མདོ་དབུས་མཐོ་སྒང་དུ་གསོ་བ་ཟས་སྨན་གཉིས་ཀྱི་རིག་གཞུང་དཔལ་ལྡན་རྒྱུད་བཞི་ཇི་ལྟར་གྲུབ་པའི་ཚུལ།

0
996

ནང་དོན་གནད་བསྡུས། བོད་ཡུལ་དུ་གསོ་བ་ཟས་སྨན་གཉིས་ཀྱི་རིག་གཞུང་དཔལ་ལྡན་རྒྱུད་བཞི་ཞེས་ཡོངས་སུ་གྲགས་པ། ལེའུ་བཞིའི་བདག་ཉིད་ཅན་གྱི་གཞུང་འདི་ཐོག་མར་ཇི་ལྟར་གྲུབ་ཚུལ། བཟའ་བཏུང་རིག་གནས་ཞིབ་འཇུག་གི་བརྒྱུད་རིམ་ནང་གསོ་རིག་ཡིག་རྙིང་མང་པོ་གོ་བསྡུར་ཏེ་དཔྱད་པའི་རྙེད་དོན་ལྟར་ན།  ད་ལྟའི་དཔལ་ལྡན་རྒྱུད་བཞི་ཞེས་གྲགས་པ་ལེའུ་བཞི་ཡི་བདག་ཉིད་ཅན་འདི་ནི་གཡུ་ཐོག་མགོན་པོའི་གསུང་གཙོར་བྱས། གནའ་དུས་བོད་ཀྱི་གསོ་རིག་མང་པོའི་སྙིང་དོན་རྣམས་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་ཕྱོགས་སྒྲིག་གནང་ཚུལ་དང། གནའ་དུས་སུ་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་འདིར་ཟས་སྤྱོད་གཉིས་ཀྱིས་མི་ན་བ་བདེ་ཐང་དུ་གནས་པ་དང་།  སྨན་དཔྱད་གཉིས་ཀྱིས་ན་བ་གསོ་བར་བྱེད་པའི་རིག་ཚན་མ་ལག་ཅན་དུ་གྲུབ་པ་འདི། མེས་པོ་རྣམས་ཀྱིས་མི་ལོ་ཁྲི་འབུམ་དུ་མའི་རིང་ལ་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་བསྟུན་ནས་འཚོ་ཐབས་ཀྱི་མྱོང་བ་གཞིར་བཞག་ཐོག །ཁྱིམ་མཚེས་ཡུལ་གྲུ་མང་པོའི་ཤེས་རིག་དུ་མས་ཟུར་བརྒྱན་ཏེ་ཇི་ལྟར་གྲུབ་ཚུལ་མདོར་བསྡུས་ཙམ་ཞིག་བརྗོད་རྒྱུ་ལས།  རྒྱུ་མཚན་མི་ཆེ་བ་ཚོར་བའི་རྗེས་སུ་འབྲང་ནས་འཁྱོག་བཤད་དང་། བེད་སྤྱོད་མེད་པའི་སྟོང་བཤད་ཀྱིས་དུས་ཚོད་བརླགས་པ།  ཡོངས་གྲགས་ཀྱི་བཤད་སྲོལ་བསྐྱར་བཟློས་བྱེད་པ་སོགས་སྤངས་ཏེ་ཞིབ་འཇུག་གི་རྙེད་དོན་ཉུང་བསྡུས་ཤིག་འགོད་རྒྱུ་ཡིན།

ཐ་སྙད། རྩ་རྒྱུད།  བཤད་རྒྱུད།  མན་ངག་རྒྱུད། ཕྱི་མ་རྒྱུད།  རྒྱུད་བཞི།  བེེ་རོ་ཙ་ན།  གཡུ་ཐོག་མགོན་པོ།    སུམ་སྟོན་ཡེ་ཤེས་གཟུངས།  སྤྱོད་ལམ།  བཟའ་བཏུང་། སྨན།  དཔྱད། 

ཐོག་མའི་གསལ་བཤད་མདོར་བསྡུས།

རྒྱུད་བཞིའི་ནང་གི་རྩ་རྒྱུད་ནི་བཻ་རོ་ཙ་ན་སོགས་ཀྱིས་བརྩམས་བསྒྱུར་གང་རུང་གནང་བ་ཞིག་ལ་འཕྲི་བསྣན་ཅུང་ཟད་ཡོད་པ་ཞིག་ཏུ་སྣང་།  བཤད་རྒྱུད་ནི་གཡུ་ཐོག་མགོན་པོས་རྩ་རྒྱུད་ཀྱི་འགྲོས་ལྟར་བརྩམས་པ་དང་། མན་ངག་རྒྱུད་དང་ཕྱི་མ་རྒྱུད་གཉིས་གཡུ་ཐོག་མགོན་པོའི་གསུང་གཙོ་བོར་གྱུར་པ་གནའ་བོའི་གསོ་རིག་མང་པོའི་སྙིང་པོའི་དོན་རྣམས།  སུམ་སྟོན་གྱིས་གོང་འོག་བསྒྲིགས་ཏེ་གླིང་གཞི་སོགས་རྩ་རྒྱུད་ལྟར་བཀོད་རྗེས་སྔར་ཡོད་ཀྱི་རྩ་རྒྱུད་དང་། བཤད་རྒྱུད་བཅས་བཞི་པོ་དེ་ཕྱོགས་གཅིག་ཏུ་བསྒྲིགས་ནས་གྲུབ་པའི་གླེགས་བམ་ཞིག་ཏུ་མཐོང་།

ཡང་ད་ཡོད་ཀྱི་རྒྱུད་བཞི་སྤར་མ་རྣམས་ཀྱི་བར་ལ་ཡང་ཁྱད་པར་ཆེན་པོ་ཡོད་པ་དང་། དཔེ་རྙིང་བྲིས་མ་དང་ཉེ་བའི་ཤིང་སྤར་མའི་བར་ལ་དེ་བས་ཀྱང་བར་ཐག་རིང་པོ་ཡོད་པ་སོགས་ལ་བལྟས་ན།  དུས་རབས་ཀྱི་འགྲོས་དང་མཐུན་པར་ཉམས་མྱོང་གིས་ལེགས་བཅོས་དང་ཁ་སྣོན་ཡང་ཡང་གཏོང་གི་ཡོད་པ་རེད།

དེས་ན་ཐོག་མའི་རྒྱུད་བཞི་ཇི་ལྟར་གྲུབ་པའི་སྐོར་གསལ་པོ་ཞིག་ཤེས་པར་འདོད་ན་གསོ་རིག་དཔེ་རྙིང་རྣམས་ལ་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ལས་ཉེ་ཆར་གྱི་དཔེ་ཆ་གཅིག་པུས་བློ་བསྐྱེད་ཆེན་པོ་ཞིག་སྟེར་མི་ཐུབ།

གསོ་རིག་རྒྱུད་བཞིའི་བརྗོད་དོན་ནི་ཟས་སྤྱོད་སྨན་དཔྱད་བཞི་ཡིས་ལུས་ཁམས་བདེ་ཐང་དུ་གནས་པར་བྱེད་པའི་ཐབས་ཤེས་ཀྱིས་རིག་ཚན་མ་ལག་ཅན་དུ་བསྒྲིགས་པ་རེད། དེ་ནི་ལོ་ངོ་ཁྲི་སྟོང་མང་པོའི་རིང་མདོ་དབུས་མཐོ་སྒང་གི་ས་ཆ་འདིར་གནས་པའི་མིའི་འཚོ་བའི་ཉམས་མྱོང་ལ། ཁྱིམ་མཚེས་ཡུལ་གྲུ་མང་པོའི་གསོ་རིག་གི་ཤེས་བྱ་དུ་མས་བརྒྱན་ཏེ་རིག་གཞུང་མ་ལག་ཅན་དུ་ཆགས་པའི་ཐོག །གཡུ་ཐོག་མགོན་པོས་ཡང་བསྐྱར་ནང་བསྟན་མཚན་ཉིད་རིག་པའི་གཞུང་གི་འགྲོས་དང་མཐུན་པར་བསྒྲིགས་པའི་གཞུང་ཐོག་མ་ནི་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཅེས་པ་དེ་ཡིན།

དེའི་རྗེས་སུ་སུམ་སྟོན་གྱིས་ཕྱོགས་བསྒྲིགས་གནང་བའི་སྐབས་སུ་ཡན་ལག་བརྒྱད་པའི་མིང་བསྣན་ཏེ། ད་ལྟའི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་པའི་མཚན་དང་། རྒྱུད་ཀྱི་གླེང་གཞི་དང་རྒྱུད་བཞི་པོ་སྔ་ཕྱིའི་གོ་རིམ་ལྟར་བྱུང་ཚུལ་དང་འབྲེལ་ཏེ་གླེགས་བམ་གཅིག་ཏུ་སྒྲིག་པ་ཞིག་ཡིན་པར་སྣང་།

དེང་སང་ཡོངས་གྲགས་སུ་གཡུ་ཐོག་མགོན་པོའི་འཁྲུངས་འདས་ལོ་ཚིགས་༡༡༢༦=༡༢༠༢འདི་ནི་སྔ་དྲགས་པ་སྟེ། ཁོང་དྭགས་པོ་ལྷ་རྗེའི་སྐུ་སྐྱེ་ཡིན་ན་དྭགས་པོ་ལྷ་རྗེ་སྐུ་མ་འདས་པའི་ལོ་༢༦གོང་ནས་གཡུ་ཐོག་པ་འཁྲུངས་པ་དང་། ཡང་སུམ་སྟོན་གྱིས་གཡུ་ཐོག་མགོན་པོ་སྐྱིད་གྲོང་དུ་རྒྱལ་པོ་ལྷ་བཙུན་གྱིས་གདན་འདྲེན་ཞུས་ཚུལ་ལས་གསལ་བ་ལྟར་ན། རྒྱལ་པོ་ལྷ་བཙུན་ནི་༡༢༡༡ལོར་ཁ་ཆེའི་པཎྜིཏ་ཤཱཀྱ་ཤྲཱི་ལས་རབ་ཏུ་བྱུང་བའི་གུང་ཐང་རྒྱལ་པོ་ལྷ་བཙུན་མགོན་པོ་དཔལ་ཡིན་དགོས་པ་དང་།[1]    ཡང་ཞྭ་དམར་མཁའ་སྤྱོད་དབང་པོའི་གསོ་རིག་ཁུངས་ཀྱི་ཡིག་ཆུང་ཞེས་པའི་མཆན་དུ། གཡུ་ཐོག་མགོན་པོ་ནི་ཆོས་རྗེ་སྒམ་པོ་པའི་ཡང་སློབ་བོ།[2]  ཞེས་གསལ། སྡེ་སྲིད་ཁོག་དབུགས་དུ་ཡང་། 3 ཟླ་འོད་གཞོན་ནུ། ཞང་སྨན་ནག །གཡུ་ཐོག་ཡོན་ཏན་མགོན་པོ།[3]  ཞེས་དང་།  དེའུ་དམར་གསོ་རིག་ཆོས་འབྱུང་ ལས།[4] སྒམ་པོ་པ་ལས་ཞང་སྨན་ནག་པ་དང་། དེས་གཡུ་ཐོག་ཡོན་ཏན་མགོན་པོ་ལ་བརྒྱུད་ཚུལ་བཤད་པ་ལྟར་ན་ད་ལྟའི་འཁྲུངས་ལོ་འདི་སྔ་དྲགས་པའི་སྐྱོན་ཡོད།

བོད་ཀྱི་གསོ་རིག་ཁོག་དབུབ་རྙིང་པ་རྣམས་སུ་གསལ་བ་ལྟར་ན་དུས་རབས་བཅུ་གཉིས་དང་བཅུ་གསུམ་ཙམ་ལ་གཡུ་ཐོག་མགོན་པོ་ནི། བོད་ཀྱི་གསོ་རིག་མཁས་དབང་རྣམས་ཀྱི་ཡ་གྱལ་ཞིག་ཡིན་པ་ལས། བོད་ཡུལ་དུ་ཁོང་གཅིག་པུ་ལས་མེད་བསྡད་པ་དེ་འདྲ་མིན་ཚོད་རེད། སྙེ་མདོ་ཀུན་དགའ་དོན་གྲུབ་སོགས་ཀྱིས་གཡུ་ཐོག་མཁས་པའི་རིང་ལ་ཉམས་ཡིག་ཟིན་བྲིས་དར་ཞེས་པའང་རྒྱུ་མཚན་ལྡན་པ་ཞིག་རེད།  གནའ་དུས་བོད་ཡུལ་དུ་གསོ་རིག་ཡིག་ཆ་གང་དང་གང་ཡོད།

སྨན་པ་སུ་དང་སུ་ཡོད། སྨན་དཔྱད་གང་དར་འཕེལ་བྱུང་ཚུལ་སྐོར་ཞིབ་ཕྲ་སྙེ་མདོ་བས་མཛད་པ་སོགས་གསོ་རིག་ཁོག་དབུབ་རྣམས་སུ་གསལ་པོ་ཡོད།  སྔར་ཡོད་ཀྱི་ཡིག་ཆ་རྣམས་རྨང་གཞི་བྱས་ནས་གཡུ་ཐོག་མགོན་པོས་གསོ་རིག་གི་ཡིག་ཆ་མང་པོ་བརྩམས་ཡོད་པ་རེད།

