རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ཐུན་མིན་ཤེས་པའི་ལྟ་གྲུབ་རང་རིག་གི་སྐོར་ལ་དཔྱད་པ།

0
297

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་རང་རིག་ཅེས་པའི་ཐ་སྙད་འདི་དུས་ནམ་ཞིག་ལ་བྱུང་བ་དང་། རྒྱལ་བའི་བཀའ་དང་ཕྱོགས་གླང་ཡབ་སྲས་མ་བྱོན་གོང་གི་གཞུང་རྣམས་སུ་རང་རིག་ཅེས་པའི་ཐ་སྙད་བྱུང་ཡོད་མེད། བོད་འགྲེལ་མཁས་པའི་བསྟན་བཅོས་མང་པོའི་ནང་མདོ་སྡེ་པ་དང་སེམས་ཙམ་པ་ཡིན་ན་རང་རིག་བཞེད་པའི་ཁྱབ་པར་གསུངས་པའི་དགོངས་པ་དྲང་དོན་དུ་བཀྲལ་ནས། རང་རིག་ཅེས་པའི་ཐ་སྙད་འདི་སློབ་དཔོན་ཕྱོགས་གླང་གིས་གསར་གཏོད་བྱས་ཤིང་དཔལ་ལྡན་ཆོས་གྲགས་ཀྱིས་རྒྱ་བསྐྱེད་པས། རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་སེགས་ཆོས་རིག་པའི་ཐུན་མིན་ལྟ་གྲུབ་ཅིག་ཡིན་པའི་ལྟ་ཚུལ་བཏོན་ཡོད།

གནད་ཚིག  རང་རིག ཕྱོགས་གླང་། རིགས་པའི་དབང་ཕྱུག་རྣམ་གཉིས།

གླེང་གཞི།

དེ་ཡང་ནང་བསྟན་ཚད་མ་རིག་པའི་གཞུང་ལུགས་ནང་རང་རིག་མངོན་སུམ་ནི་མ་གླེང་ཐབས་མེད་ཀྱི་སེམས་ཆོས་རིག་པ་ཞིག་ཏུ་གྱུར་ཡོད་ལ། ཆོས་རྒྱལ་ལོ་པཎ་རྣམས་ཀྱི་སྐུ་དྲིན་ལས་རྒྱ་གར་འཕགས་པའི་ཡུལ་གྱི་མཚན་ཉིད་རིག་པ་དར་བའི་རྩེ་མོར་སོན་པའི་སྐབས་སུ་ཡང་། གདན་ཐོབ་བླ་ན་མཐོ་བའི་ཚད་མ་རིག་པའི་འཆད་ཉན་ཁ་བའི་ལྗོངས་སུ་དར་ཏེ་བགྲང་བྱའི་ཉག་མ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། ནང་བསྟན་ཚད་མ་རིག་པའི་གཞུང་ལུགས་ལས་བྱུང་བའི་ཐུན་མིན་སེམས་ཆོས་རིག་པ་སྟེ། རང་རིག་མངོན་སུམ་གྱི་སྐོར་ལ་སྔ་ཕྱིའི་མཁས་པ་རྣམས་ཀྱི་དགག་སྒྲུབ་དང་དོགས་སློང་གི་རྩོད་པ་བར་མ་ཆད་པར་བྱུང་ཞིང་། དེ་ཡང་རང་རིག་གི་ངོ་བོ་འཇོག་ཚུལ། ཤེས་པ་ལ་རང་རིག་གིས་ཁྱབ་མིན། རང་རིག་མངོན་སུམ་གྱིས་ཡུལ་ཇི་ལྟར་རྟོགས་ཚུལ། སེམས་ཙམ་པའི་སློབ་དཔོན་ཕྱོགས་གླང་ཡབ་སྲས་ཀྱིས་རང་མྱོང་རང་རིག་མངོན་སུམ་གྱི་རྣམ་གཞག་ཁས་བླངས་པ་ལ། དབུ་མ་ཐལ་འགྱུར་བའི་སློབ་དཔོན་ཟླ་བ་གྲགས་པ་དང་ལེགས་ལྡན་འབྱེད་སོགས་ཀྱིས་རང་རིག་འགོག་པའི་རིགས་པ་མང་དུ་གསུངས་ནས་དགག་སྒྲུབ་བྱས་པ་སོགས་ལས་འཕྲོས་པའི་རྩོད་སྒྲུབ་བགྲང་གིས་མི་ལངས་པ་ཞིག་བྱུང་ཡོད་མོད། རང་རིག་ཅེས་པའི་ཐ་སྙད་དུས་ནམ་ཞིག་ལ་བྱུང་བ་དང་། མཁས་པ་སུས་གསར་རྟོགས་བྱུང་པ། ནང་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ནང་གསེས་རང་རིག་འདོད་མིན་ལ་སྔ་དར་དང་ཕྱི་དར་གྱི་ཁྱད་པར་ཡོད་མེད་སོགས་བྱེ་བྲག་གི་ཆ་ནས་དཔྱད་ཞིབ་ཆེར་བྱས་མེད་པ་ནི། མཚན་ཉིད་རིག་པའི་མ་ལག་ཆ་ཚང་བའི་རིག་གཞུང་ཞིག་གི་ངོས་ནས་བལྟས་ན་སྟོང་ཆར་ལྷག་ཡོད་པ་དང་། བོད་འགྲེལ་མཁས་པའི་བསྟན་བཅོས་ཕལ་མོ་ཆེར་ནང་པའི་གྲུབ་མཐའ་སྨྲ་བ་བཞི་ལས་མདོ་སྡེ་པ་དང་སེམས་ཙམ་པའི་སློབ་དཔོན་ནང་གསེས་ཀྱི་ཁྱད་པར་མ་ཕྱེས་པར། མདོ་སེམས་གང་རུང་ཡིན་ན་རང་རིག་འདོད་པའི་ཁྱབ་པ་བཟུང་འདུག་པ་ནི། ལུགས་དེ་གཉིས་སོ་སོར་མ་ཕྱེས་པའི་རྩིང་རགས་ཀྱི་བཤད་པ་ཙམ་ལས་དོན་ལ་གནས་དཀའ། ལུགས་དེ་གཉིས་མ་འདྲེས་པར་སོ་སོར་འབྱེད་དགོས་པ་ནི་ཤིན་ཏུ་ནས་གནད་ཆེ་སྟེ། «རྣམ་འགྲེལ་ཐར་ལམ་གསལ་བྱེད་»ལས། “ལུགས་དེ་གཉིས་སོ་སོར་འབྱེད་ན་མཁས་པར་འགྱུར་གྱི་གཅིག་ཏུ་བསྲེ་བ་སྐད་བྱེད་ན་གཉིས་ཀ་མ་རྟོགས་པའི་རྟགས་ཡང་དག་ཡིན་པས། ཀྱེ་ཤེས་པ་ཆུང་བ་དག་ད་དུ་ར་ཟོས་པ་མིན་ནམ་མིག་ཡང་དང་ཡང་དུ་ཕྱིས་ལ་ལྟོས་ཤིག”[1]ཅེས་ཇི་སྐད་གསུངས་པ་ལྟར་དུ་འགྱུར་ལ། གཞན་ཡང་ཕྱོགས་སྔའི་ནམ་མ་ལངས་པར་དགག་པའི་ཉི་མ་ཤར་ཞེས་པའི་དཔེ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་དུ་རང་རིག་བཀག་ཡོད་པར་འདོད་པ་དང་། བྱུང་རབས་ལ་རྒྱུས་མེད་པའིགཏམ་དཔལ་ལྡན་ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པས་འཇུག་པ་རྩ་འགྲེལ་དུ་རང་རིག་བཀག་པ་མགོན་པོ་ཀླུ་སྒྲུབ་ཀྱི་རང་རིག་མི་བཞེད་པའི་སྒྲུབ་བྱེད་དུ་འདོད་པ་སོགས་མཁས་པ་སྔ་མ་རྣམས་ཀྱི་གསལ་ཁ་མ་ཐོན་པའི་གབ་དོན་རྣམས་ལ། ནང་བསྟན་མཚན་ཉིད་རིག་པའི་ལྟ་གྲུབ་ཀྱི་བྱུང་རབས་དང་སྦྱར་ནས་གཟི་བོའི་བློ་ཡིས་དཔྱད་ན། བཅོམ་ལྡན་འདས་ཀྱི་མདོ་ལས་རང་རིག་གི་རྣམ་གཞག་གསལ་བར་གསུངས་མེད་པ་དང། གནའ་རབས་ཉན་ཐོས་སྡེ་གཉིས་ཀྱི་གཞུང་དུ་ཡང་རང་རིག་འདོད་པའི་ཁུངས་དང་སྒྲུབ་བྱེད་གསལ་བོ་མེད་པ། ཐེག་པ་ཆེན་པོའི་སློབ་དཔོན་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་སྐུ་དུས་སུ་རང་རིག་འདོད་མིན་ལ་དགག་སྒྲུབ་ཀྱི་རྩོད་པ་ཅི་ཡང་བྱུང་མེད་པས། རང་རིག་ཅེས་པའི་ཐ་སྙད་འདི་སློབ་དཔོན་ཕྱོགས་གླང་གི་གཞུང་དུ་ཐོག་མར་བྱུང་སྟེ། དཔལ་ཆོས་ཀྱི་གྲགས་པས་རྒྱ་ཆེར་དར་སྤེལ་བྱས་ཡོད་པ་དཔོག་ནུས་པ་ལ། དེའི་ཕྱིར་རང་རིག་ཅེས་པའི་སེམས་ཆོས་རིག་པ་འདི་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ཐུན་མིན་ལྟ་གྲུབ་ཅིག་ཡིན་པའི་ཚུལ་རགས་ཙམ་གླེང་བར་བྱའོ། །

དང་པོ། རྒྱལ་བའི་བཀའ་ལས་རང་རིག་ཅེས་པའི་ཐ་སྙད་བྱུང་ཡོད་མེད།

རྒྱལ་བའི་བཀའ་ལས་རང་རིག་མངོན་སུམ་གྱི་དོན་གསལ་བར་བསྟན་པའི་ཁུངས་རྩོད་མེད་ཅིག་ད་ལྟའི་བར་བྱུང་མེད་ལ། །“རང་བྱུང་རང་རིག་མངོན་སུམ་སྣང་དུས་ན།” [2]ཞེས་དང“སོ་སོ་རང་རིག་ཆོས་ཉིད་གཙང་། །”[3]ཡང་“སོ་སོ་རང་རིག་ཡང་དག་ཉིད། །”[4]ཅེས་སོགས་རང་དང་རིག་གཉིས་ཚིག་གྲོགས་སུ་སྦྱར་བའི་ཐ་སྙད་རེ་འགའ་བྱུང་བ་ལས།”«ཚད་མ་ཀུན་བཏུས་»ལས། “ཡུལ་ཤེས་པ་དང་དེ་ཤེས་པའི། །དབྱེ་བས་བློ་ཡི་ཚུལ་གཉིས་ཉིད། །དུས་ཕྱིས་དྲན་པ་ལས་ཀྱང་སྟེ། ། ཚུལ་གཉིས་དང་ནི་རང་རིག་གྲུབ། ”[5]ཅེས་པའི་སྐབས་ནས་བསྟན་པའི་རང་རིག་མངོན་སུམ་གྱི་དོན་དང་ཐ་སྙད་གང་ཡང་མ་བྱུང་བར་འདོད་དེ། རང་རིག་འདོད་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་རང་རིག་སྟོན་པའི་མདོ་ཁུངས་རྩོད་མེད་ཅིག་ཁུངས་སུ་དྲངས་ནས་རང་རིག་ཡོད་པར་སྒྲུབ་ཡོད་པའི་ཡིག་ཆ་གང་ཡང་མ་མཐོང་ལ། མཁས་དབང་ཟླ་བ་ཚེ་རིང་གིས་«རྣམ་རིག་པའི་ལྟ་གྲུབ་ལས་བྱུང་བའི་རང་རིག་གི་རྣམ་གཞག་»ཅེས་པའི་དཔྱད་རྩོམ་ནང།«རྒྱན་སྟུག་པོ་བཀོད་པའི་མདོ།»ལས། “སྣ་ཚོགས་སྣང་བ་[6]རང་སེམས་ཏེ། །ལུས་ཅན་རྣམས་ཀྱི་བདག་ཉིད་གཉིས། །ཕྱི་དང་ནང་དང་ཐམས་ཅད་དུ། །གཟུང་དང་འཛིན་པ་ལྟ་བུར་གནས། །”[7]ཞེས་པའི་ཚིག་འདི་དྲངས་ནས་རང་རིག་སྟོན་པའི་མདོ་ཁུངས་སུ་འཇོག་འོས་པའི་ལྟ་ཚུལ་བཏོན་ཡོད་ཀྱང་། དེ་ཡང་འཐད་པར་མི་སེམས་ཏེ། མདོ་འདིར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་སྣང་ཆའམ་བདག་ཉིད་ཙམ་དུ་གྲུབ་པ་དང་། དེ་ཡང་ཐ་སྙད་རྣམ་འཇོག་ལ་གཟུང་འཛིན་གཉིས་ཀྱི་རྣམ་པར་གནས་ལ། དོན་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་དང་སེམས་ཀྱང་དེ་ལས་གུད་དུ་མེད་པར་སྟོན་པའི་སེམས་ཙམ་པའི་ལྟ་གྲུབ་གཟུང་འཛིན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀུན་གཞིའི་སྣང་ཆ་ཙམ་དུ་སྟོན་པ་ལས་རང་རིག་གི་ཤེས་པ་སྟོན་པའི་ཁུངས་སུ་མི་འགྲོ་བར་སེམས།  སྤྱིར་གྲུབ་མཐའ་སྨྲ་བ་རྣམས་ཀྱི་རང་ལུགས་འཐད་སྒྲུབ་ཀྱི་ཆེད་དུ་མདོ་ཚིག་གཅིག་ཉིད་ཕྱོགས་དུ་མར་བཀྲལ་ཏེ་རང་ཉིད་ཀྱི་ལྟ་གྲུབ་བཅོམ་ལྡན་འདས་ཀྱི་དགོངས་པ་འཁྲུལ་མེད་ཡིན་པས་སྒྲུབ་བྱེད་དུ་འགོད་པ་ལྟར། མཁས་དབང་ཁོང་གིས་མདོ་ཚིག་འགྲེལ་ཚུལ་འདི་ཡང་རང་ཉིད་ཀྱི་ཞེན་འདོད་གཙོར་བཟུང་གི་ཕྱོགས་སུ་བཀྲལ་བ་ལས་རང་རིག་སྟོན་པའི་རྒྱུ་མཚན་ཡང་དག་དུ་མ་མཐོང་། དེའི་ཕྱིར་རང་རིག་སྟོན་པའི་མདོ་ཁུངས་གསལ་བོ་ཞིག་མེད་པ་དཔྱད་རྩོམ་འདིར་རང་ལུགས་སུ་བཟུང་ཡོད།

དཔྱད་དགོས་པ་གཞན་ཞིག་ནི་ཕྱི་དར་དབུ་མའི་གྲུབ་མཐའ་སྨྲ་བའི་གཞུང་དུ་མར་བཅོམ་ལྡན་གྱི་མདོ་ལས་རང་རིག་མངོན་སུམ་བཀག་ཡོད་པའི་དགོངས་ཚུལ་ཐོན་ཡོད་ལ། «ལང་ཀར་གཤེགས་པའི་མདོ་» ལས་“ཇི་ལྟར་རལ་གྲི་རང་གི་སོ། །གཅོད་པར་མི་བྱེད་སོར་མོ་ནི། ། རང་ལ་རེག་པར་མི་བྱེད་ལྟར། ། རང་རིག་སེམས་ཀྱང་དེ་བཞིན་ནོ། །”[8]ཞེས་པའི་མདོ་ཚིག་འདི་དང་། «གཙུགས་ན་རིན་ཆེན་པོ་ཆེས་ཞུས་པའི་མདོ་»ལས། “དེ་སེམས་ཀུན་དུ་ཚོལ་བ་ན་སེམས་ནང་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང་། སེམས་ཕྱི་རོལ་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང་། སེམས་ཕྱི་དང་ནང་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང་ཕུང་པོ་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་། ཁམས་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་། སྐྱེ་མཆེད་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེས་སེམས་ཡང་དག་པར་རྗེས་སུ་མ་མཐོང་བས་སེམས་ག་ལས་བྱུང་ཞེས་སེམས་ཀྱི་རྒྱུན་ཀུན་དུ་ཚོལ་ཞིང་དེ་འདི་སྙམ་དུ་སེམས་ཏེ། དམིགས་པ་ཡོད་པ་ལས་འབྱུང་བར་འགྱུར་རོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། ཅི་དམིགས་པ་དེ་ཡང་གཞན་ལ་སེམས་དེ་ཡང་གཞན་ནམ་འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན། གལ་ཏེ་དམིགས་པ་ཡང་གཞན་ལ་སེམས་ཀྱང་གཞན་ཡིན་ན་ནི་སེམས་དེ་གཉིས་སུ་འགྱུར་རོ། །འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན་ན་ནི་སེམས་ཀྱིས་སེམས་དེ་ཇི་ལྟར་མཐོང་བར་འགྱུར་ཏེ། སེམས་ཀྱིས་སེམས་མཐོང་བར་མི་རུང་ངོ་། །འདི་ལྟ་སྟེ་དཔེར་ན་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅད་པར་མི་ནུས་པ་དང་། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དེ་ཉིད་ལ་རེག་པར་མི་ནུས་པ་དེ་བཞིན་དུ་སེམས་དེ་ཉིད་ཀྱིས་ཀྱང་སེམས་དེ་ཉིད་མཐོང་བར་མི་ནུས་སོ་སྙམ་ནས། དེ་འདི་ལྟར་ཚུལ་བཞིན་དུ་རབ་ཏུ་སྦྱོར་བ་ལས་གང་སེམས་མི་གནས་པ་ཆད་པ་མ་ཡིན་པ། རྟག་པར་མ་ཡིན་པ། ཐེར་ཟུག་ཏུ་མི་གནས་པ། རྒྱུ་མེད་པ་མ་ཡིན་པ། རྐྱེན་དང་མི་འགལ་བ། དེ་ལས་ཀྱང་མ་ཡིན་གཞན་ལས་ཀྱང་མ་ཡིན་པ། དེ་ཉིད་ཀྱང་མ་ཡིན་གཞན་ཡང་མ་ཡིན་པའི་སེམས་ཀྱི་རྒྱུད་སེམས་ཀྱི་འཁྲི་ཤིང་སེམས་ཀྱི་ཆོས་ཉིད་སེམས་མི་གནས་པ་དང་། སེམས་རྒྱུ་མེད་པ་དང་། སེམས་སྣང་བ་མེད་པ་དང་། སེམས་ཀྱི་རང་གི་མཚན་ཉིད་ཇི་ལྟར་དེ་བཞིན་ཉིད་འཁྲུག་པར་མི་བྱེད་པ་དེ་ལྟར་ཤེས་སོ། །དེ་ལྟར་མཐོང་ངོ་།”[9]ཞེས་པ་གཉིས་ཁུངས་སུ་དྲངས་ནས་རང་རིག་འགོག་པའི་མདོ་ཁུངས་ཡོད་པའི་ཤེས་བྱེད་དུ་བཀོད་པ་ཡོད་མོད། གཟུ་བོའི་བློ་ཡིས་དཔྱད་ན་མདོ་དེ་གཉིས་སུ་རང་རིག་མངོན་སུམ་བཀག་ཡོད་པའི་སྒྲུབ་བྱེད་ཀྱི་མི་འདང་བར་མ་ཟད། མདོ་ཚིག་རང་ངོས་ནས་རང་རིག་བཀག་པའི་ཤེས་བྱེད་དུ་འགྲོ་དཀའ་བ་དང་། ཕྱི་དར་དབུ་མའི་གཞུང་རྣམས་སུ་ལུང་འདྲེན་བྱས་པའི་མདོ་ཚིག་བཀའ་བསྟན་ནང་ཇི་བཞིན་མེད་པ་དང་། ནང་པའི་ལྟ་གྲུབ་འཕེལ་རིམ་གྱི་ངོས་གང་ནས་བལྟས་ཀྱང་། མདོ་དེ་གཉིས་ནི་སློབ་དཔོན་ཕྱོགས་གླང་ཡབ་སྲས་ཀྱི་འདོད་པའི་རང་རིག་མངོན་སུམ་འགོག་པའི་མདོར་ཤིན་ཏུ་ནས་འཐད་དཀའ། དེར་མ་ཟད་«ལང་ཀར་གཤེགས་པའི་མདོ་»རང་རིག་སྒྲུབ་པའི་ཤེས་བྱེད་དུ་འདྲེན་མཁན་ཡང་ཡོད་པས་མདོ་གཅིག་ཉིད་སྒྲུབ་པ་དང་འགོག་པའི་ཤེས་བྱེད་དུ་འགྲོ་དཀའ་ལ། «གཙུགས་ན་རིན་པོ་ཆེས་ཞུས་པ་»ལས་གསུངས་པ་དེ་ཡང་རང་རིག་འགོག་པ་དང་སྒྲུབ་པ་གང་ཡང་མ་ཡིན་པར་ཆོས་ཐམས་ཅད་དམིགས་སུ་མེད་ལ་དམིགས་སུ་མེད་པར་སྒོམ་པའི་དྲན་པ་ཉེ་བར་བཞག་པ་ཡང་དམིགས་སུ་མེད། དེ་བཞིན་དུ་སེམས་དྲན་པའི་ཤེས་པ་ཡང་དམིགས་སུ་མེད་པར་བཤད་པ་ཙམ་ཡིན་པ་མདོ་ཉིད་ན་གསལ་ལོ། །

