་དགོས་པ་ཞིག་ལ་ཧཱུམ་ཞེས་ཀློག་གོམས་ལ་སོང་ཡོད་པའི་ཕལ་བའི་རྒན་རྒོན་ཚོས་ད་དུང་ཡང་ཧཱུམ་ཞེས་ཀློགས་དང་བྱིན་རླབས་ཐད་གཅིག་འདྲ་ཡིན་པ་ཐེ་ཚོམ་མི་དགོས་སོ། །སྤྱིར་ཡང་གཟུངས་སྔགས་རྣམས་ནི་ཀློག་མཁན་གྱི་དད་པ་དང་སྔགས་སུ་བྱིན་གྱིས་བརླབ་མཁན་གྱི་གང་ཟག་གིས་ནུས་མཐུ་གཙོ་བོ་ཡིན་པ་ལས། སྒྲ་ཅུང་ཟད་དག་དང་མ་དག་པ་ཙམ་གྱིས་སྐྱོན་ཆེན་ཡོང་མི་སྲིད་པ། ས་པཎ་དང་ཕུར་པའི་རྣལ་འབྱོར་པ་གཉིས་ཀྱི་གཏམ་རྒྱུད་ལྟར་ཡིན་ཞིང་། དེ་མིན་འཛམ་གླིང་གི་ཡུལ་གྲུ་སོ་སོའི་མི་རྣམས་ཀྱིས་མ་ཎི་ལེགས་སྦྱར་གྱི་སྒྲ་ཇི་བཞིན་དུ་སོ་སོའི་ཡིག་ཐོག་ཏུ་ཕབ་ཐུབ་མིན་དང་སྒྲ་ཐོན་མིན་ཅི་རིགས་ཡོད་པས་དེ་དག་ལ་ཕན་ཡོན་མེད་ཅེས་སྨྲ་དགོས་བྱུང་ཞིང་། དེ་ནི་སེམས་རྣལ་དུ་གནས་པ་སུ་ཞིག་གིས་སྨྲ་སྤོབས་སོ། །
ཞར་བྱུང་བདུན་པ། རིང་ཆ་དང་ཟླ་ཚེས་མེད་པའི་ཨོཾ་གྱི་རིག་དངོས་འགའ་ཞིག་ལ་དཔྱད་པ།
(འདྲ་པར་ཨང་། ༣༣) འདི་ནི་ལྷ་སའི་ལྷ་ལྡན་གཙུག་ལག་ཁང་གི་ཁྲུས་མཛད་ལྷ་ཁང་གི་སྒོའི་ནང་ཀླད་དུ་བཀལ་བའི་ “གསུང་རྟེན་ཡི་གེ་དྲུག་མ”་ཞེས་པའི་འདྲ་པར་ཏེ། ཉི་མ་ཚེ་རིང་གིས་བརྩམས་པའི་《ལྷ་ལྡན་གཙུག་ལག་ཁང་གནས་བཤད་མདོར་བསྡུས》་ཞེས་པ་ལས། [65] “གཟིམ་སྒོའི་ནང་ལོགས་ཀྱི་ཐོད་དུ་གཙུག་ལག་ཁང་འདིའི་གསུང་གི་རྟེན་ཆོས་རྒྱལ་གྱི་ཕྱག་བྲིས་མ་ཎི་ཡིག་དྲུག་གི་ཞལ་ཚབ་བཅས་བཞུགས་ཡོད”ཅེས་པ་དེ་རེད། འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་དངོས་ཀྱིས་ཕྱག་བྲིས་སུ་གནང་བ་ཞིག་ཡིན་པར་གྲགས་སོ། །འོན་ཀྱང་འདི་ལ་དོགས་པ་འདི་འདྲ་ཞིག་མཆིས་ཏེ། གལ་ཏེ་དངོས་གནས་འདི་འདྲའི་རྩ་ཆེན་པོ་ཞིག་ཡིན་ན་སྤྱི་ལོ་༡༦༤༥་ལོར་རྒྱལ་དབང་ལྔ་པས་བརྩམས་པའི་《ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་མ་བུའི་དཀར་ཆག་ཤེལ་དཀར་མེ་ལོང》་དུ་འཁོད་རིགས་པ་ལ་དེར་འཁོད་མི་འདུག་པ་དང་། ཉི་མ་ཚེ་རིང་ལགས་ཀྱིས་《ལྷ་ལྡན་གཙུག་ལག་ཁང་གནས་བཤད་མདོར་བསྡུས》་སུ་ཅིའི་ཕྱིར་“མ་ཎི་ཡིག་དྲུག་གི་ཞལ་ཚབ་”ཅེས་སྨོས་པ་ཡིན་ནམ། “ཞལ་ཚབ”ཅེས་པ་ནི་ཀུན་གྱིས་ཤེས་གསལ་ལྟར་དངོས་མིན་ཞེས་པའི་དོན་ནོ། །དེའི་ཕྱིར་འདི་ལ་དཔྱད་པར་བྱ་བའམ་དོགས་པ་གཉིས་མཆིས་ཏེ། དང་པོ་དཀར་ཆག་ཤེལ་དཀར་མེ་ལོང་དུ་མ་འཁོད་པར་གཞིགས་ན་སྔོན་ཆད་དེ་འདྲའི་དངོས་པོ་དང་ཤོད་སྲོལ་གཉིས་ཀ་མེད་པར་ཕྱིས་སུ་སྒྲོ་བཏགས་ཀྱིས་བསྐྲུན་པ་ཞིག་ཡིན་པར་དོགས་པ་དང་། གཉིས་པ་གཙུག་ལག་ཁང་གི་གནས་བཤད་མདོར་བསྡུས་སུ་“ཞལ་ཚབ”ཅེས་བྲིས་པར་གཞིགས་ན་སྔར་ཡོད་ཀྱང་མེད་བརླག་ལ་ཤོར་ཏེ་དེའི་ཚབ་ཏུ་བཞག་པ་ཞིག་ཡིན་པར་དོགས་སོ། །གལ་ཏེ་ཕྱིས་སུ་སྒྲོ་བཏགས་པའམ་ཚབ་ཏུ་བཞག་པ་ཞིག་ཡིན་ན་ནི། མཇལ་བ་རྣམས་ལ་རྒན་མོ་ཁྱི་སོས་སངས་རྒྱས་ཀྱི་ནུས་པ་ཐོན་སྲིད་པ་དང་སྔོན་གྱི་དེར་རྗེས་དྲན་གྱི་རྟེན་ཙམ་དུ་བྱ་ཆོག་མོད། དེ་ལ་དཔྱད་གཞི་དང་ཁུངས་བཅོལ་བའི་རིན་ཐང་མེད་པ་ཁྲ་འབྲུག་གཙུག་ལག་ཁང་དང་ཕ་བོང་ཁའི་ཐོན་མིའི་ཕྱག་བྲིས་མ་ཎིའི་ཚབ་ལྟ་བུ་ཡིན་ནོ། །དེ་མིན་འདིའི་མ་ཎིའི་པད་ཡིག་གི་གཤམ་དུ་གཏེར་ཚེག་ཅན་གྱི་ཨ༔ཡིག་ཅིག་འདུག་པ་སོགས་དཔྱད་པར་བྱ་བ་སྐོར་ཞིག་ཀྱང་འདུག་སྙམ་ཡང་། དངོས་མཇལ་སྐབས་སུ་ཉམས་འཇོག་གིས་མ་འདངས་ཤིང་ད་ལྟ་འདྲ་པར་ལ་བལྟས་ཏེ་མང་པོ་སྨྲ་བའི་སྤོབས་པ་མ་མཆིས་སོ། །
(འདྲ་པར་ཨང་། ༣༤) འདི་ནི་ཆབ་མདོ་བྲག་གཡབ་རྫོང་ཁོངས་སུ་ཡོད་པའི་སྐད་གྲགས་ཆེ་བའི་རི་མདའི་རྣམ་པར་སྣང་མཛད་ཅེས་པ་དེའི་གཡས་ཕྱོགས་ཀྱི་བྲག་ལྡེབས་སུ་བརྐོས་ཡོད་པའི་མ་ཎི་དེ་རེད། རྣམ་སྣང་གི་སྐུ་འདི་སྤྱི་ལོ་༨༠༠་ལོ་ནས་༨༡༥་ལོའི་བར་དུ་པ་གོར་ཡེ་ཤེས་དབྱངས་དང་གད་ནམ་མཁའི་སྙིང་པོ་སོགས་ཀྱིས་བཞེངས་པ་སྦྱར་བྱང་རང་དུ་གསལ། འོན་ཀྱང་མ་ཎི་འདི་སྐབས་དེར་བརྐོས་པ་ཡིན་མིན་གྱི་གསལ་ཁ་བྱས་ཡོད་པ་མ་མཐོང་ཡང་ཕར་བལྟས་ཚོད་ལ་སྐབས་དེར་བརྐོས་པ་ལོས་ཡིན་སྙམ་པ་ཞིག་ཏུ་མཆིས། དེ་ཡིན་ན་འདིའི་ཨོཾ་ལ་འ་འདོགས་མེད་ཅིང་ཧཱུྃ་ལ་ཟླ་ཚེས་ཡོད་པ་འདི་འདྲ་བོད་བཙན་པོའི་སྐབས་སུའང་འབྲི་སྲོལ་ཡོད་པར་མཐོང་ངོ་། །འདིའི་ཐུན་མིན་ཞིག་ལ་ཎྀའི་གི་གུ་ཡང་ཕྱིར་ལོག་དང་ཉིས་ཤད་ཅན་དག་གི་བར་དུ་ཉིས་ཚེག་ཿ འདི་འདྲ་བ་བཞག་ཡོད་པས་གོར་གོར་ཉིས་བརྩེགས་ཅན་ཡོད་ཚད་རྣམ་བཅད་དམ་གཏེར་ཚེག་ཏུ་འཁྲུལ་མི་རིག་པར་བསྟན་པ་དང་། དེ་བཞིན་དུ་ཚེག་གི་ཚབ་བམ་ཟུར་དུ་གོར་ཐིག་ཆིག་རྐྱང་ཅན་ཡང་ཡོད་པས་དེ་ཀླད་ཀོར་ཟུར་དུ་ལྷུང་བ་ཨེ་ཡིན་སྙམ་པའི་དོགས་པ་ཡང་བྱ་མི་རིགས་སོ། །