ཟུར་མཁར་བློ་གྲོས་རྒྱལ་པོས་བཞེད་པ་ལྟར་ན།[5] རྩ་དཔྱད་རིག་པ་རང་གསལ། སྡེ་ཚན་ལྔ་པ། ལག་ལེན་པོད་ཆུང་། རྒྱུད་ཆུང་བདུད་རྩི་སྙིང་པོ།  རྒྱས་པ་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་གླེང་གཞི་སོགས་རྩ་རྒྱུད་དང་ཆ་འདྲ་ཡོད་པའི་ལེའུ་སུམ་ཅུ་རྩ་གསུམ་པ། ཤོག་དྲིལ་སྐོར་གསུམ།  ཞལ་གདམས་གསེར་གྱི་ལྡེ་མིག་སྐོར་དྲུག །རྒྱུད་བཞི་ལ་བུའི་དོན་དུ་གསེར་མཆན་དང་། སློབ་མའི་དོན་དུ་ཟངས་མཆན།  རྒྱུད་བཞིའི་འཆད་ཐབས་སུ་ཆ་ལག་བཅོ་བརྒྱད་མཛད་ཅེས་ཡོངས་སུ་གྲགས་པར་སྣང་། ཞེས་གཞན་ལུགས་དྲངས་པ་དང་། རང་ལུགས་ལ་གཡུ་ཐོག་པ་ཉིད་ཀྱིས་མཛད་ངེས་པ་ནི། སྐོར་ཚོམས་བཅུ་གཅིག  །རིན་ཆེན་གཏེར་སྤུངས།  དམར་ཁྲིད་ཡིག་ཆུང་།  གབ་པ་བཅོ་བརྒྱད།  མེད་ཐབས་མེད་པ་རྣམ་གསུམ།  ཁ་ཐོར་རིན་ཆེན་སྤུངས་པ།  ཁྱད་པར་ཟབ་པ་རྣམ་གསུམ།  ངོ་མཚར་བཞི་སྤྲུགས།  བདུད་རྩི་སྙིང་པོ།  མུ་ཏིག་ཕྲེང་བ་རྣམས་ཡིན་ནོ།  །གཞན་ཡང་སྔོ་འབུམ་ཆེན་མོ།  མན་ངག་གི་སྙིང་པོ་དྲིལ་བ་ལ་འབུམ་ཁུ་ཚུར།  ཐོར་བུ་མེ་ལེན།  དེབ་ཆིངས་རྒྱོགས་སོགས་ཀྱི་དཔེ་རིས།  བྱང་ཁོག་གི་རྩ་པྲ།  ཆུ་པྲའི་འཁོར་ལོ་ཆེ་ཆུང་།  གསོ་རིག་གི་བསྐྱེད་རྫོགས་ཟུར་དུ་སྟོན་པ་ལ་ཐུན་མོང་མ་ཡིན་པའི་ཟབ་གནད་སྨན་བླ་གསང་སྒྲུབ་ཀྱི་ཆོས་སྐོར་ཚང་བ་སོགས་མཛད།  ཞེས་བཤད།

ཚ་རོང་དཔལ་ལྡན་རྒྱལ་མཚན་གྱིས་མཛད་པ། སྨན་གྱི་ཆོས་འབྱུང་སྐལ་བཟང་བགྲོད་པའི་ཤིང་རྟ་ཞེས་པ་ལས།[6] རྒྱུད་རྒྱལ་བདུད་རྩིའི་སྙིང་པོ་དང་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་གཉིས་མཁའ་འགྲོའི་བརྡ་སྐད་ཀྱིས་གསན་ཅིང་། དེ་ཉིད་རང་ཅག་གངས་ཅན་པ་རྣམས་ཀྱི་ཡུལ་དུས་དབང་པོའི་སྒོ་དང་ཉེ་བར་འཚམས་ཤིང་གོ་བདེ་བར་བསྒྱུར། ཞེས་དང་།  ཡང་སླད་རྒྱུད་ཀྱི་དགོངས་པ་དང་བསྟུན་ནས་རྒྱུད་ཆུང་བདུད་སྙིང་ཞེས་པ་ཁ་ཆེ་ཟླ་དགས་མཛད་པ་ལྟར་བཀོད་ཅིང་། དེ་ལས་ཅུང་ཟད་རྒྱས་པའི་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་གླིང་གཞི་རྩ་རྒྱུད་དང་ཆ་འདྲ་ཡོད་པའི་ལེའུ་སུམ་ཅུ་རྩ་གསུམ་པ་ཞིག་གདུལ་བྱ་མོས་པ་སྐྱེ་བའི་སླད་དུ་སངས་རྒྱས་ཀྱི་བཀའ་ཡིན་པ་ལྟར་བརྩམས་སོ། །ཞེས་དང་།  ཡང་དེ་ལྟར་རྒྱུད་རྒྱལ་རྒྱས་འབྲིང་བསྡུས་གསུམ་མཐའ་དག་ཐོག་མར་ཟབ་པའི་དབང་གིས་རེ་ཞིག་གསང་བའི་ཚུལ་གྱིས་སུམ་སྟོན་ཡེ་ཤེས་གཟུངས་ཁོ་ན་ལ་བཀའ་རྒྱས་བཏབ་ཅིང་སྣང་ཞིང་།  གཞན་སུ་ལའང་སྤེལ་བར་མ་མཛད་ཅིང་སུམ་སྟོན་ནི་ཐུགས་ཀྱི་སྲས་དམ་པར་དབང་བསྐུར་བ་ཡིན་ཏེ།  ཞེས་ཟེར། ཡང་ཐོག་མར་སུམ་སྟོན་ལ་སྣང་བ་དེ་ཉིད་རྗེས་སུ་སྐུ་ཚེའི་སྨད་ཀྱི་སློབ་མ་སའི་དྲེག་པ་ལྟ་བུ་ལ་འཆད་ཉན་གྱི་མཐིལ་མཛད་དེ་ཕྲིན་ལས་བསྐྱངས་པ་ལ་བསམ་གྱིས་མི་ཁྱབ་ཅིང་།  ཞེས་བཀོད་པ་སོགས་བཤད་ཚུལ་མང་ངོ་། །

 བརྗོད་བྱ་དངོས།

སྤྱིར་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཟས་སྨན་གཉིས་ཀྱི་ཐོག་མ་ལ་གསོ་བ་ཟས་བྱུང་། དེ་ནས་ཟས་ཕན་གནོད་ཀྱི་རིགས་པ་ལས་གསོ་བ་སྨན་གྱི་རིགས་པ་རྙེད་དེ། སྙེ་མདོ་ཀུན་དགའ་དོན་གྲུབ་ཀྱིས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས་པ་ལྟར་སྨན་ཡང་ཕན་གནོད་ངོ་ཤེས་པ་ཙམ་བྱུང་སྟེ། རྨ་གསར་པ་ལ་མར་ཁུ་བཏང་ནས་རྩ་ཁ་བསྡམས་པ་དང་། ཁོང་ནད་ལ་སོགས་པའི་ནད་རྙིང་ལ། ཟས་འཕྲོད་མི་འཕྲོད་གོ་ཙམ་བྱུང་བས། སྨན་གྱི་དབུ་བརྙེས་པ་ཡིན་ནོ། །[7]ཞེས་དང་། ཟུར་མཁར་བློ་གྲོས་རྒྱལ་པོའི་ཤེས་བྱ་སྤྱིའི་ཁོག་དབུབ་ལས། གནམ་རི་སྲོང་བཙན་གོང་དུ་གཞུང་ལུགས་ལ་བརྟེན་པའི་གསོ་ཐབས་མེད་རུང་། སྤྱོད་ལམ་དང་ཁ་ཟས་ལ་བརྟེན་པའི་སྤང་བླང་དང་། དེ་འདྲའི་རིགས་པ་ལ་རྗེས་སུ་དཔག་ནས་ཕན་འདོགས་པ་ནི་གཉའ་ཁྲི་མ་བྱུང་གོང་ནས་ཡོད་ཅིང་། རྒན་པོ་རྣམས་ཀྱི་ངག་རྒྱུན་རིམ་པར་བརྒྱུད་པ་བོན་པོ་རྣམས་ལའང་ཡོད་པར་གྲགས།[8]ཞེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྨན་གྱི་ལོ་རྒྱུས་བཤད་པའི་སྐབས་སུ། ཟས་ཕན་གནོད་ཤེས་པ་ཙམ་དང་། རྨ་

གསར་པ་ལ་མར་ཁུ་བཏང་ནས་རྩ་ཁ་སྡོམ་པ། སྦང་མའི་འཇིབ་བྱེད་པ་ལ་སོགས་པ་ཀློ་དང་བོད་དུ་མི་ཆགས་པ་ནས་ཡོད་པར་ཁ་ཅིག་གྲགས་རུང་སྤྱི་སྐད་ལ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ནས་དར།[9] ཞེས་པ་ལྟར་ན་གསོ་བ་སྨན་གྱི་རིག་པ་རྙེད་པའི་དུས་ཚོད་ནི་ད་ནས་ཡར་རྩིས་པའི་ལོ་༡༥༠༠ཡན་མན་ཙམ་ལ་ཡིན་པ་རེད། འོན་ཀྱང་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་འདིར་མིའི་རིགས་འཚོ་གནས་བྱུང་ནས་མ་མཐའ་ཡང་ལོ་ཁྲི་༢༠འགྲོ་གི་ཡོད་པ་སྟེ།  སྟོད་ལུང་བདེ་ཆེན་ཆུས་ནས་ཐོན་པའི་མིའི་རྐང་ལག་གི་རྗེས་ཤུལ་ལ་ལོ་ཁྲི་༢༠ཙམ་ཡོད་པ་[10]དང་། མདོ་སྨད་རྒན་གྱ་བྲག་ཕུག་ནས་རྙེད་པའི་སྒྲི་ནཱེས་སཱོ་ཝན་གྱི་འགྲམ་རུས་ལ་ལོ་ཁྲི་༡༧ཡོད་པ་སོགས་ད་ཡོད་ཀྱི་དཔང་རྟགས་ལས་གསལ་བ་དེ་ལྟར་རེད།

ད་ལྟའི་ཆར་ཡིག་ཐོག་ཏུ་འཁོད་པའི་གསོ་བ་ཟས་སྨན་སྐོར་གྱི་རིག་གཞུང་རྙིང་ཤོས་དང་ཆ་ཚང་ཤོས་རིག་ཚན་མ་ལག་ཅན་དུ་གྲུབ་པ་དེ་གསོ་རིག་རྒྱུད་བཞིའི་འདི་རེད།

༡༽  རྒྱུད་བཞི་ལས་རྩ་རྒྱུད་ནི། གླེང་གཞི་དང་གླེང་སློང་ནས་བཟུང་གཞུང་དོན་མིའི་ལུས་གྲུབ་ཚུལ་དང་།  ནད་འབྱུང་ཚུལ་དང་།  ནད་ཀྱི་རྒྱུ་མ་རིག་པ་ལས་དུག་གསུམ་གྱིས་ནད་བསྐྱེད་ཚུལ།   ནད་མི་འབྱུང་བའི་ཐབས་དང་།  ནད་བྱུང་ན་བཅོས་ཐབས་བཅས་ནང་བསྟན་མཚན་ཉིད་རིག་པའི་རིག་གཞུང་གི་འགྲོས་ལྟར་གཞུང་བསྲངས་ནས་བཤད་ཡོད་པ་རེད།

རྒྱུད་གསུམ་དཔེ་རྙིང་བྲིས་མ་དུས་རབས་༡༤པའི་གཡས་གཡོན་ཙམ་ལ་ཡིན་ནམ་སྙམ་པ་ཞིག་གི་ནང་དུ་རྒྱུད་གསུམ་གྱི་སྡོམས་སུ་བྱས་པ་ལ། བཤད་རྒྱུད་དང་མན་ངག་རྒྱུད་ཕྱི་མ་རྒྱུད་གསུམ་གཞུང་གཅིག་ཏུ་བྱས་པ་ལས། ད་ལྟའི་ཡོངས་གྲགས་ཀྱི་རྒྱུད་བཞི་ནང་བཞིན་རྩ་རྒྱུད་འཁོད་མེད། རྩ་རྒྱུད་མེད་པའི་རྒྱུད་གསུམ་གྱི་དཔེ་རྒྱུན་ཞིག་ཀྱང་ཡོད་ཚོད་འདུག་པ་ནི། རྩ་རྒྱུད་སྔ་མོ་ནས་ཡོད་ཅིང་རྒྱུད་ཕྱི་མ་གསུམ་ནི་རྗེས་སུ་བརྩམས་པ་ཞིག་ཡིན་པ་གསལ་བཤད་བྱེད་ཀྱི་ཡོད་པ་རེད།

