གུར་གུམ་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་ལ་དཔྱད་པ།

ནང་དོན་གནད་བསྡུས། གུར་གུམ་ཐ་སྙད་འདི་ལེགས་སྦྱར་སྐད་ཀྱི་ཀུངྐུ་མཾ་(कुङ्कुमम् Kuṅkumam)ནས་ཟུར་ཆག་པ་ཡོངས་གྲགས་སུ་འདོད། ཀུངྐུ་མཾ་ལ་ར་ཡིག་གམ་དེའི་སྒྲ་མེད་པ་དང་། གུར་གུམ་ལ་ར་ཡིག་གི་སྒྲ་ཤུགས་ཆེར་ཡོད་པས་ཐ་སྙད་འདིའི་ཡོང་ཁུངས་རྒྱ་གར་སྐད་མིན་པ་གསལ་པོར་ཤེས་ཐུབ། སྤྱི་ལོའི་དུས་རབས་གསུམ་ཙམ་ནས་བོད་དང་ནུབ་ཕྱོགས་ཏེ་ཁ་ཆེ་སྟག་ཟིག་དང་ཁྲོམ་དབར་རྒྱལ་མོ་དར་ལམ་(Silk Road) བརྒྱུད་འབྲེལ་བ་བྱུང་ཡོད། སྐབས་དེ་དུས་གླ་རྩི་དང་གུར་གུམ་བརྗེ་ལེན་བྱས་ཡོད་པའི་ལོ་རྒྱུས་ལ་གཞིགས་ན། གུར་གུམ་འདི་ནུབ་ཕྱོགས་ཁ་ཆེའི་རྒྱལ་ཁབ་བརྒྱུད་བོད་དུ་བསླེབས་ཡོད་ཅིང་། གུར་ཀུམ་ཐ་སྙད་འདི་ཡང་པར་ཤི་ཡ་དང་ཨ་རབ་སྐད་དོད་ཀུར་ཀུམ་(كُرْكُم Kurkum)ནས་བྱུང་བ་གསལ་པོར་རྟོགས་ཐུབ་བོ།། 

གནད་ཚིག གསོ་རིག་སྨན་རྫས། རྩི་སྨན། གུར་ཀུམ། ཀུངྐུ་མཾ། ཀུང་ཀུ་མ།

 སྔོན་གླེང་།

གསོ་བ་རིག་པ་ནི་བོད་ཀྱི་ས་ཐོག་ནས་འཁྲུངས་ཤིང་རིམ་པས་དེ་དང་འབྲེལ་བའི་ཡུལ་གྲུ་ཁག་ལ་དར་ཁྱབ་སོང་བའི་སྲོལ་རྒྱུན་སྨན་དཔྱད་རིག་པ་ཞིག་ཡིན། རིག་པ་འདིའི་རྩ་གཞུང་དཔལ་ལྡན་རྒྱུད་བཞི་འདི་ཡང་བོད་ཀྱི་མཁས་པ་རྗེ་གཡུ་ཐོག་པས་བོད་ཀྱི་རང་འབྱུང་ཁམས་དང་། མི་རིགས། འཁོར་ཡུག་བཅས་ལ་གཞིགས་ཏེ་གདོད་མའི་བོད་ཀྱི་སྨན་དཔྱད་དང་། སྐབས་དེའི་བོད་དང་འབྲེལ་ལམ་ཟབ་པའི་ཁ་ཆེ་སྟག་ཟིག་དང་ཁྲོམ། རྒྱ་ནག། རྒྱ་གར་བཅས་ཀྱི་སྨན་དཔྱད་ལས་ལེགས་ཆ་བླངས་ཏེ་གསར་དུ་བསྒྲིགས་པ་ཞིག་ཡིན།