(འདྲ་པར་ཨང་། ༣༥) འདི་ནི་དཔལ་ཞ་ལུ་དགོན་པའི་གསུང་རྟེན་མ་ཎི་རང་བྱོན་གྱི་འདྲ་པར་རེད། འདིའི་ཨཱོཾ་ལ་འ་འདོགས་དང་ཟླ་ཚེས་བཅས་མེད་མོད། དུས་རབས་ནམ་ཞིག་གི་ཡིན་མིན་ཤེས་མ་སོང་ངོ་། ། རེ་ཞིག་དཔྱད་རྩོམ་འདིའི་མཇུག་དེ་ཙམ་གྱིས་བསྡུ་བར་བྱའོ། །དགེ་ལེགས་འཕེལ་གྱུར་ཅིག །
དཔྱད་རྩོམ་འདི་ནི་དཔལ་ལྡན་བླ་མ་དམ་པ་ལྷ་སྤྲུལ་ཨོ་རྒྱན་གར་དབང་ཉི་མ་མཆོག་གིས་ཉེ་བའི་དགོས་མཁོར་གཞིགས་ཏེ། མ་ཎིའི་ཨཱོཾ་ཡིག་ལ་འ་འདོགས་དང་ཧྲཱི་ཡིག་ཐོབ་མིན་སོགས་ཀྱི་སྐོར་ནས་ཁུངས་ལུང་ཅི་ཡོད་དྲོངས་ལ་གསལ་པོ་ཞིག་ཕྲིས་ཤོག་ཅེས་བཀའ་གསུངས་པ་བཟློག་མ་ནུས་པར། གང་གི་ཐུགས་རྗེའི་གྲིབ་བསིལ་སྣུམ་པོར་འཚོ་སྡོད་བྱས་ཡོད་པའི་སྤྲང་བན་རྒྱལ་ཁམས་པ་འཇུ་བཀྲ་ཤིས་བཟང་པོའམ་བྱ་རྗི་ཞེས་འབོད་པ་དེས་སྤྱི་ལོ་༢༠༢༢ལོའི་ཟླ་༡༢པའི་ཚེས་༡༡ཉིན་གྲུབ་པར་བགྱིས་པ་འདི་དཔལ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བར་ཤོག་ཅིག །སྐུ་ཚེ་ཞབས་པད་བརྟན་པར་གྱུར་ཅིག །སྐུ་དགེ། ཐུགས་དགེ།གསུང་དགེ།དགེའོ།། དགེའོ།། དགེའོ།།
དཔྱད་ཡིག་དང་ཞབས་མཆན།
[1]ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས།《སྒྲ་ཉེ་བར་བསྡུས་པའི་ཚིགས་སུ་བཅད་པ》ཡོངས་འཛིན་དྲྭ་ཚུགས་ནས་དྲངས།
[2]འདིའི་བླ་མ་ནི་པཎ་ཆེན་ཤཱཀྱ་ཤྲཱི་ཡིན་ནོ། །
[3]སྣར་ཐང་ལོ་ཙཱ་བ་སངྒྷ་ཤྲཱིས་བརྩམས།《སྔགས་ཀྱི་བཀླག་ཐབས་བསྡུས་པ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་པར་ཐེངས་༢། ཤོག༤༨།
[4]དངུལ་ཆུ་དྷརྨ་བྷ་དྲས་བརྩམས། 《དངུལ་ཆུ་དྷརྨ་བྷ་དྲའི་གསུང་འབུམ》 (པོད་ལྔ་པ) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།༢༠༡༠ ཤོག་ངོས་༡༤༦་པའི་《སྔགས་ཀྱི་ཡི་གེའི་ཀློག་ཚུལ་དངོས་བསྟན་པ་མདོར་བསྡུས་ཙམ་གོ་བདེ་བར་བཀོད་པ》ཞེས་པའི་ཤོག་ངོས་གཉིས་པར།