ཡང་དེའི་མཇུག་གི་བརྒྱུད་ཡིག་ཏུ་བེེ་རོ་ཙ་ནའི་ཡན་ཆད་རྒྱ་གར་བརྒྱུད་པ་དང་། གཡུ་ཐོག་མགོན་པོའི་མན་ཆད་བོད་ཀྱི་བརྒྱུད་པ་ཞེས་གསལ་བ་དེས་ཀྱང་གསལ་བཤད་གལ་ཆེན་ཞིག་བྱས་ཡོད།   ཡང་ཟུར་མཁར་བློ་གྲོས་རྒྱལ་པོས་ཟླ་དགའ་དང་བེེ་རོ་ཙ་ན་གཉིས་ཀྱིས་བསམ་ཡས་སུ་བསྒྱུར་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་ཕུལ་བར་གྲགས་པའི་བཤད་ལུགས་དང་། ཡང་ཁ་ཅིག་ནི།  གྲྭ་པ་མངོན་ཤེས།  དབུས་པ་དར་གྲགས།  སྟོན་ཆེན་དཀོན་སྐྱབས་གསུམ་བགྲོས་ནས་གྱེ་རེ་ཚར་པ་སྣར་བྱས་པར་འདོད་ལ།  ཁ་ཅིག་ནི།  སྟོན་ཆེན་དཀོན་སྐྱབས་དང་།  གཡུ་ཐོག་པས་མཉམ་དུ་མཛད་པར་སྨྲ་ཞིང་།  ཁ་ཅིག་ནི།  བེེ་རོ་ཙ་ན་ཉིད་ཀྱིས་མཛད་དོ་ཞེས་ཟེར་བ་སོགས་འདོད་སྲོལ་སྣ་ཚོགས་ཡོད་པར་གསུངས་པ་དང་། ཚ་རོང་དཔལ་ལྡན་རྒྱལ་མཚན་གྱིས་རྒྱུད་ཀྱི་དགོངས་པ་དང་བསྟུན་ནས་རྒྱུད་ཆུང་བདུད་སྙིང་ཞེས་པ་ཁ་ཆེ་ཟླ་དགས་མཛད་པ་ལྟར་བཀོད་ཅིང་། དེ་ལས་ཅུང་ཟད་རྒྱས་པ་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་གླེང་གཞི་རྩ་རྒྱུད་དང་ཆ་འདྲ་ཡོད་པའི་ལེའུ་སུམ་ཅུ་རྩ་གསུམ་པ་ཞིག་གདུལ་བྱ་མོས་པ་སྐྱེས་པའི་སླད་དུ་སངས་རྒྱས་ཀྱི་བཀའ་ཡིན་པ་ལྟར་བརྩམས་སོ། [11](ད་ལྟའི་རྒྱུད་བཞི་ནང་གི་བཤད་རྒྱུད་ལ་ལེའུ་སུམ་ཅུ་རྩ་གཅིག་ལས་མེད་པས་འདི་ཡིག་ནོར་ཤོར་བ་ཡིན་ནམ་ད་དུང་དཔྱད་པ་མ་རྫོགས་པས་འབྱུང་འགྱུར་དཔེ་བསྡུར་བརྒྱུད་དཔྱད་པ་བྱ་དགོས།  ) ཞེས་པ་ལྟར་རྩ་རྒྱུད་ནི་སངས་རྒྱས་ཀྱིས་གསུང་པའི་མདོ་རྒྱུད་ཀྱི་གཞུང་དང་མཚུངས་ཆེ་བའི་གཞུང་ཐོག་མ་དེ་ཡིན་ཞིང་། དེའི་འགྲོས་ལྟར་རིམ་གྱིས་རྒྱུད་གཞན་པ་རྣམས་ཀྱང་བརྩམས་པ་ཞིག་ཡིན་ཚོད་རེད།

༢༽  བཤད་རྒྱུད་ལ་མཚོན་ན། གོང་གསལ་གྱི་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་གླེང་གཞི་རྩ་རྒྱུད་དང་ཆ་འདྲ་ཡོད་པའི་ལེའུ་སུམ་ཅུ་རྩ་གསུམ་པ་ཞིག་གདུལ་བྱ་མོས་པ་སྐྱེ་བའི་སླད་དུ་སངས་རྒྱས་ཀྱི་བཀའ་ཡིན་པ་ལྟར་བརྩམས་སོ།  །ཞེས་གསལ་བ་ལྟར། གཡུ་ཐོག་མགོན་པོས་བརྩམས་པའི་གཞུང་དེ་བཤད་རྒྱུད་འདི་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་རྩ་རྒྱུད་དང་བཤད་རྒྱུད་གཉིས་རྒྱས་བསྡུས་ཙམ་སྟེ། དཔེར་ན་རྩ་རྒྱུད་དུ་མི་ན་བ་གནས་པར་འདོད་པ་དང་ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཞེས་མདོར་བསྟན་པ་དེར།  བཤད་རྒྱུད་དུ་མི་ན་བ་གནས་པ་ལ་ཟས་དང་སྤྱོད་ལམ་གཉིས།  ན་བ་གསོ་བ་ལ་སྨན་དཔྱད་གཉིས་ཏེ་བཞི་རུ་ཕྱེས་ནས་རྒྱས་བཤད་བྱས་ཡོད།   འདི་ནི་བོད་བརྒྱུད་གསང་སྔགས་ཀྱི་རྒྱུད་གཞུང་ཡིག་ཆ་སྤྱི་འགྲོས་ལྟར་བརྩམས་གནང་བ་ཞིག་རེད།  རོག་ཤེས་རབ་འོད་ཀྱིས། ཐོག་མར་བྱུང་ཞིང་བཤད་གཞིར་གྱུར་པ་ནི་རྩ་རྒྱུད།  རྗེས་ལ་བྱུང་ཞིང་འཆད་བྱེད་དུ་གྱུར་པའི་རྒྱུད་ཀྱི་དངོས་པོ་གཞན་དུ་གྲུབ་པ་ནི་བཤད་རྒྱུད།  ཅེས་པ་ལྟར་རྩ་རྒྱུད་དུ་མདོར་བསྡུས་སུ་བསྟན་པ་རྣམས་བཤད་རྒྱུད་དུ་ཁ་གསལ་བར་བཤད་པ་དང་། ཡང་རྩ་རྒྱུད་དུ་ཁ་མི་གསལ་བའི་མན་ངག་སྐོར་རྣམས་རྒྱས་པར་བཤད་པ་ལ་མན་ངག་རྒྱུད། རྒྱུད་སྔ་མར་གབ་པ་རྣམས་མངོན་དུ་ཕྱུང་བ་ལ་རྒྱུད་ཕྱི་མ་འབོད་པ་ལྟར་བོད་རྒྱུད་གསང་སྔགས་གསར་རྙིང་གི་རྒྱུད་སྡེའི་འགྲོས་དང་མཐུན་པར་སྒྲིག་ཡོད་པ་དེ་རེད།  སྨན་གྱི་ཆོས་འབྱུང་བསྐལ་བཟང་ཤིང་རྟ་ལས་རྒྱུད་རྒྱལ་རྒྱས་འབྲིང་བསྡུས་གསུམ་མཐའ་དག་ཐོག་མར་ཟབ་པའི་དབང་གིས། རེ་ཞིག་གསང་བའི་ཚུལ་གྱིས་སུམ་སྟོན་ཡེ་ཤེས་གཟུངས་ཁོ་ན་ལ་བཀའ་རྒྱས་བཏབ། ཅེས་གསལ་བའི་ནང་གི་འབྲིང་པོ་དེ་ཡིན་དགོས་རྒྱུ་འདྲ་བོ་ཞིག་ཆགས་ཡོད། བཤད་རྒྱུད་འདི་ལ་སུམ་སྟོན་ཡེ་ཤེས་གཟུངས་ཐོག་མར་བྱས་པའི་བོད་ཀྱི་མཁས་པ་མང་པོའི་རྒྱུད་འགྲེལ་ཁབ་གཙང་ཡོད་པ་འདིས་ཀྱང་གསལ་བཤད་གལ་ཆེན་ཞིག་བྱེད་ཀྱི་ཡོད་པ་རེད།

སྡེ་སྤར་བཤད་རྒྱུད་དང་དཔེ་རྙིང་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་གཉིས་རགས་བསྡུར་ལས་གསལ་བ།

སྡེ་སྤར་བཤད་རྒྱུད་ལེའུ་ཉི་ཤུ་རྩ་བདུན་པ་གསོ་ཚུལ་སྤྱིར་བསྟན་པ་དང་། དཔེ་རྙིང་བྲིས་མ་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ལེའུ་བདུན་པ་ནད་དང་གཉེན་པོ་སྤྲད་པའི་ལེའུ་གཉིས་བསྡུར་བ། བཅོས་ཚུལ་བརྒྱད་ཀྱིས་ནད་དང་གཉེན་པོར་སྤྲད་པ་ནི། །མ་རྟོགས་དོགས་བཅས་རྡེང་མ་ཐོབ་པའི་ནད། །བྱི་ལ་འཇབ་པ་ལྟ་བུར་སད་མདས་བཅོས། །ཞེས་པ་ནས། གཙོ་བོས་དམེ་ཤོར་འཁྲུགས་ཟླུམས་ལྟ་བུར་བཅོས། །ཞེས་པའི་བར་དེ་སྡེ་སྤར་རྒྱུད་བཞིའི་ནང་བཤད་རྒྱུད་ཀྱི་ལེའུ་ཉི་ཤུ་རྩ་བདུན་པ། གསོ་ཚུལ་སྤྱིར་བསྟན་པ་ཞེས་པའི་ལེའུ་ཡི་མཇུག་ཏུ་བཞག་ཡོད་པ་འདི་ལྟར། ཁྱད་པར་གསོ་བའི་ཚུལ་ལ་རྣམ་པ་དགུ། །མ་རྟོགས་དོགས་བཅས་གདེངས་མ་ཐོབ་བའི་ནད། །བྱི་ལ་འཇབ་པ་ལྟ་བུའི་སད་མདས་བཅོས། །ཞེས་པ་ནས། གཙོ་བོས་དམེ་ཤོར་འཁྲུགས་ཟླུམས་ལྟ་བུར་བཅོས། །ཞེས་སོར་བཞག་གི་མཇུག་ཏུ། ཀུན་ལ་གནོད་བྱ་ལ་སོགས་ཆོས་བཅུར་སྦྱར། །མཛོ་ཁལ་ལུག་ཁལ་ལྟ་བུར་འཚམས་པས་བཅོས། །ཞེས་པའི་ཚིག་དུམ་གཉིས་བསྣན་རྗེས། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གསོ་ཚུལ་སྤྱིར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ། །ཞེས་བཀོད་འདུག

ཡང་དཔེ་རྙིང་བྲིས་མ་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ལེའུ་བདུན་པ་ནད་དང་གཉེན་པོ་སྤྲད་པའི་འཕྲོས་མ་རྣམས། སྡེ་སྤར་རྒྱུད་བཞིའི་བཤད་རྒྱུད་ཀྱི་ལེའུ་ཉི་ཤུ་རྩ་བརྒྱད་པ་ཁྱད་པར་གྱི་བཅོས་ཚུལ་རྒྱས་པར་བསྟན་པའི་མགོར་བཀོད་པ་འདི་ལྟར། ལེའུ་ཉེར་བརྒྱད་པ།  ཁྱད་པར་གྱི་བཅོས་ཚུལ་རྒྱས་པར་བཤད་པ།  དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། ། ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །ཁྱད་པར་གསོ་ཚུལ་མདོར་བསྟན་རྣམ་དགུ་པོ། །དེ་དག་རྒྱས་པར་བཀྲོལ་ན་ཇི་ལྟར་ལགས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ཁྱད་པར་གསོ་ཚུལ་རྒྱས་པར་བཤད་པ་ནི། །དང་པོར་ནད་རྟགས་དཔྱད་ལ་ཐེ་ཚོམ་ན། ། རླུང་གི་ནད་ལ་སད་མདའ་སྲེ་ལོང་ཐང་། ། མཁྲིས་པའི་ནད་ལ་སད་མདའ་ཏིག་ཏའི་ཐང་། །བད་ཀན་ནད་ལ་སད་མདའ་རྒྱམ་ཚ་གསུམ།  ། ཕོ་ལོང་གཉན་སྲིན་སད་མདའ་བྱ་ཁྱུང་ལྔ། །ཁྲག་འཁྲུག་རླུང་གཟེར་སད་མདའ་མ་ནུ་བཞི། །སྦྱར་བའི་དུག་ལ་སད་མདའ་སྡུད་སྨན་བཏང་། །ཚ་གྲང་འདྲེས་པའི་སད་མདའ་གོམས་པ་བསྟེན། །བཤལ་གྱི་སད་མདའ་སྣ་སེལ་འཁྲོག་ཐང་བཏང་། །མེ་བཙའི་སད་མདའ་སྣུམ་ལྡན་དྲོད་དུགས་དང་། །གཏར་གའི་སད་མདའ་རྡོ་གྲང་ཆུ་ལྕག་བྱ། །རྣག་གི་སད་མདའ་མེ་ཐུར་མིག་ཅན་བརྡེག།

