བོད་ཀྱི་བཙུན་མའི་ཐོག་མ་བྱང་ཆུབ་རྗེའི་མཛད་རྣམ་ལ་རགས་ཙམ་དཔྱད་པ།

0
307

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོད་ཀྱི་བཙུན་མའི་ཐོག་མ་བྱང་ཆུབ་རྗེའི་མཛད་རྣམ་དང་འབྲེལ་ཏེ་རིགས་སྲས་ཡོད་མེད་དང་། དགེ་རྒྱས་ལི་མ་ཕྱག་འདེབས་ཚུལ། དགེ་རྒྱས་ལི་མ་གླིང་དང་། ཁྲ་འབྲུག་དགོན། བསམ་ཡས་དབུ་རྩེ་བཅས་ཀྱི་དྲིལ་བུའི་ཁ་བྱང་བཅས་ལ་དཔྱད་པ་རགས་ཙམ་རེ་བྱས་ཡོད།

གནད་ཚིག །ཇོ་མོ་བྱང་ཆུབ་རྗེ། དགེ་རྒྱས་ལི་མ་གླིང་། ལག་དཔོན། འབྲོ་བཟའི་ཁྲིམས་བུ་ཆུང་། ལྷ་ལྕམ་པདྨ་གསལ། ཅོང་དྲིལ།

གླེང་གཞི།

སྔར་རྒྱ་གར་འཕགས་པའི་ཡུལ་དུ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེས་རྒྱལ་བསྟན་སྲོལ་བཟང་བཏོད་རྗེས་སྟོན་པ་ཉིད་ཀྱི་སྐུ་དུས་སུ་སྟོན་པའི་འཁོར་དགྲ་བཅོམ་མའི་ནང་ནས་སྦྱངས་པའི་ཡོན་ཏན་གྱི་མཆོག་ཏུ་ལུང་བསྟན་ཅིང་། བུད་མེད་རབ་ཏུ་བྱུང་བའི་ཐོག་མ་དང་དགྲ་བཅོམ་མའི་ཐོག་མར་གྱུར་པ་དགྲ་བཅོམ་མ་སྐྱེ་དགུའི་བདག་མོ་དང་། སྟོན་པའི་འཁོར་དགྲ་བཅོམ་མའི་ནང་ནས་དབང་པོའི་སྒོ་སྡོམ་པ་ལ་མཆོག་ཏུ་ལུང་བསྟན་པ་དགྲ་བཅོམ་མ་གྲགས་འཛིན་མ། བསྟན་རྩ་དམ་ཆོས་འདུལ་བའི་གཞུང་ལས་མ་ཡི་སོ་ཐར་སྤེལ་བའི་གླེང་གཞིའི་མཆོག་ཏུ་གྱུར་ཅིང་། ཐུབ་པའི་བཅས་མཚམས་ཡོངས་སུ་རྫོགས་པར་བྱེད་པའི་གཉེན་དུ་གྱུར་པ་དགྲ་བཅོམ་མ་སྦོམ་དགའ་མོ། སྟོན་པའི་འཁོར་དགྲ་བཅོམ་མའི་ནང་ནས་རྫུ་འཕྲུལ་དང་མཐུ་ཆེ་བ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་དགེ་སློང་མ་ཨུཏྤ་ལའི་མདོག་ཅན། བཅོམ་ལྡན་འདས་ཀྱིས་འཁོར་དགྲ་བཅོམ་མའི་ནང་ནས་ཆོས་འཆད་པ་ལ་མཆོག་ཏུ་ལུང་བསྟན་པ་དགྲ་བཅོམ་མ་ཆོས་སྦྱིན་མ། གཞན་ཡང་དགེ་སློང་མ་དཔལ་མོ་སོགས་སྟོན་པའི་འཁོར་རྣམ་བཞིའི་ཁྲོད་ནས་བུད་མེད་ཀྱི་རབ་བྱུང་གི་རྟེན་ཅན་སྙན་གྲགས་མང་དུ་བྱོན་པར་མ་ཟད། དེ་དག་གི་རྣམ་ཐར་ཡང་དྲིན་ལན་བསབ་པའི་མདོ་དང་། འདུལ་བ་ལུང་གཞི་སོགས་སུ་ཞིབ་པར་བྱུང་ཡང་། བོད་དུ་བུད་མེད་ཀྱི་རབ་བྱུང་མའི་ཐོག་མ་སུ་ཡིན་དང་། མཁན་པོ་གང་གི་དྲུང་ནས་རབ་ཏུ་བྱུང་མིན། དེ་དག་གི་མཛད་རྗེས་གང་དག་ཡོད་མེད་སོགས་ཀྱི་རྣམ་ཐར་ཞིབ་གསལ་འཁོད་པའི་དཔྱད་གཞི་ཤིན་ཏུ་དཀོན་ལ། ད་བར་དེའི་ཐད་ཞིབ་འཇུག་གནང་མཁན་དང་། དཔྱད་རྩོམ་རིགས་ཀྱང་མིག་ལམ་དུ་མ་གྱུར་པས། བོད་ཀྱི་རབ་བྱུང་མའི་ཐོག་མ་འབྲོ་བཟའ་ཁྲི་རྒྱལ་མོ་བཙན་ནམ། ཇོ་མོ་བྱང་ཆུབ་རྗེའི་རྣམ་ཐར་ལ་རགས་ཙམ་དཔྱད་པར་བྱའོ།།

ཀ །མཚན་གྱི་རྣམ་གྲངས་དང་མཛད་པ།

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་བྱང་ཆུབ་སྒྲོན་གྱི་མཚན་གྱི་རྣམ་གྲངས་ལ། འབྲོ་བཟའ་ཁྲི་རྒྱལ་མང་མོ་བཙན་དང་། འབྲོ་བཟའ་ཁྲི་རྒྱལ་མོ་བཙུན། འབྲོ་བཟའ་བྱང་ཆུབ་སྒྲོན། འབྲོ་བཟའ་བྱང་ཆུབ་སྨན། ཇོ་མོ་རྒྱལ་མོ་བཙན། ཇོ་མོ་འགྲོ་བཟའ་བྱང་ཆུབ། ཇོ་མོ་བྱང་ཆུབ་རྗེ་ཞེས་སོགས་འབྲི་ཚུལ་མང་། དེ་ཡང་ཡུལ་ཡར་ཀླུངས་སུ་འགྲོའམ་འབྲོའི་རྒྱལ་རིགས་སུ་འཁྲུངས་པས་རིགས་རྒྱུད་ཀྱི་ཆ་ནས་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་ནམ་ཕྱིས་རབ་ཏུ་བྱུང་བས་བྱང་ཆུབ་རྗེ་ཞེས་མཚན་གསོལ་ཞིང་། རིགས་ཀྱི་ཆ་ནས་འགྲོ་དང་འབྲོ། བཙུན་མོའི་ཆ་ནས་བཙན་དང་བཙུན་སོགས་དག་སྡེབ་འབྲི་ཚུལ་མི་འདྲ་བ་འགའ་ཞིག་ཀྱང་སྣང་ངོ་།།

དེ་ལྟར་འབྲོ་བཟའ་བྱང་ཆུབ་སྒྲོན་ནི། ཀློང་ཆེན་ཆོས་འབྱུང་ལས[1]། རྒྱལ་པོ་ཉིད་ལ་ཁབ་ཏུ་བཞེས་པའི་བཙུན་མོ་ལྔ་ཡོད་པའི་ཆུང་ཤོས་མཁར་ཆེན་བཟའ་བཙན་མོ། བྱང་ཆུབ་བཙན་མོ་བྱ་བ་གཉིས་རབ་ཏུ་བྱུང་ངོ་། །མཁར་ཆེན་བཟའ་བཙུན་མོ་ནི་མཚོ་རྒྱལ་ཡིན་ཏེ་མཆིམས་ཕུར་གྲུབ་པ་ཐོབ། བྱང་ཆུབ་བཙན་མོ་གཡོས་ལ་མཁས་པས་ཚང་མང་གླིང་དུ་དགེ་འདུན་རྣམས་ཀྱི་ཕྱག་ཚང་མ་མཛད། ཅེས་གསུངས་པ་ལྟར། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བཙུན་མོ་ལྔ་ཁབ་ཏུ་བཞེས་པ་ལས། མཚན་གྱི་འདྲེན་ཚུལ་སོགས་ལ་བརྟགས་ན་འབྲོ་བཟའ་བྱང་ཆུབ་སྒྲོན་འདི་ཉིད་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་གསུམ་པ་དེ་མིན་ནམ་སྙམ།

འབྲོ་བཟའ་བྱང་ཆུབ་སྒྲོན་དུས་ནམ་ཞིག་སྐུ་འཁྲུངས་སམ་ཞེ་ན། དེབ་ཐེར་ཁག་ཏུ་གསལ་བར་འཁོད་པ་མི་སྣང་ཡང་། པདྨ་བཀའ་ཐང་ལས[2]

དགུང་ལོ་བཅུ་གསུམ་ལོན་ནས་ཡབ་གཤེགས་ཏེ༔
བཅོ་ལྔའི་ལོ་ལ་རྒྱལ་པོར་མངའ་གསོལ་ནས༔
བཙུན་མོ་ཚེ་སྤོང་བཟའ་ནི་དམར་རྒྱན་དང་༔
འབྲོ་བཟའ་བྱང་ཆུབ་སྒྲོན་གཉིས་ཁབ་ཏུ་བཞེས༔

ཞེས་གསུངས་པ་ལྟར། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཕྱི་ལོ་ ༧༤༢ ལོར་སྐུ་འཁྲུངས་ཤིང་། དགུང་ལོ་བཅོ་ལྔར་ཕེབས་པ་ཕྱི་ལོ་ ༧༥༦ ལོར་འབྲོ་བཟའ་བྱང་ཆུབ་སྒྲོན་བཙུན་མོར་བཞེས་པར་གསལ་བས། འབྲོ་བཟའ་བྱང་ཆུབ་སྒྲོན་ཡང་ཆོས་རྒྱལ་དང་སྐུ་དུས་མཉམ་པས་དགུང་ཁྱད་དེ་ཙམ་མེད་པར་སྣང་། འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་གྱི་འཁྲུངས་འདས་ལོ་ཚིགས་དང་། ཡབ་ཡུམ་གྱི་མཚན་སོགས་ལོ་རྒྱུས་ཞིབ་ཕྲ་ཡིག་ལམ་དུ་འཁོད་པ་མ་མཇལ་ལ། འདིའི་ཐོག་ད་བར་ཞིབ་འཇུག་གནང་མཁན་ཡང་བྱུང་མེད་པར་སྣང་ངོ་།།

དེ་ལྟར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ལྔའི་ནང་ཚན་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་ལ་སྲས་མེད་པས་མཁན་པོ་བོད་ཀྱི་རིན་པོ་ཆེར་གྲགས་པ་སྦ་རཏྣའི་དྲུང་དུ་རབ་ཏུ་བྱུང་ནས་རབ་བྱུང་གི་མཚན་ལ་བྱང་ཆུབ་རྗེ་ཞེས་གསོལ་ཞིང་། བོད་ཀྱི་བུད་མེད་རབ་ཏུ་བྱུང་བའི་ཐོག་མར་གྱུར་པས། དད་ལྡན་དུ་མས་དགའ་སྟོན་ཡང་རྒྱ་ཆེར་བྱས། བཙུན་མོ་འདི་ཉིད་ཀུན་ལ་མོས་གུས་ཆེ་ལ་ཚུལ་ཁྲིམས་གཙང་ཞིང་ཡོན་ཏན་ལྡན་པར་གྲགས་ལ། ཕྱག་རྗེས་སུ་བསམ་ཡས་གཙུག་ལག་ཁང་གི་ལྕགས་རིའི་ཕྱི་རོལ་ནུབ་ངོས་སུ་བཙུན་མོ་གླིང་གསུམ་གྱི་ཡ་གྱལ་དགེ་རྒྱས་ལི་མ་གླིང་གི་ལྷ་ཁང་བཞེངས་པར་མ་ཟད། ཐུགས་དམ་དགེ་རྒྱས་ལི་མ་གླིང་དང་། ཁྲ་འབྲུག་གཙུག་ལག་ཁང་གཉིས་སུ་སྒྲ་ཡི་མཆོད་པའི་སླད་དུ་དྲིལ་ཆེན་རེ་བཞེངས་པ་དང་། ལྷག་པར་བཙུན་མོ་འདི་ཉིད་གཡོས་སྦྱོར་ལའང་ཤིན་ཏུ་མཁས་པས་བསམ་ཡས་སྒྲ་སྒྱུར་གླིང་དུ་བཀའ་བསྟན་སྒྲ་སྒྱུར་མཛད་པ་པོ་ལོ་ཙཱ་བ་སུམ་བརྒྱ་ཙམ་ལ་ཟས་སྣ་བཅུ་གསུམ་འདྲེན་པའི་ལག་དཔོན་མཛད་པར་མ་ཟད། ཡང་སྒོས་ཆབ་སྲིད་ལའང་ཤིན་ཏུ་མཁས་པས་འབྲོ་བཟའི་ཁྲིམས་བུ་ཆུང་ཞེས་པའི་སྲོལ་ཡང་བཏོད་དོ།།

དེ་ཡང་སྦ་བཞེད་ཞབས་བཏགས་མ་ལས[3]། བཙན་པོའི་ཞལ་ནས་ཤཱཀྱ་ཐུབ་པའི་བསྟན་པ་ལ་སྒྲུབ་པ་བྱེད་ན་རབ་ཏུ་འབྱུང་དགོས་པ་ཡིན་པས། ད་བཙུན་མོ་སྲིད་མ་ཟིན་པ་དང་། ཞང་བློན་གྱི་བུ་ཚ་དད་པ་ཅན་ཐམས་ཅད་རབ་ཏུ་བྱུང་ཅིག་[ཞིག?]ཅེས་གསུངས་ནས། བློན་པོ་རྣམས་ན་རེ། རབ་ཏུ་བྱུང་ན་འཚོ་བ་མེད་དོ་མཆིས་པས། བཙན་པོ་ན་རེ། ངས་འཚོ་བ་བླ་ནས་སྦྱར་ཅིག་གསུངས། བློན་པོ་ན་རེ། དམག་དང་ཁྲལ་མ་བྱས་ན་ཆད་པ་འོང་ངོ་ཟེར། དེ་ལ་ངས་ཆབ་འོག་ནས་བདེ་བྱིན་ལ། དབུའི་མཆོད་གནས་བྱའོ་གསུངས། སྡེ་སྣོད་གསུམ་བསླབ་མི་ནུས་ཟེར་ནས། དེ་ལ་དགེ་བ་ཉམས་དང་སྤོབས་ལ་སྤྱོད་ཅིག་ཅེས་བཀའ་གནང་ངོ་། །

དེ་ནས་པྲ་ཏི་ཧ་ཏི་མཆོད་པ་བྱས་པའི་དུས་སུ་ཇོ་མོ་ཅེན་ཁྲི་རྒྱལ་མང་མོ་བཙན་དང་། སྲུ་བཙུན་མོ་རྒྱལ་ལ་སོགས་པ་རབ་ཏུ་བྱུང་བའི་མཁན་པོ་སྦ་རཏྣས་བྱས། སྤྱིར་སུམ་བརྒྱ་ཙམ་རབ་ཏུ་བྱུང་ནས། དབུ་རྩེའི་བྱ་འདབ་དང་། མཆོད་རྟེན་ཆེན་པོ་བཞིའི་རྩེ་མོ་ལྕགས་ཐག་གིས་སྦྲེལ། དེ་ལ་འཕན་མགོ་བཏབ་ཏེ་ནམ་སྣམ་དར་ལ་གྱིས། ས་གཞི་གསེར་ཕོར་དང་དངུལ་ཕོར་གྱིས་བཀང་ནས་ཕུལ། བཀའ་ཤོ་ཆེན་པོ་བྱུང་ཆོས་ཀྱི་ཁྲིམས་བཅས། དེ་ནས་ཕོ་མིག་མི་དབྱུང་བ་དང་། མོ་སྣ་མི་བཅད་པ། མཚང་ཅན་མི་ཀུམ་པ། སྐྱེ་བོ་ཐམས་ཅད་ཀྱིས་རྗེའི་བཀའ་ཉན་པ། རྗེ་འབངས་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་དབུར་ཕྱུང་ལ་ཕྱག་དང་མཆོད་གནས་བྱ་བ། དེ་ལྟར་བྱ་བའི་ཆེད་དུ་བཙན་པོ་ཡབ་སྲས་དང་། སྣ་ཆེན་པོ་མ་གཏོགས་པས་བྲོ་བོར་རོ། །ཞེས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བཀའ་སྩལ་བ་ལྟར་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་སོགས་སུམ་བརྒྱ་རབ་ཏུ་བྱུང་ཞིང་། སྐབས་དེར་རབ་བྱུང་གི་མཁན་པོ་སྦ་རཏྣས་མཛད་པ་དང་། བཙན་པོས་དམིགས་བསལ་གཟིགས་སྐྱོང་མཐུན་འགྱུར་དཔེ་མཛད་པར་སྣང་ངོ་།།

གཞན་ཡང་དཔའ་བོ་སྟག་ཤམ་རྡོ་རྗེས་གཏེར་ནས་བཏོན་པའི་ཡེ་ཤེས་མཚོ་རྒྱལ་གྱི་མཛད་ཚུལ་རྣམ་ཐར་གབ་པ་མངོན་ཕྱུང་དྲི་ཟའི་གླུ་ཕྲེང་ལས[4]། དེར་དང་པོ་ཁ་རག་གངས་སུ་བཞུགས་པས༔ གནས་དེར་སྒྲུབ་པའི་སྡེ་སུམ་བརྒྱ་ཙམ་འདུས་པས༔ ཕྱིས་སུ་ཇོ་མོའོ་ཁ་རག་ཟེར་བ་བྱུང་ངོ༔ གྲུབ་པ་ཐོབ་ཅིང་རྫུ་འཕྲུལ་སྟོན་ནུས་པ་སུམ་ཅུ་རྩ་དགུ་བྱུང་བས༔ དེའི་ནང་ནས་འགྲོ་དོན་ནུས་པ་ཉི་ཤུ༔ མ་ཇོ་མོ་དང་མཉམ་པ་བདུན་བྱུང་སྟེ་འགྲོ་བའི་དོན་ཚད་མེད་པ་འགྲུབ་པའོ༔ དེ་ནས་ཇོ་མོ་ནང་དུ་བསྒྲུབས་པས༔ བཙུན་མ་སྟོང་ཕྲག་གཅིག་འདུས་པས༔ འགྲོ་དོན་ནུས་པ་བརྒྱ༔ ཇོ་མོ་དང་མཉམ་པ་བདུན༔ གྲུབ་པ་ཐོབ་པ་ལྔ་བརྒྱ་བྱུང་སྟེ་མིང་ཡང་ཇོ་མོ་ནང་ཞེས་གྲགས་སོ༔ དེ་ནས་གསང་སྔགས་འུག་པ་ལུང་དུ་བྱོན་ནས་བསྒྲུབས་པས༔ གཙང་ཕྱོགས་ཐམས་ཅད་མ་ཇོ་མོའི་སྙན་པས་ཁྱབ་ནས་སྔགས་བཙུན་སྟོང་ཕྲག༔ བཙུན་མ་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་གསུམ་འདུས་པས༔ དེ་ཐམས་ཅད་གསང་སྔགས་བླ་མེད་ཀྱིས་སྨིན་གྲོལ་ལ་བཀོད་ཅིང་ཕྱིར་མི་ལྡོག་པ་ཤ་སྟག་ཏུ་གྱུར་ཅིང་གཙང་གི་ལས་ཅན་མི་བདུན༔ གྲུབ་ཆེན་བརྒྱད་ཅུ་ཟེར་བ་བྱུང༔ ཁྱད་པར་དུ་དེ་ཐམས་ཅད་ལ་བཀའ་རྒྱུད་ཀྱི་ཚུལ་གྱིས་གདམས་པ་སྤེལ༔ ཇོ་མོ་ནང་དུ་སྙན་རྒྱུད་མན་ངག་གི་ཚུལ་དུ་སྤེལ་བས༔ གཞུང་ཚུགས་པ་འུག་པ་ལུང་དུ་བྱུང༔ གྲུབ་ཐོབ་པ་ཁ་རག་དང་ཇོ་མོ་ནང་དུ་མང་བ་བྱུང་བའོ༔ ཞེས་བྱུང་བ་ལྟར་བཙུན་མ་སྟོང་ཕྲག་མང་པོ་བྱུང་བར་སྣང་ལ། དེ་དག་ཀྱང་གྲུབ་པ་ཐོབ་པ་དང་། འགྲོ་དོན་ནུས་པ་ཤིན་ཏུ་མང་པོ་བྱོན་པ་ནི་ངོ་མཚར་གྱི་གནས་སོ།།