[5]དངུལ་ཆུ་དྷརྨ་བྷ་དྲས་བརྩམས། 《དངུལ་ཆུ་དྷརྨ་བྷ་དྲའི་གསུང་འབུམ》 (པོད་ལྔ་པ) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།༢༠༡༠ ཤོག་ངོས་༡༥༡་པའི་《སྔགས་ཀྱི་ཡི་གེའི་ཀློག་ཚུལ་དངོས་བསྟན་པ་མདོར་བསྡུས་ཀྱི་འགྲེལ་པ་དཔེར་བརྗོད་དང་བཅས་པ》ཞེས་པར།
[6]《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》དེབ་དང་པོ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ཤོག་ངོས།༨-༩།
[7]ལྡོང་ཡོན་ཏན་རྒྱ་མཚོ་དང་ཨར་མྲའི་དགའ་བ་གཉིས་ཀྱིས་གཙོ་གཉེར་གནང་བའི་(སྤྱི་ལོ་༢༠༠༦་ལོའི་)《གུར་ཀུམ་ཆུན་པོ》ཡི་ཤོག་ངོས་༡༧༦-༡༧༧པ།
[8] ཚངས་དབང་གིས་བརྩམས།《ཨཱོཾ་ལ་རིང་ཆ་ཡོད་མེད་སྐོར》མ་ཕྱི་རྩོམ་པ་པོ་ཁོང་གི་ཕྱག་ཏུ་ཡོད་ཅིང་། ད་ཐེངས་བདག་གི་དཔྱད་རྩོམ་གྱི་རྒྱུ་ཆར་མཁོ་འདོན་གནང་པ་ལས་དུས་དེབ་སོགས་སུ་བཀོད་མེད་པ་འདྲ།
[9]དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་བརྩམས།《 ཡིག་དྲུག་གི་དག་ཆ་ལ་དཔྱད་པ།》དགེ་ལུགས་པའི་དྲ་བ་ཞེས་པའི་དྲྭ་ཚུགས་སུ་བཀོད་འདུག།
[10]ཟླ་ཁྱིམ་དུ་བཀོད་པའི་ནོར་བཅོས་རྣམས་ནི་བདག་གིས་བྱས་ཤིང་། ཡིག་ནོར་རྣམས་ནི་ཡིག་མཁན་ལས་དགེ་བཤེས་ཀྱིས་ནོར་བ་མིན་ཡང་སྲིད་དོ། །
[11]དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་བརྩམས།《མ་ཎི་ཡིག་དྲུག་གི་ཕན་ཡོན་སྐོར་ལས་འཕྲོས་པའི་དྲིས་ལན》དཔེ་མཁས་པ་བན་ཤུལ་དཔལ་མཁར་རྒྱལ་ནས་མཁོ་འདོན་གནང་།
[12]ཀ་བཞིའི་དགེ་སློང་འཇམ་དབྱངས་བསམ་གཏན་གྱིས་བརྩམས།《རྫ་ཆུ་ཁའི་མཁས་དབང་དང་སྒྲ་མཁན་དང་རྡོ་བརྐོ་བ་རྣམས་ཀྱིས་ལན་ཞིག་ཐོབ།》ཡོངས་འཛིན་དྲྭ་ཚུགས་ལས་དྲངས།
[13]ཀ་བཞིའི་དགེ་སློང་འཇམ་དབྱངས་བསམ་གཏན་གྱིས་བརྩམས།《རྫ་ཆུ་ཁའི་མཁས་དབང་དང་སྒྲ་མཁན་དང་རྡོ་བརྐོ་བ་རྣམས་ཀྱིས་ལན་ཞིག་ཐོབ།》ཡོངས་འཛིན་དྲྭ་ཚུགས་ལས་དྲངས།
[14]རྒྱལ་པོ་སྲོང་བཙན་སྒམ་པོས་བརྩམས།《མ་ཎི་བཀའ་འབུམ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ སྣ་རིང་མ། ཤོག། ༣༤༧
[15]རྒྱལ་པོ་སྲོང་བཙན་སྒམ་པོས་བརྩམས།《མ་ཎི་བཀའ་འབུམ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ སྣ་རིང་མ། ཤོག། ༣༧༥