གཉིས་པ། གནའ་རབས་ཉན་ཐོས་སྡེ་གཉིས་ཀྱི་གཞུང་དུ་རང་རིག་མངོན་སུམ་གྱི་ཐ་སྙད་བྱུང་མེད་པ།
གཅིག  བྱེ་བྲག་སྨྲ་བའི་རང་གཞུང་དུ་རང་རིག་མངོན་སུམ་གྱི་ཐ་སྙད་བྱུང་མེད་པའི་སྐོར།

བྱེ་བྲག་སྨྲ་བའི་རང་གཞུང་དུ་རང་མངོན་སུམ་གྱི་ཐ་སྙད་བྱུང་མེད་པ་ནི། བྱེ་བྲག་སྨྲ་བའི་རང་གཞུང་«བྱེ་བྲག་ཏུ་བཤད་པ་»དང་།[10]«མངོན་པ་སྡེ་བདུན།»[11]«མཛོད་རྩ་བ།»[12]«ཆོས་མངོན་སྙིང་པོ»[13]སོགས་སུ་རང་རིག་མངོན་སུམ་བསྟན་མེད་ལ། «མཆིམས་མཛོད»་ལས། “སྣང་བ་འདི་དོན་མ་ཡིན་ན་མི་སྣང་བའི་དོན་ཡོད་པ་ལ་སྒྲུབ་བྱེད་མེད་པའི་ཕྱིར་དང་། རགས་སྣང་ཤེས་པ་ཡིན་ན་རགས་པ་རྡུལ་ཕྲན་བསགས་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །རྣམ་པར་ཤེས་པ་རྣམས་ཀྱང་ཡུལ་གཞན་ཡོངས་སུ་གཅོད་པ་ཡིན་གྱི་རང་ཉིད་གཅོད་པ་ནི་མ་ཡིན་ཏེ། བདག་ཉིད་ལ་གཅད་བྱ་གཅོད་བྱེད་གཉིས་མེད་པའི་ཕྱིར་རོ། །”[14]ཞེས་སོགས་བྱེ་བྲག་སྨྲ་བའི་ལུགས་ལ་རང་རིག་འདོད་ན་རང་གི་རྩ་བའི་ལྟ་གྲུབ་དང་འགལ་བའི་རྒྱུ་མཚན་གསུམ་བཀོད་ནས་ལུགས་དེའི་རང་རིག་མི་བཞེད་པར་གསུངས་བ་ལྟར་གདན་སའི་ཡིག་ཆའི་མཁན་པོ་རྣམས་གཙོས་སྔ་ཕྱིའི་མཁས་པ་རྣམས་ཞལ་མཐུན་པར་གནས། དེ་ལྟ་ན་ནང་བསྟན་འཕེལ་རིམ་གྱི་བྱུང་རབས་ངོས་ནས་དཔྱད་ན་བྱེ་བྲག་སྨྲ་བའི་ལུགས་ལ་རང་རིག་མི་འདོད་པའི་གནད་འདི་ཡང་ལུང་གི་རྗེས་འབྲང་གི་མདོ་སྡེ་བ་སོགས་ཕྱོགས་གླང་ཡར་སྔོན་གྱི་གནའ་རབས་ནང་བསྟན་མཚན་ཉིད་རིག་པའི་མཁས་པ་རྣམས་ཀྱིས་རང་རིག་མི་བཞེད་པའི་སྒྲུབ་བྱེད་དུ་འགྲོ་བར་སྙམ།

གཉིས། གནའ་རབ་མདོ་སྡེ་པའི་རང་གཞུང་དུ་རང་རིག་མངོན་སུམ་གྱི་ཐ་སྙད་བྱུང་མེད་པ།

གནའ་རབས་མདོ་སྡེ་པའི་རང་གཞུང་རང་བཙན་པ་བོད་འགྱུར་མེད་པ་དང་མདོ་སྡེ་པའི་ལྟ་གྲུབ་རང་སྟེང་ནས་འཆད་ཉན་ཆེན་པོ་བྱུང་མེད་པས།  མདོ་སྡེ་པའི་རང་རིག་མངོན་སུམ་ཞལ་གྱིས་བཞེས་མིན་གསལ་ཁ་ཆེར་མེད་ནའང་། གནའ་རབས་ལུང་གི་རྗེས་འབྲང་གི་མདོ་སྡེ་པ་རྣམས་ཀྱིས་ཚད་མར་འཛིན་པའི་གཞུང་ནི་མདོ་སྡེ་ཁོ་ན་ཡིན་ཏེ། «སློབ་དཔོན་འདུན་བཟང་གི་རིགས་པའི་རྗེས་འབྲངས་»ལས། “བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོར་བཀའ་བསྩལ་པ། ད་ཕྱིན་ཁྱེད་ཅག་མདོ་སྡེ་བརྟེན་ཅིང་མདོ་སྡེ་ཚད་མར་བྱའོ། །”[15]ཞེས་དང་། «མཛོད་རང་འགྲེལ་ལས།»“ཁོ་བོ་ཅག་ནི་མདོ་ཚད་མར་བྱེད་པ་ཡིན་གྱི། ཁོ་བོ་ཅག་བསྟན་བཅོས་ཚད་མར་བྱེད་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལ་བརྟེན་པར་བྱའོ། །”[16]ཞེས་གསུངས་པ་ལྟར་མདོ་སྡེ་པ་རྣམས་མདོ་ལས་ཇི་ལྟར་འབྱུང་བ་རྣམས་རང་གི་ལྟ་གྲུབ་དུ་བྱས་ནས་ཁས་ལེན་པས། མདོ་སྡེ་ནས་རང་རིག་མངོན་སུམ་མ་གསུངས་པ་ཡང་ལུགས་འདིའི་རང་རིག་མངོན་སུམ་མི་འདོད་པའི་སྒྲུབ་བྱེད་དུ་བཞག་ཆོག་པ་དང་། གཞན་«བྱེ་བྲག་ཏུ་བཤད་པ་ཆེན་མོ་»དང་«མངོན་པ་སྡེ་བདུན་»སོགས་སུ་དཔེ་སྟོན་པའི་འདོད་པ་བརྗོད་པའི་སྐབས་སུ་རང་རིག་གི་རྣམ་གཞག་བསྟན་མེད་ལ། «མངོན་པ་མཛོད་རང་འགྲེལ་»དང་«རིགས་པའི་རྗེས་འབྲངས་»སོགས་རང་གཞུང་རྣམས་སུ་ཡང་རང་རིག་ཅེས་པའི་ཐ་སྙད་མི་གསལ་བར་མ་ཟད། མདོ་སྡེ་པའི་འདོད་པ་ཕྱོགས་སྔར་བླངས་བ་དང་ཁུངས་སུ་འདྲེན་པའི་བསྟན་བཅོས་གང་ལས་ཀྱང་ལུགས་འདིའི་རང་རིག་བཞེད་མི་བཞེད་གསལ་ཁ་མེད་ལ། མདོ་སྡེ་པའི་རྩ་བའི་ལྟ་གྲུབ་གཞིར་བྱས་ན་རང་རིག་འདོད་དགོས་པའི་སྒྲུབ་བྱེད་ཀྱི་རིགས་པ་གཅིག་ཀྱང་མེད། འོན་ཀྱང་རིགས་པའི་རྗེས་འབྲང་གི་མདོ་སྡེ་པའི་རང་རིག་འདོད་པ་ནི་གསལ་བཤད་བྱེད་མི་དགོས་པའི་རྒྱུན་ཤེས་ཤིག་ཡིན་པས་དེའི་སྐོར་འདིར་གླེང་སློང་བྱ་རྒྱུ་མིན། རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་གཞུང་ལས་རང་རིག་འདོད་དགོས་པའི་སྒྲུབ་བྱེད་ཀྱི་རིགས་པ་བཀོད་པ་རྣམས་ལུང་གི་རྗེས་འབྲང་གི་མདོ་སྡེ་པའི་ལྟ་གྲུབ་དང་འབྲེལ་བ་ཆེར་མེད་པས། «ཀུན་མཁྱེན་འཇམ་དབྱངས་བཞད་པའི་དབུ་མའི་མཐའ་དཔྱོད་»ལས།“མངོན་པ་མཛོད་ལྟར་འདོད་པའི་ལུང་གི་རྗེས་འབྲང་གི་མདོ་སྡེ་པས་རང་རིག་གི་རྣམ་གཞག་འགྲེལ་བ་འགྲེལ་བཤད་གང་གིས་ཀྱང་མ་བཤད་པས་ཁས་མི་ལེན་”[17]གསུངས་པ་ལྟར་གཟིགས་རྒྱ་ཡངས་པའི་མཁས་པ་ཁོང་གི་རྣམ་དཔྱོད་ཀྱི་བཅུད་ལས་བྱུང་བའི་སྡོམ་ཚིག་འདི་འཐད་ལྡན་དུ་འཛིན་རིགས་ཏེ། བོད་ཀྱི་འགྲེལ་བཤད་མཁན་པོ་རྣམས་ཀྱིས་ལུང་གི་རྗེས་འབྲང་དང་རིག་པའི་འབྲང་གི་མདོ་སྡེ་པའི་ཁྱད་པར་མ་ཕྱེས་བར་གཅིག་ཏུ་བསྲེས་ནས་བཤད་པའི་ཤན་མ་ཐེབས་པའི་མཁས་པ་ཆེན་མོ་ཀུན་མཁྱེན་རོང་ཟོམ་ཆོས་བཟང་གི་«ལྟ་བ་དང་གྲུབ་མཐའ་སྣ་ཚོགས་བརྗེད་བྱང་དུ་བགྱིས་པ་»ལས།[18]མདོ་སྡེ་པའི་འདོད་པ་འཆད་སྐབས་མངོན་སུམ་ཚད་མ་ལ་གསུམ་ལས་བཞི་བ་རང་རིག་མངོན་སུམ་མ་བཞག་པས་ཀྱང་དཔྱད་པའི་མིག་གསལ་བོ་ཞིག་ཕྱེས་ཡོད་པར་འདོད།

གསུམ་པ།  རིགས་པའི་དབང་ཕྱུག་རྣམ་གཉིས་མ་བྱོན་གོང་གི་དབུ་སེམས་ཀྱི་མཁས་པའི་གཞུང་དུ་རང་རིག་ཡོད་མེད་སྐོར།
གཅིག  ཕྱོགས་གླང་ཡར་སྔོན་གྱི་དབུ་མའི་གཞུང་དུ་རང་རིག་མངོན་སུམ་གྱི་ཐ་སྙད་བྱུང་མེད་པའི་ཚུལ།