དེ་ལྟར་ཇོ་མོ་བྱང་ཆུབ་རྗེ་ནི་བོད་ཀྱི་བུད་མེད་རབ་ཏུ་བྱུང་བའི་ཐོག་མ་དེ་ཡིན་པ་ཡོངས་སུ་གྲགས་ལ། འདི་ཉིད་རབ་ཏུ་མ་བྱུང་བའི་སྔོན་དུ་བསྙེན་གནས་ཀྱི་སྡོམ་པ་ཡང་བཞེས་མྱོང་བ་སྟེ། པདྨ་བཀའ་ཐང་ལས[5]

མཁན་པོས་བསྙེན་གནས་སྡོམ་པའི་ཆོ་ག་མཛད༔
དེ་ནས་བྲག་དམར་མགྲིན་བཟང་ཆག་ཕེབས་ནས༔
ཇོ་མོ་གཉིས་ལ་བསྙེན་གནས་[6]ཆོ་ག་མཛད༔

ཅེས་གསུངས་པ་ལྟར་སྔ་ཕྱིར་མཁན་པོ་རྣམ་གཉིས་ཀྱི་དྲུང་ནས་བསྙེན་གནས་དང་རབ་བྱུང་གི་སྡོམ་པ་བཅས་བཞེས་པར་གསལ་མོད། འོན་ཀྱང་ཇོ་མོ་བྱང་ཆུབ་རྗེས་དགེ་སློང་མའི་སྡོམ་པ་བཞེས་པའི་ལོ་རྒྱུས་དེབ་ཐེར་ཁག་ཏུ་མི་གསལ་ལ། དུས་དེར་བོད་དུ་དགེ་སློང་མའི་སྡོམ་རྒྱུན་ཡོད་པའི་ལུང་ཁུངས་འདུལ་བའི་ཆོས་འབྱུང་སོགས་སུ་མི་འབྱུང་མོད། དེའི་སྔོན་དུ་དགེ་བསྙེན་གྱི་སྡོམ་པ་ཞུ་མཁན་བུད་མེད་བྱུང་བར་མ་ཟད། དེ་ཡང་སོ་ཐར་རིགས་བརྒྱད་ལས་བསྙེན་གནས་ཀྱི་སྡོམ་པ་བཞེས་མཁན་ཁྲི་སྲོང་ལྡེའུ་བཙན་གྱི་ཡབ་མེས་ཨག་ཚོམ་གྱི་སྐུ་དུས་སུའང་བྱུང་བར་གྲགས་ཀྱང་། འདུལ་བའི་ཕྱག་ལེན་དེ་དག་རྒྱུན་རིང་མ་གནས་པར་སྣང་ངོ་།།

ཁ། བཙུན་མོ་བྱང་ཆུབ་སྒྲོན་ལ་རིགས་སྲས་ཡོད་མེད།

དེ་ཡང་ཆོས་འབྱུང་གི་ཡི་གེ་ཞིབ་མོ་ལས[7]། སྲས་མི་མངའ་བས་ཡབ་མི་འབྲོང་ཡུལ་ཐག་རིངས། ཕྱིས་གསོ་མི་མི་འོང་མཆིས་ནས་ལྷ་ལུགས་མར་བྱས། རྩིག་པ་སོ་ཕག་ཞ་ཉེའི་ཆུས་སྦྱར། ཟངས་ཀྱི་ཐོག་བཀབ། རྒྱ་ཕིབས་ཁྱུང་གི་གཟུགས་སུ་ཕིབ། རོལ་མོའི་ཅོང་བཏགས། ཞེས་སོགས་དང་། དེ་བཞིན་རྒྱལ་པོ་བཀའ་ཐང་ལས་[8]ཀྱང་།

རྒྱལ་པོའི་ཇོ་མོ་འགྲོ་བཟའ་བྱང་ཆུབ་ཀྱིས༔
ཐུགས་དམ་དགེ་རྒྱས་གཙུག་ལག་བཞེངས་པ་ནི༔
ལྷ་སྲས་མི་མངའ་ལྷ་ཁང་ཆིག་ཐོག་བཞེངས༔

ཞེས་ལྷ་སྲས་མེད་པར་གསུངས། འོན་ཀྱང་ལྷ་སྲས་མི་མངའ་ཞེས་པ་སྲས་ལ་གོ་བ་ལས། སྲས་མོ་མེད་པར་མི་གོ་སྙམ་སྲིད་ཀྱང་། དེ་ལྟར་མིན་ཏེ། དེ་ཡང་པདྨ་བཀའ་ཐང་ལས[9]

འབྲོ་བཟའ་བྱང་ཆུབ་རྗེ་ཡི་བཙུན་མོ་ཡི༔
ཐུགས་དམ་དགེ་བ་རྒྱས་པའི་ལྷ་ཁང་ནི༔
སྲས་དང་སྲས་མོ་མི་མངའ་ཐོག་གཅིག་མ༔
སོ་ཕག་ཁྲོ་ཆུས་ལེགས་པར་སྦྱར་བྱས་བཞེངས༔

ཞེས་སྲས་དང་སྲས་མོ་གང་ཡང་མེད་པ་གསལ་བར་གསུངས་ཀྱང་། འབྲོ་བཟའ་རང་གིས་བཞེངས་པའི་དགེ་རྒྱས་ལི་མ་གླིང་གི་དྲིལ་བུའི་ཁ་ཡིག་ལས།

ཇོ་བོ་རྒྱལ་མོ་བརྩན་ཡུམ། སྲས་ཀྱྀས་ཕྱོགས་བཅུའྀ།
དཀོན་མཆོག་གསུམ་ག་ལ། མཆོད་པའྀ་སླད་དུ་ཅོང་། འདི་བགྱིས་ཏེ།

ཞེས་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་ལ་སྲས་ཡོད་ཚུལ་གསལ་བར་བྱུང་མོད། གོང་བཀོད་ལོ་རྒྱུས་ཀྱི་དེབ་ཐེར་དེ་དག་གིས་མཚོན་ཕལ་མོ་ཆེར་སྲས་སྲོས་གང་ཡང་མེད་པར་གསལ་བས་དཔྱད་དགོས་པར་སྣང་སྟེ། དེ་ཡང་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་རབ་ཏུ་མ་བྱུང་གོང་སྲས་གཅིག་ཡོད་ཚུལ་གསལ་བར་བྱུང་བ་ལྟར། པདྨ་བཀའ་ཐང་ནང་ལྷ་ལྕམ་པདྨ་གསལ་ལུང་བསྟན་པའི་ལེའུ་བཅུ་དགུ་པར་ལྷ་ལྕམ་པདྨ་གསལ་གྱི་སྐུ་སྐྱེ་སྔོན་མ་གང་དག་ཏུ་སྐུ་འཁྲུངས་པ་དང་། སྐུ་སྐྱེ་ཕྱི་མ་གང་དག་ཏུ་འཁྲུངས་པར་འགྱུར་བའི་ལུང་བསྟན་ཞིབ་པར་གསལ་ཡང་། སྐུ་སྐྱེ་འདི་ཉིད་ཡུམ་གང་ལས་འཁྲུངས་པ་གསལ་བར་མི་སྣང་ཡང་། འཁྲུལ་མེད་གླིང་པ་བཅུ་གཅིག་གི་ནང་ཚན་རིག་འཛིན་ཆེན་པོ་པདྨ་གླིང་པའི་གསུང་གི་སྤྲུལ་པ་ཚུལ་ཁྲིམས་རྡོ་རྗེའི་སྤྲུལ་པའི་སྐུ་མྱུར་བྱོན་གྱི་སྨོན་ལམ་བདེན་པའི་ཚིགས་སུ་བཅད་པ་ལས[10]

ཁྲི་སྲོང་རིགས་སྲས་ལྷ་ལྕམ་པདྨ་གསལ། །
ཟབ་གཏེར་སྒོ་འབྱེད་དོན་དུ་ལས་བྲེལ་རྩལ། །
ཀློང་ཆེན་ཆོས་ཀྱི་རྒྱལ་པོ་པད་གླིང་སོགས། །
རིམ་བྱོན་སྤྲུལ་པའི་ཟློས་གར་ཆད་མེད་ཤོག །

ཅེས་གསུངས་པ་ལྟར། ཐམས་ཅད་མཁྱེན་པ་དྲུག་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་པར་ཐར་པ་དུ་ཀཱུ་ལའི་འཕྲོ་འཐུད་རབ་གསལ་གསེར་གྱི་སྙེ་མ་ལས་[11]ཀྱང་། ཐང་ཡིག་ལེའུ་གྱ་དགུ་པ་ལས།

དེ་དུས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས༔
ཚོགས་འཁོར་བརྒྱ་དང་རྩ་བརྒྱད་བྱས་པའི་དུས༔
རྒྱལ་པོའི་སྲས་མོ་པདྨ་གསལ་ན་སྟེ༔
ནམ་གུང་རྒྱལ་པོ་གདན་འདྲེན་ཕོ་ཉ་བྱུང་༔

ཞེས་སོགས་ཀྱི་ལོ་རྒྱུས་ལྟར་མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་བཙུན་མོ་བྱང་ཆུབ་སྒྲོན་ལ་སྲས་མོ་མཚན་དང་ལྡན་པ་ཞིག་འཁྲུངས་པར་ལྷ་ལྕམ་པདྨ་གསལ་དུ་བཏགས། ལོ་ལྔ་བཞེས་པ་ནས་སྔོན་མའི་བག་ཆགས་ཀྱི་མཐུ་རབ་ཏུ་སད་དེ་དད་པ་དང་ཤེས་རབ་ཆེ་བས་ཨོ་རྒྱན་སངས་རྒྱས་གཉིས་པའི་ཞབས་ལ་གཏུགས། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་མང་དུ་ཞུས། ཉམས་སུ་བླངས་པས་རིག་པའི་ངོ་བོ་མཐོང༌། ལྷག་པར་རྒྱུད་བུ་ཆུང༌། ཀློང་གསལ། དགོངས་པ་ཀུན་འདུས། བླ་མེད་དོན་རྫོགས། ཁྲོས་ནག །རྡོར་སེམས་འོད་གསལ་རྒྱུད། སྙིང་ཏིག་མ་བུ་གཉིས། ནོར་བུ་རྒྱ་མཚོ། དྲག་སྒྲུབ། ཚེ་དཔག་མེད་རིན་ཆེན་འོད་ཀྱི་དྲ་བ། གཤིན་རྗེ། རྟ་མགྲིན། ཕྱག་རྡོར། ཕུར་པ། བཀའ་བརྒྱད་ཐུགས་ཀྱི་མེ་ལོང་སོགས་ཡང་གསང་བླ་མེད་སྐོར། ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེ། དོན་གསལ་སྒྲོན་མེ། འཁོར་བ་ཀུན་ཁྱབ་སོགས་གནང་ཞིང་སྐུ་ཚེ་ཕྱི་མའི་དོན་དུ་ཟབ་གཏེར་དུ་རྒྱས་བཏབ་པར་གྲགས། དགུང་ལོ་བརྒྱད་དམ་བཅོ་བརྒྱད་པ་ལ་སྲིན་ནད་ཕོ་གླང་གིས་གཤེགས། སློབ་དཔོན་ཆེན་པོས་འདའ་ཁ་མའི་མཚམས་སྦྱོར་སྨོན་ལམ་སྩལ། ཞེས་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་མོ་ལྷ་ལྕམ་པདྨ་གསལ་ནི། འབྲོ་བཟའ་བྱང་ཆུབ་སྒྲོན་གྱི་སྲས་མོར་འཁྲུངས་པར་མ་ཟད། སྐུ་ན་ཕྲ་དུས་ཀྱི་མཛད་པ་བཅས་ཞལ་གསལ་དུ་བྱུང་ལ། དེ་བཞིན་གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་དག་ཅིང་གསལ་བར་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ལས་[12]ཀྱང་། མངའ་བདག་གི་བཙུན་མོ་འབྲོ་བཟའ་བྱང་ཆུབ་སྨན་ལས་འཁྲུངས་པ་ལྷ་ལྕམ་པདྨ་གསལ་ལོ་བརྒྱད་ལོན་པ་ཞིག་ཚེའི་དུས་བྱས་པར་ཡབ་རྒྱལ་པོ་མྱ་ངན་གྱིས་དུབ་པ་བསལ་བའི་ཕྱིར། མཆིམས་ཕུར་ལྷ་ལྕམ་གྱི་ཕུང་པོའི་སྙིང་གར་མཚལ་གྱིས་ཡི་གེ་ནྲྀ་གཅིག་བྲིས། ཏིང་ངེ་འཛིན་གྱི་ལྕགས་ཀྱུ་རྣོན་པོས་རྣམ་ཤེས་བཀུག་པས། མིག་ལྟ་ཞིང་སྨྲ་ཤེས་པར་གྱུར་པའི་ཚེ། མན་ངག་མཁའ་འགྲོའི་སྙིང་ཏིག་བྱིན་རླབས་འཕོ་བའི་སྟོབས་ཀྱིས་གདམས་ནས་སྐྱེ་བ་ཕྱི་མའི་ཆོས་སྐལ་དུ་དབང་བསྐུར། ཟབ་མོའི་གཏེར་དུ་བཙས་པ་ཕྱིས་པདྨ་ལས་འབྲེལ་རྩལ་གྱིས་བཏོན་པའི་མཁའ་འགྲོ་སྙིང་ཏིག་ཏུ་གྲགས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ་ལ་བཀའ་བབས་པའི་ཟབ་ཆོས་ཏེ། འདིའི་ལོ་རྒྱུས་ཕྱོགས་ཙམ་འོག་ཏུ་འཆད་པར་འགྱུར། ཞེས་གསལ་བ་ལྟར། རིགས་སྲས་ལྷ་ལྕམ་པདྨ་གསལ་ནི། ཡབ་ཁྲི་སྲོང་ལྡེའུ་བཙན་དང་། ཡུམ་འབྲོ་བཟའ་བྱང་ཆུབ་སྨན་གཉིས་ཀྱི་སྲས་མོར་སྐུ་བལྟམས་ཤིང་། ཆུང་དུས་ནས་སློབ་དཔོན་ཆེན་པོ་སོགས་པཎ་གྲུབ་རྣམས་ཀྱི་ཞལ་མཇལ་ཞིང་བྱིན་རླབས་ཀྱི་དབང་བསྐུར་ཐོབ། དགུང་ལོ་བརྒྱད་ལ་སོན་པའི་ཚེ་ན་གཤེགས་པར་གསལ་བའི་སྲས་མོ་དེ་ནི་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་རབ་ཏུ་མ་བྱུང་སྔོན་དུ་འཁྲུངས་པ་ཞིག་ཡིན་པ་གོར་མ་ཆག་གོ།

ག །དགེ་རྒྱས་ལི་མ་གླིང་ཕྱག་བཏབ་ཚུལ།

དེ་ཡང་རྒྱལ་པོ་བཀའ་ཐང་ལས[13]

ཁམས་གསུམ་ཟངས་ཁང་དགའ་ལྡན་གསེར་ཁང་དང་༔
བྱེ་མ་གླིང་དང་ཇོ་མོ་རྣམ་གསུམ་གྱི༔
ཕྱག་ཏུ་གཏད་ནས་དཀོར་མཛོད་ཀུན་རྣམས་འགེངས༔
ཞེས་དང་། པདྨ་བཀའ་ཐང་ལས་ཀྱང་།
ཇོ་མོ་གསུམ་གྱིས་ཐུགས་དམ་བཞེངས་པ་ལ༔

ཞེས་གསུངས་པ་ལྟར་བཙུན་མོ་གླིང་གསུམ་གྱི་ཡ་གྱལ་འགྲོ་བཟའ་བྱང་ཆུབ་སྒྲོན་གྱིས་ཕྱག་བཏབ་པའི་དགེ་རྒྱས་བྱེ་མ་གླིང་ནི། བཞེངས་ཡུལ་བྱེ་མའི་དབུས་སུ་བཞེངས་པས་བྱེ་མ་གླིང་དང་། ནང་རྟེན་དུ་སངས་རྒྱས་སྣང་བ་མཐའ་ཡས་གཙོ་འཁོར་བདུན་སྐུ་རྒྱུ་ལི་མ་ལས་བཞེངས་ཏེ་བཞུགས་སུ་གསོལ་བས་དགེ་རྒྱས་ལི་མ་གླིང་ཞེས་མཚན་ཐོགས། དེ་ཡང་སྐུ་རྟེན་ལི་མ་རྣམས་ཁ་ཤའི་ལྷ་རིགས་ཀྱིས་བཞེངས་པའི་ལི་མ་ཡིན་པར་གྲགས་ཏེ། ལི་མ་བརྟག་པའི་རབ་བྱེད་སྨྲ་བ་འདོད་པའི་ཁ་རྒྱན་ལས[14]

ཁ་ཤ་ཞེས་པ་ལི་ཡུལ་དག་གི་མིང་། །
ལྷ་རིགས་ཆོས་ལི་སྔ་མ་དག་དང་མཚུངས། །

བསམ་ཡས་དགེ་རྒྱས་ཀྱི་ལྷ་དང་། གཡུ་རུ་ཁྲ་འབྲུག་གི་ལྷ་རྣམས་དེ་ནས་ཕེབས་པར་བཤད་པས་སོ། །ཞེས་ཡིག་ཆུང་དུ་གསལ་བ་ལྟར་དང་། བཙུན་མོ་བཀའ་ཐང་ལས[15]

ཟ་དམར་རྒྱན་གྱིས་ཁམས་གསུམ་ཟངས་ཁང་བཞེངས༔
འབྲོ་བཟའ་བྱང་ཆུབ་སྒྲོན་མས་དགེ་རྒྱས་བཞེངས༔
ཕོ་གྱོང་རྒྱལ་མོ་བཙུན་གྱིས་བུ་ཚལ་གསེར་ཁང་བཞེངས༔