[16]ས་སྐྱ་བསོད་ནམས་རྩེ་མོས་བརྩམས། 《རྒྱལ་རབས་གསལ་བའི་མེ་ལོང་》མི་རིགས་དཔེ་སྐྲུན་ཁང་། ༡༩༨༨་ལོའི་པར་ཐེངས༣པ། ཤོག།༣༦
[17]རྒྱལ་པོ་སྲོང་བཙན་སྒམ་པོས་བརྩམས།《མ་ཎི་བཀའ་འབུམ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ སྣ་རིང་མ། ཤོག། ༣༧༦
[18]འབྲུག་པ་ཀུན་མཁྱེན་པདྨ་དཀར་པོས་བརྩམས།《ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད》འབྲུག་རྒྱལ་ཁབ་ཏུ་དེབ་གཟུགས་སུ་པར། ཤོག ༢༩༥
[19]《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》དེབ་དང་པོ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ཤོག་ངོས།༨-༩།
[20] ཚངས་དབང་གིས་བརྩམས།《ཨཱོཾ་ལ་རིང་ཆ་ཡོད་མེད་སྐོར》མ་ཕྱི་རྩོམ་པ་པོ་ཁོང་གི་ཕྱག་ཏུ་ཡོད་ཅིང་། ད་ཐེངས་བདག་གི་དཔྱད་རྩོམ་གྱི་རྒྱུ་ཆར་མཁོ་འདོན་གནང་པ་ལས་དུས་དེབ་སོགས་སུ་བཀོད་མེད་པ་འདྲ།
[21]《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》དེབ་དང་པོ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ཤོག་ངོས།༢༥༨-༢༥༨།
[22]སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་བརྩམས།《འབྲུག་སྒྲ་བཟང་པོའི་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ་ཞེས་པའི་རྩོད་པ་ལ་ལན་དུ་བརྗོད་པ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ཤོག ༤༣།
[23] ཚངས་དབང་གིས་བརྩམས།《ཨཱོཾ་ལ་རིང་ཆ་ཡོད་མེད་སྐོར》མ་ཕྱི་རྩོམ་པ་པོ་ཁོང་གི་ཕྱག་ཏུ་ཡོད་ཅིང་། ད་ཐེངས་བདག་གི་དཔྱད་རྩོམ་གྱི་རྒྱུ་ཆར་མཁོ་འདོན་གནང་པ་ལས་དུས་དེབ་སོགས་སུ་བཀོད་མེད་པ་འདྲ།
[24]《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》དེབ་དང་པོ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ཤོག་ངོས།༩།
[25]ལུང་འདྲེན་འདི་ནི། འཕྲིན་ཕྲན་གྱི་ལམ་ནས་མཁས་དབང་ཁམས་སྤྲུལ་ཚང་ལ་བཀའ་འདྲི་ཞུས་པ་ཞིག་ཡིན་ལ། བཀའ་ལན་ཡིག་ཐོག་ཏུ་དགོད་པའི་ཐད་ལའང་བཀའ་གནང་ཁྲོལ་ཏེ་བདག་གིས་ཡིག་ཐོག་ཏུ་ཕབ་པ་ཞིག་ཡིན་ནོ། །