གསོ་རིག་སྨན་སྦྱོར་ལ་ཆ་མཚོན་ན་ཁྱོན་རྣམ་གྲངས་༣༥༠༠ ཙམ་ཞིག་ཡོད་ [01]པ་ལས་༢༢༥༨ ཙམ་ནི་རྒྱུད་བཞི་རང་གི་སྨན་སྦྱོར་ཡིན།[02] སྨན་སྦྱོར་དེ་དག་གི་སྨན་རྫས་ཀྱང་རིན་པོ་ཆེ་དང་། རྡོ་སྨན། ས་སྨན། རྩི་སྨན། ཤིང་སྨན། ལྡུམ་བུ་ཐང་སྨན། སྔོ་སྨན། ཚྭ་སྨན། སྲོག་ཆགས་ལས་བྱུང་བའི་སྨན་དང་ཞིང་སྐྱེས་ལོ་ཐོག་གི་སྨན་བཅས་སྡེ་ཚན་བཅུར་ཕྱེ་ཡོད། སྡེ་ཚན་སོ་སོའི་སྨན་ལའང་ནང་ཚན་རིགས་དབྱེ་བསྡོམས་པས་ཁྱོན་སྨན་སྣ་༢༢༩༤[03] སྐོར་ཡོད་། སྨན་རྫས་དེ་དག་ལས་ཕལ་མོ་ཆེ་བོད་རང་གི་ས་ཐོག་ནས་ཐོན་གྱི་ཡོད་ཀྱང་། རྩི་སྨན་ཁྲོག་སྨན་སོགས་འགའ་ཞིག་རྒྱལ་ཁབ་གཞན་ནས་ཚོང་འབྲེལ་བརྗེ་ལེན་བྱེད་སྲོལ་ཡོད།

གུར་གུམ་འདི་ཡང་ཚོང་འབྲེལ་དེ་དག་བརྒྱུད་བོད་དུ་བསླེབས་པའི་སྨན་རྫས་ཞིག་ཡིན་ཞིང་། མིང་གི་ཐ་སྙད་གུར་གུམ་ཞེས་པ་འདི་ཡང་རྒྱ་གར་སྐད་དོད་ཀུངྐུ་མཾ་ནས་ཟུར་ཆག་པ་གསོ་རིག་ཡིག་ཆ་ཁག་ཏུ་གསལ་ཡང་། ཁུངས་ཐུབ་ཀྱི་ལོ་རྒྱུས་ལྟར་ན་རྒྱ་གར་ནས་བོད་དུ་དམ་ཆོས་དུས་རབས་བརྒྱད་པ་དང་། སྨན་དཔྱད་ཀྱི་གཞུང་དངོས་སུ་མཇལ་རྒྱུ་ཡོད་པ་རྣམས་དུས་རབས་བཅིུག་ཡས་མས་སུ་བོད་བསྒྱུར་བྱུང་བ་ཡིན་པས་རྒྱ་བོད་སྨན་གྱི་འབྲེལ་ལམ་དུས་རབས་བརྒྱད་པའི་སྔོ་རོལ་དུ་མ་བྱུང་ཞེས་འགའ་ཞིག་ཟེར། རྒྱ་གར་ཁ་ཆེའི་ཡུལ་ཀཱཤྨིར་དུ་གུར་གུམ་འདི་དུས་རབས་བཅིུག་རྗེས་སུ་བསླེབས་པ་ཡུལ་དེའི་གདོད་མའི་གཏམ་རྒྱུད་དུ་བཤད་ཡོད་སྐད།[04] འོན་ཏེ་གུར་གུམ་ནི་དུས་རབས་བརྒྱད་པ་དགུ་པའི་ཏུང་ཧོང་ཡིག་རྙིང་ནང་འཁོད་པ་མཇལ་རྒྱུ་ཡོད། རྒྱུ་མཚན་དེ་དག་ལ་བསམ་ན་གུར་གུམ་གྱི་ཐ་སྙད་འདི་རྒྱ་གར་ནས་བྱུང་བ་ཡིན་མིན་དོགས་གཞི་ཅན་དུ་སྣང་བས་སྐབས་བབས་བརྗོད་གཞི་<<གུར་གུམ་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་ལ་དཔྱད་པ།>>ཞེས་པ་འདིར་འབད་པ་ཅུང་ཟད་བྱས་ན་ཕྱི་རབས་རྣམས་ལ་ཞིབ་འཇུག་གི་བློ་སྐྱེད་གསར་པ་ཞིག་ཐོབ་བའི་རེ་བ་འདུག་སྙམ་མོ།།