ཞེས་དང་། དེ་བཞིན་པདྨ་བཀའ་ཐང་ལས་[16]ཀྱང་། དགེ་རྒྱས་འབྲོ་བཟའ་བྱང་ཆུབ་མ་ཡིས་བཞེངས༔ ཞེས་གསུངས་པ་ལྟར། འབྲོ་བཟའ་བྱང་ཆུབ་སྒྲོན་གྱིས་ཐུགས་དམ་དགེ་རྒྱས་ལི་མ་གླིང་གི་གཙུག་ལག་ཁང་བཞེངས་པའི་བཀོད་དབྱིབས་དང་། ཐོག་རྩེག་ཇི་ཡོད། སྐུ་བརྟེན་གང་དག་བཞུགས་སུ་གསོལ་བ་དང་། རྒྱུ་གང་ལས་བཞེངས་པ། ལོགས་བྲིས་སུ་རི་མོ་གང་དག་བཀོད་པ་སོགས་ནི། རྒྱལ་པོ་བཀའ་ཐང་ལས[17]། རྒྱལ་པོའི་ཇོ་མོ་འགྲོ་བཟའ་བྱང་ཆུབ་ཀྱིས༔ ཐུགས་དམ་དགེ་རྒྱས་གཙུག་ལག་བཞེངས་པ་ནི༔ ལྷ་སྲས་མི་མངའ་ལྷ་ཁང་ཆིག་ཐོག་བཞེངས༔ སོ་ཕག་རྡོ་སྤྲིན་གཉིས་ཀྱིས་རྩིག་པ་བྱས༔ རྒྱ་ཕིབས་བཟོ་ནི་ཁྱུང་མ་ཁ་རུ་ཕུབ༔ རྣམ་སྣང་གཙོ་མཛད་ལྷ་ཚོགས་ལུགས་མ་བདུན༔ གཙོ་བོ་མཛོད་སྤུར་མེ་ཤེལ་འབོད་[འོད?]འབར་བཅུག༔ མདུན་གྱི་གདུང་ལ་ནོར་བུ་འོད་ལེགས་བཏགས༔ མར་མེ་མི་དགོས་ཉིན་མོ་བཞིན་དུ་གསལ༔ ཁྱད་འཕགས་དེ་གསུམ་བོད་ཁམས་གཞན་ན་མེད༔ ལྟེ་བའི་རི་མོར་བཟང་པོ་སྤྱོད་པ་བྲིས༔ སྐོར་ཁང་རི་མོ་ནང་དུ་གཟིགས་པ་ལ༔ འཇམ་དཔལ་ལི་ཙཱ་བྱི་གཉིས་གླེང་བ་དང་༔ སྤྱན་རས་གཟིགས་དང་བྱམས་པ་གླེང་བ་བྲིས༔ ནོར་བཟང་ལེའུ་ཉུང་ཤོས་ཚང་བར་བྲིས༔ རྣམ་སྣང་བཟང་སྤྱོད་ཇོ་མོའི་སྨོན་ལམ་བྲིས༔ སྐོར་ཁང་ཕྱི་རུ་གཟིགས་པའི་རི་མོ་ནི༔ ཕྱག་རྡོར་དཀྱིལ་འཁོར་ཞང་ཕྲོམ་མིང་སྲིང་དང་༔ སྤྱན་རས་གཟིགས་དབང་མིང་སྲིང་ཕྱག་རྡོ་དང་༔ ཀུན་ཏུ་བཟང་པོའི་ཞིང་ཁམས་རྒྱས་པར་བྲིས༔ ཁྱམས་ལ་རི་མོར་སངས་རྒྱས་སྟོང་རྩ་བྲིས༔ ཡ་ཐོག་རིང་མོ་མ་ཐོག་རིང་པོ་དང་༔ བར་གྱི་ཁུག་པ་བཅོ་བརྒྱད་རྫོགས་པར་བྲིས༔ ཆོས་སྐྱོང་སྲུང་མ་མགོན་པོ་ལྕམ་དྲལ་དང་༔ འབྲི་མགོ་ཅན་དང་ཨུ་ལིང་ཀ་ལ་གཏད༔ མཆོད་རྟེན་གོང་མ་མིག་དམར་གཟའ་བ་གཏད༔ མཆོད་རྟེན་འོག་མ་པ་བ་སངས་ལ་གཏད༔ ཡོན་ཆབ་ཁོན་པ་ཀླུ་ལ་གཉེར་གཏད་བྱས༔ དེ་ལྟར་ཐུགས་དམ་དཔལ་གྱི་བསམ་ཡས་ལ༔ བཀོད་པས་ཁྱད་འཕགས་བསམ་གྱིས་མི་ཁྱབ་བཞུགས༔ དཀར་ཆག་ཆེ་འབྲིང་ཆུང་གསུམ་བཀོད་པ་ཡིན༔ ཞེས་དང་། དེ་བཞིན་པདྨ་བཀའ་ཐང་ལས[18]། འབྲོ་བཟའ་བྱང་ཆུབ་རྗེ་ཡི་བཙུན་མོ་ཡི༔ ཐུགས་དམ་དགེ་བ་རྒྱས་པའི་ལྷ་ཁང་ནི༔ སྲས་དང་སྲས་མོ་མི་མངའ་ཐོག་གཅིག་མ༔ སོ་ཕག་ཁྲོ་ཆུས་ལེགས་པར་སྦྱར་བྱས་བཞེངས༔ སྣང་བ་མཐའ་ཡས་གཙོ་མཛད་ལུགས་མ་བདུན༔ འཇམ་དབྱངས་སྤྱན་རས་གཟིགས་དང་ཀུན་ཏུ་བཟང་༔ སྨན་པའི་རྒྱལ་པོ་དང་ནི་སེམས་དཔའ་བཞི༔ ཁྲོ་རྒྱལ་ཕྱག་ན་རྡོ་རྗེ་མི་གཡོ་མགོན༔ ལྡེར་ཚོ་རྡོ་རྗེ་སེམས་དཔའ་བྱམས་པ་སྟེ༔ དེ་ལྟར་གཙོ་འཁོར་རྣམ་པ་དགུ་བཞུགས་སོ༔ ལྟེ་བའི་སྔ་གདོང་གཉིས་ལ་རྒྱུད་རིས་ནི༔ གཡས་ན་དམ་པ་རིགས་བརྒྱའི་དཀྱིལ་འཁོར་དང༔ གཡོན་ན་བསྒྲུབ་པ་བཀའ་བརྒྱད་ཕོ་བྲང་བྲིས༔ བསྐོར་ཁང་ཞལ་ནི་ཕྱི་རུ་ལྟ་བ་ལ༔ རིགས་ལྔའི་སྐྱེ་རྒྱུད་བོད་དུ་ཆོས་བྱུང་ཚུལ༔ ལོ་པཎ་གདན་དྲངས་ཆོས་ཀྱི་བསྒྱུར་ཚུལ་དང༔ ཆོས་ཁྲིམས་བསྡམས་ཚུལ་ལོ་ཙཱ་བསླབས་པའི་ཚུལ༔ པཎྜི་ཏ་དང་རྒྱལ་པོ་མཇལ་ཚུལ་དང༔ བོན་ཆོས་གྲུབ་མཐའ་འགེགས་རེས་བྱས་པའི་ཚུལ༔ བོན་བསྣུབས་ཆོས་ལ་དག་ཐེར་བྱེད་ལུགས་དང༔ བཻ་རོ་ཙ་ན་ནམ་སྙིང་རྣམ་ཐར་བྲིས༔ ལྟེ་བའི་ཕྱེད་ནི་མན་ཆད་མ་བྲིས་སོ༔ བསྐོར་ཁང་ཞལ་ནི་ནང་དུ་གཟིགས་པ་ལ༔ ཨུ་རྒྱན་པདྨའི་རྣམ་ཐར་འདི་ཉིད་དང༔ གསང་སྔགས་བོད་དུ་འགྱུར་ཚད་ཐམས་ཅད་ཀྱི༔ དཀྱིལ་འཁོར་སྒོ་རྫོགས་ལྷ་དང་བཅས་པ་བྲིས༔ ཞེས་གསལ་བར་བྱུང་བ་ལྟར་རོ།།

གཞན་ཡང་སྦ་བཞེད་ཞབས་བཏགས་མ་ལས[19]། ཇོ་མོ་ལྔ་ཁབ་ཏུ་བཞེས་པ་ལས། མཆིམས་བཟའ་ལྷ་མོ་བཙན་དང་། མཁཪ་ཆེན་བཟའ་འཚོ་རྒྱལ་གཉིས་གྲུབ་པ་མཛད་པས་ཕྱག་རིས་མེད། འབྲོ་བཟའ་ཁྲི་རྒྱལ་ཡང་མོ་བཙན་རབ་ཏུ་བྱུང་བའི་མཚན། བྱང་ཆུབ་རྗེར་གསོལ་བའི་ཕྱག་རིས། དགེ་རྒྱས་ཀྱི་གཙུག་ལག་ཁང་ལགས་ཏེ། སྣང་བ་མཐའ་ཡས་གཙོ་བོ་མཛད་པ་དང། གཙོ་འཁོར་དགུར་མཛད་པ་ལུགས་སྟོད་དུ་བཏབ་ནས་སྤྱན་དྲངས་པས། གཉིས་ཆབ་ལ་ཤོར། འཁོར་དྲུག་པོ་གཡས་ན་རིགས་གསུམ་མགོན་པོ་གཡོན་ན་སངས་རྒྱས་སྨན་གྱི་ལྷ་དང་། སངས་རྒྱས་ཀུན་ཏུ་བཟང་པོ། མི་གཡོ་བ་མགོན་པོ་བཞུགས་སུ་གསོལ། སྲས་མི་མངའ་བས་ཕ་མིང་གི་འགྲོ་ཡུལ་ཐག་རིང་། ཕྱིས་གསོ་མི་ཡོང་འོང་མཆིས་ནས། ལྷ་ལུགས་མར་མཛད། རྩིགས་པ་སོ་ཕག་ཞ་ཉེའི་ཆུས་སྦྱར། ཟངས་ཀྱི་ཐོག་བསྐལ། རོལ་མོར་འགྲན་བཟང་བཤིག་པའི་ཅོང་འཆིང་ཕུའི་རྫ་ལ་སྐྱལ་བ་དེ་ཡིན་གསུང་ཅོང་བཏགས། སྣང་བར་རིན་ཆེན་མར་གད། ཨ་མི་དེ་བའི་དཔྲལ་བར་ཕྲ་བཏབ་བོ།།

ཇོ་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་ལ་སྲས་མངའ་བས་ཁམས་གསུམ་ཟང་ཁང་གི་གཙུག་ལག་ཁང་། ཡབ་ཀྱི་དབུ་རྩེ་ལ་དཔེ་བླངས་ནས་བཞེངས་སུ་གསོལ། ཕོ་ཡོང་བཟའ་རྒྱལ་མོ་བཙུན་རྒྱལ་པོའི་ཡུམ་ཚེ་འཕོས་པར་སློབ་དཔོན་གྱི་ལུང་བསྟན་པས་ཁབ་ཏུ་བཞེས་ནས་ལན་པར་གསོལ་བས་ཁབ་ཏུ་དེ་ལ་ལྷ་ལྕམ་ལས་མི་མངའ་བས། ལྷ་ཁང་ཉིས་ཐོག་ཏུ་གནང་བས་དབུ་ཚལ་གསེར་ཁང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བཞེངས་སུ་གསོལ། །ཞེས་སྦ་གསལ་སྣང་གི་བཞེད་པ་[20]དང་། ཆོས་འབྱུང་གི་ཡི་གེ་ཞིབ་མོ[21]། བཀའ་ཐང་སྡེ་ལྔ། པདྨ་བཀའ་ཐང་བཅས་སུ་མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་ལྔ་ཁབ་ཏུ་བཞེས་པ་བཙུན་མོ་སོ་སོའི་ཕྱག་རིས་རྣམས་གསལ་བ་ལས། འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་རབ་ཏུ་བྱུང་ཞིང་། ཕྱག་རིས་སུ་དགེ་རྒྱས་ལི་མ་གླིང་ཕྱག་བཏབ་པ་དང་། རོལ་མོའི་སྒྲ་ཡི་མཆོད་པའི་སླད་ཅོང་ཆེན་གསར་བཞེངས་མཛད་ཚུལ་གཅིག་མཚུངས་སུ་གསལ་ལ། དགེ་རྒྱས་ལི་མ་གླིང་གི་ལྷ་ཁང་གསར་བཞེངས་ལེགས་གྲུབ་ཟིན་མཚམས་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་རབ་གནས་མཛད་སྐབས་མཚན་ལྟས་བཟང་པོ་བྱུང་བ་ཡང་། གཏེར་ཆེན་ཨོ་རྒྱན་གླིང་པས(1323-?) གཏེར་ནས་བཞེས་པའི་པདྨ་བཀའ་ཐང་ལས[22]

ཇོ་མོ་གླིང་གསུམ་མེ་ཏོག་འཐོར་བའི་ཚེ༔
ཡ་མཚན་རྨད་དུ་བྱུང་བའི་ལྟས་བཟང་དང་༔
ལྷ་ཁང་ཐམས་ཅད་འོད་ཀྱིས་གང་བ་བྱུང་༔
པདྨའི་སྡོང་པོ་སྐྱེས་པ་ཀུན་གྱིས་མཐོང་༔

ཞེས་གསལ་བ་ལྟར་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པའི་ཡ་མཚན་རྨད་བྱུང་གི་མཚན་ལྟས་མང་དུ་བྱུང་ངོ་།།

མདོར་ན། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ (1312-1375) གྱིས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང་ལས[23]། བཙུན་མོ་གླིང་གསུམ་ནི། འབྲོ་བཟའ་བྱང་ཆུབ་སྒྲོན་གྱིས་དགེ་རྒྱས་བྱེ་མ་གླིང་བཞེངས་ཏེ། སངས་རྒྱས་སྣང་བ་མཐའ་ཡས་གཙོ་འཁོར་བདུན་ལི་མ་རུ་བཞེངས། གཡས་ན་རིགས་གསུམ་མགོན་པོ། གཡོན་ན་སྨན་གྱི་བླ། ཀུན་དུ་བཟང་པོ། མི་གཡོ་བ་རྣམས་བཞུགས། སྲས་མེད་ཕ་མིང་ཐག་རིང་བས། མ་འོངས་པའི་དུས་སུ་ལྷ་ཁང་ལ་ཞིག་རལ་བྱུང་ན། གསོ་མཁན་མ་བྱུང་དོགས་ནས། རྩིག་པ་སོ་ཕག་ལ་ཞ་ཉེའི་ཆུས་སྦྱར། ཟངས་ཀྱིས་ཐོག་ཕུབ། རོལ་མོར་ཅོང་བཏགས། མར་མེའི་ཚབ་ཏུ་ནོར་བུ་འོད་ཁ་གདུང་མར་བཏགས།  ཡོན་ཆབ་ཏུ་ཁྲོན་པ་བཅོས་སོ། །ཞེས་གསལ་བ་ལྟར་རོ།།