[26]《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》དེབ་དང་པོ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ཤོག་ངོས།༢༤༨།
[27]《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》དེབ་དང་པོ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ཤོག་ངོས།༩།
[28]《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》དེབ་དང་པོ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ཤོག་ངོས།༢༥༧།
[29]《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》དེབ་གཉིས་པ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ཤོག་ངོས།༢༦༩།
[30]ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས།《སྒྲ་ཉེ་བར་བསྡུས་པའི་ཚིགས་སུ་བཅད་པ》ཡོངས་འཛིན་དྲྭ་ཚུགས་ནས་དྲངས།
[31]དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་བརྩམས།《 ཡིག་དྲུག་གི་དག་ཆ་ལ་དཔྱད་པ།》དགེ་ལུགས་པའི་དྲ་བ་ཞེས་པའི་དྲྭ་ཚུགས་སུ་བཀོད་འདུག།
[32]ཡོངས་གྲགས་སུ་ཁྲ་འབྲུག་མ་ཎི་རང་བྱོན་ཟེར་བ་དེ་ཡིན།
[33] དགེ་ལུགས་པའི་དྲ་བ་ཞེས་པའི་དྲྭ་ཚུགས་སུ་བཀོད་འདུག།
[34]འདི་ལ་ད་ལྟ་ཁྲེང་འགོ་ཆུ་མིག་ཟེར་ཞིང་ཡུལ་མིས་འཐུང་ཆུར་སྤྱོད་ཀྱིན་འདུག། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྗེས་དྲན་ཁང་གི་འགྲམ་ཟུར་དུ་ཡོད་དོ། །
[35]ལྷག་པ་བཀྲ་ཤིས་ཀྱིས་བརྩམས།《མལ་གྲོ་གུང་དཀར་རྫོང་གི་རིག་གནས་ལོ་རྒྱུས།》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ཤོག།༢༣
[36]དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》དེབ་དང་པོ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ཤོག་ངོས།༨-༩།
[37]དཔྱད་རྩོམ་འདི་ཡོངས་འཛིན་དྲྭ་ཚུགས་སུ་ཡོད།
[38]དཔྱད་རྩོམ་འདི་ཡོངས་འཛིན་དྲྭ་ཚུགས་སུ་ཡོད།
[39]རྒྱ་མའི་ཧོར་ཁང་གཞིས་ཀའི་ར་བའི་ནང་གི་ཆོས་ཁང་རབ་རྒྱས་གླིང་གི་ལྷ་ཁང་དུ་པར་སྒྲོམ་ཞིག་ཏུ་རྩིག་ལྡེབས་སུ་བཀལ་འདུག།