གཞན་ཡང་ནད་དེ་འདི་ཡིན་སྙམ་པ་ཡི། །གཉེན་པོའི་སྦྱོར་བ་ཆུང་ངུའི་སད་མདའ་བསྟེན། །སོགས་གཞི་རྩའི་ཆ་ནས་འདྲ་བ་ཚིག་སྦྱོར་ཅུང་ཟད་མི་འདྲ་ཞིང་། བར་བར་དུ་ཚིག་རྐང་རེ་གཉིས་དཔེ་རྙིང་ལས་སྡེ་སྤར་མང་བ་དང་། སྡེ་སྤར་ལེའུ་རྫོགས་མཚམས་ཀྱི་གོང་དུ་ཚིག་རྐང་ལྔ་ལྷག་མ་ཡོད་པ་སྟེ། གནོད་བྱ་ཡུལ་དུས་རང་བཞིན་ན་ཚོད་དང་། །ནད་ཁམས་གནས་དང་མེ་དྲོད་ཉམ་སྟོབས་དང་། །གོམས་པ་འདི་བཅུས་ཕྲ་མོ་ཡན་ཆད་བརྟག །ཐམས་ཅད་མཚུངས་ན་གཉེན་པོས་ཉན་པར་བཏང་།  །དེ་མ་ཡིན་ན་འཚམ་ཚད་བསྟེན་པར་བྱ།  །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཁྱད་པར་གྱི་བཅོས་ཚུལ་རྒྱས་པར་བཤད་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།།   །།

ཡང་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད། དཔེ་རྙིང་བྲིས་མའི་ལྡེབ་༧༠ནང་བསྡུས་དོན་བཅོས་ཐབས་ཀྱི་ལེའུ་ཉེར་ལྔ་པར།  རླུང་ནད་བུ་རམ་ཆང་དང་མར་ལུག་ཤ །ཉ་དང་འཕྱི་བ་རྟ་བོང་མིའི་ཤ །མར་རྙིང་སྒོག་པའི་ཚོད་མ་བཏང་།  །སྤྱོད་ལམ་མུན་ཁུང་དྲོ་བའི་གནས་སུ་བསྡད། །སྙན་པའི་ཚིག་བསྒྲག་སྙིད་ལོག་གོས་དྲོས་བཏིབས། །སྨན་དུ་རུས་བཅུད་གསུམ་བསྡུས་ཁུ་བ་དང་། ། ལུག་མགོ་རྙིང་པའི་མགོ་ཁྲོལ་སྦྱོར་བ་བྱ། །ཞེས་པ་སོགས།  སྡེ་སྤར་རྒྱུད་བཞིའི་ནང་བཤད་རྒྱུད་ཀྱི་ལེའུ་སུམ་བཅུ་པ། གསོ་ཐབས་དངོས་བསྟན་པ་ཞེས་པའི་ལེའུ་ཞིག་བྱས་ཏེ་ལེའུ་དེའི་མགོར། དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ཁྱད་པར་ཉེས་གསུམ་སོ་སོར་བཅོས་པ་ནི།  །ཞེས་པ་ཞིག་གསར་དུ་བསྣན།  དཔེ་རྙིང་གི་ཚིག་ཅུང་མི་འདྲ་ཞིང་དོན་མཚུངས་པར།  ཟུང་འཇུག་རླུང་ལ་ཏིལ་མར་མཆོག་ཡིན་ཏེ། །བུ་རམ་ཆང་དང་མར་རྙིང་ལུག་ཤ་ཡིབ། །འཕྱི་བ་རྟ་བོང་མི་ཤ་སྒོག་བཙོང་སོགས། །ལྕི་སྣུམ་འཇམ་དྲོའི་ཟས་ཀྱིས་བཅོས་པར་བྱ།  །སྤྱོད་ལམ་མུན་ཁུང་དྲོ་བའི་གནས་སུ་བསྡད།  །ཡིད་འོང་ཚིག་སྙན་གཉིད་ལོག་གོས་དྲོན་བགོ  །སྨན་དུ་རུས་བཅུད་གསུམ་གྱི་ཁུ་བ་དང་།  །ལུག་མགོ་རྙིང་པའི་མགོ་འཁྲོལ་སྦྱོར་བ་བྱ།  །ཞེས་པ་སོགས་ད་ཡོད་རྒྱུད་བཞིའི་བཤད་རྒྱུད་དང་དཔེ་རྙིང་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་གཉིས་བསྡུར་ན།  ནང་དོན་བརྒྱ་ཆའི་བཅོ་ལྔ་ཡན་མན་ཞིག་འཐོར་བུའི་ཚུལ་གྱིས་གང་སར་བཀོད་ཡོད། འོན་ཀྱང་ཟས་ཀྱི་ཚུལ་ཤེས་པ་དང་། ཟས་བསྡམས་པ།  ཟས་ཀྱི་ཚོད་རིག་པར་བྱ་བ་སོགས་བཟའ་བཏུང་སྐོར་དེ་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཀྱི་དཔེ་རྙིང་དུ་འཁོད་མེད།

༣༽ མན་ངག་རྒྱུད་ལ་མཚོན་ན།  དཔེ་རྙིང་ནང་དུ་མོ་ནད་སྐོར་བཅོས་པའི་སྐོར་མེད་ཅིང་མོ་མཚན་བཅོས་པའི་ལེའུ་དེ་ལེའུ་དགུ་བཅུ་ཐམ་པ་ཡིན། ཕོ་མཚན་བཅོས་པའི་ལེའུ་དེ་དཔེ་རྙིང་ལེའུ་གོ་གཅིག་པ་ཡིན་ཞིང་ཚིག་དོན་གཉིས་ཆར་མཚུངས་ཆེ་བའི་སྐོར་དེ་ཡིན། ཁྱོན་བསྡོམས་ལེའུ་ལྔ་བཅུ་ང་གཉིས་ཕལ་ཆེར་འདྲ་བོ་ཡོད་ཅིང་ད་དུང་གཞན་ནས་ཁ་སྣོན་མང་བ་དང་། ཚིག་སྦྱོར་དང་གོ་རིམ་ལ་བཅོས་བསྒྱུར་གྱི་རྣམ་པ་ཆེན་པོ་ཡོད། ལེའུའི་གོ་རིམ་ལ་དཔེར་ན་བྱང་ཁོག་སྟོད་སྨད་གསོ་བ་དང་། ཡན་ལག་བཅོས་པ་གཉིས་གོ་རིམ་འདྲ་བ་དང་། དེའི་བར་ན་{སྐྱེ་འཇི}བཤོས་ཐབས་བཤད་པའམ་སྐྱེ་སླ་མ་བཅོས་པའི་ལེའུ་ཞིག་ཡོད་རུང་ད་ལྟའི་མན་ངག་རྒྱུད་ནང་དུ་མེད་པའི་ཚོད་རེད།

༤༽ ཕྱི་མ་རྒྱུད་ལ་མཚོན་ན། ཐོག་མར་སྨན་གྱི་བླ་ཏིང་ངེ་འཛིན་དེ་ལས་བཞེངས་ནས་འོད་ཟེར་སྤྲོས་ཚུལ། དྲང་སྲོང་རིག་པའི་ཡེ་ཤེས་དང་ཡིད་ལས་སྐྱེས་གཉིས་དྲི་བ་དྲིས་ལན་བྱས་ཚུལ་བཀོད་རྗེས། དཔེ་རྙིང་ལེའུ་གསུམ་པ་གསོ་ཐབས་རྩ་བ་རྟགས་དང་བཅོས་པའི་ཚུལ་ཞེས་པའི་ནང་ནས་ནང་དོན་ཅུང་ཟད་འདྲ་ལ་ཚིག་གོང་འོག་དཀྲུགས་པ་དང་ཚིག་སྦྱོར་ཅུང་ཟད་མི་འདྲ་བར་བྱས་ནས་བཀོད་པ་ལ་ཕྱི་མ་རྒྱུད་ཀྱི་སྡོམ་ཚིག་ཏུ་བཀོད། དེ་ནས་དཔེ་རྙིང་ལེའུ་བཞི་པ་རེག་པ་རྩ་དང་། ལྔ་པ་མཐོང་བ་ཆུ་སོགས་བཀོད་ཡོད། གཞན་ཡང་སྐྱུག་བཤལ་གཉིས་སོགས་ལ་མཚོན་ན་བརྒྱ་ཆ་༦༠་ཙམ་འདྲ་ཞིང་། སྡེ་སྤར་ལ་གཞན་ནས་ཁ་སྣོན་བྱས་པའི་རྣམ་པའང་གསལ་པོ་མངོན་ཡོད།

བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་དཔེ་རྙིང་བྲིས་མ་འདིའི་ནང་དུ་བཤད་རྒྱུད་ཀྱི་ནང་དོན་ཉུང་ཤས་ལས་མེད།  ཕྱི་མ་རྒྱུད་དང་ནང་དོན་ཕལ་ཆེར་འདྲ་བའི་ལེའུ་༡༥་ཡོད།  མན་ངག་རྒྱུད་དང་ཕལ་ཆེར་འདྲ་བའི་ལེའུ་༥༡།   ཡིན་ནའང་བརྗོད་དོན་འདྲ་རུང་ཚིག་སྦྱོར་དང་ཚིག་མང་ཉུང་ཁྱད་པར་ཆེན་པོ་ཡོད་པ་དེ་རེད།  ལེའུའི་མཚན་རྩ་རྒྱུད་དང་འདྲ་བ་ལེའུ་གཉིས་ཡོད་པའི་དང་པོ་གནས་ལུགས་ནད་གཞི་བསྟན་པའི་ལེའུ་ལ་མཚོན་ན་རྩ་རྒྱུད་ལས་ཅུང་ཟད་རྒྱས་པ་ཡོད། གསོ་ཐབས་མདོར་བསྡུས་པའི་ལེའུ་ཞེས་པ་ཞིག་ཡོད་རུང་རྩ་རྒྱུད་དང་ནང་དོན་མི་འདྲ།  ད་ལྟ་ཡོངས་གྲགས་ཀྱི་རྒྱུད་བཞིའི་ཕྱི་རྒྱུད་མན་རྒྱུད་གཉིས་སུ་མེད་པ་དཔེ་རྙིང་འདིའི་ནང་ལེའུ་༣༡་ཡོད་རེད།  དེ་དག་རགས་བསྡུར་ཙམ་ལས་ཞིབ་བསྡུར་གྱིས་ཞིབ་འཇུག་བྱ་བའི་དུས་ཚོད་མེད་རྐྱེན་གསལ་བཤད་མ་བྱས། བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཅེས་པའི་དཔེ་རྙིང་ལ་ཁྱོན་བསྡོམས་ལེའུ་བརྒྱ་དང་གཅིག་ཡོད། ད་སྔོན་དཔེ་རྙིང་འདིའི་སྐོར་ལ་དཔྱད་ཞིབ་གནང་ཡོད་པའི་ཆ་འཕྲིན་གང་ཡང་མ་རག་པ་ནི། ཁོ་བོས་མ་མཐོང་བ་ཡིན་ནམ་ཡང་ན་མེད་པ་ཡིན་གསལ་བཤད་མ་ཤེས། དཔེ་རྙིང་འདིའི་ཡིག་གཟུགས་དང་། བརྡ་སྤྲོད། ཚིག་སྦྱོར་སོགས་ཡིག་རྙིང་ཉམས་ཞིབ་ཀྱི་རིག་ལམ་ནས་དཔྱད་ན། དུས་རབས་བཅུ་གསུམ་ནང་གི་དཔེ་ཆ་ཞིག་ཡིན་ངེས་ལྟ་བུར་མཐོང་།

བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཅེས་པའི་དཔེ་རྙིང་འདིར། སྔོན་རྒྱ་གར་ཡུལ་དུ་སྐུ་འཁྲུངས་པའི། དྲང་སྲོང་འགྲོ་དོན་གཟིགས་དེ་ཚེ་འཕོས་ནས། །བོད་ཡུལ་གཡུ་ཐོག་སྨན་པའི་རིགས་སུ་འཁྲུངས། །དབུས་གཙང་རུ་བཞིར་མཁས་པའི་རྒྱལ་པོར་གྲགས། །ཁོང་གིས་རྒྱ་བོད་གཉིས་ཀྱི་གསོ་དཔྱད་ལས། །རྒྱུད་དང་མན་ངག་ཀུན་གྱི་བཅུད་བསྡུས་ཏེ། །ཐུགས་ཉམས་བསྟུན་ནས་གསོ་རིག་རྒྱུད་འདི་མཛད།།ཀུན་ལ་མ་སྤེལ་སྲས་ཀྱི་བརྩས་སུ་བཞག །གདམས་པའི་ཉིང་ཁུར་གྱུར་པའི་རྒྱུད་ཆེན་འདི། །ལས་དང་སྐལ་པར་ལྡན་པས་འཕྲད་པ་ཡིན། །ཞེས་པའི་སྲས་འདི་སྐུ་སྲས་ཡིན་ཚོད་རེད་ལ།  ཡིག་ཆ་འདི་རུ་གླེང་གཞི་དང་གླེང་སློང་སོགས་ད་ལྟའི་རྒྱུད་བཞི་ནང་བཞིན་མེད།

ད་ལྟ་དཔལ་ལྡན་རྒྱུད་བཞི་ཞེས་གྲགས་པའི་ལེའུ་དང་པོ་རྩ་རྒྱུད་དང་། བཤད་རྒྱུད་གཉིས་ནི་གསོ་བ་ཟས་སྨན་གཉིས་ཀྱི་སྤྱི་གཞུང་ཡིན་ལ། གསུམ་པ་མན་ངག་རྒྱུད་དང་། བཞི་པ་ཕྱི་མ་རྒྱུད་གཉིས་ནི་གཙོ་བོ་གསོ་བ་སྨན་གྱི་བཅོས་ལ་ཞོར་དུ་ཟས་བཅོས་ཀྱི་རམ་འདེགས་གསལ་བར་སྟོན་པའི་གཞུང་ཞིག་རེད།

