པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོའི་སྐུ་ཚེའི་ལོ་རྒྱུས་ལ་ཅུང་ཟད་དཔྱད་པ།

0
459

ནང་དོན་གནད་བསྡུས། རྩོམ་འདིར་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོའི་འཁྲུངས་འདས་ལོ་ཚིགས་དང་། རྒྱལ་བའི་གསེར་ཁྲིར་ཕེབས་བཞུགས་ཕབ་གསུམ་གྱི་སྐོར་ཁ་གསལ་དུ་བཤད་ཡོད་པར་མ་ཟད། ཞོར་དུ་མཛད་པ་གཞན་འགའ་ཡང་གསལ་པོར་བརྗོད་ཡོད། 

གནད་ཚིག  པད་དཀར་འཛིན་པ། རྒྱལ་བའི་གསེར་ཁྲི། ལྷ་བཟང་ཧན། ལྕགས་པོ་རི། 

གླེང་གཞི།

པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོའམ། རྩེ་ཡེ་ཤེས་རྒྱ་མཚོ། མཁན་པོ་ཡེ་ཤེས་རྒྱ་མཚོ། པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ། མཁན་པོ་ཧུ་ཐོག་ཐུ་ངག་དབང་ཡེ་ཤེས་རྒྱ་མཚོ། སྐུ་ཞབས་པད་དཀར་འཛིན་པ་སོགས་མཚན་གྱི་རྣམ་གྲངས་སྣ་ཚོགས་པར་མངའ་བའི་མི་སྣ་འདི་ཉིད་ནི། དགའ་ལྡན་ཕོ་བྲང་གི་སྲིད་དབང་གཡོ་འཁྱོམ་ཧ་ཅང་ཆེ་བའི་དུས་སྐབས་སུ་བྱུང་བའི་མི་སྣ་ཞིག་དང་། དང་པོ་སྤྲང་པོའི་བུར་སྐྱེས་པ་ནས། བར་དུ་རྒྱལ་བའི་གསེར་ཁྲིར་བཞུགས་པ་དང་། ཐ་མ་ས་མཐའ་རུ་དབང་མེད་དུ་འཁྱར་དགོས་བྱུང་བ་ལྟ་བུ་སྐུ་ཚེ་གཅིག་ལ་དར་རྒུད་ཀྱི་ལམ་བུ་མང་པོ་བརྒྱུད་མྱོང་བའི་མི་སྣ་ཞིག་ཡིན། འོན་ཀྱང་བོད་པའི་ལོ་རྒྱུས་དང་རྣམ་ཐར་ཁྲོད་ཞོར་དུ་མ་གླེང་ཐབས་མེད་བྱུང་བའི་སྐབས་ཙམ་ལས། ཁོང་ལ་ཁྱད་དམིགས་ཀྱི་རྣམ་ཐར་ལོ་རྒྱུས་ཆེན་པོ་བྲིས་པ་དེ་འདྲ་ད་ལྟ་མེད་ཚོད་ཡིན་ལ། ཅུང་ཟད་བྲིས་པ་དག་ཏུའང་དེ་ཙམ་ཞིབ་ཆའི་རྣམ་པ་མ་ཐོན་པར་ལྟ་བུ་ལས། མགོ་མཇུག་ཀུན་ནས་ཁ་འགྲིག་སོ་འགྲིག་ཏུ་གྱུར་པ་ཆེར་མེད་པ་འདྲ། དེ་བས་ཁོ་བོས་འདི་ནས་ཁོང་དང་དུས་སྐབས་ཆེས་ཉེ་བའི་ཡིག་ཆ་སྐོར་ཞིག་དཔྱད་གཞི་གཙོ་བོར་བཟུང་སྟེ་ཁོང་གི་སྐུ་ཚེའི་ལོ་རྒྱུས་སྐོར་ལ་ཅུང་དཔྱད་པར་འདོད་དོ། ། 