དེ་ལྟའི་དགེ་རྒྱས་ལི་མ་གླིང་ཕྱག་བཏབ་ནས་རྒྱུན་རིང་སོང་རྗེས་ཉམས་གསོ་ཇི་ལྟར་མཛད་པ་ནི། རབ་འབྱམས་དག་པའི་ཞིང་གི་ཡོན་ཏན་ཀུན་ཚང་དཔལ་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་ལེགས་གསོའི་སྲི་ཞུ་ཇི་ལྟར་བསྒྲུབས་པའི་ཚུལ་གྱི་ཁྱད་པར་བརྗོད་པའི་དཀར་ཆག་སྐལ་བཟང་དད་པའི་སྒོ་འབྱེད་ངོ་མཚར་རྒྱ་མཚོའི་ལྡེ་མིག་ལས[24]། འབྲོ་བཟའ་བྱང་ཆུབ་སྒྲོན་གྱིས་བཞེངས་པའི་དགེ་རྒྱས་ལི་མ་གླིང་གི་རྒྱལ་སྒོ་ཤར་བལྟའི་མཆོར་ཀ་གཉིས་ཀ་འགྱོགས་འདེགས་དང་། གཡས་གཡོན་རྩིག་སྐྱབས་དང་སྦྱར་ཀ་མཚལ་རྩི་མ་གསར་བསྐྱེད། ལྡེབས་ཞལ་ལ་རྐེད་རིས་དཪ་ཤམ་ཐོག་རྒྱལ་ཆེན་བཞི་དང་། དཔལ་མགོན་མ་ནིང༌། སྲིད་གསུམ་དབང་མོ་རྣམས་ཀྱི་བྲིས་སྐུ་དང་། གཟན་ལེན་ཤིང་ཁྲ་གླིང་བཞི་རུ་བཅས་མཚལ་ཀ་གདུང་མཐིང་མེ་ཏོག་སྤྲིན་རིས་སྒོ་མཚལ་རྩི་ཁ་ཤི་ཐི་ཪིས་སོགས་ཚོན་རྫོགས་ཀྱིས་རྣམ་པར་བཀྲ་བ། སྟེང་སྐུ་གཉེར་སྡོད་ཁང་ལྕམ་གང་མ་ཤར་སྣེ་ཁུང་གླིང་ལྔ་དང་། སྒོ་ནུབ་བལྟ་རུ་མེ་མཛོ་དཀྲི་འབྱར་བ། ཕྱིར་ཁོར་ས་ཁོར་ཡུག་གི་སྟེང་མདུན་སྤེན་བད། རྒྱབ་སྐོར་སྤེན་ཚབ་རྡོ་རྩིག་རྣམས་ལ་རྩིག་དཔངས་སྤར་བ་དང་། བད་ཕུར། ཁ་ཤིང་གཡམ་བད་བཅས་གསར་བརྗེས། ནང་ཁྱམས་ཀ་བ་བཞི་བཅུ་ཞེ་བཞིའི་ས་ཐོག་བཤུས་ཀྱི་དྲལ་ལྕམ་ཀ་གདུང་རུལ་ཆག་སོང་རིགས་གསར་བརྗེས་དང་། ཀ་གདུང་སེར་ལྡན་སྤྲིན་རིས། དྲལ་ལྕམ་སྤང་བཙག །ལྡེབས་ཞལ་སེཪ་ལྡན་ཐིག་བསྲངས་ཐོག་མཚལ་བཅད་ཀྱི་སྟོན་པའི་སྟོང་སྐུ། མཐིལ་ཐོག་གི་ཞལ་བ་དང་། ཉ་རྒྱབ་ཚང་མ་ཨར་བཅགས་རུ་ང་། གཙང་ཁང་ལྟེ་བའི་ཕྱིའི་རྡོ་རྩིག་པད་གདན་མ་སྲ་བརྟན་ཁོར་ཡུག་དང་། ཐོག་གདུང་ཤིང་བརྩིགས་ཕལ་ཆེར་རུལ་ཆག་ཏུ་སོང་བ་གསར་བསྐྲུན། ནང་ཁྱམས་གཡས་གཡོན་དུ་ལོ་པཎ་དང་རིགས་ལྔའི་བྱུང་རྒྱུད་བཟང་ཚོན་གྱིས་བཀྲ་བ། སྒོ་ཕྱི་ནང་གི་ཐོད་གདུང་གཞི་མཐིང་གསེར་ཤོག་གི་ལཉྪ་མ་སོགས་ཤིང་ཚོན་དང༌། སྒོ་ཐོད་ལྡེབས་ཞལ་ལ་འོད་དཔག་མེད་ཀྱི་བྲིས་སྐུ་བཅུ་ཕྲག་ཕྱེད་གཉིས་སྐོར་ཁང་ནང་ལྡེབས་ཞལ་ཁ་ཕྱི་ལྟས་སུ་སྨན་བླ་མཆེད་བདུན་དང༌། སེངྒེ་སྒྲ། ཚེ་དཔག་མེད་བཅས་སྐུ་ཤ་གྲང་གསེར་ཅན་དང༌། ནང་བལྟས་ལ་གུ་རུའི་རྣམ་ཐར་རྒྱས་པ་བཅས་ཚོན་རྫོགས་ཀྱིས་མཛེས་པ། ལྡེབས་རིས་བྱིངས་ལ་ཉམས་གསོས། སྟེང་རྒྱ་ཕུབས་གཡུ་རྩི་རྫ་བར་གོག་སྐྱོན་ལྷུ་གྱར་ཆེ་བར་རྫ་ཕག་རྩི་ལྡན་ལྷུ་བསྒྲིགས་ཀྱི་ཉམས་གསོས་གཡུ་འོད་ཀྱི་ལང་ཚོ་འབར་བ་དང་། ཟུར་ལོགས་སུ་ཀུན་བཟང་རོལ་མོའི་མཆོད་རྒྱུན་སྤྲོ་བའི་ལྕི་སྐུལ་ཟངས་ལེབ་ཀྱིས་མཚན་པའི་དྲིལ་རྒྱན་ཉི་ཤུ་རྩ་བཞི། ཁོར་ས་ཕྱིའི་མདུན་ཟུར་བཞི་ལ་དེ་མཚུངས་བཞི། རྩེར་མཛོད་ལྡན་ལ་གོག་བཅོས་གསེར་གསོལ་ཐོག་ནང་གཟུངས་གསར་འབུལ་དང་། ཕན་ཚུན་དུ་གསེར་ཟངས་ཀྱི་ནོར་བུ་འབར་བ་ཁྲུ་ཕྱེད་དོ་ཪེ་ཡོད་ཆ་གཅིག་གསར་བཞེངས། ཁོར་ས་ཕྱི་མའི་ལྷོ། ནུབ། བྱང་གསུམ་བྱེ་ཐང་དང་ཁད་ཉེ་བའི་ཚིག་པ་ཕལ་ཆེར་བྱེ་ནོན་དུ་སོང་བ་ད་ལམ་དཔངས་སུ་ཐོག་ཚད་ཕྱེད་གཉིས་དང་། ཞེང་རྒྱུགས་འདོམ་བདུན་གྱིས་ཁོར་ཡུག་ཏུ་རྩིག་རྩར་ཐུག་བར་བྱེ་བཤུག་རུ་ང་འགད་གཙང་། སྒོ་མཆོར་གྱི་བྱང་དུ་དཀོན་གཉེར་ཐབ་ཚང་སྒོ་ལྷོ་བལྟ་ནང་ལྕམ་གང་མ་གསར་རྒྱག །རྟེན་གཙོའི་སྐུ་མདུན་དུ་ཆོས་དང་སྲིད་ཀྱི་འཁོར་ལོས་སྒྱུར་བའི་རྟེན་ཅིང་འབྲེལ་འབྱུང་གི་དཔྱིད་དུ་ལེགས་སྨོན་གཟོང་རྐོས་དང་ལྡན་པའི་གསེར་ཟངས་ཀྱི་འཁོར་ལོ་པད་སྟེགས་མ་རྒྱུགས་མཐོ་གང་ལྷག་ཙམ་ཡོད་པ་གསར་ཕུལ། ཞེས་ཉམས་གསོ་ཇི་གནང་དཀར་ཆག་ཞིབ་ཏུ་གསལ་བའི་དགེ་རྒྱས་ལི་མ་གླིང་འདི་ཉིད་རིག་གསར་སྐབས་རྩ་གཏོར་ཤུལ་མེད་དུ་སོང་བ་བཅས་སོ།།

ང་། སློབ་དཔོན་གྱི་གཟུངས་མར་ཕུལ་ཚུལ།

དེ་ཡང་གུ་རུའི་བླ་སྒྲུབ་དང་རྣམ་ཐར་ལས[25]། དེ་སྐབས་བོད་རྗེ་མངའ་བདག་རྒྱལ་པོ་ལ། །སློབ་དཔོན་པདྨས་དབང་བསྐུར་མཛད་པའི་ཚེ། །བཙུན་མོ་རྣམས་ལས་མཆོག་གྱུར་ཚེ་སྤོང་བཟའ། །མེ་ཏོག་སྒྲོན་དང་འགྲོ་བཟའ་ཁྲི་རྒྱལ་བཙུན། །ཇོ་མོ་བྱང་ཆུབ་རྗེ་ཞེས་རབ་བྱུང་མཚན། །དེ་སོགས་རྣམས་ཀྱང་དཀྱིལ་འཁོར་མཆོད་བྱེད་པའི། །གཟུངས་མར་ཕུལ་ཡང་སྐལ་མིན་དགོངས་ནས་ཀྱང་། །སློབ་དཔོན་ཉིད་ཀྱིས་རེ་ཞིག་བཀས་མ་གནང༌། །ཞེས་དང། དེ་བཞིན་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་དགོས་འདོད་རེ་སྐོང་ཡིད་བཞིན་དབང་གི་རྒྱལ་པོ་ལས[26]། རྗེ་འབངས་རྣམས་ལ་དབང་བསྐུར་དུས་དེ་རུ། །བཙུན་མོ་ཚེ་སྤོང་བཟའ་ཞེས་དམར་རྒྱན་དང༌། །འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་བྱ་བ་སོགས། །བཙུན་མོའི་མཆོག་རྣམས་དཀྱིལ་འཁོར་གཟུངས་མ་རུ། །བྱེད་པར་ཞུས་པས་དེ་རྣམས་ཕལ་མོ་ཆེ། །སྐལ་བར་ལྡན་པའི་ངེས་པ་མི་འདུག་པས། །མཆིམས་བཟའ་ལྷ་མོ་བཙན་དང་མཚོ་རྒྱལ་གཉིས། །དལ་གྱི་གཟུངས་མ་མཆོག་ཏུ་ལུང་བསྟན་བཞིན། །སློབ་དཔོན་ཆེན་པོ་དགོངས་པར་བཞུགས་པ་ཡི། །སྐད་ཅིག་དེ་ལ་དེ་གཉིས་དཀྱིལ་འཁོར་གྱི། །མཐར་སླེབས་གཉིས་ཀ་ལྷུན་གྱིས་གྲུབ་པ་ཡི། །དགོངས་པ་སྐྱེས་ཏེ་སྒྲུབ་ལ་ཞུགས་པའོ། །ཞེས་གསལ་བ་ལྟར། བཀའ་ཐང་ཕྱོགས་བསྒྲིགས་སྙིགས་མའི་རྒུད་འཇོམས་རྡོ་རྗེའི་མེ་ཆར་ལས་[27]ཀྱང་། གཞན་ཡང་ལོ་རྒྱུས་ཁ་འཐོར་བ་ཁུངས་མ་རྣམས་སུ་སྤྱི་ཁོག་དེ་དང་མཐུན་པར་བྱུང་བ་ལ། རྒྱལ་པོ་ལ་རིམ་པ་མཛད་པའི་ཚེ་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་དང་། འགྲོ་བཟའ་ཁྲི་རྒྱལ་མོ་བཙུན་ཞེས་བྱ་བ་ཕྱིས་རབ་ཏུ་བྱུང་བའི་མཚན་ཇོ་མོ་བྱང་ཆུབ་རྗེ་ཞེས་པ་དེ་སོགས་བཙུན་མོ་མཆོག་རྣམས་ཀྱིས་དཀྱིལ་འཁོར་མཆོད་པའི་གཟུངས་མ་བྱེད་པར་ཞུས་པས། དེ་ཀུན་སྐལ་བ་དང་ལྡན་པ་ཁོ་ནར་ཡང་མི་སྣང་གསུངས། མཆིམས་བཟའ་ལྷ་མོ་བཙན་དང་། མཁར་ཆེན་བཟའ་མཚོ་རྒྱལ་གཉིས་མཆོད་པའི་གཟུངས་མ་བྱེད་པའི་སྐལ་བ་ཅན་དུ་ལུང་བསྟན་པས། ས་ཐག་རིང་བ་ལ་ཇི་ལྟར་བགྱི་ཞུས་པས། འདི་ལ་ཚེགས་མེད་གསུངས་ནས། སློབ་དཔོན་གྱིས་དགོངས་པ་ལ་མཉམ་པར་བཞག་པ། ཡུད་ཙམ་ཞིག་ན་དེ་གཉིས་དཀྱིལ་འཁོར་གྱི་མཐའ་རུ་སླེབས་སོ། །དེར་མ་ཟད་དེ་གཉིས་ལ་ལྷུན་གྱིས་གྲུབ་པའི་དགོངས་པ་སྐྱེས་ནས་ཕྱིས་འཇིག་རྟེན་གྱི་ལས་སྤངས་ཏེ་སྒྲུབ་པ་ལ་ཞུགས་སོ། །བཀའ་ཚིགས་ཀྱི་ཡི་གེ་གསུམ་ལས་དེ་གཉིས་གཞོན་ནུ་ནས་སྒྲུབ་པ་ལ་གཤེགས་པས། ཕྱག་རྗེས་ལྷ་ཁང་མེད་ཅེས་འབྱུང་བའི་དོན་ཡང་དེར་སྣང་། ཞེས་བྱུང་བ་ལྟར་རོ།།

ཅ། འབྲོ་བཟའི་ཁྲིམས་བུ་ཆུང་གཏན་ལ་ཕབ་པ།

དེ་ཡང་ཁྲིམས་སྣ་ལྔ་སྟེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) ཀྱིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[28]། ༡. ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས། ༢. སྟོང་འཇམ་ཆུན་ལག་གི་ཁྲིམས། ༣. བཀའ་ལུང་རྒྱལ་ཁྲིམས། ༤. དབང་ཆེན་བཅད་ཀྱི་ཁྲིམས། ༥. འབྲོ་བཟའ་བྱང་ཆུབ་ཀྱི་ཁྲིམས་བུ་ཆུང་བཅས་ཡིན། ཞེས་གསུངས་པ་ལྟར་ཁྲིམས་སྣ་ལྔ་པོ་དེ་དག་ནི་ལྡེའུ་ཇོ་སྲས་ (དུས་རབས་13པ།) ཀྱིས་མཛད་པའི་ལྡེའུ་ཆོས་འབྱུང་ལས[29]། 1. ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་ནི། ས་བདག་རྒྱལ་པོའི་ནོར་སྟོར་ན་ཁྱི་ཆིག་སྟོང་། དགེ་འདུན་ལ་ཁྲི། དམངས་ལ་སྟོང་། དེ་ཆེས་ནས་བཞག 2. སྟོང་འཇམ་ཆུན་ལག་གི་ཁྲིམས་ནི། ཡུལ་གཞན་ནས་ནོར་སྟོར་ནས། ཡུལ་གཅིག་གི་ཕུ་རུ་བྱུང་ན་ཆད་པ་མདའ་ལ་བཅད་དེ། མ་འཐད་པར་བཞག 3. བཀའ་ལུང་རྒྱལ་ཁྲིམས་ནི། ས་བདག་རྒྱལ་པོའི་ནོར་སྟོར་(བརྐུས་)ན་བརྒྱ་འཇལ། དཀོན་མཆོག་ལ་བརྒྱད་ཅུ་འཇལ། འབངས་ལ་བརྒྱད་འཇལ་ལོ། ། 4. དབང་བཙན་སྤྱིའི་ཁྲིམས་ནི། རྗེའི་བང་སོ་རྩིག་པའི་དུས་སུ་ཉི་མ་རེ་ལ་ཕོ་མ་བྱུང་ན་ར་གཅིག །མོ་མ་བྱུང་ན་བོང་བུ་གཅིག་གི་ཁྲིམས་བཅས་སོ། ། 5. འབྲོ་བཟའ་བྱང་ཆུབ་ཀྱི་ཁྲིམས་བུ་ཆུང་མ་ནི། སྐྱེས་པ་ལ་ཕོ་ཕྱག་སློབ། བཟའ་མ་ལ་མོ་ཕྱག་སློབ། ཕྱུག་པོ་ཡོང་གི་རྩ་བ་ཞིང་ལ་མུ་རྡོ་འཛུགས། སྟོན་དཔྱིད་ཀྱི་སྤར་ཁ་མཉམ་པའོ། །ཞེས་གསལ་བ་ལྟར་རོ།།

དེ་ཡང་ཁྲིམས་བུ་ཆུང་ཞེས་པ་ཡང་སྔར་རྒྱལ་བློན་མཉམ་ཚོགས་ཀྱིས་གྲོས་བསྡུར་བྱས་ནས་ཐག་བཅད་ཟིན་པའི་ཁྲིམས་ཡོད་བཞིན་དུ་བློན་པོ་དབང་ཆེ་བ་འགའ་ཞིག་གིས་ཁྲིམས་གསར་པ་གཏན་འབེབས་བྱས་པ་སྟེ། ཁྲི་སྲོང་གི་སྐུ་དུས་སུ་བདུད་བློན་རྣམས་ཀྱིས་ཁྲིམས་བུ་ཆུང་བཅས་ནས་ཆོས་བསྣུབས་པ་དང་། མ་ཞང་གིས་ཆོས་བྱེད་མི་ཆོག་པའི་ཁྲིམས་བུ་ཆུང་བཅས་ཏེ་ཇོ་བོ་ཤཱཀྱ་མུ་ནེ་བྱེ་ཐེམ་དུ་སྦས་པ་ལྟ་བུ་དང་། དེ་བཞིན་བཙུན་མོ་དང་སྲས་སྐུ་ཐང་ཆེ་བ་དག་གིས་དམིགས་བསལ་ཁྲིམས་སུ་བཅས་པ་ལ་ཁྲིམས་བུ་ཆུང་ཞེས་བརྗོད་པ་ལྟར། འབྲོ་བཟའ་རྒྱལ་མོས་བཙན་གྱིས་ཀྱང་ཁྲིམས་བུ་ཆུང་གཏན་འབེབས་མཛད་ཅིང་། ཐང་རྒྱལ་རབས་ལ་དཔེ་བླངས་ནས་ཞིང་ལ་རྒྱལ་ཞིང་དང་། བློན་ཞིང་། འབབས་ཞིང་། བོན་ཞིང་སོགས་སུ་དབྱེ་ནས་ཁྲལ་བསྡུ་བའི་ལམ་ལུགས་གཏན་འབེབས་བྱས་པ་སོགས་མདོར་ན་ཞིང་ཕྱུགས་ཀྱི་ལས་བགོས་ཁྲིམས་ཀྱིས་ཕྱེ་བ། ས་རྒོད་འདུལ་བ་དང་ཆུ་མཛོད་བསྐྱིལ་བའི་ལས་ཀ་རྒྱ་ཆེར་སྤེལ་ཞིང་། ས་ཞིང་གི་ཆེ་ཆུང་བརྩི་བའི་ཚད་གཞི་གསར་དུ་བཟོས་པ་སོགས་བོད་ཀྱི་ཞིང་ལས་ཐོན་སྐྱེད་ལ་ཚན་རིག་དང་མཐུན་པའི་བཅོས་བསྒྱུར་མང་དུ་མཛད་པས། དུས་སྐབས་དེའི་སྟོབས་འབྱོར་མངའ་ཐང་ཚད་མཐོན་པོར་སླེབས་ཡོད་[30]པ་མཚོན་ཡོད།

ཆ། ཟས་སྣ་འདྲེན་པའི་ལག་དཔོན་མཛད་པ།

བསམ་ཡས་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཀྱིས་དགའ་སྟོན་གྲུབ་མཚམས་མཁན་པོ་སྦ་རཏྣའི་དྲུང་ནས་ཁྲི་རྒྱལ་མོ་བཙན་རབ་ཏུ་བྱུང་བ་དང་། བཀའ་བསྟན་སྒྲ་སྒྱུར་མཛད་སྐབས་ཇོ་མོ་བྱང་ཆུབ་རྗེས་རབ་བྱུང་སུམ་བརྒྱ་ལ་ཟས་སྣ་བཅུ་གསུམ་གྱི་ལག་དཔོན་མཛད་པའི་ཚུལ་ཡང་། སྦ་གསལ་སྣང་གི་བཞེད་པ་ལས[31]། དེ་ནས་ལུག་གི་ལོའི་རྒུན་ཟླ་འབྲིང་པོའི་ངོ་ལ་བསམ་ཡས་བཞེངས་སུ་གསོལ་ཟིན་པའི་ཞལ་བསྲོས་པྲ་ཏི་ན་རའི་དུས་ཀྱི་མཆོད་པ་ཆེན་པོ་མཛད་པའི་ཚེ། ཇོ་མོ་བཙན་ཁྲི་རྒྱལ་མོ་བཙུན་དང་། བསྲུ་བཙན་མོ་རྒྱལ་ལ་སོགས་པ་རྒྱ་རབ་ཏུ་བྱུང་བའི་མཁན་པོ་རཏྣས་བགྱིས། སྤྱིར་དེ་དུས་སུ་མི་བརྒྱ་རབ་ཏུ་བྱུང་ནས་དབུ་རྩེའི་བྱ་འདབ་དང་མཆོད་རྟེན་ཆེན་པོ་བཞིའི་རྩེ་མོ་ལྕགས་ཐག་གིས་སྦྲེལ། དེ་ལ་འཕན་མགོ་བཏགས་ཏེ། ནམ་མཁར་དར་ལ་བགྱི། ས་གཞི་གྱི་ལིང་རྟ་ལས་བྱས། གསེར་ཕོར་དངུལ་ཕོར་ཐམས་ཅད་ཆབ་ཚང་དང་། འབྲས་ཆང་དང་། ནས་ཆང་གིས་བཀངས། དུས་འདི་ཕན་ཆད་བཀའ་ཤོ་ཆེན་པོ་བཏང་ཏེ། ཆོས་ཁྲིམས་བཅས། སླན་ཆད་འོག་གི་འབངས་ལས་ཕོ་མིག་མི་དབྱུང་། མོ་སྣ་མི་བཅད། འཚང་ཅན་མི་དགུམ་པར་སྣང་། སྐྱེ་བོ་ཐམས་ཅད་ཀྱིས་རྗེའི་བཀའ་ཉན་ཅིང༌། རྗེ་འབངས་ཐམས་ཅད་ཀྱིས་རབ་ཏུ་བྱུང་པ་ལ་དབུའི་མཆོད་གནས་སུ་ཕྱུང་ལ། ཕྱག་དང་མཆོད་པ་བྱ་བ་དང་། བཀུར་བ་ལ་སོགས་འབངས་ཕྱོགས་སུ་ཆོས་ཀྱི་བཀའ་དྲིན་ཆེན་པོ་བསྩལ་བ་ལ་སོགས་པའི་བཀས་བཏགས། དེ་ལྟར་བྱ་བའི་ཆེད་དུ་བཙན་པོ་ཡབ་སྲས་དང་སྣ་ཆེན་པོ་ལ་གཏོགས་པ་བློན་ཆེན་མན་ཆད་ནས་སྣ་ལ་གཏོགས་པ་རིམ་གྱིས་བྲོ་བོར་ཏེ་མནའ་བསྐྱལ་བའོ། །ཆོས་རྩིགས་མཛད། བཀའ་བརྩིགས་ཀྱི་རྡོ་རིངས་བཙུགས། རབ་ཏུ་བྱུང་པས་ཆོས་གྲྭའི་སློབ་དཔོན་དང་། ཉ་མའི་སློབ་དཔོན་བཀོས། དེ་ཕན་ཆད་དཀོན་མཆོག་གསུམ་དང་། དགེ་འདུན་གྱི་བཤོས་ནི་ཁབ་སོ་ཆེན་མོ་ལས་སྦྱར་པ་ལ་སོགས་འོག་ཏུ་འཆད།