དེ་ཡང་བཤད་རྒྱུད་ལ་མཚོན་ན་ཁྱོན་བསྡོམས་ལེའུ་སུམ་ཅུ་རྩ་གཅིག་ཡོད་པ་ལས། ལེའུ་དང་པོའི་སྡོམ་ཚིག་དང་། ལེའུ་གཉིས་པ་ནས་བདུན་པའི་བར་ལེའུ་དྲུག་གིས་མིའི་ལུས་ཆགས་ཚུལ་དང་། ལུས་ཀྱི་འདྲ་དཔེ། ལུས་ཀྱི་གནས་ལུགས། ལུས་ཀྱི་མཚན་ཉིད། ལུས་ཀྱི་ལས་དང་དབྱེ་བ། ལུས་ཀྱི་འཇིག་ལྟས་བཅས་གསོ་བྱ་མིའི་ལུས་ཁམས་ཀྱི་གནས་བབ་ཞིབ་པར་བཤད། ལེའུ་བརྒྱད་པ་ནས་ལེའུ་བཅུ་གཉིས་པའི་བར་ལེའུ་ལྔ་ཡིས་ནད་ཀྱི་རྒྱུ་དང་རྐྱེན། ནད་འཇུག་ཚུལ། ནད་ཀྱི་མཚན་ཉིད། ནད་ཀྱི་དབྱེ་བའི་སྐོར་བཅས་བཤད། ལེའུ་བཅུ་གསུམ་ནས་བཅོ་ལྔའི་བར་གསུམ་གྱིས་རྒྱུན་སྤྱོད། དུས་སྤྱོད། གནས་སྐབས་ཀྱི་སྤྱོད་ལམ་སྐོར་བཅས་བསྟན་ཡོད། ལེའུ་བཅུ་དྲུག་ནས་བཅུ་དགུ་པའི་བར་ལེའུ་བཞི་ཡིས་བཟའ་བཏུང་སྐོར་བསྟན། ལེའུ་ཉི་ཤུ་ནས་སུམ་ཅུའི་བར་གསོ་བ་སྨན་གྱི་སྐོར་བསྟན། ལེའུ་སོ་གཅིག་པས་གསོ་བ་པོ་གང་ཟག་གི་མཚན་ཉིད་དམ་འགན་འཁྲིའི་སྐོར་བསྟན་ཡོད།

བཤད་རྒྱུད་ལེའུ་བཅུ་དྲུག་པ་ཟས་ཀྱི་ཚུལ་ཤེས་པར་བྱ་བ་ལས། འཚོ་བ་ཟས་ཀྱི་གནས་ལ་བསླབ་པ་ནི། །ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་། །དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས། །དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས། །ཞེས། འདི་ལ་སྤྱི་སྡོམ། ཟས་ཀྱི་ཚུལ་ཤེས་པ་དང་། ཟས་བསྡམ་པ། ཟས་ཚོད་རན་པར་བཟའ་བ་གསུམ། ཟས་ཀྱི་ཚུལ་ཤེས་པ་ལ། ཟས་དང་། སྐོམ་གཉིས། ཟས་ལ། འབྲུ་དང་། ཤ། སྣུམ། ངད། གཡོས་སྦྱོར་ལྔ། ཞེས་མདོ་དབུས་མཐོ་སྒང་གི་དམིགས་བསལ་ས་ཁམས་ཁོར་ཡུག་དང་མཐུན་པའི་བཟའ་བཏུང་གི་རྒྱུ་ཆ། ཕན་ནུས། གཡོས་སྦྱོར་ལག་རྩལ་དང་བཅས་པ་སྤྱིའི་སྒྲོམ་གཞི་ཆ་ཚང་ལ་ཁ་གསལ་པོར་བསྟན་ཡོད།

བོད་སྨན་གྱི་ཁོག་དབུབ་རྣམས་སུ་གསོ་བ་ཟས་ཀྱི་ཕན་གནོད་ལ་བརྟེན་ནས་གསོ་བ་སྨན་གྱི་རིགས་པ་རྙེད་པར་བཤད་པ་ལྟར་ན། ཐོག་མར་གསོ་བ་ཟས་ལ་བརྟེན་ནས་རིམ་གྱིས་བོད་ལུགས་གསོ་བ་སྨན་གྱི་རིག་གཞུང་གྲུབ་སྟེ། དུས་རབས་བཅུ་གསུམ་པའི་ཡར་སྔོན་དུ་གསོ་བ་ཟས་སྨན་གྱི་རིག་གཞུང་གཉིས་མཉམ་འགྲོས་ཀྱིས་དར་སྲོལ་ཡོད་པ་སྟེ། མཐོ་སྒང་དཔལ་ཡོན་གྱི་ཚབ་མཚོན་རང་བཞིན་ཅན་གྱི་གསོ་རིག་རྒྱུད་བཞི་རིག་ཚན་མ་ལག་ལྡན་པ་གླེགས་བམ་གཅིག་ཏུ་གྲུབ་པའི་བསྟན་དོན་ལ།  མི་ན་བ་གནས་པ་ལ་ཟས་དང་སྤྱོད་ལམ་གཉིས། ན་བ་གསོ་བའི་སྐོར་ལ་སྨན་དཔྱད་གཉིས་ཏེ་བཞི་རུ་ཕྱེས་ནས་རྒྱས་བཤད་ཡོད།  དེ་ཡང་ཐོག་མར་ལུས་ཀྱི་གནས་ལུགས་ཞིབ་ཕྲ་ཤེས་པའི་ཐོག་ཟས་སྤྱོད་གཉིས་ཀྱིས་མི་ན་བར་གནས་པར་བྱེད་པའི་ཐབས་བསྟན། དེའི་རྗེས་སུ་ན་བ་བྱུང་ན་སྨན་དཔྱད་གཉིས་ཀྱིས་གསོ་ཐབས་ལ་མན་ངག་རྒྱུད་དང་ཕྱི་མ་གཉིས་བྱུང་བ་ཡང་གོ་རིམ་དང་ལྡན་པ་ཞིག་རེད།  འོན་ཀྱང་ཕྱིས་སུ་མི་ན་བ་གནས་པར་བྱེད་པ་ཟས་སྤྱོད་གཉིས་ཡར་རྒྱས་མ་ཐུབ་པར་ལུས།     ན་བ་གསོ་བར་བྱེད་པ་སྨན་དཔྱད་གཉིས་ཀྱི་ཡ་གྱལ་སྨན་གྱི་རིག་གཞུང་འཕེལ་རྒྱས་གང་འཚམས་ཤིག་ཡར་རྒྱས་ཕྱིན་རུང་། དཔྱད་ཀྱི་སྐོར་ནི་ཁྲག་དང་མེ་བཙའ་ཙམ་ལས་རྒྱུན་འཛིན་མ་ཐུབ་པ་དེ་རེད།  ཟས་ནི་སྨན་གྱི་གཞོག་འདེགས་ཙམ་དུ་བཤད་པ་ལས་རིག་ཚན་མ་ལག་ལྡན་པ་ཞིག་གྲུབ་མ་ཐུབ་པར།   མི་ལོ་ཁྲི་འབུམ་དུ་མའི་ཉམས་མྱོང་ལས་བྱུང་བའི་བཟའ་བཏུང་རིག་གནས་དང་གཡོས་སྦྱོར་ལག་རྩལ་རྣམས་དམངས་ཁྲོད་དུ་གནས་པ་ཙམ་དུ་ཟད།     དེ་ཡང་ཤེས་བྱ་རིག་པའི་གཞུང་ལུགས་གང་ཞིག་ཡིན་རུང་རིག་ཚན་མ་ལག་ཅན་དུ་གྲུབ་མ་ཐུབ་ན་ནམ་ཞིག་བོར་བརླག་ཏུ་འགྲོ་རྒྱུ་རེད། ཡང་སྤྱི་ལོ་༡༢༠༨ལ་སྐུ་འཁྲུངས་པའི་མཁས་པ་ཆེན་པོ་འཇམ་དབྱངས་མགོན་པོས་བུར་ཇ་བཟོ་སྲོལ་གཙོ་བོར་གྱུར་པའི་བོད་ཀྱི་བཟའ་བཏུང་བཟོ་ཚུལ་གྱི་རྩོམ་ཡིག་ཉི་ཤུ་བརྩམས་པ་[12]གསལ་རུང་ཡིག་ཆ་དེ་ཚོ་ད་ལྟ་ཆ་ཚང་ཞིག་མཇལ་མ་ཐུབ་པས་ཞིབ་ཕྲ་གསལ་བཤད་མ་ཤེས། གལ་སྲིད་ཟས་སྤྱོད་གཉིས་ཀྱི་རིག་ཚན་མ་ལག་ལྡན་པ་ཞིག་སྐབས་དེ་དུས་མཉམ་དུ་སྒྲིག་ཐུབ་ཡོད་ན།  ད་ལྟ་དཔལ་ལྡན་རྒྱུད་བཞི་འདི་ནི་རྒྱུད་བཞི་ཙམ་མ་ཡིན་པར་རྒྱུད་དྲུག་ཏུ་འགྱུར་ལ། ད་དུང་དཔྱད་ཀྱི་སྐོར་རིག་ཚན་མ་ལག་ལྡན་པ་ཞིག་སྒྲིག་ཐུབ་ཡོད་ན་རྒྱུད་བདུན་དང་ཡང་ན་བརྒྱད་དུའང་འགྱུར་སྲིད་པ་དེ་རེད།    དཔལ་ལྡན་རྒྱུད་བཞིའི་རྩ་རྒྱུད་དང་བཤད་རྒྱུད་ཀྱིས་བསྟན་དོན་ཆ་ཚང་ཞིག་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཐུབ་ཡོད་ན།    ད་ལྟའི་ཆར་རྒྱུད་བཞི་ནི་སྨན་ཡིག་ཙམ་ཞིག་ཏུ་མ་ལུས་པར་མདོ་དབུས་མཐོ་སྒང་གི་དཔལ་ཡོན་སྟོབས་ཆེན་གྱི་རིག་གཞུང་ཆེན་པོ་ཞིག་སྟེ།   ཐོ་མར་མི་ན་བ་གནས་པར་བྱེད་ པའི་ཐབས་ལ།  ཟས་དང་། སྤྱོད་ལམ་གཉིས།   གཉིས་པ་ན་བའི་ཚེ་ན་བ་གསོ་བའི་སྐོར་ལ་སྨན།   སྨན་གྱི་ནུས་པ་མ་ཐོན་ནས་ནད་ཛ་དྲག་གི་སྐབས་སུ་དཔྱད་ཀྱིས་བཅོས་པ་སྟེ་རྩ་བའི་ས་བཅད་ཆེན་པོ་བཞི་ལས་གྲུབ་པ་ཞིག་རེད།

མདོར་བསྡུས་ཏེ་བཤད་ན།

 དཔལ་ལྡན་རྒྱུད་བཞིའི་མཚན་དོན་དང་བརྗོད་བྱ་ནང་དོན་གྱི་འཕེལ་རིམ་ལ་མཚོན་ན་གཞི་རྩའི་ཆ་ནས་དུས་རིམ་གསུམ་བརྒྱུད་ཡོད་པ་སྟེ། དང་པོ།  ཐོག་མའི་མཚན་ལ་གསོ་བ་རིག་པའི་རྒྱུད་བདུད་རྩི་སྙིང་པོ་སྟེ།  ནང་དོན་རྩ་རྒྱུད་ལེའུ་དྲུག་གི་བདག་ཉིད་ཅན་འདི་ཙམ་ཞིག་ཡིན་ཚོད་རེད།  དེ་ཡང་སྙེ་མདོ་ཀུན་དགའ་དོན་གྲུབ་ཀྱིས་ལོ་ཙ་བ་བེ་རོ་ཙ་ནས། གསོ་བ་རིག་པའི་རྒྱུད་བདུད་རྩི་སྙིང་པོ་ཆ་ལག་དང་བཅས་པ་ཁ་ཆེ་ཟླ་བ་དགའ་ལ་ཞུས་ཅིང་སྒྱུར་ཏེ་རྗེའི་ཕྱག་ཏུ་ཕུལ་ལོ།  ཞེས་གསལ་བ་དང་།  རྒྱུད་བཞིའི་དཔེ་རྙིང་ཞིག་གི་མཇུག་ཏུ་བེ་རོ་ཙ་ན་ཡན་ཆད་རྒྱ་གར་རྒྱུད་པ་དང་།   གཡུ་ཐོག་མགོན་པོ་མན་ཆད་བོད་ཀྱི་རྒྱུད་པ་ཞེས་གསལ་བ་དང་།  རྩ་རྒྱུད་གཞུང་གི་སྒྲོམ་གཞི་ཡང་ནང་བསྟན་མཚན་ཉིད་རིག་པའི་གཞུང་སྤྱི་དང་ལྷག་པར་དུ་གསང་སྔགས་རྒྱུད་སྡེའི་འགྲོས་ལྟར་བཤད་པ་ཞིག་རེད།  ཟུར་མཁར་བའི་ཁོག་དབུབ་ལས་ཀྱང་ཟླ་དགའ་དང་བེེ་རོ་ཙ་ན་གཉིས་ཀྱིས་བསམ་ཡས་སུ་བསྒྱུར་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་ཕུལ་བར་གྲགས་ཞེས་པ་ལྟར་ན་ད་ལྟ་རྩ་རྒྱུད་དུ་གྲགས་པ་ལེའུ་དྲུག་གི་བདག་ཉིན་ཅན་འདི་ལས་གཞན་རྙེད་དཀའ།