༡ འཁྲུངས་ལོ་དང་འཁྲུངས་ཡུལ་གྱི་སྐོར། 

ཁོང་གི་འཁྲུངས་ལོ་ནི་《རྣམ་ཐར་བཙན་པོ་མར། 》“དགུང་ལོ་དྲུག་ཅུ་བ་མེ་ཕག་གི་ལོའ་ིསྨོན་ལམ་ལ་མ་ཕེབས་པར། དགོན་པ་ནས་སྐུ་མཚམས་དམ་པོ་བྱས་་་་ ་་་ པད་དཀར་འཛིན་པ་དགུང་ལོ་ཉི་ཤུ་རྩ་གཉིས་ཀྱི་སྟེང་ནས་ཧོར་ཟླ་གཉིས་པའི་ཉི་ཤུ་ལྔའི་ཉིན་ཁྲི་ལ་བཏོན། ཁྲི་སྟོན་བྱས།”[1]ཞེས་ཕྱི་ལོ་ ༡༦༤༧ ལོར་འཁྲུངས་པའི་ཀུན་མཁྱེན་འཇམ་བཞད་དགུང་གྲངས་དྲུག་ཅུ་ལ་ཕེབས་པའི་མེ་ཕག  །ཕྱི་ལོ་ ༡༧༠༧ ལོར་ཁོང་དགུང་གྲངས་ཉེེར་གཉིས་པ་ཡིན་པར་གསལ་བས་ན། ཁོང་ཉིད་རབ་བྱུང་བཅུ་གཅིག་པའི་མེ་སྟག  །ཕྱི་ལོ་ ༡༦༨༦ ལོར་འཁྲུངས་པར་གཏན་ཁེལ་བྱེད་ཆོག་པ་ཡིན་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་བསྟན་རྩིས་རེའུ་མིག་[2]ལས་ཀྱང་དེ་ག་རང་འབྱུང་ངོ་། །དེ་ལྟར་ན་ཁོང་ཉིད། རབ་བྱུང་བཅུ་གཅིག་པའི་ཆུ་ཕག །ཕྱི་ལོ་ ༡༦༨༣ ལོར་འཁྲུངས་པའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལས་དགུང་ལོ་གསུམ་གྱིས་ཆུང་བ་དང་། རབ་བྱུང་བཅུ་གཉིས་པའི་ས་བྱི། ཕྱི་ལོ་ ༡༧༠༨ ལོར་འཁྲུངས་པའི་རྒྱལ་བ་སྐལ་བཟང་རྒྱ་མཚོ་ལས་ལོ་ཉེར་གཉིས་ཆེ་བ་ཡིན། འཁྲུངས་ཡུལ་ལ་རྣམ་ཐར་བཙན་པོ་མར་ཁམས་སུ་འཁྲུངས་བ་ཙམ་ལས་ས་གནས་དམིགས་བསལ་མི་འབྱུང་ཡང་། རྗེ་འཇམ་དབྱངས་བཞད་པས་《འཇིགས་བྱེད་ཆོས་འབྱུང་》ལས། “སླར་བར་ཁམས་ཚ་རོང་ཁ་དཀར་དུ། མཆོག་གི་སྤྲུལ་པའི་སྐུ་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་མིའི་ཟློས་གར་མཛད་པ་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་འདི་འཁྲུངས་ཏེ།”[3]ཞེས་མདོ་ཁམས་ཚ་བ་རོང་དུ་འཁྲུངས་པར་གསུངས་ཤིང་། ཕྱིས་ཀྱི་ལོ་རྒྱུས་ཕལ་མོ་ཆེར་དེ་ག་རང་བྲིས་འདུག་ལ། ཁོང་རྣམ་གཉིས་ཕན་ཚུལ་གྱི་འབྲེལ་བ་དང་། དུས་རིམ་སྔ་ཕྱི་སོགས་གང་ལ་བསམ་ཀྱང་འདི་ཉིད་འཁྲུལ་མེད་དུ་བརྩིས་ན་ཆོག་པར་སྣང་མོད། དུང་དཀར་རིན་པོ་ཆེས་“གསར་དུ་ཚ་བ་དཔའ་ཤོད་པའི་སྤྲང་པོའི་བུར་སྐྱེས་པའི་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་ཏ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ཡང་སྲིད་དུ་ངོས་འཛིན་བྱས་ནས་པོ་ཏ་ལའི་ཁྲི་ཐོག་ཏུ་བཀོད།”[4]ཅེས་ཚ་བ་དཔའ་ཤོད་དུ་འཁྲུངས་པར་གསུངས་པས། འདི་དག་ལ་ཡང་བསམ་བློ་ཞིག་གཏོང་དགོས་ཏེ། མཁས་དབང་དུང་དཀར་རིན་པོ་ཆེ་ནི་ངེས་དོན་གྱི་མཁས་པའི་དབང་ཕྱུག་དམ་པར་བཞུགས་པས། རང་གར་བླུན་པོའི་ལབ་རྡོལ་ལྟར་གང་དྲན་དྲན་ཤོད་མི་སྲིད་ལ། ཁོང་ལ་ཐུགས་རྩེ་གཏོད་ས་གཞན་པ་ཞིག་ཏན་ཏན་ཡོད་ངེས་སོ། །