༡ གུར་གུམ་གྱི་ངོ་སྤྲོད།

གུར་གུམ་ནི་ལོ་རྒྱུས་ཐོག་སྨན་ཙམ་དུ་མ་ཟད་ཚོས་དང་། དྲི་ཞིམ། སྤོས་རྫས། མཆོད་རྫས། འཁྲུས་དང་བྱུག་སྣུམ། སྤོད་སྣ་[05] སོགས་སུའང་སྤྱོད་སྲོལ་ཡོད། གསོ་བ་རིག་པའི་སྨན་རྫས་ནང་གུར་གུམ་འདི་རྩི་སྨན་ཁོངས་སུ་གཏོགས་ཤིང་། འདིའི་ཕན་ཡོན་ནི་<<རྒྱུད་བཞིར་>>གུར་ཀུམ་མཆིན་ནད་ཀུན་སེལ་རྩ་ཁ་སྡོམ།། ཞེས་དང་<<སྨན་དཔྱད་ཟླ་བའི་རྒྱལ་པོ་>>ལས། ལོ་མ་གུར་གུམ་བསིལ་ཏེ་མཆིན་ནད་སེལ།། ཞེས་དང་ཡང་<<སྨན་མིང་རྒྱ་མཚོ>>ར། གུར་ཀུམ་མཆིན་ཚད་ཁྲག་ལ་ཕན།། ཞེས་སོགས་ཕན་ནུས་དུ་མ་གསུངས་ཀྱང་ཡོངས་གྲགས་སུ་མཆིན་ནད་སེལ་བ་དང་། ཁྲག་གཅོད་ཀྱི་ནུས་པ་ལྡན་པའི་སྨན་རྒྱུ་གཙོ་བོ་ཞིག་ཏུ་ངོས་འཛིན་གྱིས་སྤྱོད་བཞིན་ཡོད།

གུར་གུམ་ལ་རིགས་མཆོག་བྱ་རྐང་མ་དང་། རབ་ཁ་ཆེ་མ། འབྲིང་ལེ་བརྒན་མ། དམན་པ་བལ་གུར། ཐ་མ་བོད་གུར་ལྔར་ཕྱེ་ཡོད་ཀྱང་། སྨན་དུ་སྤྱོད་སྐབས་མཆོག་ཁ་ཆེ་གུར་གུམ་དང་། དམན་པ་ལྡུམ་གུར་གུམ་མམ་ལེ་བརྒན་རྩི་གཉིས་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད།[06] ཁ་གུར་འདི་རྩི་ཤིང་རིག་པའི་ Iridaceae སྡེ་ཁོངས་ཀྱི་ Crocus sativus དང་། དབྱིན་སྐད་དུ་ Saffron ཟེར་བའི་སྔོ་ལྡུམ་ཞིག་ཡིན་ལ། ལྡུམ་གུར་གུམ་ནི་ Asteraceae སྡེའི་ Carthamus tinctorius དང་དབྱིན་སྐད་ཡོངས་གྲགས་སུ་ Safflower ཟེར།།

ཁ་ཆེ་གུར་ཀུམ་། Crocus sativus (པར་རིས་ཡོང་ཁུངས། Plant of the World Online [powo.science.kew.org])
ལྡུམ་གུར་གུམ། ལེ་བརྒན་རྩི་། Carthamus tinctorius (པར་རིས་ཡོང་ཁུངས། Plant of the World Online [powo.science.kew.org])