གཉིས་པ།  མཚན་ལ་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད།  ཅེས་འབོད་པ་སྟེ། ཟུར་མཁར་བློ་གྲོས་རྒྱལ་པོའི་ཤེས་བྱ་སྤྱིའི་ཁོག་དབུབ་ལས།  གཞན་ལུགས་དྲངས་པའི་ནང་གསལ་བ་ལ། བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་གླེང་གཞི་སོགས་རྩ་རྒྱུད་དང་ཆ་འདྲ་ཡོད་པའི་ལེའུ་སུམ་ཅུ་རྩ་གསུམ་པ། ཞེས་དང་ཡང་རང་ལུགས་ལ་གཡུ་ཐོག་པ་ཉིད་ཀྱིས་མཛད་ངེས་པར་བཞེད་པའི་གྲལ་དུའང་། བདུད་རྩི་སྙིང་པོ་ཞེས་གསལ་བ་དང་། ཚ་རོང་དཔལ་ལྡན་རྒྱལ་མཚན་གྱིས་མཛད་པ།  སྨན་གྱི་ཆོས་འབྱུང་བསྐལ་བཟང་བགྲོད་པའི་ཤིང་རྟ་ཞེས་པ་ལས།   བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་གླིང་གཞི་རྩ་རྒྱུད་དང་ཆ་འདྲ་ཡོད་པའི་ལེའུ་སུམ་ཅུ་པ་ཞིག་གདུལ་བྱ་མོས་པ་སྐྱེས་པའི་སླད་དུ་སངས་རྒྱས་ཀྱི་བཀའ་ཡིན་པ་ལྟར་བརྩམས། ཞེས་དང་། བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཅེས་པའི་དཔེ་རྙིང་ལེའུ་བརྒྱ་དང་གཅིག་ཡོད་པ་སོགས་ལས་ཀྱང་ཤེས་ནུས།    ནང་དོན་བཤད་རྒྱུད་ལེའུ་སུམ་ཅུ་རྩ་གཅིག་གི་བདག་ཉིན་ཅན་དང་།  བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་དཔེ་རྙིང་ལེའུ་བརྒྱ་དང་གཅིག་ཡོད་པ་སོགས་མཚན་འདྲ་ཞིང་ནང་དོན་རྒྱས་བསྡུས་ཅི་རིགས་ཡོད་པ་དུ་མ་ཞིག་བྱུང་ཡོད་ཚོད་འདུག  །

གསུམ་པ། མཚན་ལ་ཡན་ལག་བརྒྱད་པ་ཞེས་གསར་དུ་བསྣན་ཏེ།  ད་ལྟའི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད། ཅེས་པའི་མཚན་འདི་ནི་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་ཕྱོགས་བསྒྲིགས་གནང་སྐབས་ཀྱི་མཚན་དེ་རེད།   ཡན་ལག་བརྒྱད་པ་ཞེས་གསར་དུ་བསྣན་དགོས་དོན་ཡང་གཡུ་ཐོག་པ་སྐུ་ཚེའི་སྟོད་དུ་ཡན་ལག་བརྒྱད་པ་ཁོ་ནས་འགྲོ་དོན་མཛད་པར་གསལ་བ་ལྟར། བཤད་རྒྱུད་ཀྱི་ནང་དོན་ཕལ་ཆེ་བ་ཡན་ལག་བརྒྱད་པ་དང་འདྲ་བ་དེ་རེད།  ནང་དོན་ལ་སྔར་ནས་ཡོད་པའི་རྩ་རྒྱུད་དང་།  གཡུ་ཐོག་མགོན་པོས་བརྩམས་པའི་བཤད་རྒྱུད།  བོད་ཡུལ་དུ་སྔ་དར་ཕྱིས་དར་གྱི་གསོ་རིག་ཆ་དུ་མ་དང་ལྷག་པར་དུ་གཡུ་ཐོག་པའི་མན་ངག་ཟིན་བྲིས་ཀུན་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ། མན་ངག་རྒྱུད་དང་། ཕྱིན་མ་རྒྱུད་བཅས་ཆོས་ཚན་བཞི་པོ་དེ་གླེགས་བམ་གཅིག་ཏུ་བསྒྲིགས་པའི་མཚན་ལ་གསོ་རིག་དཔལ་ལྡན་རྒྱུད་བཞི་ཞེས་པ་འདི་གྲུབ་པ་རེད།   ད་དུང་ཞིབ་ཚགས་ཀྱི་སྒོ་ནས་ཞིབ་འཇུག་བྱ་བའི་དུས་ཚོད་ཁོམ་པ་ཞིག་བྱུང་ན་ཐོག་མའི་ས་བོན་ཙམ་ནས་ད་ལྟའི་དཔལ་ལྡན་རྒྱུད་བཞིའི་བར་གྱི་འཕེལ་རིམ་ཞིབ་མོ་ཞིག་ཤེས་ཐུབ་པ་དེ་རེད།  རྒྱུད་བཞི་ཤིང་སྤར་གྱི་དཔེ་གཞི་མི་འདྲ་བ་ཉི་ཤུ་ཙམ་ཞིག་ཡོད་པར་ཐོས་རུང་།  ཁོ་བོས་ཤིང་སྤར་མི་འདྲ་བ་བརྒྱད་ཙམ་ལྟ་ཀློག་བྱས་པ་རྣམས་ཀྱི་བར་ལ་ཡང་ཁྱད་པར་ཆེན་པོ་ཡོད་པ་དང་། དཔེ་རྙིང་བྲིས་མ་དང་ཉེ་བའི་ཤིང་སྤར་མའི་བར་ལ་དེ་བས་ཀྱང་བར་ཐག་རིང་པོ་ཡོད་པ་སོགས་ལ་བལྟ་ཡོང་དུས། དུས་རབས་ཀྱི་འགྲོས་དང་མཐུན་པར་ཉམས་མྱོང་གིས་ལེགས་བཅོས་སམ་ཁ་གསལ་དུ་གཏོང་གིན་ཡོད་པ་དེ་རེད།

ད་ལྟའི་གསོ་རིག་རྒྱུད་བཞིའི་དཔེ་ལུང་གི་རྒྱུན་ནི།  སྤྱི་ཚོགས་ཐོག་ཡོངས་གྲགས་ཀྱིས་སྤེལ་མཁན་དེ་སུམ་སྟོན་ཡེ་ཤེས་གཟུངས་གཅིག་པུ་ཡིན་པར་གྲགས། དེ་ཡང་སུམ་སྟོན་གྱིས་སྐུ་ལྔ་ལྷུན་གྲུབ་ནང་བཤད་པ་ལྟར་ན། མཁས་པ་གཡུ་ཐོག་མགོན་པོ་ཡིས། །དོན་གོ་ཁོག་དབུབ་སྟོང་ཐུན་མཛད། །བསྡུས་དོན་གཞུང་ལ་ས་མཚམས་ཕྱེས། །དཀའ་འཕྲང་འབྲུ་འབྲེལ་ཡིག་ཆུང་བཀོད། །མ་ཚང་གབ་འཁྲུགས་གསལ་བར་བསྡེབས། །སྔོན་ཆད་ཐོས་ཚོར་མཐོང་བ་མེད། །ཅེས་པ་ལྟར། བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཀྱི་སྐོར་ཡིག་ཆ་རྒྱས་འབྲིང་མང་པོ་ཞིག་ཡོད་པ་རྣམས། སུམ་སྟོན་གྱིས་ཕྱོགས་གཅིག་ཏུ་རྒྱུད་བཞིར་བསྒྲིགས་པ་ཞིག་ཏུ་མཐོང་། སྐུ་ལྔ་ལྷུན་གྲུབ་ལས། རེ་འགའ་རི་བོའི་རྩེ་རུ་བྲིས།  །རེ་འགའ་གྲོགས་པོའི་ཕུག་ཏུ་བྲིས། །རེ་འགའ་ཞིང་གསེབ་རྩིག་ཕག་བྲིས། །དེ་ནས་མི་ལོ་བཅུ་གསུམ་ནས། །གནམ་ལོ་རྒྱལ་པོ་སྟག་ལོ་ལ། །གཡས་རུ་པ་འཁོར་ལྷ་ཁང་དུ།  །ཕྱི་མོ་ཟིན་བྲིས་དཔེ་ལས་བཤུས། །སྔོན་ཆད་ཐོས་ཚོར་མཐོང་བ་མེད།  །ཅེས་པ་ལྟར་མི་ལོ་བཅུ་གཉིས་རིང་གཞན་ལ་གསང་ནས་བྲིས་པར་བཤད་པ་དེ།   གཡུ་ཐོག་མགོན་པོས་མཛད་པའི་གསོ་རིག་གི་ཡིག་ཆ་རྣམས་གཙོ་བོར་གྱུར་པའི་བོད་ཀྱི་ཟས་སྨན་གྱི་རིག་གཞུང་རྣམས། རིག་ཚན་མ་ལག་ཅན་དུ་རྩོམ་སྒྲིག་གནང་བའི་བརྒྱུད་རིམ་ཞིག་ཡིན་པ་ལས་གཡུ་ཐོག་མགོན་པོས་ལེའུ་བཞིའི་བདག་ཉིད་ཅན་བརྩམས་ཟིན་ན་དུས་ཡུན་རིང་པོ་འདི་ལྟ་བུ་དགོས་དོན་མེད་པ་རེད། སྤྱི་ཁོག་ཞིག་བསྒྲིགས་ཟིན་རྗེས་གཡས་རུ་པ་འཁོར་ལྷ་ཁང་དུ། མ་དཔེ་ལས་བུ་དཔེ་དངོས་སུ་བྲིས་བཤུས་བྱས་པ་ནས་ད་ལྟའི་རྒྱུད་བཞི་འདི་དངོས་སུ་བྱུང་བ་ཞིག་ཏུ་མངོན། གཡུ་ཐོག་མགོན་པོའི་ཞལ་ནས་གྲོགས་མཆེད་གཞན་གྱིས་མ་མཐོང་བར་ཟིན་བྲིས་ཐོབ་ཅེས་པ་ནི།  ཁོང་གིས་རྩོམ་སྒྲིག་གནང་ཟིན་པའི་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་སོགས་ཡིག་ཆ་དེ་རྣམས།  ཕྱོགས་སྒྲིག་ཆོག་པའི་ཞལ་བཞེས་སུམ་སྟོན་ལ་ཐོབ་ཡོད་པ་ལྟ་བུ་ཞིག་ཏུ་མཐོང་བ་ལས།  གཡུ་ཐོག་མགོན་པོའི་སྐུ་ཚེའི་སྟོད་སྨད་ཀྱི་སློབ་མ་ཀུན་དང་། སྲས་གཉིས། མག་པ་གཉིས་སོགས་སུ་ལའང་མ་རག་པར་བཤད་པ་ནི་འུད་ཤོམ་ཅུང་ཟད་གནང་བ་ཙམ་དུ་ཟད། ད་དུང་འདི་དག་གི་སྐོར་ལ་བཤད་ཚུལ་སྣ་ཚོགས་ཞིག་ཡོད་རུང་ཡིག་ཚོགས་ལ་འཇིག་ནས་མ་བཀོད།