དེ་བས་འདི་ཉིད་ཚ་བ་དཔའ་ཤོད་པའི་སྤྲང་པོ་ཁྱོ་ཤུག་གཉིས་པོ་ཁ་བ་དཀར་པོར་འགྲོ་བའི་ལམ་དུ་འཁྲུངས་པར་ཡིན་ཀྱང་སྲིད་མོད། ཁོ་བོས་ད་བར་འདི་འདྲའི་རྒྱུ་ཆ་གཞན་མ་རག་པས་དཔྱད་པའི་གཞི་ཙམ་དུ་ལུས་པ་ཡིན་ལ། གང་ལྟར་སྤྲུལ་སྐུ་འདི་ཉིད་མདོ་དབུས་ཁམས་གསུམ་ལས་ཁམས་དང་། མདོ་ཁམས་སྒང་དྲུག་ལས་ལྷོ་ངོ་མཚར་ཚ་བ་སྒང་གི་ཡུལ་དུ་འཁྲུངས་པ་ནི་ཕལ་ཆེར་གཏན་ཁེལ་ཆོག་པར་སྣང་ཡང་། ད་དུང་དཔྱད་དགོས་ས་གཅིག་ནི། 《རག་རའི་རྒྱལ་རབས་》ལས། “འདི་པ་(ནི)ལྷ་སར་ཡབ་ཚ་བ་རོང་པ་འཁྱར་བའི་བཟའ་མི་གཉིས་ལ་འཁྲུངས་པ་ཡིན་”[5]ཞེས་ལྷ་སར་འཁྲུངས་པར་གསུང་པ་འདི་ཡིན་ལ། ཁོང་གི་འཁྲུངས་གཞིས་འདོད་ཚུལ་མི་འདྲ་བ་གསུམ་བྱུང་ཡང་། མི་རྒྱུད་ཚ་སྒང་པ་ཞིག་ཡིན་པ་ནི་གཅིག་མཚུངས་སུ་འདོད་དོ། །གཞན་ཐུབ་ཕུན་གྱིས་[6]འདི་ཉིད་ལྷ་བཟང་ཧན་གྱི་བུ་ཡིན་པར་བཤད་ཅིང་། ཞེ་ཆེན་དྲུང་ཡིག་པའི་སྡེ་དགེའི་རྒྱལ་རབས་ཀྱི་ལུང་ཁུངས་སུ་འདྲེན་པར་བྱས་པ་སོགས། འདི་ཉིད་ལྷ་བཟང་ཧན་གྱི་བུ་ཡིན་པར་ཤོད་མཁན་མང་པོ་འདུག་ཀྱང་། དུས་སྐབས་དེའི་ཡིག་ཆ་དག་ལས་ཟུར་ཙམ་མི་གསལ་བས། འདི་འདྲའི་བཤད་ཡམས་འདི་ཕྱིས་སུ་རྟོག་བཟོ་བྱས་པ་ཙམ་ཡིན་ངེས་སོ། །སྤྱིར་ཁོང་ཉིད་ཆུང་དུས་ན་སྐྱེས་རྟགས་མཛད་སྤྱོད་སོགས་ལ་སྤྱིར་བཏང་བ་དང་མི་འདྲ་བར་ངོ་མཚར་བར་ཡོད་པས། སྡེ་སྲིད་ཀྱིས་ལྕགས་པོ་རིར་སྤྲུལ་སྐུ་འགའ་དང་ལྷན་དུ་བདག་ཉར་བྱས་པ་《འཇིགས་བྱེད་ཆོས་འབྱུང་》ལས། “སླར་བར་ཁམས་ཚ་རོང་ཁ་དཀར་དུ། མཆོག་གི་སྤྲུལ་པའི་སྐུ་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་མིའི་ཟློས་གར་མཛད་པ་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་འདི་འཁྲུངས་ཏེ། དེ་དུས་རྟགས་མཚན་ཤིན་ཏུ་ཡ་མཚན་པ་མང་པོ་བྱུང་། གསང་ཤིན་ཏུ་དམ་ཡང་སྦེད་མ་ཐུབ་པས་སྡེ་སྲིད་ཀྱིས་ལྐོག་ནས་གདན་དྲངས། ལྕགས་པོ་རི་ལ་སྐུ་སྐྱེས་ཡིན་ཟེར་མཁན་འགའ་ཞིག་དང་ལྷན་དུ་བཞག་་་་་”[7]ཅེས་གསལ་བ་ལྟར་ཡིན། ལར་ཁོང་ཉིད་དགུང་གྲངས་བཅུ་བཞི་པ། རབ་བྱུང་བཅུ་གཉིས་པའི་ས་ཡོས། ཕྱི་ལོ་ ༡༦༩༩ ལོར་སེ་ར་དགོན་དུ་ཆོས་ཞུགས་མཛད་ཡོད་ཀྱང་། ལོ་དུས་གང་ཙམ་ལ་ལྕགས་པོ་རིར་གདན་དྲངས་པ་ཁ་གསལ་མེད་ལ། དེར་སློབ་སྦྱོང་སོགས་ལ་ཐུགས་བརྩོན་ཇི་ལྟར་གནང་ཡོད་པ་ཡང་མི་གསལ་མོད། རང་གར་མི་ཚེ་ཅི་འཁྱོལ་ཙམ་ནི་བྱས་མེད་པར་སྤྲུལ་སྐུ་བྱིངས་མ་རྣམ་ལྟར་ཐོས་བསམ་ལ་གང་འཚམ་རེ་འབད་ཡོད་པར་ཚོད་དཔག་བྱེད་ཆོག་པ་ཡིན།