རིགས་པའི་དབང་ཕྱུག་ཕྱོགས་གླང་དང་ཆོས་གྲགས་གཉིས་བྱོན་ནས་ནང་བསྟན་ཚད་མ་རིག་པའི་སྲོལ་རྒྱས་པར་མ་ཕྱེས་གོང་དུ། ཐེག་པ་ཆེན་པོ་ཤིང་རྟའི་སྲོལ་འབྱེད་མགོན་པོའི་ཀླུ་སྒྲུབ་[19]ཀྱིས་«དབུ་མ་རིགས་ཚོགས་དྲུག་»སོགས་བསྟན་བཅོས་མང་དུ་མཛད་ནས་ཐེག་པ་ཆེན་པོ་དབུ་མའི་སྲོལ་ཕྱེས་ཤིང་། འཕགས་པ་ཐོགས་མེད་[20]ཀྱིས་«ས་སྡེ་»སོགས་བྱམས་ཆོས་ཀྱི་གཞུང་མང་པོ་མཛད་ནས་རྣམ་རིག་པའི་ཤིང་རྟའི་སྲོལ་རྒྱ་ཆེར་དར་བར་བྱས་ལ།  ཤིང་རྟ་བ་ཆེན་མོ་མགོན་པོ་ཀླུ་སྒྲུབ་སློབ་བརྒྱུད་[21]དང་བཅས་པའི་རང་རིག་མི་བཞེད་པར་རི་བོ་དགེ་ལྡན་པའི་མཁས་པ་རྣམས་ཀྱི་རྩོད་མེད་དུ་ཁས་ལེན་ཀྱང་། མགོན་པོ་ཀླུ་སྒྲུབ་ཀྱི་«རྩ་བ་ཤེས་རབ་»དང་«རྩོད་བཟློག་»«ཞིབ་མོ་རྣམ་འཐག་»སོགས་སུ་རང་རིག་བཀག་ཡོད་པར་བཞེད་པའི་མཁས་པ་མང་དུ་མཆིས་ན་ཡང་། ཞིབ་ཏུ་དཔྱད་ན་གཞུང་དེ་གསུམ་དུ་རང་རིག་ཅེས་པའི་ཐ་སྙད་དངོས་སུ་བྱུང་མེད་པར་མ་ཟད། གཞུང་དེ་དག་ལས་དྲངས་པའི་ལུང་རྣམས་རང་རིག་འགོག་པའི་ཤེས་བྱེད་དུ་ཤིན་ཏུ་ནས་འགྲོ་དཀའ་སྟེ། དཔེར་ན། རྩ་བ་ཤེས་རབ་ལས། “མར་མེ་རང་དང་གཞན་གྱི་དངོས། །གལ་ཏེ་སྣང་བར་བྱེད་འགྱུར་ན། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད། །”[22]ཅེས་གསུངས་པ་རང་རིག་འགོག་པའི་ཤེས་བྱེད་དུ་འདྲེན་མཁན་ཡོད་མོད། དེ་ནི་དངོས་སྨྲ་བའི་འདོད་པ་ཕྱོགས་སྔར་བཟུང་ནས་སྐྱེ་བའི་དོན་དམ་པར་སྐྱེས་པའི་བྱ་བ་བྱས་པ་དང་ཚད་མས་ཀྱང་དོན་དམ་པར་ཚད་མ་རང་ཉིད་རྟོགས་པ་མི་འཐད་པར་བཤད་པ་བཞིན། སློབ་དཔོན་ཕྱོགས་གླང་གིས་བཞེད་པའི་ཤེས་པའི་བདག་ཉིད་དུ་གྱུར་པའི་གསལ་རིག་གི་ཆ་ཞིག་གིས་རང་ཉིད་མྱོང་བར་འདོད་པ་མི་འཐད་པའི་དཔེར་བཟུང་བ་ཙམ་ཡིན་ན་འགལ་བ་ཆེར་མེད་མོད། རང་མྱོང་རང་རིག་མངོན་སུམ་དགག་པའི་ཁུངས་སུ་འཇོག་པ་ནི་འཐད་པར་མི་སེམས་ཏེ། གཞུང་དེ་གསུམ་དུ་དངོས་སྨྲ་བའི་འདོད་པ་ཕྱོགས་སྔར་བླངས་ནས་མར་མེའི་རང་གཞན་གྱི་དངོས་པོ་ཀུན་གསལ་བར་བྱེད་ན་མུན་པས་ཀྱང་མུན་པ་སྒྲིབ་པར་བྱེད་པའི་དཔེ་མི་འཐད་པར་གསུངས་པ་ནི། སྐྱེ་བའི་དོན་དམ་པར་སྐྱེས་པའི་བྱ་བ་བྱེད་ན་བྱ་བྱེད་ལས་གཅིག་ཏུ་འགྱུར་བའི་སྐྱོན་བསྟན་པ་དང་། ཚད་མས་གཞལ་བྱ་རྟོགས་པ་གཞལ་བྱ་དོན་དམ་པར་གྲུབ་པ་ལ་རག་ལས་ན་ཚད་མ་རང་ཉིད་ཀྱང་དོན་དམ་པར་གྲུབ་པའི་ཚད་མ་ཞིག་གིས་འཇོག་དགོས་ལ། ཚད་མ་ཉིད་ཀྱང་དོན་དམ་པར་གྲུབ་པའི་ཚད་མ་གཞན་ཞིག་གིས་འཇོག་དགོས་པར་འགྱུར་བས་ཐུག་མེད་དུ་འགྱུར་བ་དང་། ཡང་ན་ཚད་མས་ཡུལ་རྟོགས་པ་གཞལ་བྱ་ལ་མི་ལྟོས་བར་ཐལ་བས་སྐྱོན་བསྟན་པ་ཙམ་ལས་ཚིག་གི་དངོས་ཟིན་ལ་རང་མྱོང་རང་རིག་མངོན་སུམ་ཚད་མ་བཀག་པའི་ཤེས་བྱེད་མེད་པ་ཤིན་ཏུ་གསལ། གཞན་དུ་ན་ཕྱོགས་གླང་སྔོན་གྱི་མཁས་པ་སངས་རྒྱས་བསྐྱངས་དང་ཕྱོགས་གླང་དང་ཕལ་ཆེར་དུས་ཉམས་པར་བྱོན་པའི་ལེགས་ལྡན་འབྱེད། དེའི་རྗེས་སུ་བྱོན་པའི་དཔལ་ལྡན་ཟླ་བ་སོགས་ཀྱི་རྩ་ཤེས་འགྲེལ་བཤད་རྣམས་སུ་རང་རིག་བཀག་པའི་གསལ་ཁ་ངེས་པར་ཐོན་དགོས་ཀྱང་། གོང་དུ་དྲངས་པའི་རྩ་ཤེས་ཀྱི་ལུང་ཚིག་དེ་འགྲེལ་སྐབས་རང་རིག་ཅེས་པའི་མིང་ཙམ་ཡང་འགྲེལ་བཤད་དེ་དག་གི་ནང་དུ་ཐོན་མེད་ལ། ཁྱད་པར་དུ་དཔལ་ལྡན་ཟླ་བ་དང་ལེགས་ལྡན་འབྱེད་ཀྱི་དུས་སྐབས་སུ་རང་རིག་མངོན་སུམ་གྱི་ཐ་སྙད་བྱུང་ཟིན་པར་མ་ཟད་རང་རིག་འཐད་མིན་གྱི་རྩོད་པ་ཆེས་ཆེར་དར་བའི་སྒང་ཡིན་པས། དཔལ་ལྡན་ཟླ་བའི་«དབུ་མ་འཇུག་པ་རྩ་འགྲེལ་»དང་། ལེགས་ལྡན་འབྱེད་ཀྱི་«དབུ་མ་སྙིང་བོ་»དང་«རྟོག་གེ་འབར་བ་» སོགས་སུ་རང་རིག་འགོག་པའི་རིགས་པ་རྩལ་འདོན་གནང་སྐབས། དབུ་མ་པ་རྣམས་ཀྱི་ཚད་མར་འཛིན་པའི་སློབ་དཔོན་འདིའི་རྩ་ཤེས་སུ་རང་རིག་བཀག་ཡོད་ན་འགྲེལ་བཤད་དེ་རྣམས་སུ་རང་རིག་འགོག་པའི་ལུང་གི་ཤེས་བྱེད་དུ་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་འདྲེན་དགོས་པ་ལས་དེ་དག་ཏུ་ལུང་འདྲེན་བྱས་མེད་པ་སོགས་ལ་བལྟས་ན། མགོན་པོའི་ཀླུ་སྒྲུབ་ཀྱི་གཞུང་དུ་རང་རིག་བཀག་མེད་པ་གསལ་བོར་རྟོགས་ནུས།  འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་མོའི་«དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བའི་རྣམ་བཤད་རིགས་པའི་རྒྱ་མཚོ་»ལས་ཀྱང་“མར་མེ་རང་དང་གཞན་གྱི་དངོས། །” ཞེས་སོགས་ཀྱི་འགྲེལ་བར།“གལ་ཏེ་སྣང་བའི་བདག་ཉིད་ཡིན་པས་མར་མེས་རང་བཞིན་གྱི་དངོས་པོ་གཉིས་སྣང་བར་བྱེད་པར་འགྱུར་ན་སྒྲུབ་པའི་བདག་ཉིད་ཡིན་པའི་ཕྱིར་མུན་པའང་རང་དང་གཞན་གྱི་དངོས་པོ་གཉིས་ཀ་སྒྲིབ་པར་བྱེད་པར་འགྱུར་བར་ཐེ་ཚོམ་མེད་དོ། ། མུན་པས་རང་ཉིད་བསྒྲིབས་ན་ནི་མུན་པ་དེ་ཉིད་མཐོང་བར་མི་འགྱུར་ཏེ་བུམ་པ་བཞིན་ནོ། །དེ་ལྟར་ན་མུན་པས་རང་སྒྲིབ་པ་དང་མར་མེས་རང་གསལ་བར་བྱེད་པ་ནི་བདེན་པ་གཉིས་ཀར་མེད་ལ། མུན་པས་གཞན་སྒྲིབ་པ་དང་མར་མེས་གཞན་གསལ་བར་བྱེད་པ་ནི་ཐ་སྙད་དུ་ཡོད་ཀྱི་དོན་དམ་པར་མེད་དོ། །”[23]ཞེས་པ་ཙམ་ལས་རང་རིག་ཅེས་པའི་ཐ་སྙད་ཟུར་ཙམ་ཡང་མི་གསལ་ལ། ཡང་རྗེ་ཉིད་ཀྱི་«དབུ་མ་རྩ་བའི་ཚིག་ལེ་འུར་བྱས་པ་ཤེས་རབ་ཅེས་བྱ་བའི་རྣམ་བཤད་རིགས་པའི་རྒྱ་མཚོ་»ལས་“རྣལ་འབྱོར་སྤྱོད་པ་པས་དངོས་པོ་བདེན་པར་སྨྲ་བའི་བསྟན་བཅོས་ཀྱི་རྣམ་གཞག་བྱས་པ་ནི་རྩ་བ་མཁན་པོའི་རྗེས་སུ་བྱུང་བས། འདིར་ཡང་རང་སྡེ་ཕྱོགས་སྔར་ལེན་པ་ན་དོན་སྨྲ་གཉིས་ཕྱོགས་སྔར་མཛད་ལ་དེ་དག་ལ་ལུང་གི་གནོད་པ་སྟོན་པ་ནའང་ཐེག་དམན་གྱི་སྡེ་སྣོད་ནས་འབྱུང་བ་ཉིད་ཀྱིས་མཛད་དོ། །”[24] ཅེས་གསུངས་པ་ནི་དབུ་མ་རྩ་བ་ལས་ལུང་རིགས་ཀྱིས་དགག་སྒྲུབ་བྱས་པ་རྣམས་གཙོ་བོ་རང་སྡེ་དོན་སྨྲ་གཉིས་དང་ཕྱི་རོལ་བ་ཡིན་པ་ལས་སེམས་ཙམ་པའི་སློབ་དཔོན་དག་མ་ཡིན་པ་གྲུབ་མཐའ་སྨྲ་བ་དེ་དག་གི་བྱུང་རབས་དང་སྦྱར་ནས་གསལ་འདོན་གནང་བ་ལྟར་ལགས་པས། རྗེ་ཙོང་ཁ་པ་ཆེན་མོས་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་ལ་སོགས་པའི་བཞེད་པ་གཞིར་བཟུང་ནས་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་གི་དགོངས་པ་ཉི་མ་ལྟར་གསལ་བོར་བྱས་ཡོད་བཞིན་དུ་རང་གི་ཞེན་ཕྱོགས་དབང་བཙན་པར་བྱས་ནས་དོན་གཞན་དུ་བཙན་འགྲེལ་བྱེད་དགོས་དོན་མེད་པར་སེམས།