མདོར་ན་རྒྱུད་བཞི་འགྲུབ་པའི་གཞི་རྩ་ནི་མདོ་དབུས་མཐོ་སྒང་གི་ས་ཆར་མི་ལོ་ཁྲི་འབུམ་དུ་མའི་རིང་འཚོ་བའི་ཉམས་མྱོང་ལ་ཁྱིམ་མཚེས་ཡུལ་གྲུ་དུ་མའི་གསོ་རིག་གི་ལེགས་ཆ་དུ་མས་ཟུར་བརྒྱན། མདོ་སྔགས་རྒྱུད་སྡེ་ཟབ་མོའི་མན་ངག་དང་ནང་བསྟན་མཚན་ཉིད་རིག་པའི་རིག་གཞུང་གི་འགྲོས་དང་སྦྱར་ནས་རྩོམ་སྒྲིག་གནང་བ་ཞིག་རེད། རྒྱུད་བཞིའི་གཞུང་འདི་རྩོམ་སྒྲིག་གི་བརྒྱུད་རིམ་ལ་མཚོན་ན་མི་ལོ་ཆིག་སྟོང་ལྷག་གི་བརྒྱུད་རིམ་ཞིག་ཡོད་ལ། དེ་ཡང་ཐོག་མར་རྩ་རྒྱུད་དང་བཤད་རྒྱུད་གཉིས་ནི་རྩ་འགྲེལ་ལྟ་བུ་འམ་མདོར་བསྟན་རྒྱས་བཤད་ཀྱི་ཚུལ་གྱིས། ལུས་ཀྱི་གནས་ལུགས་ཤེས་པའི་ཐོག་ཟས་སྨན་གཉིས་ཀྱིས་ལུས་ཁམས་གསོ་ཐབས་སྤྱིར་བསྟན་པ་དང་།  དེའི་རྗེས་སྨན་གྱིས་གསོ་བའི་རིག་གཞུང་མན་ངག་རྒྱུད་དང་ཕྱི་མ་གཉིས་བྱུང་བ་ཡང་གོ་རིམ་ལྡན་པ་ཞིག་རེད། རྒྱུད་བཞིའི་ནང་དོན་གྱི་བརྗོད་བྱ་དངོས་དང་ཁོག་དབུབ་ལོ་རྒྱུས་རྣམས་ཀྱིས་ཟུར་བརྒྱན་ནས་ལྟ་ཡོང་དུས། གནའ་དུས་བོད་ཡུལ་དུ་ཕན་ཐོགས་ཆེ་བའི་ཤེས་རིག་ལག་རྩལ་སྐོར་ཡུལ་གྲུ་གཞན་དུ་གང་ཡོད་རྣམས། གུ་དོགས་དང་། ཕྱོགས་ཞེན་སོགས་འཆིང་རྒྱ་གང་ཡང་མེད་པར་ནང་འདྲེན་དང་གསར་གཏོད་ཐུབ་པའི་སྙིང་སྟོབས་དེ་མཐོང་ཡོང་དུས། ཁ་སང་གི་ཟས་རོ་བརྒྱ་པས་དེ་རིང་ལྟོ་གོ་མི་ཆོད་ན་ཡང་བྲོ་བ་ལ་དྲན་གསོ་ཐུབ་པ་ལྟ་བུ་ཞིག་སྟེ། ད་ལྟ་དུས་རབས་ཉེར་གཅིག་པའི་ཡར་ཐོན་ཅན་གྱི་སྤྱི་ཚོགས་ཀྱི་བསམ་བློ་དེ།  གནའ་དུས་མདོ་དབུས་མཐོ་སྒང་དུའང་བྱུང་མྱོང་བ་ནི་ཅུང་ཟད་ཡ་མཚན་པ་ཞིག་རེད། ཡང་མདོ་དྲི་མེད་གཟི་བརྗིད་ནང་དུ་[13]གནའ་དུས་སྲིད་པ་ཡེ་སྨོན་རྒྱལ་པོའི་ཕྱི་རབས་ཚ་རྒྱུད་རྣམས་ཀྱི་ཆེད་དུ་ཕ་ནོར་འཇོག་པའི་བསམ་བློ་གཏོང་སྐབས། རིན་པོ་ཆེ་གསེར་དངུལ་སོགས་བཞགས་ནའང་འཕེལ་རྒྱུད་མེད་པས་ཡུན་རིང་ཕན་མི་ཐོགས། དེས་ན་འཕེལ་ཁ་ཆེ་བའི་སྲོག་ཆགས་གཡང་མོ་ལུག་བཞགས་པར་བཤད་པ་དང་། བོད་བཙན་པོའི་སྐབས་སུ་གསེར་གཡུ་རྟ་ཁྲབ་སོགས་ཕང་མེད་ཀྱིས་བཏང་ནས་ཤེས་རིག་མང་པོ་ཞིག་ནང་འདྲེན་བྱས་པ་དང་།  སིལ་བུའི་དུས་སུ་སྤྱིའི་སྒྲིག་འཛུགས་གི་ལམ་ནས་སྔོན་ལྟར་གསེར་དངུལ་འབོར་ཆེན་བཏང་ནས་རིག་གནས་ནང་འདྲེན་མ་ཐུབ་ན་ཡང་།  ལོ་ཙཱ་བ་གང་ཟག་སྒེར་པ་མང་པོས་ཁྱིམ་གཞིས་ས་ཁང་དང་བཅས་པ་གསེར་ལ་བརྗེས། རང་གི་ཚེ་སྲོག་ཡང་བློས་བཏང་ལྟ་བུའི་སྒོ་ནས་ཤེས་རིག་མང་པོ་ཞིག་ནང་འདྲེན་དང་གསར་གཏོད་བྱས་པའི་ཡ་གྱལ། ཟས་སྨན་གཉིས་ཀྱི་སྤྱི་གཞུང་དཔལ་ལྡན་གསོ་རིག་རྒྱུད་བཞི་འདི་ནི། མདོ་དབུས་མཐོ་སྒང་དཔལ་ཡོན་གྱི་མཚོན་དཔེ་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་རེད། འོན་ཀྱང་རིག་གནས་གང་ཞིག་ཡིན་རུང་དུས་རབས་ཀྱི་འགྲོས་དང་མཐུན་པར།  སྣོན་འཕྲི་དང་གསར་གཏོད་ཀྱིས་རྒྱུན་འཛིན་བྱེད་དགོས་པ་ལ། དེ་ལྟར་མ་ཐུབ་ན་རིམ་གྱིས་སྤྱོད་ནུས་ཆུང་དུ་འགྲོ་བ་དེ་ཆོས་ཉིད་རེད།   རྒྱུད་བཞིའི་རྩ་བའི་རིག་གཞུང་གི་ངོས་ནས་བལྟས་ན་མི་ལོ་བརྒྱད་བརྒྱའི་གོང་རོལ་དུ།  འདི་

འདྲའི་རིག་གཞུང་ཕུན་སུམ་འཚོགས་པ་ཞིག་གྲུབ་ཐུབ་ནའང་། བློ་ཕམ་པ་ཞིག་ལ་དུས་རབས་དང་མཐུན་པར་ཡར་རྒྱས་གཏོང་མ་ཐུབ་ནས་ད་སྐབས་སྨན་ཡིག་གི་རྣམ་པ་ཙམ་ཞིག་ཏུ་ལས་པ་འདི་རེད།

 ཞོར་འཕྲོས།

ད་ལྟའི་ཆར་རྒྱུད་བཞི་གཡུ་ཐོག་མགོན་པོ་སོགས་ཀྱིས་བརྩམས་པ་རེད་ཟེར་ཡོང་དུས། སྲོལ་རྒྱུན་ལ་ཤ་ཞེན་ཆེ་བ་དག་གིས་སྡང་མིག་བསྒྲད་ཡོང་བ་དང་། སངས་རྒྱས་ཀྱི་བཀའ་རེད་ཟེར་ཡོང་དུས། གཞོན་སྐྱེས་ཤེས་ཡོན་ཅན་མང་པོས་སྣ་གཉེར་བྱེད་ཡོང་བ་རྣམས་ཀྱིས། སྤྱིར་བོད་ཀྱི་རིག་གཞུང་གི་འགྲོ་སྟངས་འདི་ཤེས་རྒྱུ་གལ་ཆེན་པོ་རེད་བསམ།

སངས་རྒྱས་ཀྱི་བཀའ་ལ་ཡང་ཞལ་ནས་གསུངས་པ་དང༌། བྱིན་གྱིས་བརླབས་པ། རྗེས་སུ་གནང་བ་བཅས་གསུམ་ལས། དང་པོ་ཞལ་ནས་གསུངས་པའི་བཀའ་ལ་སྟོན་པས་རང་བཞིན་གྱིས་གསུངས་པ་འཕགས་པ་སྡུད་པ་སོགས་དང་། འཁོར་གྱིས་ཞུས་ཏེ་གསུངས་པ་འཇམ་དཔལ་མཚན་བརྗོད་སོགས།

གཉིས་པ་བྱིན་གྱིས་བརླབས་པའི་བཀའ་ལ་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པ་སྟེ་གསུམ་ལས། དང་པོ་སངས་རྒྱས་ཀྱིས་ཕྱག་སྤྱི་བོར་བཞག་སྟེ་བྱིན་གྱིས་བརླབས་ནས་རྡོ་རྗེ་སྙིང་པོ་དང་། རྣམ་གྲོལ་ཟླ་བ་ལ་འཆད་པ་དང་དྲི་བའི་སྤོབས་པ་སྐྱེས་ནས་གསུངས་པ་མདོ་སྡེ་ས་བཅུ་པ་ལྟ་བུ།

གཉིས་པ་གསུང་གིས་བྱིན་གྱིས་བརླབས་པ། སངས་རྒྱས་ཀྱིས་འཇམ་དཔལ་ལ་མ་སྐྱེས་དགྲའི་འགྱོད་པ་སོལ་ཅིག་ཅེས་གསུངས་ནས། འཇམ་དཔལ་གྱིས་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་གསུངས་པ་ལྟ་བུ།

གསུམ་པ་ཐུགས་ཀྱིས་བྱིན་གྱིས་བརླབས་པ། ཏིང་ངེ་འཛིན་གྱིས། བཅོམ་ལྡན་འདས་ཀྱིས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་མཐུས་ཤཱ་རིའི་བུ་དང་སྤྱན་རས་གཟིགས་ཀྱིས་དྲི་བ་དང་དྲིས་ལན་གྱི་སྒོ་ནས་ཤེར་སྙིང་གསུངས་པ་ལྟ་བུ།  ཐུགས་བདེན་པའི་སྟོབས་ཀྱིས། སངས་རྒྱས་མཐུས་རི་དང་ལྗོན་ཤིང་སོགས་ལས་ཀྱང་ཆོས་སྒྲ་བྱུང་བ་ལྟ་བུ་སྟེ། ཨ་ར་ལི་ལས། རི་དང་ཤིང་བུ་རྡེའུ་དང༌། །པདྨ་དག་དང་དཔག་བསམ་ཤིང༌། །རྔ་བོ་ཆེ་ལས་བྱུང་བ་ཡང༌། །རྒྱལ་བས་བྱིན་གྱིས་བརླབས་པའི་ཕྱིར། །དེ་དག་བཀའ་ཞེས་བྱ་བར་འདོད། །ཅེས་དང་། ཐུགས་ཐུགས་རྗེའི་སྟོབས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་ནི།

སངས་རྒྱས་ཀྱི་མཐུས་ཉན་ཐོས་དང༌། གནོད་སྦྱིན་སོགས་སེམས་ཅན་ཕལ་པས་སྨྲས་པའི་འབྲས་བུ་ཁྱད་པར་ཅན་འགྲུབ་ནུས་ཀྱི་སྔགས་ཚིག་བཀར་བསྡུས་པ་ལྟ་བུ་སྟེ། སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང༌། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང༌། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པ་སྐྱེས་བུའི་མཐུ།།  ཞེས་སོ། །

གསུམ་པ་རྗེས་སུ་གནང་བའི་བཀའ་ནི། སྡུད་པ་པོ་རྣམས་ཀྱིས་བཀའ་བསྡུ་པའི་ཚེ་བཅུག་པའི་གླེང་གཞི། མཚམས་སྦྱོར། མཐུན་འགྱུར། ཡི་རངས་རྣམས་ཏེ། སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་རྒྱུད་ཐམས་ཅད་ཀྱི་འགོ་ལ། དང་པོར་ཕུན་སུམ་ཚོགས་པ་ལྔ་དང༌། སྒབ་ཏུ་མངོན་པར་བསྟོད་པ་ཡང་ཐོགས་ཤིག་པར་གསུངས་པ་ལྟར་རོ། །

ད་ལྟ་བོད་ཀྱི་རྒྱལ་བའི་བཀའ་འགྱུར་ནང་དུ་བཞུགས་པ་གླེགས་བམ་༡༠༣།  སྔ་འགྱུར་རྒྱུད་འབུམ་དུ་བཞུགས་གླེགས་བམ་༥༠་ལྷག་ཡོད་པ་ཀུན། རིག་གཞུང་གི་འགྲོ་སྟངས་འདི་འདྲ་ཞིག་གི་ཐོག་ནས་བཀའ་རུ་བརྩི་གི་ཡོད་རེད་ལ། མཁས་དབང་སོག་བཟློག་པས་རྒྱུད་བཞི་བཀའ་སྒྲུབ་ནང་དུའང་གཡུ་ཐོག་མགོན་པོས་མཛད་པ་ལ། སངས་རྒྱས་ཀྱི་བཀའ་རུ་རྩིས་པ་དེ་ཡང་རིག་གཞུང་གི་འགྲོས་འདི་ལྟར་བཤད་པ་ཞིག་རེད། །དེས་ན་སྤྱི་ཁོག་ནས་བོད་ཀྱི་རིག་གཞུང་གི་འགྲོ་སྟངས་འདི་ཤེས་པ་གལ་ཆེན་པོ་རེད་བསམ། །

ད་ལྟ་དུས་རབས་ཉེར་གཅིག་པ་འཛམ་གླིང་ཤར་ནུབ་ཁ་ཐག་ཉེ་རུ་སོང་ནས། རིག་གནས་སྣ་མང་གི་ལོངས་སྤྱོད་དང་།  སྤེལ་རེས།  བརྗེ་བསྒྱུར།  འགྲན་རྩོད་སོགས་ཚ་ཚ་འུར་གྱི་སྐབས་འདིར། སྔར་བྱུང་སྲོལ་རྒྱུན་གྱི་རིག་གནས་རྣམས་དུས་རབས་དང་མཐུན་པར་གསར་གཏོད་ཀྱིས་རྒྱུན་འཛིན་བྱེད་པ་དང་།  སྔར་མེད་ནང་འདྲེན་གྱིས་རང་གི་སྤྱི་ཚོགས་ལ་དཔལ་ཡོན་བསྐྲུན་པ་དང་ཆབ་ཅིག  །རིག་གནས་སྟོབས་ཤུགས་ཀྱིས་གཞན་ཡུལ་ཁ་ལོ་བསྒྱུར་ནས་ཉག་ཕྲ་བའི་ཤེས་རིག་མང་པོ་ཞིག་བེད་མེད་ལ་གཏོང་བའི་སྐབས་འདིར། མདོ་དབུས་མཐོ་སྒང་གི་མི་རབས་ཕྱི་མ་རྣམས་ཀྱི་མ་འོང་པའི་འཚོ་གནས་ལ་དམིགས་ཏེ།   སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་གྱི་རིན་ཐང་ལྡན་པ་རྣམས་དུས་རབས་དང་མཐུན་པར་གསར་གཏོད་བྱེད་པ་དང་།  སྔར་མེད་ནང་འདྲེན་བྱེད་པ་བརྒྱུད་རིམ་གྱིས་རང་ཡུལ་གྱི་རིག་གནས་དུ་འགྱུར་བར་བྱ་རྒྱུ་ནི་གལ་ཆེན་པོ་རེད།  དེའི་སྐོར་གྱི་དཔེ་མཚོན་ནི་གསོ་རིག་རྒྱུད་བཞི་འདི་ལྟ་བུ་རེད།