༢ རྒྱལ་བའི་གསེར་ཁྲིར་ཕེབས་བཞུགས་ཀྱི་སྐོར། 

དེ་ནས་ལྕགས་པོ་རི་ལ་གང་འཚམས་བཞུགས་རྗེས། ལྷ་བཟང་ཧན་གྱི་དབང་ཤུགས་དང་། ལྷའི་ལུང་བསྟན། པཎ་ཆེན་ལྔ་པའི་ཐུགས་བརྟག་བཅས་ལ་བརྟེན་ནས་རྒྱལ་བའི་གསེར་ཁྲིར་ཕེབས་པ། 《རྣམ་ཐར་བཙན་པོ་མར།》 “དེ་ནས་རྒྱལ་བོས་པཎ་ཆེན་རིན་པོ་ཆེ་དང་ཆོས་སྐྱོང་ཁག་སོ་སོ་ལ་བརྟག་པ་བྱས་ནས་ཁམས་ནས་འཁྲུངས་པའི་པད་དཀར་འཛིན་པ་འདི་རྒྱལ་བའི་སྤྲུལ་སྐུ་ཡིན་པའི་ལུང་བསྟན་བབས།”[8]ཞེས་གསལ་བ་ལྟར་ཡིན་ལ། ཁྲི་ལ་ཕེབས་ལོ་ཡང་། མཁས་དབང་དུང་དཀར་པས།[9] རབ་བྱུང་བཅུ་གཉིས་པའི་མེ་ཁྱི་ལོར་ཡིན་པ་ལྟ་བུར་གསུངས་ཀྱང་། པཎ་ཆེན་ལྔ་པའི་རང་རྣམ་ལས། “(མེ་ཕག་ཟླ་བ་དང་པོའི་)དེ་ནས་ཉེར་ལྔ་ཉིན་མོར་འགྲུབ་སྦྱོར་ཡོད་པའི་སྔ་དྲོ་ཉི་དྲོས་ལ་གོང་ས་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་ལྷ་ལྡན་ནས་ཕོ་བྲང་ཆེན་པོར་པོ་ཏ་ལར་སྤྱན་འདྲེན་པའི་དུས་སྒོ་གནང་སོང་བར་ངེད་ནས་ཀྱང་མཛོད་པ་ངོ་གཡོག་རྣམས་ཆིབས་བསུར་རྫོང་སྟ་བྱས་ཤིང་།”[10]ཞེས་སོགས་དང་། 《སླེ་ལུང་པའི་རང་རྣམ་》ལས་ཀྱང་། “མེ་ཕག་ལོ་གསར་གྱི་དུས་ཀྱང་སྔན་རྒྱུན་བཞིན་མགྲོན་དུ་བོས་བྱུང་ཞིང་།” [11]ཞེས་པ་ནས། “མཁན་པོ་ངག་དབང་ཡེ་ཤེས་རྒྱ་མཚོ་ཁྲི་འདོན་གྱི་བརྡ་འགྲེམས་ཀྱང་བྱུང་སོང་བ་བཅས། ལྷུན་འགྲུབ་ཁང་གསར་སོགས་ནས་ངེད་ལ་ཡང་ཕྱིན་པ་དགའ་གསུང་བ་བཞིན་ལྷ་སར་ཕྱིན།”[12]ཞེས་མེ་ཕག་ལོར་ཁྲི་འདོན་བྱས་པར་གསལ་བ་དང་། རབ་བྱུང་བཅུ་གཉིས་པའི་ཤིང་བྱ། ཕྱི་ལོ་ ༡༧༠༥ ལོར་སྡེ་སྲིད་སྐུ་བཀྲོང་པ་དང་།[13] རབ་བྱུང་བཅུ་གཉིས་པའི་མེ་ཁྱི། ཕྱི་ལོ་༡༧༠༦ ལོར་རྒྱལ་བ་ཚངས་དབྱངས་པ་ལྷ་ས་དང་ཞལ་གྱེས་པ།[14]  རབ་བྱུང་བཅུ་གཉིས་པའི་མེ་ཕག །ཕྱི་ལོ་ ༡༧༠༧ ལོར་ལྷ་བཟང་ཧན་གྱིས་པཎ་ཆེན་ལྔ་པ་བློ་བཟང་ཡེ་ཤེས་ལྷ་སར་གདན་དྲངས་ཐོག་ཧོར་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་ཡེ་ཤེས་རྒྱ་མཚོ་རྒྱལ་བའི་གསེར་ཁྲིར་མངའ་གསོལ་སྟེ་ཁྲི་སྟོན་རྒྱ་ཆེར་གནང་བ་[15]བཅས་རྣམ་ཐར་བཙན་པོ་མར་སྔ་ཕྱི་རིམ་པར་ཤིན་ཏུ་གསལ་བར་འབྱུང་བ་དང་།《སུམ་པའི་ཆོས་འབྱུང་》གི་ལོ་ཚིགས་རེའུ་མིག་[16]ཏུ་ཡང་མེ་ཕག་ལོར་ཁྲི་འདོན་བྱས་པར་གསལ་བ་བཅས། དེ་སྐབས་ཀྱི་ཡིག་ཆ་དག་ལས་གཅིག་མཐུན་ལྟ་བུར་བྱུང་འདུག་པས། ཁྲིར་ཕེབས་ལོ་ནི་ཁོང་ཉིད་དགུང་གྲངས་ཉེར་གཉིས་ལ་ཕེབས་པའི་ལོ་སྟེ། རབ་བྱུང་བཅུ་གཉིས་པའི་མེ་ཕག །ཕྱི་ལོ་ ༡༧༠༧ ལོར་གཏན་ཁེལ་བྱ་ཆོག་གོ །འོན་ཀྱང་སུམ་པའི་རེའུ་མིག་[17]ཏུ་རབ་བྱུང་བཅུ་གཉིས་པའི་ཤིང་བྱ། ཕྱི་ལོ་ ༡༧༠༥ ལོར་ངོས་འཛིན་བྱས་པར་གསལ་བས། ལྷ་བཟང་ཧན་གྱིས་སྡེ་སྲིད་བཀྲོང་པའི་ལོ་དེེ་རང་ལ། ཚངས་དབྱངས་རྒྱ་མཚོ་རྒྱལ་བའི་ཡང་སྲིད་ངོ་མ་མིན་པར་དྲིལ་བསྒྲགས་ནས། པཎ་ཆེན་རིན་པོ་ཆེར་ཡེ་ཤེས་རྒྱ་མཚོ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་བཅུག་ཡོད་ཀྱང་། ལོ་གཉིས་རིང་ཁྲི་འདོན་མ་བྱས་པར་ལུས་ཡོད་པ་འདྲ་ལ། པཎ་ཆེན་རང་རྣམ་དུའང་། མེ་ཁྱི་ལོར་ཚངས་དབྱངས་རྒྱ་མཚོ་གོང་མའི་བཀའ་བཞིན་རྒྱ་ནག་ཏུ་གདན་དྲངས་པར་ལམ་དུ་གཤེགས་པརགསུངས་ནས། “འདི་གོང་ནས་རྒྱལ་པོས་མཁན་ཆེན་རྒྱལ་བའི་དབང་པོའི་སྐུའི་ཡང་སྲིད་གར་ཕེབས་ཀྱི་དྲི་བ་གནང་བྱུང་རུང་། འདི་སྐོར་གཞན་དང་མ་འདྲ་བའི་སྟབས་གསལ་འབུལ་མ་བདེ་ནས། ཆོས་སྐྱོང་སོ་སོར་ལུང་ཞུ་དང་རྟེན་ཁྱད་པར་ཅན་གྱི་དྲུང་དུ་བརྟག་པ་སོགས་གནང་ན་དུས་བབས་ཀྱི་ལུང་གསལ་ཡོང་ཚུལ་ཙམ་གྱི་ལན་ཡང་ཡང་ཕུལ།”[18]ཞེས་འབྱུང་བ་དང་ཡང་ཕལ་ཆེར་འགྲིག་ལ་ཁ་ཡིན་ནོ། །