༢ གསོ་རིག་གཞུང་ལུགས་ལྟར་གུར་གུམ་ཐ་སྙད་ཀྱི་འབྱུང་བ་བཤད་པ།

དེ་ཡང་ལོ་ཆེན་བཻ་རོ་ཙ་ན(དུས་རབས་༨)ས་<<མིང་དོན་བརྡ་སྤྲོད་རྣམ་ལྔ་>>ར་རྒྱ་སྐད་མིང་དོན་བརྡ་སྤྲོད་སྐབས། ཀུང་ཀུ་མ། གུར་གུམ།[07] ཞེས་དང་། མིའི་ཉི་མ་མཐོང་བ་དོན་ལྡན་(དུས་རབས་༡༤)གྱིས་<<མ་ལ་ཡའི་དཀའ་འགྲེལ་>>དུ། ཀུ་[ཀུང་]ཀུ་མ་ཡང་གུར་གུམ་མིང་།།[08] ཞེས་གསུངས། ཡང་ཚ་རོང་དཔལ་ལྡན་རྒྱལ་མཚན་(དུས་རབས་༡༦)གྱི་<<རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྣང་གསལ་སྒྲོན་མེ>>ར། གུར་གུམ་ཞེས་པ་ཟུར་ཆགས་[ཆག་]པ་སྟེ། ཀུང་ཀུ་མ་[མཾ] ཞེས་བྱ་བར་འདོད།[09] ཞེས་དང་། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་(དུས་རབས་༡༧)ཀྱི་<<གསེར་མཆན་རྣམ་བཀྲ་གན་མཛོད་>>དུ། ཀུངྐུ་མ་ཞེས་ཟུར་ཆག་པས་གུར་གུམ་མོ།[10] ཞེས་དང་། ཡང་དེལ་དམར་བསྟན་འཛིན་ཕུན་ཚོགས་(དུས་རབས་༡༧)ཀྱི་<<ཤེལ་ཕྲེང་>>དུ། མིང་ནི། ཀུང་ཀུ་མཾ། གུར་ཀུམ།[11] ཞེས་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ་(༡༨༢༠་་་༡༨༩༢)འི་<<སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ>>ར། ཀུངྐུ་མ། ཟུར་ཆག་པས། གུར་གུམ་སྟེ།[12] ཞེས་གསུངས། ཡང་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་(༡༩༢༥་་་༡༩༩༨)གྱི་<<རྒྱུད་བཞིའི་མཆན་འགྲེལ་>>དུ། དགྲ་བཅོམ་པ་ཉི་མ་གུང་པས་ཁ་ཆེར་བཏབ་པ་ལེགས་སྦྱར་སྐད་དུ་ཀུང་ཀུ་མ།[13] ཞེས་དང་། དགེ་བསྙེན་འཇམ་དཔལ་རྡོ་རྗེ(དུས་རབས་༡༩)ས་<<གསོ་བྱེད་མཛེས་མཚར་མིག་རྒྱན་>>དུ། མཆིན་པའི་བཟང་པོ་གུར་གུམ་ནི། རྒྱ་སྐད་དུ་ཀུང་ཀུ་མཾ།[14] ཞེས་དང་། ཁྲོ་རུ་ཚེ་རྣམ་(༡༩༢༦་་་༢༠༠༤)གྱིས་<<རྒྱུད་བཞིའི་འགྲེལ་ཆེན་>>དུ། ཀུང་ཀུ་མཾ། ཀུ་སུ་མ། ཁ་ཆེར་སྐྱེས།[15] ཞེས་པ་སོགས་མདོར་ན་སྔོན་བྱོན་གསོ་རིག་མཁས་པ་ཀུན་གྱིས་གུར་གུམ་ཞེས་པའི་ཐ་སྙད་འདི་རྒྱ་གར་སྐད་དོད་ཀུངྐུ་མ་ལས་ཟུར་ཆག་པ་བཞེད་པ་གཅིག་མཐུན་དུ་སྣང་། གསོ་བ་རིག་པར་གུར་ཀུམ་དང་གུར་གུམ་ཞེས་འབྲི་སྲོལ་མི་འདྲ་བ་གཉིས་ཡོད། དེ་ནི་ལེགས་སྦྱར་གྱི་སྐད་དོད་ཀུངྐུ་མཾ་ལས་ཟུར་ཆག་པས་གུར་ཀུམ་[16]དང་། དེ་སྒྲ་ཉམས་པས་གུར་གུམ་བྱུང་བ་ཡིན་ཞེས་ཡོངས་སུ་གྲགས།།