གཉིས།  ལུང་གི་རྗེས་འབྲང་གི་སེམས་ཙམ་པ་སྟེ་འཕགས་པ་ཐོགས་མེད་ཡབ་སྲས་ཀྱི་གཞུང་དུ་རང་རིག་མངོན་སུམ་གྱི་ཐ་སྙད་བྱུང་མེད་པའི་ཚུལ་བཤད་པ།

འཕགས་པ་ཐོགས་མེད་དང་དབྱིག་གཉེན་སོགས་ལུང་གི་རྗེས་འབྲང་གི་སེམས་ཙམ་པའི་གཞུང་རྣམས་སུ་རང་རིག་གི་ཐ་སྙད་མི་གསལ་ལ། ལྷག་དོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་«རྣལ་འབྱོར་སྤྱོད་པའི་ས་»ལས། “མངོན་སུམ་དེ་སུའི་མངོན་སུམ་དུ་བརྗོད་པར་བྱ་ཞེ་ན། སྨྲས་པ། མཇུག་བསྡུ་ན་བཞི་སྟེ། དབང་པོ་གཟུགས་ཅན་གྱི་མངོན་སུམ་དང་། ཡིད་ཀྱི་མྱོང་བའི་མངོན་སུམ་དང་། འཇིག་རྟེན་གྱི་མངོན་སུམ་དང་། དག་པའི་མངོན་སུམ་མོ། །”[25] ཞེས་མངོན་སུམ་གྱི་དབྱེ་བ་བཞི་གསུངས་ཡང་རང་རིག་མངོན་སུམ་གྱི་རྣམ་བཞག་མཛད་མེད། དེར་མ་ཟད་ལུང་གི་རྗེས་འབྲང་གི་སེམས་ཙམ་པའི་རང་གཞུང་རྣལ་མ་གང་དུའང་རང་རིག་ཅེས་པའི་ཐ་སྙད་ཟུར་ཙམ་ཡང་མ་བྱུང་ལ། ལུང་གི་རྗེས་འབྲང་གི་སེམས་ཙམ་པའི་སློབ་དཔོན་དག་གི་ལུགས་ལ་རང་རིག་འདོད་དགོས་པའི་སྒྲུབ་བྱེད་ཁུངས་ཐུབ་ཅི་ཡང་མེད་པས། སེམས་ཙམ་པ་ཡིན་ཕྱིར་རང་རིག་འདོད་དགོས་ཟེར་བ་ནི་དཔྱད་པ་མེད་པའི་ཨུ་ཚུགས་ཀྱི་གཏམ་མོ། ། དེའི་ཕྱིར་དུས་རབས་དྲུག་པའི་སྔོན་གྱི་དབུ་སེམས་ཀྱི་གཞུང་གང་དུ་ཡང་རང་རིག་ཞལ་གྱིས་བཞེས་པའི་མཁས་པ་གཅིག་ཀྱང་བྱོན་མེད་པར་ཁ་ཚོད་གཅོད་ཐུབ།

        བཞི་བ།  རང་རིག་ཅེས་པའི་ཐ་སྙད་འདི་དུས་ནམ་ཞིག་ལ་བྱུང་བ་དང་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་རང་རིག་འདོད་དགོས་པའི་རྒྱུ་མཚན་སྐོར་བཤད་པ།
གཅིག  རང་རིག་གི་གོ་དོན་རགས་ཙམ་བཤད་པ།

རང་རིག་ཅེས་པའི་ཐ་སྙད་འདི་དུས་ནམ་ཞིག་ལ་བྱུང་བར་དཔྱད་ཞིབ་མ་བྱས་པའི་སྔོན་ལ་རང་རིག་གི་གོ་དོན་རགས་ཙམ་བཤད་ན། ཡུལ་གཟུགས་སོགས་གསལ་བར་འཛིན་པའི་ཚོགས་དྲུག་གི་རྣམ་པར་ཤེས་པ་གང་སྐྱེས་ན་དེ་དག་ལ་གཟུང་བ་ཡུལ་སྣང་བའི་ཆ་གཅིག་དང་། འཛིན་པ་ཡུལ་ཅན་རང་ཉིད་གསལ་བར་སྣང་ཞིང་གཉིས་སྣང་ནུབ་པའི་གསལ་རིག་གི་ཆ་གཅིག་སྟེ་སྣང་ཆ་མི་མཐུན་པ་གཉིས་འབྱུང་བ་ལས་ཕྱི་མ་ལ་རང་རིག་མངོན་སུམ་དུ་ལུགས་འདིའི་བཞེད་དེ། «ཚད་མ་ཀུན་བཏུས་རང་འགྲེལ་ལས་»“ཤེས་པ་ནི་སྣང་བ་གཉིས་ལས་སྐྱེས་ཏེ་རང་གི་སྣང་བ་དང་ཡུལ་གྱི་སྣང་བའོ། །སྣང་བ་དེ་གཉིས་ལས་གང་དང་རིག་པ་དེ་ནི་འབྲས་བུར་འགྱུར་རོ། །”[26] ཞེས་གསུངས་པ་ལྟར་རིང་རིག་མངོན་སུ་གྱི་གོ་དོན་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་དགོངས་འགྲེལ་རྒྱ་བོད་ཀྱི་ཚད་མའི་བསྟན་བཅོས་རྣམས་སུ་རྒྱས་པར་བཀྲལ་ཡོད་པ་ལྟར་རོ། །

དེ་ལ་རང་རིག་གི་ངེས་ཚིག་ནི། རང་ཞེས་པ་འཛིན་རྣམ་རང་ཉིད་ལ་གོ་ཞིང་། རིག་ཅེས་པ་ནི་རང་ཉིད་ལ་རང་ཉིད་གསལ་བོར་སྣང་བའམ་རང་ཉིད་མྱོང་བས་ན་རང་རིག་ཅེས་བྱ་ལ། བྱེད་ལས་གཟུང་པའི་རྣམ་པ་ཅན་གྱི་ཡུལ་ཅན་གང་དེའི་ཡུལ་གསལ་བོར་རྟོགས་པ་དང་ཕྱིས་ཡུལ་དེ་དྲན་པའི་དྲན་ཤེས་འདྲེན་པའི་ནུས་པ་ལྡན་པའི་གཟུང་རྣམ་རང་སྟེང་ན་གནས་པའི་གསལ་རིག་གི་ཆ་ཞིག་ལ་རང་རིག་དུ་འདོད།

གཉིས། རང་རིག་གི་ཐ་སྙད་དུས་ནམ་ཞིག་ལ་བྱུང་བ།

འོ་ན་དེ་ལྟ་བུའི་སེམས་ཆོས་རིག་པའི་ལྟ་གྲུབ་འདི་དུས་ནམ་ཞིག་ལ་བྱུང་བར་ནང་བསྟན་མཚན་ཉིད་རིག་པའི་སྔ་ཕྱིའི་མཁས་པ་རྣམས་ཀྱི་གཞུང་གོང་བསྒྲིགས་ནས་དཔྱད་ན། དུས་རབས་དྲུག་པའི་ནང་ཐ་སྙད་འདི་དངོས་སུ་བྱུང་བར་དཔོག་ནུས་ལ། སྐབས་དེར་རང་རིག་ཅེས་པའི་ཐ་སྙད་དེ་ལ་སྔོན་མེད་པའི་གོ་དོན་དམིགས་བསལ་ཅན་ཞིག་ཀྱང་བྱུང་ཡོད་དེ། ནང་པའི་ཚད་མ་རིག་པའི་སྲོལ་འབྱེད་སློབ་དཔོན་ཕྱོགས་ཀྱི་གླང་བོའི་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་ནང་། གནའ་བོའི་རྒྱ་གར་གྱི་རྟོག་གེའི་གཏན་ཚིགས་རིག་པའི་མཚན་ཉིད་བསམ་བློའི་ནང་བཅུད་ཚད་མ་རིག་པ་གདན་དྲངས་པས། ནང་པའི་མཚན་ཉིད་རིག་པ་ལ་སྔ་ན་མེད་པའི་གཟི་མདངས་གསར་བ་ཞིག་བསྩལ་པ་ཕྱིས་བྱུང་མཁས་པའི་དབང་བོ་རྣམས་ཀྱི་རྩོད་མེད་གཅིག་མཐུན་གྱིས་དང་ལེན་བྱས་ཏེ། ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་རྣམས་སུ་གཏན་ཚིགས་རིག་པ་དེ་ཉིད་བེད་སྤྱད་དེ། དཔྱད་ཐབས་ཀྱི་རིགས་པ་མཐུས་ཚང་དུ་བཏང་བ་སོགས་ཕྱག་རྗེས་བླ་ན་མེད་པ་བཞག་ལ།