གཞན་《ཚངས་དབྱངས་རྒྱ་མཚོའི་གསང་རྣམ་》ལས། “ དེའི་རྐྱེན་གྱིས་རྗེ་ཉིད་དགུང་ལོ་ཉེར་ལྔར་ཕེབས་པའི་མེ་ཕག་ལོའི་སྟོན་ཀར་རྒྱ་ནག་ཏུ་གདན་དྲངས།” [19]ཞེས་ཚངས་དབྱངས་རྒྱ་མཚོ་མེ་ཕག་ལོར་རྒྱ་ནག་ཏུ་གདན་དྲངས་པར་གསལ་བ་འདི་ལོས་རྒྱུས་བྱིངས་མ་རྣམས་དང་དེ་ཙམ་མི་འགྲིག་པས་ནོར་བར་ངེས་སོ། །དེ་ནས་ཧོར་ཟླ་གསུམ་པའི་ནང་པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་ཞུས་པ། 《རྣམ་ཐར་བཙན་པོ་མར།》 “ཟླ་བ་ཕྱི་མ་ལ་ཇོ་བོ་རིན་པོ་ཆེའི་མདུན་ནས་པཎ་ཆེན་རིན་པོ་ཆེས་མཁན་པོ་མཛད། རྗེ་འདི་ལ་སོགས་པས་ཁ་སྐོང་བྱས་ནས་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་བྱས།”[20]ཞེས་གསལ་བ་ལྟར་ལགས་ལ། སྤྱིར་ཁོང་ཉིད་སྔར་སེ་ར་ཐེག་ཆེན་ཆེན་གླིང་དུ་གྲྭ་སར་ཞུགས་ཡོད་པ་དང་། བར་སྐབས་ཤིག་སྡེ་སྲིད་ཀྱིས་སྤྲུལ་སྐུ་འགའི་གྲས་སུ་ལྕགས་པོ་རི་ཉར་ཚགས་གནང་ཡོད་པ་དང་། གྲྭ་ས་གང་རུང་ལ་ཐུགས་བརྩོན་ཡང་གནང་གིན་ཡོད་པར་འདྲ་བས། རབ་ཏུ་བྱུང་ཞིང་། དགེ་ཚུལ་གྱི་སྡོམ་པ་ཙམ་ཞུས་ཡོད་ངེས་ལྟར་འདུག་ཀྱང་། པཎ་ཆེན་རང་རྣམ་ལས། “དགེ་བསྙེན་ནས་བཟུང་བསྙེན་རྫོགས་ཀྱི་དངོས་པོ་དཀྱུས་ཐོག་གཅིག་ཏུ་ཕུལ་ནས་མཚན་ངག་དབང་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ་”[21] ཞེས་ཀྱང་འབྱུང་བས་སྔར་མ་ཞུས་པའམ་འདིར་སྐྱར་དུ་ཞུས་པ་གང་ཡིན་དཔྱད་དགོས་ཤིང་། ཁྲི་ལ་བཞུགས་རིང་འཇམ་དབྱངས་བཞད་པར་དབང་ལུང་སོགས་ཆོས་སྐོར་འགར་གསན་ཡོད་པ་《རྣམ་ཐར་བཙན་པོ་མར་》[22]གསལ་བ་དང་། དགའ་ལྡན་ཁྲི་ཐོག་ཞེ་དགུ་བ་དགེ་འདུན་ཕུན་ཚོགས་ཀྱི་ཞལ་སློབ་ཡིན་པ་《བླ་བྲང་གདན་རབས་》[23] སུ་གསལ་བ་ཙམ་ལས། གཞན་ཞིབ་ཕྲའི་གནས་ཚུལ་འཁོད་པའི་ཡིག་ཆ་མཐོང་རྒྱུ་མེད་མོད། ཐུགས་གཉེར་སྨར་བར་བྱུང་ཡོད་པ་《འཇིགས་བྱེད་ཆོས་འབྱུང་》ལས། “ད་ལྟ་སྐྱེ་རྒུ་བདེ་ཞིང་ཐུགས་གཉེར་དང་གསུང་ཆོས་རྣམས་འཕེལ་པར་བཞུགས་པ་འདི་ལགས་སོ། །”[24]ཞེས་གསལ་བས་ཤེས་སོ། །