༣ གུར་གུམ་ཐ་སྙད་འདི་རྒྱ་གར་གྱི་སྐད་དོད་ཡིན་མིན་ལ་དཔྱད་པ།

གུར་གུམ་ཐ་སྙད་འདི་བོད་དུ་དུས་ནམ་ཞིག་ལ་སླེབས་ཡོད་མེད་ཁ་ཚོན་གཅོད་དཀའ་རུང་། འདི་ནི་བོད་རང་གི་སྨན་མིན་པར་ཡུལ་གཞན་ལས་བྱུང་བ་གསལ་པོར་སྣང་སྟེ་པདྨ་བཛྲ་(དུས་རབས་༡༨)འི་<<སྨན་རྫས་ངོས་འཛིན་>>དུ། འདིར་ནི་ཉེར་མཁོ་ཡུལ་གཞན་ལས་བྱུང་སྨན།། འབྲས་གསུམ་འབྲས་སྣ་གསུམ་དང་ཞོ་ཤ་བཞི།། ག་བུར་གླང་ཆེན་གི་ཝང་དོམ་མཁྲིས་དང་།། ཁ་ཆེ་བལ་གུར་ལི་ཤི་སྨྱུག་ཅུ་གང་།།[17] ཞེས་ཁ་ཆེ་དང་བལ་པོ་གུར་གུམ་འདི་གཉིས་ཡུལ་གཞན་ལས་བྱུང་བ་ཡིན་གསུངས། གུར་གུམ་ལ་ཁ་ཆེ་ཞེས་པ་ཁ་ཆེའི་ཡུལ་བྱེ་བྲག་གང་ཡིན་ཁ་གསལ་མ་གསུངས་སྟབས་ཀུན་གྱི་རྒྱ་གར་ཁ་ཆེའི་ཡུལ་ཀཱཤྨིར་(काश्मीर Kashmiri) ཡིན་ཤག་གནང་བ་ཅུང་མ་འགྲིག་པར་སྣང་སྟེ། ཀཱཤྨིར་ཡུལ་ལ་གུར་གུམ་འདི་དུས་རབས་བཅིུག་དང་བཅིུས་སྐབས་ཐོག་མར་དར་བར་ཡུལ་དེའི་གདོད་མའི་གཏམ་རྒྱུད་དུ་བཤད་ཡོད་[18]སྐད།

གཉིས་ནས་བོད་དང་རྒྱ་གར་གཉིས་ཀྱི་སྨན་དཔྱད་དབར་འབྲེལ་བ་ཐོག་མར་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་སྨན་པ་བི་ཇི་དགའ་བྱེད་དང་བི་ལྷ་དགའ་མཛེས་གཉིས་བོད་དུ་ཕེབས་ནས་བྱུང་ཞེས་གྲགས་ཀྱང་རྒྱ་གར་ལོ་རྒྱུས་སུ་ཁུངས་ཐུབ་ཀྱི་ལོ་རྒྱུས་ཡིག་ཆ་མི་རག། ཁུངས་ལྡན་ལོ་རྒྱུས་ནི་དུས་རབས་བརྒྱད་པར་དམ་ཆོས་བོད་དུ་བསྒྱུར། དུས་རབས་དགུ་པར་ལེགས་སྦྱར་མིང་ཚིག་བཀོད་པའི་ཚིག་མཛོད་ཐོག་མ་<<བྱེ་བྲག་རྟོགས་བྱེད་ཆེན་མོ་>>བྱུང་བ་[19]དང་། དུས་རབས་བཅུ་གཅིག་ནང་ལོ་ཆེན་རིན་ཆེན་བཟང་པོ(༩༥༨་་་༡༠༥༧)ས་ཡན་ལག་བརྒྱད་པ་བོད་བསྒྱུར་གནང་བས་རྒྱ་གར་གྱི་སྨན་དཔྱད་བོད་དུ་ཐོག་མར་འབྱོར་བ་ཡིན།

འོན་ཏེ་གུར་གུམ་ནི་ཏུང་ཧོང་གི་སྨན་དཔྱད་ཤོག་དྲིལ་ནང་གདོང་ལ་བསྐུས་ན་ཕན་[20]ཚུལ་གསུངས་པ་མཇལ་རྒྱུ་ཡོད། ཏུང་ཧོང་ཡིག་རྙིང་རྣམས་ནི་དུས་རབས་བརྒྱད་པ་དང་དགུ་པའི་བར་བྱུང་བ་ཞིབ་འཇུག་པ་ལྷ་མོ་སྐྱིད་[21]དང་ Sam Van Schaik[22]གཉིས་ཀྱིས་ཀྱང་བཤད་འདུག།

གསུམ་པ་ལེགས་སྦྱར་སྐད་དོད་ཀུངྐུ་མ་(कुङ्कुमम् Kuṅkumam) ལ་ར་ཡིག་གམ་དེའི་སྒྲ་མེད་པ་དང་། གུར་གུམ་ལ་ར་ཡིག་གི་སྒྲ་ཤུགས་ཆེར་ཡོད་པས་གུར་གུམ་ཐ་སྙད་ཀྱི་འབྱུང་ཁུངས་རྒྱ་གར་སྐད་དོད་ཀུངྐུ་མཾ་མིན་པ་གསལ་པོ་ཤེས་ཐུབ་བོ།