རང་རིག་མངོན་སུམ་ཅེས་པའི་སེམས་ཆོས་རིག་པའི་ལྟ་གྲུབ་འདི་ཡང་དུས་དེ་ནས་བཟུང་དར་བར་འདོད། ལོ་རྒྱུས་ཉམས་ཞིབ་པ་རྣམས་ཀྱིས་རྒྱ་ནག་གི་བཙུན་པ་གཉིས་ཀྱི་ལམ་ཡིག་དང་སློབ་དཔོན་ཕྱོགས་གླང་གི་གཞུང་ལ་དགག་སྒྲུབ་བྱས་པའི་ཡིག་ཆ་སྔ་ཕྱི་གོང་བསྒྲིགས་ནས་སློབ་དཔོན་ཕྱོགས་གླང་ནི་དབྱིག་གཉེན་གྱི་རྗེས་དང་ལེགས་ལྡན་འབྱེད་དང་དུས་ཐོག་གཅིག་ལ་བྱོན་པར་ཆ་འཇོག་བྱེད་ཆོག་པའི་སྒྲུབ་བྱེད་བཀོད་ཡོད་པ་ལྟར། སློབ་དཔོན་ཕྱོགས་གླང་ནི་ཕྱི་ལོ480ནས580བར་འཚོ་བཞུགས་གནང་ཡོད་པར་ཤེས་རྟོགས་བྱུང་ཟིན་པས་དེའི་སྐོར་གྲུབ་ཟིན་སྒྲུབ་པའི་ངལ་བ་བརྟེན་མི་དགོས་ལ། རང་རིག་མངོན་སུམ་གྱི་ཐ་སྙད་ནི་སློབ་དཔོན་ཕྱོགས་གླང་གི་«ཚད་མ་ཀུན་ལས་བཏུས་»པར་དངོས་སུ་ཐོན་ཡོད་པའི་ཕྱིར་ན་«ཚད་མ་ཀུན་བཏུས་»ནི་སློབ་དཔོན་གྱི་སྐུ་ཚེའི་དཀྱིལ་ཙམ་ལ་བརྩམས་པར་མངོན་པས། རང་རིག་མངོན་སུམ་ཞེས་པའི་ཐ་སྙད་འདི་ཕྱི་ལོ་དུས་རབས་དྲུག་པ་ནས་དབུ་བརྩམས་ཏེ་དར་རྒྱས་སུ་སོང་བར་ཚོད་དཔག་བྱས་ཆོག

བོད་རིག་པའི་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་«རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ཚད་མ་རིག་པ་ལས་བརྩམས་ཏེ་ལྟ་གྲུབ་ཁྱད་ཆོས་ཚབ་མཚོན་ཁག་གཅིག་གླེང་བ་»ཞེས་པའི་དཔྱད་རྩོམ་ནང་“ཕྱོགས་ཆོས་གཏན་ཚིགས་དགུ་དང་། སེལ་བའི་རྣམ་གཞག་དང་། རང་རིག་མངོན་སུམ་སོགས་ཀྱིས་མཚོན་སྔར་མེད་ཀྱི་ཚད་མ་རིག་པའི་ལྟ་གྲུབ་བགྲང་ལས་འདས་པ་ཞིག་སྲོལ་ཕྱེ”[27]ཞེས་གསུངས་པ་ནི་ཡིད་རྟོན་འཕེར་བའི་སྡོམ་ཚིག་ཏུ་འཛིན་རིགས།

གསུམ། རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་རང་རིག་འདོད་དགོས་པའི་རྒྱུ་མཚན།

དེ་ལྟ་ན་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་རང་རིག་ཅེས་པའི་སེམས་ཆོས་རིག་པའི་ལྟ་གྲུབ་འདི་ལྟ་བུ་ཞིག་ཅིའི་ཕྱིར་འདོད་དགོས་པ་དང་། རང་རིག་འདོད་དགོས་པའི་ལྟ་གྲུབ་ཀྱི་གནད་གང་ལ་ཐུག་ཡོད་པ། རིགས་པའི་རྗེས་འབྲང་གི་སེམས་ཙམ་པའི་ལྟ་གྲུབ་ནང་རང་རིག་མངོན་སུམ་ཞེས་པའི་ཤེས་པ་འདི་ལ་བརྟེན་ནས་རྣམ་གཞག་གང་དག་གཏན་ལ་ཕབ་ཡོད་པ་སོགས་ཤེས་རྟོགས་བྱུང་ན། རང་རིག་མངོན་སུམ་ནི་རིག་པའི་དབང་ཕྱུག་རྣམ་གཉིས་ཀྱི་ཐུན་མིན་ལྟ་གྲུབ་ཅིག་དང་། མཚན་ཉིད་སློབ་དཔོན་སྔ་མ་དག་གི་གཞུང་ན་རང་རིག་མངོན་སུམ་བྱུང་མེད་པར་ངེས་ཤེས་ཟབ་མོ་སྟེར་ནུས་པས། དེའི་ཚུལ་ལ་གོ་བ་རགས་ཙམ་བླངས་ན། སྤྱིར་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ལུགས་ལ་རང་རིག་མངོན་སུམ་འདོད་དགོས་པའི་སྒྲུབ་བྱེད་ཤིན་ཏུ་མང་ཡང་།

གལ་གནད་ཆེ་བའི་རྒྱུ་མཚན་འགའ་དམིགས་སུ་བཀར་ནས་ལུགས་འདིའི་རང་རིག་མངོན་སུམ་འདོད་པའི་ཁུངས་དང་སྒྲུབ་བྱེད་འཚོལ་རྒྱུ་ཡིན། དེ་ལ་དྲན་པ་སྐྱེ་བའི་རྟགས་ཀྱིས་རང་རིག་སྒྲུབ་པ། བློ་ཚུལ་གཉིས་ཀྱིས་སྒོ་ནས་སྒྲུབ་པ། རྟོག་པ་རྣམ་གྱི་གཟུང་ཡུལ་རང་རིག་མངོན་སུམ་གྱིས་ངེས་དགོས་པ་དང་ལུགས་འདིའི་གཞི་དངོས་པོའི་གནས་ལུགས་གཞན་དབང་རང་བཞིན་གྱི་གྲུབ་པ་འཇོག་བྱེད་ཀྱི་བློ་ལ་ལྟོས་ཏེ་རང་རིག་སྒྲུབ་པ་སོགས་རིགས་པ་གཙོ་ཆེ་བ་འདི་དག་ལ་བརྟེན་ནས་རང་རིག་མངོན་སུམ་འདོད་དགོས་པར་ཚད་ལྡན་གྱི་ཡིག་ཆ་ཁུངས་སུ་དྲངས་ནས་དཔྱད་ན།

1 དྲན་པའི་རྟགས་ཀྱིས་རང་རིག་སྒྲུབ་པ་ནི། «ཚད་མ་ཀུན་བཏུས་ལས།»“ཡུལ་ཤེས་པ་དང་དེ་ཤེས་པའི། །དབྱེ་བའི་བློ་ཡི་ཚུལ་གཉིས་ཉིད། །དུས་ཕྱིས་དྲན་པ་ལས་ཀྱང་སྟེ། །ཚུལ་གཉིས་དང་ནི་རང་རིག་གྲུབ། །མ་མྱོང་བར་འདི་མེད་ཕྱིར་རོ། །ཤེས་པ་གཞན་གྱི་ཉམས་མྱོང་ན། །ཐུག་མེད་དེ་ལའང་དྲན་པ་སྟེ།།དེ་བཞིན་ཡུལ་གཞན་ལ་འཕོ་བ། །མེད་འགྱུར་དེ་ཡང་མཐོང་ཕྱིར་རོ། །”[28]ཞེས་དང་། «ཚད་མ་རྣམ་འགྲེལ་»ལས“དྲན་པ་ལས་ཀྱང་བདག་རིག་འགྱུར།  །ཤེས་པ་གཞན་གྱིས་རིག་ན་ནི། །རིང་སོགས་འཛིན་པར་མི་འགྱུར་ཏེ། །ཡུན་རིང་གནས་པ་མེད་ཕྱིར་རོ། །”[29]ཞེས་གསུངས་པ་ལྟར།

ཁ་སང་གི་དུས་སུ་ཡུལ་སྔོན་པོ་མཐོང་བ་དེ་དེ་རིང་གི་དུས་སུ་དྲན་པའི་དྲན་ཤེས་སྐྱེ་བ་ནི་མྱོང་བའི་འགྲུབ་ལ། དེ་ལྟ་ན་ཁ་སང་གི་སྔོ་འཛིན་མིག་ཤེས་ཀྱིས་མིག་ཤེས་དེ་ཉིད་མ་རྟོགས་ན་དྲན་ཚུལ་སྔ་མ་དེ་མིག་ཤེས་དེ་ཉིད་ཀྱིས་འདྲེན་མི་ནུས་ལ། ཤེས་པ་གཞན་ཞིག་གིས་མྱོང་ན་ཐུག་མེད་དུ་འགྱུར་པས། དེའི་ཚེ་སྔོ་འཛིན་མིག་ཤེས་སྐྱེས་པ་དང་དུས་མཉམ་དུ་མིག་ཤེས་རང་ཉིད་རྟོགས་ཤིང་མྱོང་བའི་བློ་ཞིག་ཡོད་པར་གྲུབ་པས་དེ་ཉིད་ལ་རང་རིག་ཏུ་བཏགས་ནས་དེ་ནི་རྟོགས་ཟིན་སྔ་མ་དྲན་པའི་དྲན་པ་འདྲེན་བྱེད་ཉག་གཅིག་ཏུ་སྨྲའོ། །

2 བློ་ཚུལ་གཉིས་ལས་རང་རིག་སྒྲུབ་པ་ནི། «ཚད་མ་རྣམ་འགྲེལ་»ལས།“ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །”[30]ཞེས་དང་།«རྣམ་འགྲེལ་ཐར་ལམ་གསལ་བྱེད་»ལས། “ཡུལ་ཤེས་པ་སྔོ་འཛིན་དང་དེ་ཤེས་པ་སྔོ་འཛིན་དྲན་པའི་ཤེས་པ་གཉིས་ཡུལ་སོ་སོར་མཐོང་བའི་བྱེ་བྲག་ལས་སྔར་གྱི་སྔོ་འཛིན་དེ་གཟུང་རྣམ་དང་འཛིན་རྣམ་གྱི་ཚུལ་གཉིས་པ་ཅན་དུ་གྲུབ་པའི་དོན་ཏོ། །”[31]ཞེས་པ་གསུངས་པ་ལྟར།

སྔོན་པོ་འཛིན་པའི་མིག་ཤེས་དེ་ཉིད་གཟུང་འཛིན་གྱི་ཚུལ་གཉིས་པ་ཅན་ཏེ་མིག་ཤེས་ཀྱི་བདག་ཉིད་དུ་གྱུར་པའི་རང་ཉིད་མྱོང་པའི་ཆ་གཅིག་དང་ཡུལ་མྱོང་བའི་ཆ་གཅིག་སྟེ་ཚུལ་གཉིས་ཀྱི་སྒོ་ནས་རང་ཡུལ་ལ་འཇུག་པར་བཤད་དོ། །