སྔར་ཡེ་ཤེས་དབང་པོ་དང་། སློབ་དཔོན་བོ་དྷི་སཏྭས་གསོལ་བ་བཞིན་མཐར་གྱིས་ཆོས་ལ་འཇུག་པར་མཛད་པར་ཆད་པས་སྒྲ་བསྒྱུར་བཙུགས་ཏེ། ལོཙྪ་ཆེན་པོས་ནི་རྒྱ་གར་གྱི་ལོཙྪ་བྱས། རྒྱ་ནག་པོའི་ལོཙྪ་ནི་བྲན་ཀ་ལེགས་ཀོང་དང་། ལྷ་ལུང་ཀླུ་གོང་དང་། འགོ་གོང་དབུལ་གོང་གསུམ། དེའི་མཁན་བུ་ཁྱུང་པོ་རྩེ་མངས་ལ་སོགས་པས་བྱས། རྒྱའི་ཧྭ་ཤང་མ་ཞང་མ་ཀོ་ལོ་སྤྱན་དྲངས་ནས་ཆོས་རྣམས་བསྒྱུར་བ་ལས། མཁན་པོ་སྦ་རཏྣས་ཤེས་རབ་འབུམ་ཐོག་མར་བསྒྱུར་བའི་ཚེ། བོད་ཁམས་སུ་འབུམ་སྡེ་རྒྱས་པར་བསྒྱུར་ཏེ། དེའི་བསོད་ནམས་དང་བྱིན་རླབས་ཀྱི་འཇིག་རྟེན་གྱི་ཁམས་སུ་ཐེག་པ་ཆེན་པོ་སྤྱོད་པ་ཤ་སྟག་གཞི་དག་པར་སྐྱེ་བོ་ཞེས་རྨི་ལམ་དུ་ལུང་བསྟན། དབའ་བྲན་མཁན་པོ་མཉྫུས་ཤེས་རབ་འབུམ་ལྷ་སྲས་ཁྲི་སྲོང་ལྡེ་བཙན་རྗེ་འབངས་ལ་བཤད་པའི་ཚེ། ལྷ་སྲས་མཉེས་ནས་མགོ་ལ་བྱུགས་ནས་བྱ་དགའ་ཆེ་ཐང་དུ་གསལ། རྒྱུད་ཀུན་ལས་བཏུས་པ་ཡང་མཉྫུས་བསྒྱུར་རོ། །ལུགས་གཅིག་(བཞེད་རྒྱས་ཤོས)ལ་རྒྱ་ནག་པོའི་ཆོས་རྣམས་ཐོག་མར་བསྒྱུར་རོ་ཟེར། རྒྱ་དཀར་པོའི་ཆོས་ལ་ནང་རྒྱུད་སྡེ་གསུམ་ཤ་ཆང་ལ་ཡངས་ཏེ་བོད་ལ་མི་འཚམས་པས་མ་བསྒྱུར། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དབུས་པ་བྱེ་བྲག་ཏུ་སྨྲ་བ་རྒྱུ་འབྲས།(ཞབས་འབྲིང་དགེ་སློང་དང་སྐྱེ་བོ་ཀུན་ན་རེ། ཆོས་མཁས་རབ་རེ་གསོལ་ཞེས་གྲགས། ཇོ་མོ་ལྷ་རྒྱལ་གྱི་ཞལ་ནས་ཀྱང་དེ་ལྟར་ཆོས་མཁས་ཟས་སུ་ཅི་གསོལ་གསུངས་)སྟོན་པས་དེ་བོར་ལ་འཚམ་པར་མཁྱེན་ནས། དང་པོ་ཡེ་ཤེས་དབང་པོ་ལ་གསོལ་ཏེ་བསྒྱུར། དེ་ལ་ལུང་དང་པོ་ལུང་སྡེ་བཞི་ལས་ལུང་རིང་པོ་དང་། གང་པོའི་རྟོགས་པ་བརྗོད་པ་ཉུང་ངུ་ཞིག་བསྒྱུར། མངོན་པའི་མདོ་ཉན་ཐོས་ཀྱི་བཀའ་བསྒྱུར།

ཁ་ཅིག་ན་རེ། འདུལ་བ་ལ་དགེ་འདུན་ཕལ་ཆེན་སྡེ་ནི་ཁྲིམས་ཡངས་ཆེས་པ་དང་། གནས་བརྟན་སྡེ་དང་གསུམ་ནི་མ་བསྒྱུར། ཉན་ཐོས་ཀྱི་འདུལ་བ་དང་། མདོ་སྡེ་ལུང་རིང་པོ་དང་ཟེར། མདོ་སྡེ་དང་ཐེག་པ་ཆེན་པོའི་ཆོས་མངོན་པའི་ལྟོས་རིམ་བསྒྱུར། ཏནྟྲ་ལས། མ་ཧཱ་ཡོ་ག་མུ་སྟེགས་དགེ་བ་ལ་གཟུད་པའི་སླད་དུ་གཙང་རྨེ་མེད་པར་བསྟན་པ་ཆོས་ཀྱི་དབྱིངས་ཇི་ལྟ་བུ་ནི་མ་རྟོགས་པར་ལོག་པར་འཛིན་ཅིང་འཇུག་པར་འགྱུར་བས་མ་བསྒྱུར། སྔགས་ཡོ་ག་ནུས་པ་ཆེ་ཡང་བོད་ལ་ནུས་པ་མི་འབྱུང་བས་དུས་དེར་མ་བསྒྱུར། བྲམ་ཟེ་རྣམས་དགེ་བ་ལ་གཟུད་པའི་སླད་དུ་ཀྲི་ཡ་གསུང་པ་དང་། ཡང་བོད་གཙང་སྦྲ་ཆུང་བས་མ་བསྒྱུར། ཨ་ནུ་ཡོ་ག་རྨེ་བག་ཅན་ལ་བསྟན་པས་བོད་རྣམ་རྟོག་ཆེ་བས་མ་བསྒྱུར། ཨུ་པ་ཡ་བོད་ལ་རན་པར་རྩིས་ནས་ཡེ་ཤེས་དབང་པོས་གསོལ་ཏེ་བསྒྱུར། མདོ་སྡེ་དང་གཟུངས་རྒྱ་གར་ཡུལ་དུ་མ་ལུས་པ་ཙམ་དུ་བསྒྱུར། རྒྱལ་པོའི་ཐུགས་ལ་མ་བཅགས་པ་ཙམ་གཅིག་བསྒྱུར།

དེ་ནས་བཙན་པོའི་ཞལ་ནས། ཡེ་ཤེས་དབང་པོ་ན་རེ། རྒྱ་གར་དང་། རྒྱ་ནག་གི་ཆོས་ཐེག་པ་ཆེན་པོའི་ཆོས་དཔེ་ཕལ་ཆེར་བསྒྱུར་བ་ལས། ཆོས་དཔེ་ཐམས་ཅད་དཔལ་ཤྲི་ན་ལེནྡྲ་ན་ཡོད་པ་མེས་ཚིག།།དེར་མ་ཚང་བར་ཡོད་པ་ཤས་གཅིག་མ་བསྒྱུར་བར་ཡོད་པ་ངའི་ཡིད་ལ་བཅགས་སོ་གསུངས། དེ་ཚེ་ནུས་པ་ཡོད་པ་ཀུན་གྱིས་བཀའི་རྒྱ་དཔེ་རྙེད་ཚད་བསྒྱུར། འཚོ་བ་ཐམས་ཅད་བླ་ཆེན་པོ་ནས་སྦྱར་ཏེ། ཚང་མང་ཀེ་རུ་གླིང་ནས་གཡོས་པ་བྱས་ཏེ་རབ་ཏུ་བྱུང་པ་སུམ་བརྒྱ་ལ་ཟས་སྣ་བཅུ་གསུམ་འདྲེན་པའི་ལག་དཔོན་ཇོ་མོ་བྱང་ཆུབ་རྗེས་མཛད། གདན་ནོན་པ་དང་། རྒྱས་པའི་བམ་པོ་རེ་ལ་ཤོག་དྲིལ་རེ་བྱས་ནས་འདོན་ཏེ། ནང་མ་རེ་ལ་འབུམ་ཆོ་རེ་བཀའ་བསྒྲགས་སོ། །ཞེས་གསལ་བ་ལྟར་རོ།།

གཞན་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས(1308-1364) མཛད་པའི་ཀློང་ཆེན་ཆོས་འབྱུང་ལས་[32]ཀྱང། ཡང་དེའི་དུས་འཚོ་བ་བླ་ན་སྦྱོར། དགེ་བ་ཉམས་བག་ཏུ་སྤྱོད་དེ། དགེ་འདུན་གྱི་སྡེ་བཙུགས། ཉན་བཤད་དང་སྒོམ་སྒྲུབ་ཀྱི་གྲྭ་བཟུང་། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད་དེ། ཚང་མ་ཀེ་རུའི་གླིང་དུ་གཡོས་མལ་བཅས་ཏེ་རབ་ཏུ་བྱུང་བ་སུམ་བརྒྱ་ལ། ཟས་སྣ་བཅུ་གསུམ་རེ་འདྲེན། དེའི་ལག་ལེན་ཇོ་མོ་བྱང་ཆུབ་རྗེས་མཛད། ཅེས་གསལ་བ་ལྟར། སྐབས་དེའི་དགེ་འདུན་པ་རྣམས་ཀྱི་གཡོས་སྦྱོར་གྱི་ལས་གཙོ་བོ་ཇོ་མོ་བྱང་ཆུབ་བཙུན་གྱིས་ཐུགས་འགན་བཞེས་པ་ཤིན་ཏུ་གསལ་ལོ།།

 ཇ། གཙུག་ལག་ཁང་གི་དྲིལ་བུའི་ཁ་བྱང་།
 བསམ་ཡས་དབུ་རྩེའི་གཙུག་ལག་ཁང་གི་དྲིལ་བུ།

བསམ་ཡས་དབུ་རྩེའི་གཙུག་ལག་ཁང་ཁང་གི་དྲིལ་བུ་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན (742-797) གྱི་སྐུ་དུས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་དུས་མཚུངས་ཕྱི་ལོ་ ༧༧༥ ནས་ ༧༨༢ བར་གྱི་ལོའི་ནང་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་ནམ་བྱང་ཆུབ་བཙུན་གྱིས་ཡོན་བདག་གནང་སྟེ་རྒྱའི་དགེ་སློང་རིན་ཆེན་གྱིས་བཞེངས་ཤིང་། ཁ་ཡིག་ནང་དོན་ནི་སྨོན་ཚིག་ཡིན། དྲིལ་བུ་འདི་ཉིད་དེང་སྐབས་བསམ་ཡས་དབུ་རྩེའི་གཙུག་ལག་ཁང་གི་སྒོ་འཆོར་ཐོག་ཏུ་བཀལ་ཡོད།

དེ་ལྟའི་བསམ་ཡས་དབུ་རྩེའི་གཙུག་ལག་ཁང་གི་དྲིལ་ཆེན་འདི་ཉིད་ལུགས་སུ་བླུགས་པའི་དུས་ནི། སྔོན་གངས་ཅན་གྱི་ཡུལ་གྲུ་འདིར་མངའ་དབང་བསྒྱུར་བའི་བཙན་པོ་རིམ་པར་བྱོན་པ་ལས་རྒྱལ་སྲིད་ཐབས་ཀྱིས་སྦྱོར་བའི་འཕྲུལ་ལ་བརྟན་ནས་བོད་ཁམས་ཀྱི་ལུགས་གཉིས་གོང་དུ་འཕེལ་བར་མཛད་རྗེས་ལྷག་པར་ཆེ་བའི་མཁས་ཤིང་མཛངས་ལ། མཐུ་སྟོབས་དང་ལྡན་པ་ཡོངས་གྲགས་སུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་མགྲིན་གཅིག་ཏུ་བསྔགས་པའི་ཡུལ་དུ་གྱུར་པའི་ཡ་གྱལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་དུས་སུ་ཡིན། དེའི་རྒྱུ་མཚན་ནི། དྲིལ་བུའི་ཁ་བྱང་ལས། ལྷ་བཙན་པོ་ཁྲྀ་སྲོང་ལྡེ་བརྩན་ཡབ་སྲས་[33]སྟངས་དཔྱལ་[34]ཞེས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་མཚན་གསལ་བར་བཀོད་ནས་བཙན་པོ་ཡབ་སྲས་ཀྱི་ཆེད་དུ་བསྔོ་སྨོན་བྱེད་ལུགས་དང་། དེ་བཞིན། ཇོ་མོ་རྒྱལ་མོ་བརྩན་ཡུམ། སྲས་ཀྱྀས་ཕྱོགས་བཅུའི། དཀོན་མཆོག་གསུམ་ག་ལ། མཆོད་པའྀ་སླད་དུ་ཅོང་། འདི་བགྱིས་ཏེ། ཞེས་དྲིལ་ཆེན་འདི་ཉིད་བཞེངས་མཁན་གྱི་ཡོན་བདག་ཇོ་མོ་རྒྱལ་མོ་བཙན་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་ལྔ་ཁབ་ཏུ་བཞེས་པའི་ཡ་གྱལ་ཞིག་ཡིན། དེ་ལྟར་ཁྲི་སྲོང་ལྡེའུ་བཙན་གྱིས་བཙུན་མོ་ལྔ་ཁབ་ཏུ་བཞེས་པ་ལས། མཆིམས་བཟའ་ལྷ་མོ་བཙན་དང་། མཁན་ཆེན་བཟའ་མཚོ་རྒྱལ་གཉིས་སྒྲུབ་པ་མཛད་པས་ཕྱག་རིས་མེད། འབྲོ་བཟའ་ཁྲི་རྒྱལ་མོ་བཙན་ཕྱིས་རབ་ཏུ་བྱུང་སྟེ་བྱང་ཆུབ་རྗེར་མཚན་གསོལ་བ་དེ་ཉིད་ཀྱི་ཕྱག་རིས་སུ་དགེ་རྒྱས་ལི་མ་གླིང་གི་གཙུག་ལག་ཁང་གསར་བཞེངས་མཛད་པའི་ནང་རྟེན་དུ་སྣང་བ་མཐའ་ཡས་གཙོ་འཁོར་དགུ་གཞུང་གི་ལུགས་སྟོད་དུ་ལུགས་བཏབ་ནས་ཆབ་ལ་སྤྱན་དྲངས་པས་འཁོར་གཉིས་ཆབ་ལ་ཤོར་བ་དང་། སྲས་མི་མངའ། ཡབ་མིང་འབྲོ་ཡུལ་ཐག་རིང་བས་ཕྱིས་གསོ་མི་མི་འོང་ཞེས་མཆི་ནས་ལྷ་ལུགས་མ་བྱས། རྩིག་པ་སོ་ཕག་ཞ་ཉེའི་ཆུས་སྦྱར། ཟངས་ཀྱི་ཐོག་བཀལ། རོལ་མོ་ཅོང་བཏགས། ཞེས་སྦ་བཞེད་དུ་འཁོད་པར་གཟིགས་ན། ཅོང་དྲིལ་དེ་ཉིད་བཙན་པོ་འདིའི་སྐུ་རིང་ལ་བཞེངས་པར་མངོན་ནོ།།

འབྲོ་ཡུལ་ཐག་རིང་བས་གསོ་མི་མི་འོང་། ཞེས་པའི་ཤུགས་ལས་སྐབས་དེར་དུས་མཆོད་པ་སོགས་བཙན་པོའི་བང་མཛོད་ནས་སྦྱར་སྲོལ་མེད་པར་རང་ཉིད་ཀྱི་ཁྱིམ་ཚང་ནས་གཏོང་དགོས་པར་སྣང་ལ། དྲིལ་ཆེན་འདི་ཉིད་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤེས་དགོས་ཚེ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ལོ་རྒྱུས་དང་ཟུང་འབྲེལ་ཐོག་ཤེས་རྟོགས་བྱེད་དགོས། དེ་ཡང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་རྒྱལ་བསྟན་དར་རྒྱས་ཡུན་གནས་ཡོང་སླད་རྒྱ་དཀར་ནག་སོགས་ནས་པཎ་གྲུབ་དུ་མ་བོད་དུ་གདན་དྲངས་ཤིང་། ལྷག་པར་རྒྱ་ནག་གི་བྲན་ཀ་ལེགས་ཀོང་། ལྷ་ལུང་ཀླུ་གོང་དང་། འགོ་གོམ་དབུལ་གོང་གསུམ་དང་། དེའི་མཆན་བུ་ཁྱུང་རྩེ་མངས་ལ་སོགས་པས་བྱས། རྒྱའི་ཧྭ་ཤང་མ་ཞང་མ་ཀོ་ལེ་སྤྱན་དྲངས་ནས་ཆོས་རྣམས་བསྒྱུར་བ་ལ་སོགས་པ་འཕྲིན་ལས་ཀྱིས་བོད་ཁམས་སུ་རྒྱའི་ཐེག་པ་ཆེན་པོའི་རིག་གནས་རིམ་བཞིན་དར་ཁྱབ་བྱུང་ཡོད། གཡོས་ལ་མཁས་པའི་བཙུན་མོ་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་ཡང་སྟོན་མིན་གྱི་སློབ་མའི་གྲས་སུ་བཞུགས་ནས་རྒྱའི་ཐེག་པ་ཆེན་པོའི་རིག་གནས་ལ་ཉམས་ལེན་གནང་། རྒྱ་ནག་གི་ཐེག་པ་ཆེན་པོའི་ཆོས་ལུགས་འདི་བོད་དུ་དར་བ་དང་བསྟུན་ནས་ཅོང་ལུགས་སུ་བླུགས་པའི་སྲོལ་བོད་དུ་རིམ་བཞིན་དར་བར་མངོན་ནོ།།