༤ གུར་གུམ་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་དངོས་བཤད་པ།

གསོ་བ་རིག་པའི་ལོ་རྒྱུས་ལ་ཞིབ་པར་དཔྱད་ན་བོད་དང་ནུབ་ཕྱོགས་ཏེ་ཁ་ཆེ་སྟག་ཟིག་དང་ཁྲོམ་དབར་སྨན་དཔྱད་དང་ཚོང་དོན་གྱི་འབྲེལ་ལམ་སྔ་མ་ནས་འགོ་ཚུགས་ཡོད་དེ། རྒྱལ་མོ་དར་ལམ་(Silk Road) གྱི་ཚོང་འབྲེལ་སྐབས་བོད་དང་ཁ་ཆེའི་དབར་གླ་རྩི་དང་གུར་གུམ་སོགས་ཚོང་ཟོག་བརྗེ་ལེན་བྱས་ཡོད་པ་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན།[23] གནད་དོན་དེ་དག་ལ་བསམ་ན་དང་ཐོག་དུས་རབས་གསུམ་པ་ཙམ་ནས་བོད་དང་ཁ་ཆེ་གཉིས་འབྲེལ་ལམ་བྱུང་། དེ་ནས་རིམ་པས་རྒྱ་ནག། དེ་རྗེས་དུས་རབས་བཅིུག་ཙམ་ནས་རྒྱ་གར་གྱི་སྨན་དཔྱད་དང་འབྲེལ་བ་བྱུང་[24]ཡོད། དེ་ལ་སྒྲོལ་མ་ཚེ་རིང་དང་ཐུབ་བསྟན་ཕུན་ཚོགས་ཀྱི་<<གནའ་བོའི་དར་ལམ་ཁྲོད་ཀྱི་བོད་ཀྱི་གླ་རྩི་དང་དེའི་ཚོང་ལམ་ལ་དཔྱད་པ།>>ཞེས་པའི་ཞིབ་འཇུག་སྐབས་བོད་དང་ཁ་ཆེའི་དབར་གླ་རྩི་ཚོང་ལས་བྱེད་འགོ་དུས་རབས་གསུམ་པ་ནས་འགོ་ཚུགས་ཡོད་[25]ཅེས་བཤད། དེས་ན་གུར་གུམ་ཞེས་པའི་ཐ་སྙད་འདི་ཡང་རྒྱ་གར་ནས་བྱུང་བ་མིན་པར་ཁ་ཆེ་བརྒྱུད་བོད་དུ་དུས་རབས་གསུམ་པ་ནས་དར་བ་ཤུགས་ཀྱི་རྟོགས་ཐུབ། ཡིག་ཐོག་ཏུ་གུར་གུམ་དང་གུར་ཀུམ་འབྲི་སྲོལ་མི་འདྲ་བ་གཉིས་བྱུང་འདུག། སྒྲ་དག་པ་ནི་གུར་ཀུམ་ཡིན་པས་སྨན་སྦྱོར་སྐབས་མཆོག་ཁ་ཆེ་མ་ལ་གུར་ཀུམ་དང་། དམན་པ་ལྡུམ་གུར་གུམ་ཞེས་བྲིས་ན་སྨན་རྒྱུ་ངོ་ཤེས་སླ་བ་དང་མི་ནོར་བའི་ཁྱད་ཡོད།