[40]ཡོངས་འཛིན་དྲ་བ་ལས་དྲངས།
[41]དགེ་བཤེས་ཤེས་རབ་གྲགས་པས་བརྩམས།《 འབར་ཁམས་མྱ་ཅོ་སྡེ་བ་ནས་ཚ་ཚ་གསར་རྙེད་བྱུང་བ།》ཧི་མ་ལ་ཡའི་བོན་དྲྭ་ཚུགས་ནས་དྲངས།
[42]སྟོབས་ལྡན་གྱིས་བརྩམས་པའི་《 དམངས་གཙོ་བཅོས་བསྒྱུར་བཏང་རྗེས་བོད་ཀྱི་གནའ་དཔེ་སྲུང་སྐྱོབ་ཀྱི་གྲུབ་འབྲས་སྐོར་གླེང་བ》ཡོངས་འཛིན་དྲ་བར་ཡོད།
[43]ཚངས་དབང་དགེ་འདུན་བསྟན་པས་བརྩམས།《ཨཱོཾ་ལ་རིང་ཆ་ཡོད་མེད་སྐོར》མ་ཕྱི་རྩོམ་པ་པོ་ཁོང་གི་ཕྱག་ཏུ་ཡོད་ཅིང་། ད་ཐེངས་བདག་གི་དཔྱད་རྩོམ་གྱི་རྒྱུ་ཆར་མཁོ་འདོན་གནང་བ་ལས་དུས་དེབ་སོགས་སུ་བཀོད་མེད་པ་འདྲ།
[44]འཇམ་དབྱངས་བསམ་གཏན་གྱིས་བརྩམས།《རྫ་ཆུ་ཁའི་མཁས་དབང་དང་སྒྲ་མཁན་དང་རྡོ་བརྐོ་བ་རྣམས་ཀྱིས་ལན་ཞིག་ཐོབ།》ཡོངས་འཛིན་དྲ་ཚིགས་ལས་དྲངས།
[45]དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་བརྩམས།《 ཡིག་དྲུག་གི་དག་ཆ་ལ་དཔྱད་པ།》དགེ་ལུགས་པའི་དྲ་བ་ཞེས་པའི་དྲྭ་ཚུགས་སུ་བཀོད་འདུག།
[46]འདིའི་“ལྷག”ཅེས་པ་མི་དགོས་པའི་ལྷག་པོའི་དོན་ཡིན་ཞེས་ཁོང་གིས་མཁས་པ་བན་ཤུལ་དཔལ་མཁར་རྒྱལ་ལ་ཕུལ་བའི་དྲིས་ལན་《མ་ཎི་ཡིག་དྲུག་གི་ཕན་ཡོན་སྐོར་ལས་འཕྲོས་པའི་དྲིས་ལན》ཞེས་པར་བཤད་འདུག།
[47]དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་བརྩམས།《 ཡིག་དྲུག་གི་དག་ཆ་ལ་དཔྱད་པ།》དགེ་ལུགས་པའི་དྲ་བ་ཞེས་པའི་དྲྭ་ཚུགས་སུ་བཀོད་འདུག།
[48]《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》དེབ་དང་པོ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ཤོག་ངོས།༩།
[49]དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་བརྩམས།《 ཡིག་དྲུག་གི་དག་ཆ་ལ་དཔྱད་པ།》དགེ་ལུགས་པའི་དྲ་བ་ཞེས་པའི་དྲྭ་ཚུགས་སུ་བཀོད་འདུག།
[50]དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་བརྩམས།《 ཡིག་དྲུག་གི་དག་ཆ་ལ་དཔྱད་པ།》དགེ་ལུགས་པའི་དྲ་བ་ཞེས་པའི་དྲྭ་ཚུགས་སུ་བཀོད་འདུག།
[51]《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》དེབ་དང་པོ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ཤོག་ངོས།༢༥༨-༢༥༩།