གསོ་རིག་རྒྱུད་བཞིའི་ནང་བསྟན་པ་མི་ན་བར་གནས་པར་བྱེད་པ་ཟས་སྤྱོད་གཉིས་ཀྱི་སྐོར་འདི་རིག་གཞུང་གླེགས་བམ་ཐོག་ཏུ་ལས་པ་ཙམ་མ་ཡིན་པར། དུས་རབས་དང་མཐུན་པར་གསར་གཏོད་ཀྱིས་འཚོ་བ་དངོས་ལ་བེད་སྤྱོད་ཡོད་པ་ཞིག་བྱ་ཐུབ་ན།   བོད་ཡུལ་གྱི་རྒྱ་ཆེའི་ཞིང་འབྲོག་མང་པོའི་ཐོན་སྐྱེད་ཀྱི་ཁྲོམ་ར་རྒྱ་བསྐྱེད་ཐུབ་ལ། དེ་མཚུངས་སུ་ཞིང་འབྲོག་གི་ཐོན་རྫས་རྣམས་དུས་ཐོག་ཏུ་བསྡུ་ལེན་དང་ཉར་ཚག་བརྒྱུད། བཟའ་བཏུང་ཁེ་ལས་ཁག་ལ་མཁོ་འདོན་བྱེད་པའི་བར་ཚོང་གི་སྤྱི་གཉེར་ཁང་ཡང་མང་པོ་གསར་འཛུགས་ཀྱི་གོ་སྐབས་ཡོང་གི་རེད།  ད་ལྟ་ཁྲོམ་རའི་དཔལ་འབྱོར་དར་རྒྱས་ཆེ་བའི་གོ་སྐབས་དང་བསྟུན་ནས་བོད་ཀྱི་བཟའ་བཏུང་སྤྱི་གཉེར་ཁང་ཆེ་ཆུང་དུ་མས། རྒྱལ་ཕྱི་ནང་གང་སར་བཟའ་བཏུང་ཞབས་ཞུའི་ལས་རིགས་གཉེར་ཆོག་པ་རེད།  དེས་ན་བོད་ཀྱི་བཟའ་བཏུང་རིག་གནས་ཚད་ལྡན་ཅན་དུ་འགྱུར་ཐུབ་པ་ཡིན་ན། ད་ལྟ་ཤར་ནུབ་ཀུན་ཏུ་གཞི་རྩའི་ཆ་ནས་ཁྲོམ་རའི་དཔལ་འབྱོར་ལ་བཀག་རྒྱང་ཆུང་ཞིང་དར་སྲོལ་ཧ་ཅང་ཆེ་བའི་སྐབས་འདིར། གོ་སྐབས་དམ་འཛིན་ཤེས་ན་དཔལ་འབྱོར་དང་རིག་གནས་གཉིས་ཀའི་ངོས་ནས། བོད་སྨན་ནང་བཞིན་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཐུབ་པ་དེ་རེད།  ད་དུང་ཁྱབ་ཁོངས་ཀྱི་ངོ་ནས་བཤད་ན་བོད་སྨན་གྱི་ཁྲོམ་ར་ལས་བཟའ་བཏུང་གི་ཁྲོམ་ར་རྒྱ་ཆེ་ལ།  ད་ལྟ་བར་མ་ཆད་པར་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་བརྒྱུད་རིམ་ནང་ཟས་སྤྱོད་གཉིས་ལ་བརྟེན་ནས་མི་ན་བ་བདེ་ཐང་དུ་གནས་པའི་རིག་གནས་ཀྱི་རིན་ཐང་ཇེ་ཆེ་ལ་འགྲོ་བཞིན་ཡོད་པ་རེད། བོད་ཡུལ་ལ་མཚོན་ན་འདིའི་སྐོར་ལ་ཁྱད་ཆོས་ཆེན་པོ་གཉིས་ཡོད་པའི་དང་པོ་ནི། འཁོར་ཡུག་དང་མཁའ་རླུང་གཙང་མ་ལས་ཐོན་པའི་བཟའ་བཏུང་གི་རྒྱུ་ཆ་ལྷད་མེད་པ། གཉིས་པ་ལྷག་བསམ་ལྷད་མེད་ཀྱི་ཞབས་ཞུའམ་རོགས་རམ་གྱི་འདུ་ཤེས་མ་བཅོས་པ་ཞིག་ཡོད་པ་དེ་གཉིས་ཡིན།  ད་དུང་རིག་གཞུང་ལ་མཚོན་ན་མི་ལོ་བདུན་བརྒྱའི་གོང་རོལ་ནས་མི་ན་བ་གནས་པར་བྱེད་པ་ཟས་སྤྱོད་ཀྱི་རིག་ཚན་མ་ལག་ལྡན་པ་ཞིག་གྲུབ་ཡོད་རུང་། ང་ཚོ་ཕལ་ཆེ་བས་འདི་ལྟ་བུ་ཡོད་པ་ཙམ་ཡང་ཤེས་མི་ཉུང་བ་དེ་རེད།   ད་ལྟ་ཁྲོམ་རའི་འགྲན་རྩོད་ཛ་དྲག་ཤིན་ཏུ་ཆེ་བའི་སྐབས་འདིར་ཕྱི་རོལ་གྱི་ཤུགས་རྐྱེན་ངན་པས་ཁོར་ཡུག་གཙང་མ་དེ་ཡང་འབག་བཙོག་ཅན་དུ་བསྒྱུར། ལྷད་མེད་ཀྱི་སེམས་ཁམས་གཙང་མ་དེ་ཡང་གཡོ་སྒྱུ་ཅན་དུ་གྱུར་དང་འགྱུར་བཞིན་པ་འདིས། དཔལ་ཡོན་འཕེལ་རྒྱས་ཡོང་རྒྱུ་ཕར་ཞོག་ཆེས་མ་མཐའ་ཚེ་སྲོག་བདེ་ཐང་ལ་ཡང་ཉམས་ཉེས་ཆེན་པོ་འཕྲད་བཞིན་པ་དེ་རེད། གལ་སྲིད་བློ་རྣལ་དུ་གནས་ཤིང་འགན་ཁུར་གྱི་འདུ་ཤེས་ཡོད་མི་ཞིག་ཡིན་ན་ལྕགས་ཚ་བརྡུང་གི་དཔེ་ལྟར་འབད་བརྩོན་བྱ་འོས་པ་རེད།

ཅེས། མགོན་སེང་ཀརྨ་བདེ་ལེགས་ཀྱིས་རང་ཉིད་སློབ་སྦྱོང་གི་བར་གསེང་ངལ་གསོའི་དུས་ཚོད་བེད་སྤྱད་ནས། སྔར་བོད་ཀྱི་བཟའ་བཏུང་རིག་གནས་ཞིབ་འཇུག་སྐབས་ཀྱི་ཟིན་ཐོ་རྣམས་ཕྱོགས་ཅིག་ཏུ་བསྒྲིགས་ཏེ་སྤྱི་ལོ་༢༠༢༤་ཟླ་༨པའི་༢༠ལ་ཕུལ།  །

དཔྱད་གཞིའི་ཡིག་ཆ། 

[1] ཁ་ཆེའི་པཎྜིཏ་ཤཱཀྱ་ཤྲཱི་བྷ་དྲའི་རྣམ་ཐར་ཤིང་སྤར་མའི་ལྡེབ་༥༡་པའི་མདུན་ཕྲེང་༣་ཤིང་སྤར་མ་དང་། དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་སྙེ་མ་ལག་བྲིས་ལྡེབ་༢༢༢པའི་མདུན་ཕྲེང་དང་པོར་གསལ།

[2] ཞྭ་དམར་མཁའ་སྤྱོད་དབང་པོའི་གསུང་འབུམ་དཔེ་རྙིང་པོད་རྟགས་ཇ་པའི་ལྡེབ་༢༠༠་མདུན་ཕྲེང་༣པར་གསལ།

[3] སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསོ་རིག་ཁོག་དབུགས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་སྤར་བ་ལྡེབ་༣༢༧པའི་ཕྲེང་༡༡་པར་གསལ།

[4] དེའུ་དམར་གསོ་རིག་ཆོས་འབྱུང་དྲང་སྲོང་དགྱེས་པའི་འཛུམ་ཕྲེང་ལག་བྲིས་ལྡེབ་༩༨་པའི་མདུན་ཕྲེང་༤་པར་རྗེ་སྒམ་པོ་པ། ཞང་སྨན་ནག་པ། གཡུ་ཐོག་ཡོན་ཏན་མགོན་པོ་སོགས་ནས་རིམ་པར་བརྒྱུད།

[5] ཟུར་མཁར་བློ་གྲོས་རྒྱལ་པོའི་ཤེས་བྱ་སྤྱི་ཡི་ཁོག་དབུབ་དཔེ་རྙིང་བྲིས་མའི་ཤོག་ངོས༢༣༤ནས་གསལ།

[6] ཚ་རོང་དཔལ་ལྡན་རྒྱལ་མཚན་གྱིས་མཛད་པ་སྨན་གྱི་ཆོས་འབྱུང་སྐལ་བཟང་བགྲོད་པའི་ཤིང་རྟ་ལག་བྲིས་ལྡེབ་༢་པའི་ཕྲེང་༢ནང་གསལ།

[7] ཁོག་དབུབ་ཁྱུང་ཆེན་ལྡིང་བ་ཞེས་བྱ་བ་རྒྱུད་ཀྱི་རྒྱུད་ཚུལ་དཔེ་རྙིང་ལག་བྲིས་མ་ལྡེབ་༡ཕྲེང་༤ནས་གསལ།

[8] ཟུར་མཁར་བློ་གྲོས་རྒྱལ་པོའི་ཤེས་བྱ་སྤྱི་ཡི་ཁོག་དབུབ་དཔེ་རྙིང་བྲིས་མའི་ཤོག་ངོས་༢༣༤ནས་གསལ།

[9] དཔལ་ལྡན་གསོ་བ་རིག་པའི་ཁོག་འབུབས་ལེགས་བཤད་བེེཌྲཱུརྱ་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན་ཞེས་བྱ་བའི་བོད་ཡུལ་དུ་གསོ་བ་རིག་པ་དར་ཚུལ་བཤད་པ། ཤོག་ངོས་༡༠༨། མི་རིགས་དཔེ་སྐྲུན་ཁང་།

[10] ༢༠༡༧ལོའི་ལོ་མཇུག་དང་༢༠༡༨ལོར་གནའ་རྫས་རྟོག་ཞིབ་པས་ཐེངས་མང་པོར་རྟོག་ཞིབ་བྱས་པ་བརྒྱུད་རྡོ་ངོས་སུ་རྐང་རྗེས་ལྔ་དང་ལག་རྗེས་ལྔ་ཡོད་པ་ལ་(ལོ་ཁྲི༢༢.༦~ལོ་ཁྲི་༡༦.༩)སྔོན་ཀྱི་རྗེས་ཤུལ་ཡིན་པ་ར་སྤྲོད་བྱས། གསར་རྙེད་དེ་༢༠༢༡ལོའི་ལོ་མཇུག་གི་འཛམ་གླིང་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ་ཞེས་པའི་ཨང་གཉིས་པར་བདམས་ཐོན་བྱུང་། ༢༠༢༡ལོའི་ཚན་རིག་བརྡ་ཁྱབ་ལས།

[11] ཚ་རོང་དཔལ་ལྡན་རྒྱལ་མཚན་གྱིས་མཛད་པ་སྨན་གྱི་ཆོས་འབྱུང་སྐལ་བཟང་བགྲོད་པའི་ཤིང་རྟ་ལག་བྲིས་ལྡེབ་༢་པའི་ཕྲེང་༣་ནང་གསལ།

[12] འཇམ་དབྱངས་མགོན་པོའི་ཕྱིའི་རྣམ་པ་ཐར་དཔེ་རྙིང་ལག་བྲིས་ཤོག་ངོས་༡༧ཕྲེང་༧པར་གསལ།

[13] སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ་རྒྱས་པ་ཁྱུང་པོ་བློ་ལྡན་སྙིང་པོས་བསྡུ་བསྒྲིགས་གནང་བ་པོད་དྲུག་པའི་ལྡེབ་༥༦༠ཕྲེང་༡ནས་གསལ། གློག་རྡུལ་དཔེ་ཆ།

– – – – –

Loading