དཔའ་བོ་གཙུག་ལག་ཕྲེང་བས(1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་ཅོང་བརྒྱད་བཞེངས་ཞེས་འཁོད་པ་དང་། དེ་དག་ལས་བསམ་ཡས་ལ་ཅོང་ཆེ་ཆུང་གསུམ་[35]ཡོད་པར་བཤད་ཀྱང་ད་ལྟ་མཇལ་རྒྱུ་ཡོད་པ་ནི་ཅོང་ཆེ་བ་དེ་ཡིན། ཅོང་འདི་ནི་རྒྱུ་ལི་མ་ལས་གྲུབ་ཅིང་། དཔངས་ཀྱི་མཐོ་ཚད་ལ་རྨིད་ ༡༌༢ དང་། ཁ་ཞེང་ལ་རྨིད་ ༠༌༦༩ ཅོང་གི་དབུའི་མཐའ་སྐོར་གྱི་རིང་ཚད་ལ་རྨིད་ ༡༌༥ ཞབས་ཀྱི་མཐའ་འཁོར་གྱི་རིང་ཚད་ལ་རྨིད་ ༢༌༡ མཐུག་ཚད་ལ་རྨིད་ ༠༌༠༥ དབུའི་མཚམས་སུ་བོད་ཡིག་གི་ཡིག་ཕྲེང་གཉིས་ཡོད་པ་དང་། ཡིག་གཟུགས་དབུ་ཅན་ཡིན་ལ། བཙན་པོའི་དུས་ཀྱི་གནའ་ཡིག་གི་ཁྱད་ཆོས་ལྡན། ཅོང་དེ་ཉིད་ལོ་རྒྱུས་ཡུན་རིང་སོང་བའི་རྐྱེན་གྱིས་སེར་ཁ་ཡང་ཅུང་ཟད་ཤོར་འདུག །ཅོང་འདི་ད་ལྟ་བསམ་ཡས་དབུ་རྩེའི་གཙུག་ལག་ཁང་ལ་ཡོད་པས་མིང་ལ་ཡང་བསམ་གཙུག་ལག་ཁང་གི་ཅོང་ཞེས་གྲགས།[36]

གཞན་ཡང་མ་ཞང་ཁྲོམ་པ་སྐྱེས་ཀྱིས་ཆོས་ལ་འཚེ་བའི་དུས་མཁས་པའི་དགའ་སྟོན་ལས[37]། མཁར་བྲག་གི་ལྷ་ཁང་ནི་རྨང་ནས་བསྒྱེལ། མགྲིན་བཟང་གི་ལྷ་ཁང་ནི་བཤིག་སྟེ། ཅོང་ནི་མཆིམས་བུའི་གཡའ་ལ་བསྐྱལ་ཏེ་དེ་ཉིད་ཕྱིས་བསམ་ཡས་དགེ་རྒྱས་ཀྱི་ཅོང་ལགས། ཞེས་པར་བརྟགས་ན། ཐོག་མར་ནེལ་པ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ (དུས་རབས་13པ།) ཀྱིས་མཛད་པའི་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ལས[38]། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དུ་གྲགས་པ་དེས། ལྷ་ས་འཁར་ཕུག །བྲག་དམར་མགྲིན་བཟང་། འཆིམས་བུ་ན་རལ། མད་ས་གོང་གི་གཙུག་ལག་ཁང་བཞེངས། ཞེས་ལྷ་ཁང་དེ་དག་ཁྲི་ལྡེ་གཙུག་བཙན་གྱི་དུས་སུ་བཞེངས་པ་དང་། བཙན་པོའི་དུས་ཀྱི་གཙུག་ལག་ཁང་དང་ཕོ་བྲང་བཟོ་སྐྲུན་གྱི་གུས་ལུགས་ལ་གཞིགས་ན། བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་སྐུ་དུས་སུ། མཁར་བྲག་ལྷ་ཁང་དང་མགྲིན་བཟང་ལྷ་ཁང་བཞེངས་པ་དང་ཆབས་ཅིག་ཏུ་ཅོང་དེ་དག་བཞེངས་པ་ཡིན་མོད། ཁོང་སྐུ་གཤེགས་རྗེས་སྲས་ཁྲི་སྲོང་ལྡེའུ་བཙན་ཁྲི་ལ་མངའ་གསོལ་མ་ཐག་པའི་དུས་དེར། ཆོས་ལ་མི་དགའ་བའི་བློན་པོ་མ་ཞང་གྲོམ་པ་སྐྱེས་ཀྱིས་ཁྲིམས་བུ་ཆུང་བཅད་དེ། ཐུབ་བསྟན་ལ་བར་ཆད་ཆེན་པོ་བྱུང་བའི་དབང་གིས་ལྷ་ཁང་བཤིགས་པ་དང༌། ཅོང་ཡང་མཆིམས་བུའི་གཡའ་ལ་བསྐྱལ་དགོས་པ་བྱུང་ཡོད། བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནར་སོན་རྗེས་བསྟན་པ་སླར་གསོ་བའི་སྐབས། ཅོང་དེ་བསམ་ཡས་དགེ་རྒྱས་སུ་གནས་སྤོས་པའི་དབང་གིས་དཔའ་བོ་གཙུག་ལག་ཕྲེང་བས་དེ་ཕྱིས་ཀྱི་བསམ་ཡས་དགེ་རྒྱས་ཀྱི་ཅོང་ལགས་ཞེས་གསུངས་ཡོད། འོན་ཀྱང་སྐབས་སུ་བརྗོད་པའི་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་གྱི་ཡོན་བདག་གནང་ནས་བཞེངས་པའི་བསམ་ཡས་དབུ་རྩེའི་གཙུག་ལག་ཁང་གི་ཅོང་འདི་ནི། འབྲོ་བཟའ་ཁྲི་རྒྱལ་བཙུན་གྱིས་བསམ་ཡས་དགེ་རྒྱས་གཙུག་ལག་ཁང་བཞེངས་སྐབས་ལུགས་སུ་བླུགས་པ་ཞིག་ཡིན་པ་ལས། གོང་དུ་བརྗོད་ཟིན་པའི་ཅོང་དེ་མ་ཡིན་ནོ།།

སྔོན་གྱི་ལོ་རྒྱུས་གླེང་བར་ལོ་ཚིགས་ཤེས་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན་ཞིང་། ལོ་རྒྱུས་སྨྲ་བ་ཚོས་ཐོག་མར་དོན་དུ་གཉེར་རྒྱུའི་རྩ་བའི་རྨང་གཞི་ཞིག་ཀྱང་ཡིན། ཅོང་འདི་ལོ་དུས་གང་ཞིག་ལ་བཞེངས་པའི་ལོ་ཚིགས་ངེས་གཏན་ཞིག་བརྗོད་པར་དཀའ་ཡང་། ཅོང་འདི་བཞེངས་པའི་དུས་ནི། བསམ་ཡས་གཙུག་ལག་ཁང་བཞེངས་པའི་དུས་དང་མཉམ་དུ་བཞེངས་པ་ཞིག་ཡིན་པས། དེ་ན་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ལོ་ཚིགས་ནི། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཉེ་བར་མཁོ་བའི་ལོ་རྒྱུས་དོན་ཆེན་རེའུ་མིག་རྒྱས་པ་ཀེ་ཏ་ཀ་ཞེས་པ་ལས[39]། བསམ་ཡས་གཙུག་ལག་ཁང་ནི་ཕྱི་ལོ་ ༧༧༤ ལ་རྨང་གཞི་བཏིང་ནས། ཕྱི་ལོ་ ༧༨༢ ལོར་ཡོངས་སུ་ལེགས་བསྒྲུབས་ཟིན། ཞེས་གསལ་ཡོད་པ་དང་། (藏族万年大事记) ཞེས་པ་ལས[40]། ཕྱི་ལོ་ ༧༦༢ ལ་རྨང་གཞི་བཏིང་ནས། ཕྱི་ལོ་ ༧༦༧ ལ་ཡོངས་སུ་ལེགས་བསྒྲུབས་ཟིན། ཞེས་དགོངས་ཚུལ་མི་འདྲ་བ་ཡོད་ཀྱང་གང་ལྟར་བསམ་ཡས་གཙུག་ལག་ཁང་ནི་བཙན་པོ་ཁྲི་སྲོང་གི་སྐུ་དུས་སུ་བཞེངས་པ་རྩོད་མེད་ཡིན་པས། ཅོང་དེ་ཡང་ཕྱི་ལོ་ ༧༧༤- ༧༨༢ བར་གྱི་ལོ་ཞིག་ལ་བཞེངས་པ་གསལ་པོ་ཡིན།[41]

ཅོང་འདི་བཞེངས་པའི་བརྒྱུད་རིམ་ནང༌། གེགས་བར་ཆེན་པོ་བྱུང་ཡོད་པ་ཡང་། གཏེར་ཆེན་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་པདྨ་བཀའ་ཐང་ལས[42]། དེ་ནས་ལྷ་ཁང་ནང་དུ་ཅོང་འདོགས་པ༔ མི་མ་ཡིན་གྱིས་འདོགས་སུ་མ་སྟེར་བས༔ སློབ་དཔོན་མཆིམས་ཕུར་ཡང་དག་སྒྲུབ་པ་མཛད༔ རུ་ལུ་ཚངས་པའི་དབྱངས་ཀྱི་འདྲེན་སྟངས་བླངས༔ མི་མ་ཡིན་རྣམས་ཡེངས་ལ་བོར་ནས་སུ༔ གཞན་རྣམས་གཙུག་ལག་ཁང་དུ་ཅོང་འདོགས་བཅུག༔ ཞེས་དང་། དེ་བཞིན་ལྡེའུ་ཇོ་སྲས་ (དུས་རབས་13པ།) ཀྱིས་མཛད་པའི་ལྡེའུ་ཆོས་འབྱུང་ལས[43]། དེ་ནས་ཅོང་ལུགས་སུ་བླུག་ཏུ་མ་ལྡེར་བ་ལ། །xརུའི་xསྤྱི་མདོས་བཤམ་ནས། །ལྷ་འདྲེ་ཡེངས་བྱེད་ཀྱི་གླུ་བོ་ཆེ་བླངས་ནས། །ཆེ་ཆུང་ལྕགས་རིའི་རྒྱ་ལ་ལྡོས། །མཐོ་དམའ་རི་རབ་རྩེ་ལ་ལྡོས། །མང་ཉུང་སྐྱེ་འགྲོའི་གྲངས་ལ་ལྡོས། །མཛེས་སྡུག་དར་ཟབ་ཕན་ལ་ལྡོས། གསུངས་པས་ལྷ་འདྲེ་ཡེངས་ཀྱི་བར་ལ་ཅོང་ལུགས་ཐེབས་སོ། །ཞེས་ཅོང་འདི་ལུགས་སུ་བླུགས་པའི་དུས་སུ་ལྷ་འདྲེས་གནོད་ཚེ་བཏང་སྟེ་གལ་རྐྱེན་བར་ཆད་ཀྱང་མང་དུ་བྱུང་བ་རྟོགས་ཐུབ་བོ།།

དེ་བཞིན་ཅོང་འདིའི་སྐོར་ལ་བསམ་ཡས་གཙུག་ལག་ཁང་བཞེངས་པའི་དུས་སུ་སྦ་བཞེད་ལས[44]། དེ་ལྟར་ན་ལྡེར་ཚོ་བདུན་ཅུ་དོན་བརྒྱད། མདོའི་རྒྱུད་རིས་བཅུ་བཞི། ཀ་བ་སྟོང་དང་རྩ་གཉིས། སྒོ་མོ་ཆེ་སུམ་བཅུ་སོ་དྲུག །སྒོ་ཆུང་ཆུང་བཞི་བཅུ་ཞེ་གཉིས། གྲུ་སྐས་ཆེན་པོ་དྲུག །ཅོང་ཆེན་པོ་བརྒྱད། དང་དང་(དར་ཐང་)ཆེན་པོ་གསུམ་ལ་སོགས་དང་། ཞེས་བསམ་ཡས་བཞེངས་དུས་ཅོང་བརྒྱད་ལུགས་སུ་བླུགས་པ་གསལ་ཡང་། ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་ནི་ཅོང་འདི་ཁོ་ན་ལས་མེད་ལ། ཅོང་འདི་ཉིད་ཀྱང་རིག་གནས་གསར་བརྗེ་ཆེན་པོའི་དུས་ཟིང་གི་ནང་དུ་བོར་བརླགས་སུ་སོང་རྗེས། ཕྱིས་སུ་དད་ལྡན་ཡོན་ཏན་གྲགས་པ་ལགས་ཀྱིས་མང་ཚོགས་ཁྲོད་ནས་རྙེད་སོན་བྱུང་སྟེ་བསམ་ཡས་དགོན་པ་ལ་ཕུལ་ཞེས་གསུངས་ཚུལ་འདུག

དེ་ཡང་ཅོང་འདི་སླར་ཡང་དམངས་ཁྲོད་ནས་རྙེད་སོན་ཐུབ་པའི་སྐོར་ལ། ཅོང་འདི་བསམ་ཡས་དགོན་དུ་འབུལ་མཁན་ཡོན་ཏན་གྲགས་པ་ལགས(ཁོང་ནི་ནག་ཆུ་ས་ཁུལ་ཆབ་སྲིད་གྲོས་ཚོགས་ཀྱི་ཀྲུའུ་རེན་སྐུ་གཞོན་དང་། ནག་ཆུ་སློབ་གསོ་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་གནང་མུས། སྐབས་དེར་ཁོང་ནི་ནག་ཆུ་སོག་རྫོང་དམངས་ཁྲོད་ཟློས་གར་ཚོགས་པའི་ཚོགས་གཙོ་ཡིན།)ཀྱི་གསུང་རྒྱུན་ལྟར་ན། ཕྱི་ལོ་ ༡༩༨༤ ལོའི་ཟླ་བ་ ༧ པར་ནག་ཆུ་སོག་རྫོང་དམངས་ཁྲོད་ཟློས་གར་ཚོགས་པ་ལྷོ་ཁས་གདན་ཞུས་ལྟར་འཁྲབ་སྟོན་བྱེད་པར་བསྐྱོད་པའི་དུས་གྲ་ནང་རྫོང་སྲིད་གཞུང་གི་ཐབ་ཚང་ཆེན་མོ་ཞིག་གི་ནང་དུ་ཅོང་འདི་ལྟོ་དུས་ཟིན་པའི་བརྡ་གཏོང་ཆེད་དུ་བེད་སྤྱོད་བཞིན་ཡོད་པ་ཁོང་རྣམས་ཀྱིས་གཟིགས་སྐབས་ཁོང་རྣམས་ཀྱིས་ཅོང་འདི་བསམ་ཡས་དགོན་གྱི་ཡིན་ཚུལ་བརྗོད། དེ་ནས་ཅོང་འདིའི་སྐོར་ས་གནས་འདི་གའི་མང་ཚོགས་འགའ་ཞིག་ལ་གྲོས་དྲིས་པར་མ་ཟད། ཅོང་འདི་དགོན་པར་འབུལ་དགོས་པའི་གྲོས་མཐུན་བྱུང་། ཕྱི་ཉིན་ཟློས་གར་ཚོགས་པ་བསམ་ཡས་ཁུལ་གྱི་གྲོང་ཚོ་ཞིག་ཏུ་འཁྲབ་སྟོན་བྱེད་པར་བསྐྱོད་པའི་གོ་སྐབས་དང་བསྟུན་ནས། ཅོང་དེ་ཐབ་ཚང་དེ་ནས་བསྣམས་ཏེ་བསམ་ཡས་དགོན་པར་ཕུལ། དམངས་ཁྲོད་ཀྱི་བཤད་རྒྱུན་དེར་བསམས་ན་ཡིག་ཚང་དུ་འཁོད་པའི་ཅོང་བརྒྱད་པོ་དེ་དག་ཀྱང་ཕལ་ཆེར་དུས་ཟིང་ནང་བོར་བརླགས་སུ་ཕྱིན་པ་མིན་ནམ་སྙམ།

དེ་ལྟར་བསམ་ཡས་གཙུག་ལག་ཁང་བཞེངས་པ་དུས་མཉམ་ལྟ་བུར་ཅོང་དྲིལ་བརྒྱད་བཞེངས་པར་གྲགས་པ་ལས། ད་ལྟ་དྲིལ་བུའི་ཁ་བྱང་ཁག་གཉིས་མཇལ་དུ་ཡོད་པ་ལས། དགེ་རྒྱས་ལི་མ་གླིང་གི་དྲིལ་བུ་ནི། ད་ལྟ་བསམ་ཡས་གཙུག་ལག་ཁང་གི་དབུ་རྩེའི་མདུན་ངོས་རྒྱལ་སྒོའི་སྟེང་བོད་ཡིག་བཀོད་པའི་གནའ་བོའི་དྲིལ་བུ་དེ་ཡིན། དེ་ནི་རྒྱལ་བའི་བསྟན་ལ་དད་ཞེན་ཆེ་བའི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་འབྲོ་བཟའ་བྱང་ཆུབ་སྒྲོན་གྱིས་ཕུལ་བར་གྲགས་འདི་ཉིད་ཡིན་པར་སྣང་། དེ་ཡང་དྲིལ་བུའི་ཁ་བྱང་ལྟར་ན། བཙུན་མོ་འབྲོ་བཟའ་བྱང་ཆུབ་སྒྲོན་གྱིས་བཞེངས་པའི་དགེ་རྒྱས་ལི་མ་གླིང་གི་དྲིལ་བུའི་ཁ་བྱང་དང་། ཁྲ་འབྲུག་གཙུག་ལག་ཁང་གི་དྲིལ་བུའི་ཁ་བྱང་སོ་སོར་སྨོན་ཚིག་ཐ་དད་བཀོད་ཡོད་ཀྱང་། དགེ་རྒྱས་ལི་མ་གླིང་དང་། དབུ་རྩེའི་དྲིལ་བུ་གཉིས་ཀྱི་ཁ་བྱང་གི་སྨོན་ཚིག་གཅིག་མཚུངས་ཡིན་པས་དྲིལ་བུའང་གཅིག་ཡིན་པ་རྟོགས་ཐུབ་པ་སྟེ། དེ་ཡང་ཐོག་མར་དགེ་རྒྱས་ལི་མ་གླིང་རིག་གསར་སྐབས་རྩ་གཏོར་ཤུལ་མེད་བཏང་བས། དྲིལ་བུ་དེ་ཉིད་དབུ་རྩེའི་དྲིལ་བུ་གཏོར་བརླགས་སོང་བའི་ཚབ་ཏུ་བཏགས་པར་སེམས་ལགས་ན་དཔྱད་པར་འཚལ་ལོ།།

  དགེ་རྒྱས་ལི་མ་གླིང་གི་དྲིལ་བུ།
༡) རྒྱབ་ལྗོངས་ལོ་རྒྱུས་ངོ་སྤྲོད།

བསམ་ཡས་དགོན་པའི་ལྕགས་རིའི་ཕྱིར་ཡོད་པའི་དགེ་རྒྱས་ལྷ་ཁང་གི་ཅོང་འཕྲེད་ལ་གཡོན་སྐོར་དུ་བོད་ཡིག་ཡིག་ཕྲེང་གཉིས་ཡོད་པ་འདི་ནི་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་འབྲོ་བཟའ་ཁྲི་རྒྱལ་མོ་བཙན་ཞེས་པས་སྦྱིན་བདག་བྱས་ནས་བླུགས་པ་ཞིག་སྟེ། དགེ་རྒྱས་ཀྱི་གཙུག་ལག་ཁང་ལ་གསེར་ཟངས་ཀྱི་རྒྱ་ཕིབས་བཀབ་ཅིང་། མཆོད་པའི་ཆེད་དུ་རོལ་མོར་ཅོང་བཏགས་པ་འདི་ཕལ་ཆེར་ཕྱི་ལོ་ ༧༦༧ ལོར་བསམ་ཡས་རྡོ་རིང་བཙུགས་པའི་རྗེས་སུ་བཙུན་མོ་གསུམ་པོ་སོ་སོས་ལྷ་ཁང་རེ་བཞེངས་པའི་སྐབས་སུ་དྲིལ་བུ་འདི་ལུགས་སུ་བླུགས་པ་ཡིན་ཚོད་འདུག[45]