མདོར་ན་གུར་ཀུམ་ཞེས་པའི་ཐ་སྙད་འདི་ནི་རྒྱ་གར་གྱི་སྐད་ཀུངྐུ་མཾ་ནས་ཟུར་ཆག་པ་མ་མིན་པར་ཁ་ཆེའི་རྒྱལ་ཁབ་པར་ཤི་ཡ་དང་ཨ་རབ་ཀྱི་སྐད་དོད་ཀུར་ཀུམ་(كُرْكُم Kurkum)ནས་བྱུང་བ་ཡིན། དེ་ལ་ཤར་ཨེ་ཤེ་ཡའི་སྐད་ཡིག་ཆེད་ལས་པ་Berthold Laufer (1874-1934)གྱི་ཆེད་རྩོམ་<< Loan Words in Tibetan བོད་སྐད་ནང་གཡར་བའི་ཚིག>>ནང་གུར་ཀུམ་འདི་Semitic སྐད་ནས་བྱུང་བའི་པར་ཤི་ཡའི་ཐ་སྙད་ཡིན་[26]པ་གསུངས་འདུག། དེ་དང་ཕྱོགས་མཚུངས་སྒྲོལ་མ་ཚེ་རིང་གི་<<གནའ་བོའི་བོད་ཀྱི་གསོ་རིག་གཞུང་ལུགས་དང་སྨན་རྫས་བརྗེ་ལམ་ལ་དཔྱད་པ་>>ཞེས་པའི་ཞིབ་འཇུག་དཔེ་དེབ་ནང་དུའང་གུར་གུམ་ཞེས་པ་ནི་སྟག་གཟིག་གམ་པར་ཤི་ཡའི་སྐད་ཀྱི་སྒྲ་སོར་འཇོག་ཡིན་[27]ཞེས་ཚིག་ཐག་ཆོད་པོས་བཤད་ཡོད་པ་ནི་བདེན་པར་སྣང་ངོ་།། །།

དཔྱད་གཞིའི་ཡིག་ཆ་ཁག

[01] <<བོད་སྨན་སྦྱོར་སྡེ་ཆེན་མོ། >> བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༦ ཤོག ༣

[02] <<དཔལ་ལྡན་རྒྱུད་བཞིའི་སྨན་གྱི་སྦྱོར་སྡེ་ཆེན་མོ།>> ཁང་སར་བསོད་ནམས་འཆི་མེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༠ གླིང་གཞི། ཤོག ༣

[03] <<ཤེལ་གོང་ཤེལ་ཕྲེང་།>> དེའུ་དམར་བསྟན་འཛིན་ཕུན་ཚོགས། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། ཨ ༡༡༥ མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ དག་སྒྲིག་པའི་གསལ་བཤད། ཤོག ༣

[04] <<History of Saffron>> https://en.wikipedia.org/wiki/History_of_saffron དྲ་རྒྱ་བལྟ་ཚེས། ༢༠༢༤།༡༢།༣

[05] <<Historical Uses of Saffron: Identifying potential new avenues for modern Research>> S.Zahra Bathaie & S.Zeinab Mousavi, Avicenna Journal of Phytomedicine, Vol. 1, No. 2, Autumn 2011, pp. 57-66

[06] <<འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་།>> དགའ་བའི་རྡོ་རྗེ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ ཤོག ༩༠

[07] <<སྔོ་འབུམ་སྨན་གྱི་གཏེར་མཛོད།>> གཡུ་ཐོག་ཡོན་ཏན་མགོན་པོ་སོགས། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། ཨ ༠༤༠ མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ཤོག ༢༢༧

[08]      – གོང་མཚུངས། – ཤོག ༢༧༧

[09] <<སྨན་ངོ་གསལ་བྱེད་ཕྱོགས་བསྒྲིགས། རྩི་སྨན་གྱི་ཚབ་ཡིག་ཕྱོགས་བསྒྲིགས།>> སྐྱེས་བུ་མེ་ལྷ་སོགས། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། ཨ ༠༩༩ མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ ཤོག ༨༩

[10] <<གསེར་མཆན་རྣམ་བཀྲ་གན་མཛོད།>> དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། ཨ ༠༣༥ མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ཤོག ༦༤༠

[11] <<ཤེལ་གོང་ཤེལ་ཕྲེང་།>> དེའུ་དམར་བསྟན་འཛིན་ཕུན་ཚོགས། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། ཨ ༡༡༥ མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ཤོག ༡༤༨

[12] <<མཁྱེན་བརྩེ་དབང་པོའི་སྨན་ཡིག། སྟག་བླ་ནོར་བུའི་སྨན་ཡིན>> མཁྱེན་བརྩེ་དབང་པོ། སྟག་བླ་ནོར་བུ། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། ཨ ༠༧༦ མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ཤོག ༡༨༥