3 རྟོག་པ་རྣམས་ཀྱི་གཟུང་ཡུལ་རང་རིག་མངོན་སུམ་གྱིས་ངེས་དགོས་པ་དང་ལུགས་འདིའི་གཞི་དངོས་པོའི་གནས་ལུགས་གཞན་དབང་བདེན་པར་གྲུབ་པ་འཇོག་བྱེད་ཀྱི་བློ་ལ་ལྟོས་ཏེ་རང་རིག་སྒྲུབ་པ། ལུགས་འདིའི་རང་རིག་འདོད་དགོས་པའི་གནད་ཀྱི་དམ་པ་ནི་ཡུལ་ཤེས་བྱ་ཙམ་ལ་བརྟེན་ནས་ཡུལ་ཅན་ཤེས་པ་ཚད་མས་གྲུབ་པར་འཇོག་མི་ཐུབ་པས། ཡུལ་ཅན་གསལ་རིག་གི་ཤེས་པ་ཚད་མས་གྲུབ་པར་འཇོག་པ་ལ་དེ་མྱོང་བྱེད་ཀྱི་རང་རིག་དགོས་པ་ནི་འདི་བའི་ལུགས་ཀྱི་རང་གཞུང་དང་དེ་འགོག་པའི་ལུགས་གཉིས་སུ་གསལ་ལ། དེ་ཡང་ལུགས་དེ་ཕྱོགས་སྔར་བླངས་ནས་དགག་པ་མཛད་པའི་གཞུང་དུ། གཞན་དབང་འཇོག་བྱེད་ཀྱི་རང་རིག་ཚད་མ་བཀག་པ་ནི་ཡེ་ཤེས་སྙིང་པོའི་«བདེན་གཉིས་རང་འགྲེལ་»ལས།  “ཤེས་པ་ནི་གཉིས་ཀྱིས་དབེན་པའི་ངོ་བོ་རིག་པར་བྱུང་བ་ཡིན་པ་དང།   དེ་མེད་པར་ཤེས་པར་འགྱུར་གྱི་དེ་ལྟར་མ་ཡིན་ན་མི་རིགས་པའི་ཕྱིར་རོ། །”[32]ཞེས་དང་། དཔལ་ལྡན་ཟླ་བ་གྲགས་པའི་«དབུ་མ་ལ་འཇུག་པ་»ལས། “གལ་ཏེ་གཟུང་མེད་འཛིན་པ་ཉིད་བྲལ་ཞིང་། གཉིས་ཀྱིས་སྟོང་པའི་གཞན་དབང་དངོས་ཡོད་ན།  འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར།  མ་བཟུང་བར་ཡང་ཡོད་ཅེས་བྱ་མི་རུང།”[33] ཞེས་དང་“དེའི་ཕྱིར་རང་རིག་ཡོད་པ་མ་ཡིན་ན། །ཁྱོད་ཀྱིས་གཞན་དབང་གང་གིས་འཛིན་པར་འགྱུར། །”[34]ཞེས་གསུངས་པ་ལྟར་གལ་ཏེ་རང་རིག་མེད་ན་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་བདེན་གྲུབ་ཡིན་པ་འཇོག་མི་ཐུབ་པ་དང་། གཞན་དབང་བདེན་གྲུབ་ཏུ་འཇོག་མི་ནུས་ཏེ། དེ་ལྟར་འཇོག་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། དེ་ལྟར་མ་ནུས་ན་གཞི་དངོས་པོའི་གནས་ལུགས་འཇོག་མི་ཐུབ་པས་གཞི་ལམ་འབྲས་གསུམ་གྱི་རྨང་འཇིག་འགྲོ་བའི་གནོད་བྱེད་བསྟན།

གཞན་ཡང་གཞན་སེལ་དང་དགག་སྒྲུབ་ཀྱི་རྣམ་གཞག་གཏན་ལ་འབེབས་པ་དང། གཏན་ཚིགས་ཡང་དག་དུ་མའི་ཕྱོགས་ཆོས་རང་རིག་མངོན་སུམ་ལ་བརྟེན་ནས་གྲུབ་དགོས་པ། བྱས་པའི་རྟགས་ལས་མི་རྟག་པ་དཔོག་པ་ལ་བྱས་མི་རྟག་གི་ཐ་དད་རང་རིག་མངོན་སུམ་གྱིས་ངེས་དགོས་པ། དོན་སྤྱི་བརྒྱུད་ནས་ཡུལ་ལ་དཔྱོད་པའི་རྟོག་པ་རྣམས་ཀྱི་གཟུང་ཡུལ་རང་རིག་མངོན་སུམ་གྱིས་མ་རྟོགས་ན་དེ་དག་ལ་སྣང་བར་འཇོག་མི་ནུས་ཤིང་། ཕྱིས་དྲན་ཤེས་ཀྱིས་ཀྱང་ཡུལ་དེར་ངེས་པ་འདྲེན་མི་ནུས་པ་སོགས་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ལྟ་གྲུབ་དམིགས་བསལ་བ་རྣམས་འཇོག་པ་ལ་རང་རིག་མངོན་སུམ་མེད་དུ་མི་རུང་བའི་སྒྲུབ་བྱེད་ཤིན་ཏུ་མང་ཡང་། མཁས་པ་སྔ་མ་རྣམས་ཀྱིས་ལུང་རིགས་ཟུང་འབྲེལ་གྱིས་བསྒྲུབས་ཟིན་པ་བསྐྱར་ཟློས་ཀྱི་ངལ་བ་བསྟེན་མི་དགོས་པས་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱ། མདོར་དྲིལ་ན་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ལུགས་ལ་འཁོར་འདས་ཀྱི་ཤེས་བྱ་ཕྲ་རགས་ཐམས་ཅད་དངོས་དང་བརྒྱུད་པའི་སྒོ་ནས་འཇོག་བྱེད་མཐར་ཐུག་པ་ནི་རང་རིག་ཉིད་ཡིན་ཏེ། གཞི་གྲུབ་ཀྱི་ཆོས་ཐམས་ཅད་རྟོགས་པའི་ཚོགས་དྲུག་གི་རྣམ་པར་ཤེས་པ་རྣམས་རང་རིག་ཁོ་ནས་འཇོག་དགོས་པའི་ཕྱིར་རོ། །

མཇུག་གི་གཏམ།

མདོར་ན་ནང་བསྟན་མཚན་ཉིད་རིག་པའི་ལྟ་གྲུབ་བྱུང་རབས་ཀྱི་ངོས་ནས་བལྟས་ན། ལུང་གི་རྗེས་འབྲང་མདོ་སེམས་གཉིས་ཀྱི་རང་རིག་འདོད་པའི་ཁུངས་དང་སྒྲུབ་བྱེད་མེད་པར་མ་ཟད། བོད་འགྲེལ་གྲུབ་མཐའི་བཤད་པ་རྣམས་སུ་མདོ་སྡེ་བ་དང་སེམས་ཙམ་པ་ཡིན་ན་རང་རིག་འདོད་པའི་ཁྱབ་པ་བཟུང་ཡོད་པ་ནི། «ཚད་མ་སྡེ་བདུན་»[35]གྱི་ཤུགས་རྐྱེན་ཐེབས་པ་ཟབ་དྲགས་པའི་བཤད་པ་ཙམ་ལས་མ་འདས་ཏེ། རིགས་པའི་རྗེས་འབྲང་གི་མདོ་སེམས་གཉིས་ཀྱི་རང་རིག་རྩོད་མེད་དུ་ཁས་ལེན་པའི་རྒྱུ་མཚན་གྱིས་སེམས་ཙམ་པ་དང་མདོ་སྡེ་པ་ཡོད་ཚད་ཀྱིས་རང་རིག་འདོད་པར་སྒྲུབ་པ་ནི་དཔྱད་པ་མཐའ་མ་ཆོད་པའི་གཏན་ཚིགས་ལྟར་སྣང་དུ་འདོད་ལ། ཕྱོགས་གླང་ཡར་སྔོན་གྱི་མཁས་པའི་གཞུང་དུ་རང་རིག་བཀག་ཡོད་པར་འདོད་པ་ཡང་། མཚུངས་ཆོས་ཀྱི་དཔེ་འདྲ་བ་ཙམ་རྒྱུ་མཚན་དུ་བཟུང་ནས་རང་རིག་འགོག་པའི་ཤེས་བྱེད་དུ་དྲངས་པ་ཙམ་ལས་དོན་ལ་མི་གནས་པར་སེམས། རང་རིག་རྩལ་འདོན་གྱིས་སྒྲུབ་པའི་གཞུང་ནི་«ཚད་མ་ཀུན་བཏུས་རྩ་འགྲེལ་»དང་«ཚད་མ་སྡེ་བདུན་»ལས་གྲགས་ཆེ་བ་མེད་ལ། དེའི་ཕྱིར་ན། རང་རིག་ཅེས་པའི་ཐ་སྙད་འདི་སློབ་དཔོན་ཕྱོགས་གླང་གིས་གསར་གཏོད་བྱས་ཤིང་། ཆོས་ཀྱི་གྲགས་པའི་ཚད་མ་རིག་པའི་གཞུང་ལུགས་ནང་སློབ་དཔོན་ཕྱོགས་གླང་གིས་བཞེད་པའི་རང་རིག་སྒྲུབ་པའི་གཏན་ཚིགས་རྣམས་རྒྱ་བསྐྱེད་དེ་འཕྲིན་ལས་ཀྱི་རྒྱུན་རྒྱ་ཆེར་སྤེལ་བས། རང་རིག་ཅེས་པའི་སེམས་ཆོས་རིག་པ་འདི་རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱི་ཐུན་མིན་ལྟ་གྲུབ་ཅིག་ཏུ་འདོད་དོ། །

དེ་ལྟ་ན་བློ་གྲོས་དམན་ཡང་དཔྱད་པ་ལ་དགའ་བའི་ཁོ་བོས་ཀྱང་མཁས་པ་སྔ་མ་རྣམས་ཀྱི་བཞེད་པ་དང་མི་མཐུན་པའི་ལྟ་ཚུལ་འདི་ལྟ་བུ་ཞིག་འདོན་དགོས་པའི་དོན་སྙིང་ནི། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་མོས། «དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བའི་བསྟན་བཅོས་ལེགས་བཤད་སྙིང་པོ་»ལས། “མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་”[36]ཞེས་རྡོ་རྗེའི་ཚིག་གིས་བཀའ་གནང་བ་ལྟར།  རྨད་དུ་བྱུང་བའི་རིགས་པའི་གཞུང་ལུགས་ཤིག་མི་ཚེ་གཅིག་ལ་སྦྱངས་ན་ཡང་། རིགས་པ་ཡང་དག་གི་ཞིབ་འཇུག་དང་དཔྱད་ཞིབ་ཅི་ཡང་མེད་པར། ལུང་ཙམ་སྐྱབས་སུ་འཛིན་པའམ་ཟེར་ཟློས་འབའ་ཞིག་གི་རྗེས་སུ་འབྲང་བའི་ལམ་ལ་རྒྱབ་ཀྱིས་ཕྱོགས་ཏེ། དེང་རབས་ལུགས་ཀྱི་ཉམས་ཞིབ་བྱེད་ལུགས་ལྟར་དཔྱད་པ་ཞིབ་ཚགས་དང་བརྗོད་བྱ་བྱེ་བྲག་ཏུ་བབ་ནས་དཔྱད་འཚོལ་བྱེད་རྒྱུ་ནི་དུས་རབས་འདིའི་ནང་བསྟན་སློབ་གཉེར་བ་ཞིག་གི་འོས་འགན་དུ་སེམས་སོ། །