དེ་ཡང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་འབྲོ་བཟའ་བྱང་ཆུབ་སྒྲོན་མས་བསམ་ཡས་ཀྱི་ལྕགས་རིའི་ཕྱི་རོལ་ནུབ་ངོས་སུ་དགེ་རྒྱས་ལི་མ་གླིང་གི་ལྷ་ཁང་བཞེངས་ཏེ་ལྷ་ཁང་དེའི་ནང་མཆོད་པའི་རོལ་མོ་དྲིལ་བུ་ཆེན་པོ་ཞིག་བླུགས་པ་དེར་བོད་ཡིག་བརྐོས་པའི་སྨོན་ཚིག་ཡོད་པ་དང་། དེ་མཚུངས་བྲག་ཡེར་པའི་ལྷ་ཁང་མདུན་ངོས་ཅོང་ཁང་དུ་དྲིལ་བརྡ་གཏོང་བྱེད་དྲིལ་བུ་ཆེན་པོ་མི་ཚད་ཙམ་ཟུར་བཅུ་དྲུག་ཡོད་པ་ལ་ཟུར་རེ་ནས་བརྡུངས་ན་སྐད་མི་འདྲ་བ་རེ་རེ་ཐོན་པ་དང་། དྲིལ་བུའི་འདབ་མའི་ངོས་སུ་བོད་ཡིག་གི་སྨོན་ཚིག་ཀྱང་བཀོད་ཡོད་པ་དེར་བལྟས་ན་སྐབས་དེ་དུས་ལུགས་རྒྱག་པའི་ལག་རྩལ་ཆུ་ཚད་མཐོན་པོ་ཡོད་པ་མཐོང་ཐུབ།

བསམ་ཡས་དགེ་རྒྱས་གཙུག་ལག་ཁང་གི་དྲིལ་བུ།

༢) དྲིལ་བུའི་ཁ་བྱང་གི་མ་ཡིག

༄༅། ། ཇོ་མོ་རྒྱལ་མོ་བརྩན་ཡུམ།                     སྲས་ཀྱྀས་ཕྱོགས་བཅུའི།

དཀོན་མཆོག་གསུམ་ག་ལ།                     མཆོད་པའྀ་སླད་དུ་ཅོང་།

འདི་བགྱིས་ཏེ། དེའི་བསོད་                              ནམས་ཀྱྀ་སྟོབས་ཀྱྀས།

ལྷ་བཙན་པོ་ཁྲྀ་སྲོང་ལྡེ།                                  བརྩན། ཡབ་སྲས་སྟངས་དཔྱ།

ལ་(དཔྱལ)གསུངས་དབྱངས་དྲུག                        ཅུ་སྒྲ་དབྱངས་དང་ལྡན་ཏེ།

བླ་ན་མྱེད་པའྀ་བྱང་ཆུབ།                        དུ་གྲུབ་པར་སྨོནད་ཏོ། །

༣) མ་ཡིག་གི་འབྲུ་འགྲེལ།

ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་འབྲོ་བཟའ་ཁྲི་རྒྱལ་མོ་བཙན་ཡུམ་སྲས་གཉིས་ཀྱིས་ཕྱོགས་བཅུའི་དཀོན་མཆོག་གསུམ་ཚང་མ་ལ་མཆོད་པ་འབུལ་བའི་ཆེད་དུ་ཅོང་འདིར་བསྐྲུན་པ་ཡིན། དེའི་བསོད་ནམས་ཀྱི་སྟོབས་ཀྱིས་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་སྟངས་དཔྱལ་བཅས་སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུའི་ཁྱད་ཆོས་དང་ལྡན་པ་དང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྨོན་ལམ་ཞུ་ཞེས་བཀོད་ཡོད།

 ༣ ཁྲ་འབྲུག་དགོན་པའི་དྲིལ་བུ།
༡) རྒྱབ་ལྗོངས་ལོ་རྒྱུས་ངོ་སྤྲོད།

ཁྲ་འབྲུག་དགོན་པའི་ནང་གི་དྲིལ་ཆེན་འཕྲེད་ལ་གཡོན་སྐོར་དུ་བོད་ཡིག་ཡིག་ཕྲེང་གཉིས་ཡོད་པ་འདིའང་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་འབྲོ་བཟའ་ཁྲི་རྒྱལ་མོ་བཙན་རབ་ཏུ་བྱུང་རྗེས་ཆོས་མིང་དུ་བྱང་ཆུབ་རྗེ་ཞེས་པས། སྦྱིན་བདག་གནང་ནས་བཙན་པོ་ཁྲི་ལྡེ་སྲོང་བཙན (སད་ན་ལེགས་མཇིང་ཡོན) གྱིས་སྲིད་དབང་འཛིན་དུས་ (ཕྱི་ལོ་ 798-815) ལུགས་བཟོ་བ་རྒྱ་ནག་གི་དགེ་སློང་རིན་ཆེན་ལ་བསྐུལ་ལ་ལུགས་སུ་བླུགས་ནས་བཞེངས་པ་ཞིག་དང་། ཁ་བྱང་དུ་སྨོན་ཚིག་གི་ཡི་གེ་འཁོད་པའི་དྲིལ་ཆེན་འདི་ཉིད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཇི་ལྟ་བུའི་འོག་ཏུ་བཞེངས་སམ་ཞེ་ན། དེ་ཡང་རྒྱལ་རབས་གསལ་བའི་མེ་ལོང་ལས[46]། དགེ་འདུན་གྱི་སྡེ་བཙུགས། སྔར་མེད་པའི་མདོ་དང་སྒྲ་བསྒྱུར། མཆོད་གནས་པཎྜི་ཏ་བི་ཤྭ་ཀ་ར། བཻ་རོ་ཙ་ན་མཆོག་ཅེས། ཀ་མ་ལ་ཤཱི་ལ་སོགས་རྣམས་ལ་ཞབས་ཏོག་བྱས། སྔ་གོང་ཡབ་ཀྱིས་བཞེངས་པའི་གཙུག་ལག་ཁང་རྣམས་ལ་མཆོད་པ་དང་མར་མེ་ཕུལ། ཞེས་གསལ་བ་ལྟར། སྐབས་དེར་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཆོས་མི་འཇིག་ཕྱིར། རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་གནང་སྟེ། སངས་རྒྱས་ཆོས་ལུགས་རྒྱས་པར་སྤེལ། བཙན་པོ་ཁོང་གི་སྐུ་དུས་སུ་བཞེངས་པའི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་གི་རྡོ་རིང་སོགས་ཀྱི་ཡི་གེ་ལས། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་དམ་པའི་ཆོས་ཡུན་དུ་བརྟན་པར་གཙིགས་བརྣན་པ་སོགས་བཙན་པོ་དེ་ཉིད་སྐུ་ཚེའི་ཡུན་ཐུང་ཡང་། ཡབ་མེས་ཀྱི་ཕྱག་རྗེས་དག་མ་ཉམས་གོང་དུ་སྤེལ་ནས་སྨོན་ཚིག་ཕུལ་བའི་དྲིལ་ཆེན་འདི་ཉིད་བཞེངས་པ་ཡིན་སྙམ།[47]

དྲིལ་ཆེན་འདི་ཉིད་དུས་ནམ་ཞིག་བཞེངས་སམ་ཞེ་ན། དྲིལ་བུའི་ཁ་བྱང་ལས། ཁྲི་ལྡེ་སྲོང་བརྩན་གྱི་དུས་xxསྣན་འགྲངས་པ་བཞུགས་སོ་ཞེས་གསལ་བ་ལྟར། བཙན་པོ་ཁྲི་ལྡེ་སྲོང་བཙན་ཁྲི་ལ་མངའ་གསོལ་རྗེས་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་གྱིས་བཙན་པོར་དགོངས་སྐོར་སྙན་སེང་ཞུས་ནས་བཀའ་འཁྲོལ་ཐོབ་པ་ལྟར་བཞེངས་པ་ཞིག་ཡིན་སྟབས། དྲིལ་ཆེན་འདི་ཉིད་བཞེངས་པའི་ལོ་དུས་རགས་ཙམ་ཤེས་རྟོགས་ཐུབ་པ་ཞིག་སྟེ། བཙན་པོ་ཁྲི་ལྡེ་སྲོང་བཙན་སྐུ་འཚོ་བཞུགས་ཀྱི་ལོ་དུས་ནི་ཕྱི་ལོ་ ༧༩༨ ནས་ ༨༡༥ བར་ཡིན་པས། དྲིལ་ཆེན་འདི་ཡང་ལོ་ངོ་དེ་དག་བར་དུ་བཞེངས་པ་ཞིག་ཡིན་ནོ།།

ཅོང་དྲིལ་གྱི་ངོ་སྤྲོད་མདོར་བསྡུས་ཞུས་ན། ཁྲ་འབྲུག་གཙུག་ལག་ཁང་གི་དྲིལ་ཆེན་འདི་ཉིད་ཕྱི་ལོ་ ༡༩༦༥ བར་ཁྲ་འབྲུག་དགོན་དུ་བཞུགས་ཡོད་ཀྱང་། དེང་སྐབས་མཇལ་རྒྱུ་མེད་པར་གྱུར། འོན་ཀྱང་ཅོང་དེའི་ཁ་བྱང་རྣམས་ཡིག་ཐོག་ཏུ་གནས་ཡོད་ལ། ཅོང་གི་དབྱིབས་གཟུགས་ཀྱི་བཀོད་པ་རགས་ཙམ་ངོས་འཛིན་ཐུབ་པ་གོང་བཀོད་ལྟར། ཅོང་དེའི་ཁ་པད་འདབ་དྲུག་ཅན་དུ་མངོན་ཞིང་། ཅོང་གི་ངོས་ལ་འཕྲེད་གཞུང་གཉིས་ལ་དྲ་བས་བཅད་དེ། འཕྲེད་དུ་བཅད་པའི་དྲ་མིག་ནང་གཡོན་སྐོར་དུ་བཙན་པོའི་དུས་ཀྱི་གནའ་ཡིག་གི་ཁྱད་ཆོས་ལྡན་པའི་བོད་ཡིག་གི་ཡིག་ཕྲེང་གཉིས་ཡོད་པ་དང་། ཡིག་གཟུགས་ནི་དབུ་ཅན་ཡིན། ཅོང་དེ་བོར་བརླགས་སོང་བའི་རྐྱེན་གྱིས་མ་ཡིག་གི་ནང་དོན་གང་ཞིག་ཡིན་མིན་སྐབས་ཤིག་ཤེས་ཐབས་བྲལ་ཡང་། ཕྱི་ལོ་ ༡༩༥༠ ལོར་ཨི་ཊ་ལིའི་མཁས་པ་ཏུའུ་ཆིའི(1898-1984) ཡིས་མ་ཡིག་དེ་ཐོག་མར་འདྲ་བཤུས་གནང་ཡོད། དེ་རྗེས་སྐུ་ཞབས་ལིའི་ཕང་ཀུའེ་དང་། ཁཱ་ལེ་ནན་གྱིས་བརྩམས་པའི་གནའ་རབས་བོད་ཀྱི་རྡོ་རིང་ཡི་གེའི་ཞིབ་འཇུག་ཅེས་པའི་ནང་ཐོག་མར་མ་ཡིག་དྲངས་ནས་ཞིབ་འཇུག་པའི་སྡེ་ལ་མཚམས་སྦྱོར་གནང་ཡོད།

ཅོང་དེར་ཞིབ་འཇུག་གནང་བའི་སྐོར་ལ་མ་ཡིག་དེར་ཐོག་མར་ཞིབ་འཇུག་གནང་ཞིང་། ཁོང་གི་དཔེ་དེབ(A CORPUS OF EARLY TIBETAN INSCRLPTION) ཞེས་པར་བཀོད་ཡོད་པ་དང་། ཕྱི་ལོ་ ༡༩༦༠ དང་ ༡༩༦༥ ལོར་ཅོང་དེའི་ངོ་སྤྲོད་ཀྱི་རྩོམ་ཡིག་ཅིག་ཀྱང་སྤེལ་ཡོད། མདོར་ན་ཅོང་དེར་ཐོག་མར་ཞིབ་འཇུག་གནང་མཁན་ནི་ཕྱི་རྒྱལ་དང་རྒྱ་ནག་གི་མཁས་པ་ཤག་སྟག་ཡིན་པ་དང་། དེ་ནས་རིམ་བཞིན་བོད་རིགས་མཁས་དབང་རྣམས་ཀྱིས་དོ་སྣང་དང་ཞིབ་འཇུག་གནང་ཡོད། འོན་ཀྱང་ཕྱིས་སུ་བྲིས་པའི་ཁྲ་འབྲུག་དགོན་གྱི་དཀར་ཆག་ནང་དྲིལ་བུའི་སྐོར་འཁོད་མེད་པ་བཅས་སོ། །[48]

ཁྲ་འབྲུག་གཙུག་ལག་ཁང་གི་དྲིལ་བུ།

༢) དྲིལ་བུའི་ཁ་བྱང་གི་མ་ཡིག

དྲྀལ་ཆེན་པོ་འདྀ་[49]ཡྔ་ལྷ་                བཙན་པོ་ཁྲི་ལྡེ་སྟོང་བརྩན་
གྱི་དུས་རབས་སྙན་འགྲངས་             པ་[50]བཞུགས་སོ་སོལ།
ལྷའྀ་རྔ་སྒྲ་བར་སྣང་ལ་                  གྲག་པ་དང་འདྲ་བར་

ཚལ་(ཚུལ)གྱྀ་སྐུ་ཡོན་དྔ་། སེམས་              ཅན་ཐམས་ཅད་དགེ་བ་ལ་
བསྐུལ་བའྀ་ཕྱིར། ཡོན་བདག་           ཇོ་མོ་བྱང་ཆུབ་ཀྱིས་བགྱྀས་ནྶ་
མཁྱེན་ཕོ་རྒྱའྀ་དགེ་སློང་                 རིན་ཅེན་གྱྀས་བླུགས་སོ་

༣) མ་ཡིག་གི་འབྲུ་འགྲེལ།

དྲིལ་བུ་ཆེན་པོ་འདི་ཡང་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་(སད་ན་ལེགས་མཇིང་ཡོན)གྱི་དུས་སུ་བཙན་པོ་ལ་སྙན་སེང་ཞུས་ཏེ་གནང་བ་ཐོབ་པ་ལྟར་ལུགས་ནས་བཞག་པ་ཡིན། ལྷའི་རྔ་སྒྲ་བར་སྣང་ལ་ཁྱབ་པ་ལྟར་ཆོས་ཀྱི་ཡོན་ཏན་དང་སེམས་ཅན་ཐམས་ཅད་དགེ་བའི་ལམ་ལ་འཁོད་ཐུབ་པའི་ཆེད་དུ་དྲིལ་བུ་འདི་ཇོ་མོ་འབྲོ་བཟའ་བྱང་ཆུབ་གསལ་གྱིས་སྦྱིན་བདག་བྱས་ནས་རྒྱའི་དགེ་སློང་རིན་ཆེན་གྱིས་ལུགས་སུ་བླུགས་པ་ཡིན་ཞེས་འཁོད་ཡོད།

ཀ༽ དབྱིན་གོའི་གོང་མ་ཚང་གི་ཡ་གླིང་རིག་གཞུང་དུས་དེབ་ཅེས་པའི་དབྱིན་ཡིག་པར་གཞིའི་ཕྱི་ལོ་ ༡༩༥༤ ལོའི་དུས་དེབ་གསུམ་པ་དང་བཞི་པ་མཉམ་སྦྲེལ་གྱི་ཤོག་ལྷེ་ ༡༧༠ པར་འཁོད་པར།

དྲྀལ་ཆེན་པོ་འདྀ་ཡང་ལྷ་།               ཡོན་བདག་ཇོ་མོ་བྱང་ཆུབ་ཀྱིས་
བཙན་པོ་ཁྲི་ལྡེ་སྲོང་བརྩན་།             བགྱྀས་ནས་མཁེན་ཕོ་རྒྱའྀ་།
གྱི་དུ་xxསྣན་འགྲངས་།                         དགེ་སློང་རིན་ཅེན་གྱྀས་བླུགས་སོ་
པ་བཞུགས་སོ་སོལ་།                   ཚལ་གྱྀ་སྐུ་ཡོན་དང་།
ལྷའྀ་རྡ་སྒྲ་བར་སྣང་ལ་།                 སེམས་ཅན་ཐམས་ཅད་།
གྲག་པ་དང་འདྲ་བར།                   དགེ་བ་ལ་བསྐུལ་བའྀ་ཕྱིར།

ཁ༽ བོད་ཀྱི་གནའ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱས་པ་ཞེས་པའི་རི་པིན་ཡི་གེའི་པར་གཞིའི་དཔེ་དེབ་ཀྱི་སྨད་ཆའི་ཤོག་ལྷེ་ ༨༠༣ པར་འཁོད་པ།

དྲིལ་ཆེན་པོ་འདི་ཡང་ལྷ།                གྲགས་པ་དང་འདྲ་བར
བཙན་པོ་ཁྲི་ལྡེ་སྲོང་བརྩན།               ཡོན་བདག་ཇོ་མོ་བྱང་ཆུབ་ཀྱིས།
གྱི་དུ་xxསྣན་འགྲངས།                  བགྱིས་ནས་མཁྱེན་ཕོ་རྒྱའི།
ལྷའི་རྡ་སྒྲ་བར་སྣང་ལ།                  དགེ་སློང་རིན་ཅེན་གྱིས་བླུགས་སོ