[13] <<ཤིང་བཟའི་རྒྱུད་བཞིའི་མཆན་འགྲེལ།>> སྟོད་ཆ། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། ཨ ༡༡༩ མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ཤོག ༡༥༩

[14] <<གསོ་བྱེད་མཛེས་མཚར་མིག་རྒྱན།>> དགེ་བསྙེན་འཇམ་དཔལ་རྡོ་རྗེ། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། ཨ ༠༦༥ མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ཤོག ༦༨

[15] <<གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་།>> པོད།༡ ཁྲོ་རུ་ཚེ་རྣམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ཤོག་༤༤༢་་་༤༤༣

[16] <<བོད་ཀྱི་སྐད་ལས་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང་།>> སྐྱོགས་སྟོན་ལོ་ཙྭ་བ་རིན་ཆེན་བཀྲ་ཤིས། སྲོང་བཙན་དཔེ་མཛོད་ཁང་། ༢༠༠༩ ཤོག ༩༤

[17] <<ལབ་སྐྱབས་མགོན་གྱི་སྨན་ཡིག། མཁན་པོ་པདྨ་བཛྲའི་སྨན་ཡིག།>> པདྨ་བཛྲ་སོགས། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། ཨ ༠༥༩ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ སྨན་རྫས་ཀྱི་ངོས་འཛིན། ཤོག ༢༧༤

[18] <<History of Saffron>> https://en.wikipedia.org/wiki/History_of_saffron དྲ་རྒྱ་བལྟ་ཚེས། ༢༠༢༤།༡༢།༣

[19] <<སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་སྐད་བཞི་ཤན་སྦྱར་མ།>> བུ་ཆུང་ཚེ་རིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༥ ཤོག ༤

[20] <<ཏུན་ཧོང་བོད་ཀྱི་སྨན་རྩིས་ཡིག་ཆའི་བརྡ་དོན་གསལ་འགྲེལ།>> ལྷ་མོ་སྐྱིད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ཤོག ༢༡༣

[21]      – གོང་མཚུངས། – གླེང་སློང་བ། ཤོག ༣

[22] <<The Tibetan Dunhuang Manuscripts in Chine>> Sam Van Schaik, Bulletin of the School of Oriental and African Studies / Volume 65 / Issue 01 / February 2002, pp.129-139

[23] <<གནའ་བོའི་བོད་ཀྱི་གསོ་རིག་གཞུང་ལུགས་དང་སྨན་རྫས་བརྗེ་ལམ་ལ་དཔྱད་པ།>> སྒྲོལ་མ་ཚེ་རིང་། ཀྲུང་གོའི་བོད་རིགས་དཔེ་སྐྲུན་ཁང་། ༢༠༢༣ ནང་དོན་གནད་བསྡུས། ཤོག ༣

[24] <<The Introduction of Greek Medicine into Tibet in the Seventh and Eight Centuries>> Christopher I. Beckwith, Journal of the American Oriental Society 99.2, 1979, pp. 297

[25] <<གནའ་བོའི་དར་ལམ་ཁྲོད་ཀྱི་བོད་ཀྱི་གླ་རྩི་དང་དེའི་ཚོང་ལམ་ལ་དཔྱད་པ།>> སྒྲོལ་མ་ཚེ་རིང་། ཐུབ་བསྟན་ཕུན་ཚོགས། བོད་རིག་པའི་དྲ་བ། https://bodrigpa.org/archives/2622 དྲ་རྒྱ་བལྟ་ཚེས། ༢༠༢༤།༡༢།༣

[26] <<Loan-Words in Tibetan>> Berthold Laufer, T’oung Pao, Second Series, Vol. 17, No. 4/5 (Oct. – Dec., 1916), pp. 474

[27] <<གནའ་བོའི་བོད་ཀྱི་གསོ་རིག་གཞུང་ལུགས་དང་སྨན་རྫས་བརྗེ་ལམ་ལ་དཔྱད་པ།>> སྒྲོལ་མ་ཚེ་རིང་། ཀྲུང་གོའི་བོད་རིགས་དཔེ་སྐྲུན་ཁང་། ༢༠༢༣ ཁ་ཆེ་གུར་གུམ་གྱི་ཚོང་འབྲེལ་ལོ་རྒྱུས། ཤོག ༣༩༠

– – – – –

Loading