[52]༢༠༢༢་ལོའི《རིག་མཛོད》དུས་དེབ། ཤོག། ༢
[53]རྒྱལ་པོ་སྲོང་བཙན་སྒམ་པོས་བརྩམས།《མ་ཎི་བཀའ་འབུམ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ སྣ་རིང་མ།
[54]རྒྱལ་པོ་སྲོང་བཙན་སྒམ་པོས་བརྩམས།《མ་ཎི་བཀའ་འབུམ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ སྣ་རིང་མ།
[55]རིན་ཆེན་གཏེར་མཛོད་ཀྱི་《དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང》ཞེས་པ་ལས།
[56]རྒྱལ་པོ་སྲོང་བཙན་སྒམ་པོས་བརྩམས།《མ་ཎི་བཀའ་འབུམ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ སྣ་རིང་མ། ཤོག། ༢༩༤
[57]རྒྱལ་པོ་སྲོང་བཙན་སྒམ་པོས་བརྩམས།《མ་ཎི་བཀའ་འབུམ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ སྣ་རིང་མ། ཤོག། ༦༡༠
[58]རྒྱལ་པོ་སྲོང་བཙན་སྒམ་པོས་བརྩམས།《མ་ཎི་བཀའ་འབུམ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ སྣ་རིང་མ། ཤོག། ༣༢༨
[59]རྒྱལ་པོ་སྲོང་བཙན་སྒམ་པོས་བརྩམས།《མ་ཎི་བཀའ་འབུམ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ སྣ་རིང་མ། ཤོག། ༣༣༡
[60]རྒྱལ་པོ་སྲོང་བཙན་སྒམ་པོས་བརྩམས།《མ་ཎི་བཀའ་འབུམ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ སྣ་རིང་མ། ཤོག། ༢༧༩
[61]དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་བརྩམས།《མ་ཎི་ཡིག་དྲུག་གི་ཕན་ཡོན་སྐོར་ལས་འཕྲོས་པའི་དྲིས་ལན》དཔེ་མཁས་པ་བན་ཤུལ་དཔལ་མཁར་རྒྱལ་ནས་མཁོ་འདོན་གནང་།
[62] 《རྡོ་རྗེ་ཕྲེང་བའི་ངེས་དོན་གྱི་སྔགས་བཏུ》
[63]ཨོཾ་དང་ཧཱུཾ།
[64]སྣར་ཐང་ལོ་ཙཱ་བ་སངྒྷ་ཤྲཱིས་བརྩམས།《སྔགས་ཀྱི་བཀླག་ཐབས་བསྡུས་པ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠་ལོའི་པར་ཐེངས་༢། ཤོག༦༧-༦༨།
[65]ཉི་མ་ཚེ་རིང་གིས་བརྩམས། 《ལྷ་ལྡན་གཙུག་ལག་ཁང་གནས་བཤད་མདོར་བསྡུས》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ལོ། པར་ཐེངས༦པ། ཤོག༢༩པ།
– – – – –