མཇུག་བསྡུ་བའི་གཏམ།

དེ་ལྟར་རྒྱལ་རབས་ཆོས་འབྱུང་གི་དེབ་ཐེར་དང་། རིས་མེད་ཀྱི་སྐྱེས་ཆེན་དམ་པའི་གསུང་འབུམ། གཞན་ཡང་དཀར་ཆག་དང་ཚིག་མཛོད་སོགས་དཔྱད་གཞིའི་ཡིག་ཆ་བཅུ་ཕྲག་གཉིས་ལྷག་ནང་གསལ་ཇོ་མོ་བྱང་ཆུབ་རྗེའི་མཚན་གྱི་རྣམ་གྲངས་དང་མཛད་པ་རྣམ་ཐར་སྙིང་བསྡུས། བྱང་ཆུབ་སྒྲོན་ལ་རིགས་སྲས་ཡོད་མེད། དགེ་རྒྱས་ལི་མ་གླིང་ཕྱག་འདེབས་ཚུལ་དང་སློབ་དཔོན་གྱི་གཟུངས་མར་ཕུལ་ཚུལ། འབྲོ་བཟའི་ཁྲིམས་བུ་ཆུང་གཏན་ལ་ཕབ་པ་དང་། ཟས་སྣ་འདྲེན་པའི་ལག་དཔོན་མཛད་ཚུལ། གཙུག་ལག་ཁང་གི་དྲིལ་བུའི་ཁ་བྱང་སོགས་ལ་རགས་ཙམ་དཔྱད་ཁུལ་ལགས་མོད། དཔྱད་གཞིའི་ཡིག་ཆ་ཤིན་ཏུ་དཀོན་པས་རིགས་དང་འཁྲུངས་ཡུལ། ཡབ་ཡུམ་གྱི་མཚན། འཁྲུངས་འདས་ལོ་ཚིགས། གྲུབ་པ་ཐོབ་མིན་སོགས་ཀྱི་སྐོར་རྣམས་ངེས་པར་དཔྱད་དགོས་པ་ཞིག་ལགས་མོད། དཔྱད་གཞིའི་ཡིག་ཆ་ལག་ཏུ་མ་སོན་པས་འགོད་ཐབས་བྲལ་བ་བཅས། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༢༤ ཟླ་བ་ ༣ ཚེས་ ༡༠ དགེ་བར།།

བོད་ཡིག་གི་དཔྱད་གཞིའི་ཡིག་ཆ།

[1] ཀློང་ཆེན་ཆོས་འབྱུང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣

[2] པདྨ་བཀའ་ཐང་། གཏེར་ཆེན་ཨོ་རྒྱན་གླིང་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧

[3] ཨརྱ་ཏཱ་རེའི་དཔེ་ཚོགས། དཔའ་བོ་སྟག་ཤམ་རྡོ་རྗེས་གཏེར་ནས་བཏོན་པ། འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ། ༼༧༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣

[4] སྦ་བཞེད་ཕྱོགས་བསྒྲིགས། སྦ་གསལ་སྣང་སོགས་ཀྱིས་མཛད། མི་རིགས་དཔེ་སྐྲུན་ཁང་།  ༢༠༠༩ ལོ། ཤོག་གྲངས་ ༡༩༩

[5] བཀའ་ཐང་སྡེ་ལྔ། གཏེར་ཆེན་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡

[6] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༸གོང་ས་ལྔ་པ་ཆེན་པོ། ༼༢༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། ༢༠༠༩

[7] རྣམ་ཐར་རབ་གསལ་གསེར་གྱི་སྙེ་མ། ༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། ༼ཀ༽ ཤིང་སྤར་དཔེ་རིང་།

[8] སྔ་འགྱུར་ལོ་རྒྱུས། ཆོས་འབྱུང་། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། ཤིང་སྤར་དཔེ་རིང་།

[9] པདྨ་དཀར་པོའི་གསུང་འབུམ། ཀུན་མཁྱེན་པདྨ་དཀར་པོ། ༼ཀཆ༽ ཤིང་སྤར་དཔེ་རིང་། ཤོག་གྲངས་ ༦ན༣

[10] རྒྱལ་རབས་གསལ་བའི་མེ་ལོང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མི་རིགས་དཔེ་སྐྲུན་ཁང་། སྤར་ཐེངས་བཅུ་གཉིས་པ། ༢༠༡༥

[11] བསམ་ཡས་དཀར་ཆག་དད་པའི་སྒོ་འབྱེད། བཤད་སྒྲ་གུང་དབང་ཕྱུག་རྒྱལ་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༠

[12] བློ་གྲོས་གྲགས་པའི་གསུང་འབུམ། འཛམ་ཐང་མཁན་པོ་བློ་གྲོས་གྲགས་པ། མི་རིགས་དཔེ་སྐྲུན་ཁང༌། ༢༠༡༢

[13] བོད་ཀྱི་རྣམ་ཐར་ཕྱོགས་བསྒྲིགས་ཆེན་མོ། བྱ་བྲལ་ཀུན་བཟང་གཞན་ཕན་མཐའ་ཡས། ༼༡༽ རིན་ཆེན་གཏེར་མཛོད་རིག་གནས་དར་སྤེལ་ཁང་།

[14] སློབ་དཔོན་པདྨ་མ་འབྱུང་གནས་ཀྱི་རྣམ་ཐར་དཔེ་ཚོགས། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། ༼༡༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༢

[15] དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢

[16] ལྡེའུ་ཆོས་འབྱུང་། ལྡེའུ་ཇོ་སྲས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧

[17] དུས་དྲེག་ཆགས་པའི་གསེར་ཟངས། སྟོབས་ལྡན་སེངྒེ།མི་རིགས་དཔེ་སྐྲུན་ཁང་། ༢༠༠༠

[18] བོད་ཀྱི་གནའ་རབས་ཅོང་དྲིལ་ཞིབ་འཇུག །ཉི་བསྟན། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨

[19] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦

[20] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་གཙོ་སྒྲིག་གནང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤར་གཞི་གཉིས་པ། ༢༠༠༥

[21] བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཉེ་བར་མཁོ་བའི་ལོ་རྒྱུས་དོན་ཆེན་རེའུ་མིག་རྒྱས་པ་ཀེ་ཏ་ཀ །ཤར་ཡུལ་ཕུན་ཚོགས་ཚེ་རིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོའི་སྤར་གཞི་དང་པོ།

[22] བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་། བསོད་ནམས་སྐྱིད། མི་རིགས་དཔེ་སྐྲུན་ཁང་། ༡༩༨༤

རྒྱ་ཡིག་གི་དཔྱད་གཞིའི་ཡིག་ཆ།

[1] 《西藏万年大事记》噶玛降村 民族出版社 2005年8月第一版39页 95-

དཔྱད་ཡིག་དང་ཞབས་མཆན། 

[1] ཀློང་ཆེན་ཆོས་འབྱུང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ཤོག་གྲངས་ ༢༤༥ ན་གསལ།

[2] པདྨ་བཀའ་ཐང་། གཏེར་ཆེན་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ཤོག་གྲངས་ ༣༤༢ ན་གསལ།

[3] སྦ་བཞེད་ཕྱོགས་བསྒྲིགས། སྦ་གསལ་སྣང་སོགས་ཀྱིས་མཛད། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།  ༢༠༠༩ ཤོག་གྲངས་ ༤༤ན་གསལ།

[4] ཨརྱ་ཏཱ་རེའི་དཔེ་ཚོགས། དཔའ་བོ་སྟག་ཤམ་རྡོ་རྗེས་གཏེར་ནས་བཏོན་པ། འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ། ༼༧༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ཤོག་གྲངས་ ༩༥ ན་གསལ།

[5] པདྨ་བཀའ་ཐང་། གཏེར་ཆེན་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ཤོག་གྲངས་༣༥༠ན་གསལ།

[6] བསྙེན་གནས་ཀྱི་སྡོམ་པ་ནི། རྩ་བ་བཞི་དང་ཆང་དང་། གར་ཕྲེང་སོགས། མལ་སྟན་ཆེ་མཐོ། ཕྱི་དྲོའི་ཁ་ཟས་ཏེ་ཡན་ལག་བཞི་བཅས་ཉིན་ཞག་གཅིག་སྤོང་བར་ཁས་བླངས་པའི་སོ་ཐར་གྱི་སྡོམ་པ་ལ་ཟེར་རོ།།

[7] སྦ་བཞེད་ཕྱོགས་བསྒྲིགས། སྦ་གསལ་སྣང་སོགས་ཀྱིས་མཛད། མི་རིགས་དཔེ་སྐྲུན་ཁང་།  ༢༠༠༩  ཤོག་གྲངས་ ༡༩༩ ན་གསལ།

[8] བཀའ་ཐང་སྡེ་ལྔ། གཏེར་ཆེན་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ཤོག་གྲངས་ ༡༡༠ ན་གསལ།

[9] པདྨ་བཀའ་ཐང་། གཏེར་ཆེན་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ཤོག་གྲངས་ ༥༢༢ ན་གསལ།

[10] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༸གོང་ས་ལྔ་པ་ཆེན་པོ། ༼༢༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། ༢༠༠༩  ཤོག་གྲངས་ ༩༠ ན་གསལ།

[11] རྣམ་ཐར་རབ་གསལ་གསེར་གྱི་སྙེ་མ། ༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། ༼ཀ༽ ཤིང་སྤར་དཔེ་རིང་། ཤོག་གྲངས་ ༦༣ན༣ ན་གསལ།

[12] སྔ་འགྱུར་ལོ་རྒྱུས། ཆོས་འབྱུང་། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། ཤིང་སྤར་དཔེ་རིང་། ཤོག་གྲངས་ ༡༡༦བ༥ ན་གསལ།

[13] བཀའ་ཐང་སྡེ་ལྔ། གཏེར་ཆེན་ཨོ་རྒྱན་གླིང་པ་གཏེར་ནས་བཞེས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡  ཤོག་གྲངས་ ༡༤༡ ན་གསལ།

[14] པདྨ་དཀར་པོའི་གསུང་འབུམ། ཀུན་མཁྱེན་པདྨ་དཀར་པོ། ༼ཀཆ༽ ཤིང་སྤར་དཔེ་རིང་། ཤོག་གྲངས་ ༦ན༣ ན་གསལ།

[15] བཀའ་ཐང་སྡེ་ལྔ། གཏེར་ཆེན་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ཤོག་གྲངས་ ༡༨༠ ན་གསལ།

[16] པདྨ་བཀའ་ཐང་། གཏེར་ཆེན་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ཤོག་གྲངས་ ༣༨༢ ན་གསལ།

[17] བཀའ་ཐང་སྡེ་ལྔ། གཏེར་ཆེན་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ཤོག་གྲངས་ ༡༡༠ ན་གསལ།

[18] པདྨ་བཀའ་ཐང་། གཏེར་ཆེན་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ཤོག་གྲངས་ ༥༢༢ ན་གསལ།

[19] སྦ་བཞེད་ཕྱོགས་བསྒྲིགས། སྦ་གསལ་སྣང་སོགས་ཀྱིས་མཛད། མི་རིགས་དཔེ་སྐྲུན་ཁང་།  ༢༠༠༩ ཤོག་གྲངས་ ༤༠ ན་གསལ།

[20] སྦ་བཞེད་ཕྱོགས་བསྒྲིགས། སྦ་གསལ་སྣང་སོགས་ཀྱིས་མཛད། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།  ༢༠༠༩  ཤོག་གྲངས་ ༡༣༡ ན་གསལ།

[21] སྦ་བཞེད་ཕྱོགས་བསྒྲིགས། སྦ་གསལ་སྣང་སོགས་ཀྱིས་མཛད། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།  ༢༠༠༩ ཤོག་གྲངས་ ༡༩༩ ན་གསལ།

[22] པདྨ་བཀའ་ཐང་། གཏེར་ཆེན་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧  ཤོག་གྲངས་ ༣༨༦ ན་གསལ།

[23] རྒྱལ་རབས་གསལ་བའི་མེ་ལོང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མི་རིགས་དཔེ་སྐྲུན་ཁང་། ༢༠༡༥  སྤར་ཐེངས་བཅུ་གཉིས་པ། ཤོག་གྲངས་ ༢༧༠ ན་གསལ།

[24] བསམ་ཡས་དཀར་ཆག་དད་པའི་སྒོ་འབྱེད། བཤད་སྒྲ་གུང་དབང་ཕྱུག་རྒྱལ་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༠  ཤོག་གྲངས་ ༢༣༠ ན་གསལ།

[25] བློ་གྲོས་གྲགས་པའི་གསུང་འབུམ། འཛམ་ཐང་མཁན་པོ་བློ་གྲོས་གྲགས་པ། མི་རིགས་དཔེ་སྐྲུན་ཁང༌། ༢༠༡༢ ཤོག་གྲངས་ ༩༠ ན་གསལ།

[26] བོད་ཀྱི་རྣམ་ཐར་ཕྱོགས་བསྒྲིགས་ཆེན་མོ། བྱ་བྲལ་ཀུན་བཟང་གཞན་ཕན་མཐའ་ཡས། ༼༡༽ རིན་ཆེན་གཏེར་མཛོད་རིག་གནས་དར་སྤེལ་ཁང་། ཤོག་གྲངས་ ༥༥ ན་གསལ།

[27] སློབ་དཔོན་པདྨ་མ་འབྱུང་གནས་ཀྱི་རྣམ་ཐར་དཔེ་ཚོགས། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། ༼༡༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༢ ཤོག་གྲངས་ ༢༠༠ ན་གསལ།

[28] དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༤༡༠ ན་གསལ།

[29] ལྡེའུ་ཆོས་འབྱུང་། ལྡེའུ་ཇོ་སྲས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧  ཤོག་གྲངས་ ༢༦༨ ན་གསལ།

[30] དུས་དྲེག་ཆགས་པའི་གསེར་ཟངས། སྟོབས་ལྡན་སེངྒེ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ཤོག་གྲངས་ ༤༩ ན་གསལ།

[31] སྦ་བཞེད་ཕྱོགས་བསྒྲིགས། སྦ་གསལ་སྣང་སོགས་ཀྱིས་བརྩམས། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།  ༢༠༠༩  ཤོག་གྲངས་ ༡༣༦ ན་གསལ།

[32] ཀློང་ཆེན་ཆོས་འབྱུང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ཤོག་གྲངས་ ༣༢༩ ན་གསལ།

[33] ཡབ་སྲས་ཞེས་པ་གང་དག་ཡིན་མིན་ལོ་རྒྱུས་ལོ་རྒྱུས་ཁག་ཏུ་དགོངས་པ་གཅིག་མཚུངས་མེད་ཀྱང་། མཁས་པའི་དགའ་སྟོན་ལྟར་ན། ཡབ་ཁྲི་སྲོང་ལྡེའུ་བཙན་དང་། ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ལ་སྲས་བཞི་འཁྲུངས་པ་ལས། ༡ མུ་ཁྲི་སྲོང་པོ་ཆུང་དུས་སྐུ་གཤེགས། ༢ མུ་ནེ་བཙན་པོ། ༣ མུ་ཏིག་གམ་མུ་རུག་བཙན་པོ་ཕྱི་ལོ་ ༧༦༢ ལོར་འཁྲུངས། བློན་སྣ་ནམ་ཞང་དབུ་རིང་ཉེས་མེད་དུ་བསད་པས་འགོས་ཀྱི་ཞལ་ལྕེ་བཏང་ནས་མཐའ་ལ་སྤྱུགས། ༤ ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་བཅས་སོ།།

[34] སྟངས་དཔྱལ་ཞེས་པ་ནི། གནའ་ཡིག་སྟེ་ཡབ་ཡུམ་མམ་བཟའ་ཚང་གཉིས་ལ་གོ་ཞིང་། གནའ་བོའི་ཞེ་ཚིག་ཡིན་ལ། སྟེང་ཞལ་ཞེས་ཀྱང་འབྲི་རྒྱུན་དུ་ཡོད།

[35] ཅོང་ཆེ་བ་ནི་དཔྱད་རྩོམ་འདིའི་བརྗོད་བྱར་གྱུར་པ་དེ་ཡིན་པ་དང་། གཞན་ཆུང་བ་གཉིས་པོ་ཡང་སྐབས་དེར་ལུགས་སུ་བླུགས་པ་ཡིན་ཞེས་བརྗོད་ཅིང་། ཅོང་དེ་གཉིས་ཀྱི་བོངས་ཚད་ཆ་མཚུངས་ལ་མཐོ་ཐད་ལ་མིའི་རྨིད་ ༣༥ དང་། ཁ་ཞེང་ལ་ལིའི་རྨིད་ ༢༤ ཡོད་ཅེས་འཁོད། བོད་ལྗོངས་ཞིབ་འཇུག །༡༩༨༨ ལོའི་དུས་དེབ་བཞི་པ།

[36] བོད་ཀྱི་གནའ་རབས་ཅོང་དྲིལ་ཞིབ་འཇུག །ཉི་བསྟན། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨  ཤོག་གྲངས་ ༩༤ ན་གསལ།

[37] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦  ཤོག་གྲངས་ ༡༦༢ ན་གསལ།

[38] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་གཙོ་སྒྲིག་གནང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༥  སྤར་གཞི་གཉིས་པ།

[39] བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཉེ་བར་མཁོ་བའི་ལོ་རྒྱུས་དོན་ཆེན་རེའུ་མིག་རྒྱས་པ་ཀེ་ཏ་ཀ །ཤར་ཡུལ་ཕུན་ཚོགས་ཚེ་རིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོའི་སྤར་གཞི་དང་པོ། ཤོག་གྲངས་ ༢༢ ན་གསལ།

[40] 《西藏万年大事记》噶玛降村 民族出版社 2005年8月第一版39页 95-

[41] བོད་ཀྱི་གནའ་རབས་ཅོང་དྲིལ་ཞིབ་འཇུག །ཉི་བསྟན་གྱིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨  ཤོག་གྲངས་ ༩༥ ན་གསལ།

[42] པདྨ་བཀའ་ཐང་། གཏེར་ཆེན་ཨོ་རྒྱན་གླིང་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧  ཤོག་གྲངས་ ༣༨༤ ན་གསལ།

[43] ལྡེའུ་ཆོས་འབྱུང་། ལྡེའུ་ཇོ་སྲས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་གྲངས་ ༣༥༥ ལ་གསལ།

[44] སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ལོའི་སྤར་གཞི་དང་པོ། ཤོག་ ༤༦ ན་གསལ།

[45] བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་། བསོད་ནམས་སྐྱིད། མི་རིགས་དཔེ་སྐྲུན་ཁང་། ༡༩༨༤  ཤོག་གྲངས་ ༡༢༤ ན་གསལ།

[46] རྒྱལ་རབས་གསལ་བའི་མེ་ལོང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ སྤར་ཐེངས་བཅུ་གཉིས་པ། ཤོག་གྲངས་ ༢༧༠ ན་གསལ།

[47] བོད་ཀྱི་གནའ་རབས་ཅོང་དྲིལ་ཞིབ་འཇུག ། ཉི་བསྟན། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ ཤོག་གྲངས་ ༡༡༡ ན་གསལ།

[48] བོད་ཀྱི་གནའ་རབས་ཅོང་དྲིལ་ཞིབ་འཇུག །ཉི་བསྟན། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ ཤོག་གྲངས་ ༡༡༡ ན་གསལ།

[49] དྲིལ་བུ་ཆེན་པོའི་སྐོར་ཕྱི་རྒྱལ་བ་ཚོས་ངོ་བཤུས་བྱས་པ་དང་། རྩོམ་ཡིག་བྲིས་པ་མང་པོ་ཡོད་ཀྱང་། དེ་དག་ལ་ཆད་ལུས་དང་། ཡིག་ནོར། འཕྲེད་ཀྱི་ཡིག་ཕྲེང་ཕྱི་ནང་གཉིས་མཐུད་མཚམས་ནོར་བ་བཅས་ཀྱི་གནས་ཚུལ་དེ་ཤོག་ལྷེ་ ༡༣༡། ༡༣༢ ནང་འཁོད་པ་ལྟ་བུ་རེད།

[50] སྙན་འགྲངས་(འགྲོངས)པ། བཙན་པོ་ལ་སྙན་སེང་ཞུས་ཏེ་གནང་བ་ཐོབ་པ།

– – – – –

Loading