དཔྱད་ཡིག་དང་ཞབས་མཆན། 

[1] རྒྱལ་ཚབ་རྗེའི་གསུང་འབུམ།  སྐུ་འབུམ་དཔར་མ།  དཔེ་རིང་།  པོད་རྟགས། [ཆ]  ལྡེབ་གྲངས་44b

[2] སྡེ་དགེ་བཀའ་འགྱུར། པོད་རྟགས། རྙིང་རྒྱུད། [ཀ] ལྡེབ་གྲངས། 35

[3] སྡེ་དགེ་བཀའ་འགྱུར། པོད་རྟགས། མདོ་སྡེ། [ཅ] ལྡེབ་གྲངས། 49 ན་གསལ།

[4] སྡེ་དགེ་བཀའ་འགྱུར།  པོད་རྟགས། མདོ་སྡེ། [ཅ] ལྡེབ་གྲངས 49 ན་གསལ།

[5] སྡེ་དགེ་བསྟན་འགྱུར། པོད་རྟགས། ཚད་མ། [ཅེ] ལྡེབ་གྲངས། 62 ན་གསལ།

[6] “སྣ་ཚོགས་སྣང་བ་”ཞེས་པའི་ཚིག་གི་ངོ་གདོང་ནས་བལྟས་ན་མདོ་འདིར་བསྟན་པ་ནི་རང་རིག་གི་་ཤེས་པ་ཙམ་མིན་པར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་གཞིའི་སྣང་ཆ་ཙམ་དུ་སྟོན་པའི་ཁུངས་སུ་བྱས་ན་འཐད་པར་སེམས།

[7] སྡེ་དགེ་བཀའ་འགྱུར། པོད་རྟགས། མདོ་སྡེ། [ཆ] ལྡེབ་གྲངས། 50 ན་གསལ།

[8] སྡེ་དགེ་བཀའ་འགྱུར། པོད་རྟགས། མདོ་སྡེ། [ཅ] ལྡེབ་གྲངས། 49ན་གསལ་བ་ལྟར། ཇི་ལྟར་རལ་གྲི་རང་གི་སོ། །གཅོད་པར་མི་བྱེད་སོར་མོ་ནི། ། རང་ལ་རེག་པར་མི་བྱེད་ལྟར། །དེ་བཞིན་སེམས་ཀྱིས་རང་བལྟ་འོ། ། ཞེས་གསལ་བ་ལྟར་སྡེ་དགེ་བཀའ་འགྱུར་གྱི་མདོ་ཚིག་རང་ན་རང་རིག་ཅེས་པའི་ཐ་སྙད་མི་གསལ།

[9] འཇང་བཀའ་འགྱུར། པོད་རྟགས། དཀོན་བརྩེགས། ལྡེབ་གྲངས།  246a ནས 246b བར་ན་གསལ།

[10] སྟོན་པ་མྱ་ངན་ལས་འདས་རྗེས་ཀྱི་འཕགས་པ་ཉེར་སྦས་ཀྱི་དུས་སུ་ཉེར་སྦས་ཀྱི་སློབ་མ་ཟླ་བ་ནོར་བུ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱས་བྱང་ཕྱོགས་རི་བོ་འབིགས་བྱེད་གར་མཁན་གྱི་གཙུག་ལག་ཁང་དུ། དགྲ་བཅོམ་པ་དེ་དག་གི་གསུང་རྒྱུན་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཡི་གེར་བཀོད་པས་ན་དགྲ་བཅོམ་པ་རྣམས་ཀྱིས་སྤྱི་མཐུན་དུ་མཛད་པར་གྲགས།

[11] ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་འགལ་བུས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་དབྱེ་བ་དབྱིག་བཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། །གསུས་པོ་ཆེ་ཡིས་བྱས་ཞེས་གྲགས། ། ཞེས་གསུང་པ་ལྟར་དགྲ་བཅོམ་པ་དེ་དག་གིས་མཛད་པར་གྲགས་སོ།

[12] སློབ་དཔོན་དབྱིག་གཉེན་གྱིས་མཛད།

[13] སློབ་དཔོན་ཆོས་མཆོག་གིས་མཛད།

[14] མཆིམས་འཇམ་དཔལ་དབྱངས། མཆིམས་མཛོད། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། 1989་ལོའི་ཟླ་6དཔར་དུ་བསྐྲུན། ཤོག་ངོས126ན་གསལ།

[15] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། པོད་དགུ་བ། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། 2013ལོའི་ཟླ་12དཔར་དུ་བསྐྲུན། ཤོག་ངོས། 176ལས་དྲངས།

[16] སྡེ་དགེ་བསྟན་འགྱུར། པོད་རྟགས། མངོན་པ། [ ཀུ ] 140 ལྡེབ་གྲངས། 135b

[17] བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ།  རི་བོ་དགེ་ལྡན་པའི་གསུང་འབུམ།  པོད་དྲུག་པ། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་གིས་2011ལོའི་ཟླ་12དཔར་དུ་བསྐྲུན། དབུ་མ། ཤོག་ངོས་1305 ན་གསལ།

[18] རོང་ཟོམ་ཆོས་བཟང་གི་གསུང་འབུམ། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་གི་1999ལོར་དཔར་དུ་བསྐྲུན། ཤོག་ངོས200ན་གསལ།

[19] མགོན་པོ་ཀླུ་སྒྲུབ་ཀྱི་འཁྲུངས་འདས་དང་སྐུ་ཚེའི་ཚད་ལ་བཤད་པ་མི་མཐུན་པ་མང་དུ་བྱུང་མོད། དེང་རབས་ཉམས་ཞིབ་པ་དག་གིས་ཞིབ་འཇུག་གྲུབ་དོན་གཞིར་བཞག་ན་ཕྱི་ལོ150ནས་250ཙམ་ལ་འཚོ་བཞུགས་གནང་ཡོད་པའི་ཚོད་དཔག་བྱས་ཡོད།

[20] དེང་རབས་ཉམས་ཞིབ་པའི་ལུགས་ལྟར་ན་འཕགས་པ་ཐོགས་མེད་ནི། ཕྱི་ལོ395ནས470བར་ལ་འཚོ་བཞུགས་གནང་ཡོད་པར་བཤད།

[21] སྐབས་འདིར་བཤད་པའི་སློབ་བརྒྱུད་ནི་མགོན་པོ་ཀླུ་སྒྲུབ་ཀྱི་རྩ་ཤེས་དགོངས་པ་ཐལ་འགྱུར་དུ་བཀྲལ་བའི་ལུགས་འཛིན་པའི་མཁས་པ་རྣམས་ལ་བྱེད་ཀྱི་སྐུ་དངོས་ཀྱི་སློབ་མ་ལ་གོ་མི་རུང་།

[22] སྡེ་དགེ་བསྟན་འགྱུར། དབུ་མ། པོད་རྟགས [ ཙ ]  ལྡེབ་གྲངས།965a

[23] སྐུ་འབུམ་པར་མ། པོད་རྟགས། [བ] སྡེབས་གྲངས། 97b

[24] རྗེ་ཙོང་ཁ་པ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ། པོད་གྲངས་15པ་2019 ལོའི་ཟླ་10པར་མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་གིས་དཔར་དུ་བསྐྲུན། ཤོག་ངོས246ན་གསལ།

[25] རྣལ་འབྱོར་སྤྱོད་པའི་སར་ལུང་ཚིག་འདི་ཇི་བཞིན་མ་རྙེད་ཀྱང་བཙུན་པ་ཝན་ཚེག་གི་མཛད་པའི་«འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོའི་རྒྱ་ཆེར་འགྲེལ་པར་»ལུང་འདྲེན་མཛད་པ་ལས་བཀོད། སྡེ་དགེ་བསྟན་འགྱུར། པོད་རྟགས མདོ་འགྲེལ [དི]   ལྡེབ་གྲངས།141a

[26] སྡེ་དགེ་བསྟན་འགྱུར། པོད་རྟགས། ཚད་མ། [ཅེ]  174 ལྡེབ་གྲངས། 16a

[27] ཀྲུང་གོའི་བོད་རིག་པ། སྤྱིའི་འདོན་ཐེངས་120པ2017ལོའི་འདོན་ཐེངས་4ཤོས་ངོས་8ན་གསལ།

[28] སྡེ་དགེ་བསྟན་འགྱུར། པོད་རྟགས། ཚད་མ [ཅེ]   ལྡེབ་གྲངས2ན་གསལ།

[29] སྡེ་དགེ་བསྟན་འགྱུར། པོད་རྟགས། ཚད་མ། [ཅེ]  ལྡེབ་གྲངས 137་ན་གསལ།

[30] སྡེ་དགེ་བསྟན་འགྱུར། པོད་རྟགས། ཚད་མ། [ཅེ]   ལྡེབ་གྲངས 134ན་གསལ

[31] རྒྱལ་ཚབ་རྗེ།  གསུང་འབུམ། སྐུ་འབུམ་དཔར་མ། པོད་རྟགས། [ཆ]  དཔེ་རིང་། སྡེབ་གྲངས་ངོས་300bན་གསལ།

[32] བདེན་པ་གཉིས་རྣམ་པར་འབྱེད་པའི་འགྲེལ་པ། སྡེ་དགེ་བསྟན་འགྱུར། པོད་རྟགས། དབུ་མ། [ས]     ལྡེབ་གྲངས 4b

[33] སྡེ་དགེ་བསྟན་འགྱུར། པོད་རྟགས། དབུ་མ། [འ]     ལྡེབ་གྲངས 207b

[34] དབུ་མ་ལ་འཇུག་པ་ཞེས་བྱ་བ། སྡེ་དགེ་བསྟན་འགྱུར། པོད་རྟགས། དབུ་མ། [འ]    ལྡེབ་གྲངས 207b

[35] རྒྱ་གར་གྱི་སློབ་དཔོན་ཆོས་ཀྱི་གྲགས་པས་བརྩམས་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། འབྲིང་ཚད་མ་རྣམ་ངེས། བསྡུས་པ་ཚད་མ་རིགས་ཐིགས་ཏེ་རྩ་བ་ལུས་ལྟ་བུའི་བསྟན་བཅོས་གསུམ། གཏན་ཚིགས་ཐིགས་པ། འབྲེལ་བ་བརྟག་པ། རྒྱུད་གཞན་གྲུབ་པ། རྩོད་པའི་རིགས་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་སོ། །

[36] རྗེའི་གསུང་འབུམ་སྐུ་འབུམ་པར་མ། པོད་རྟགས [ཕ]     ལྡེབ་གྲངས 2b

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།