༣ ཁྲི་ལས་ཕབ་པའི་སྐོར།

དེང་རབས་བོད་ཀྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་རྒྱལ་མོ་འབྲུག་པ་[25]དང་། ཐུབ་བསྟན་ཕུན་ཚོགས།[26] ཆབ་སྤེལ་ཚེ་བརྟན་[27]སོགས་ཀྱིས་ཁོང་ཉིད་རྒྱལ་བའི་ཁྲི་ལ་ལོ་བཅུ་གཅིག་བཞུགས་པར་བཤད་ཀྱང་། དེ་ནི་ཚངས་དབྱངས་རྒྱ་ཚོ་ལྷ་སར་ནས་གདན་འདྲེན་པའི་ལོ་དེ་རང་ལ་ཁྲི་འདོན་བྱས་པར་བརྩིས་ཏེ་ཞིབ་དཔྱད་མ་བྱས་པ་ལས། ཁྲི་ལ་ཕེབས་ལོ་ཕྱི་ལོ་ ༡༧༠༧ ལོར་ཡིན་པ་གོང་དུ་བཤད་པ་དེ་ལྟར་ཡིན་ལ། ཁྲི་ལས་ཕབ་ལོ་ཡང་ཁོང་ཉིད་དགུང་གྲངས་སོ་གཉིས་པ། རབ་བྱུང་བཅུ་གཉིས་པའི་མེ་བྱ། ཕྱི་ལོ་ ༡༧༡༧ ལོར་ཡིན་པ་འོག་ནས་འཆད་འགྱུར་ལྟར་ཡིན་པས། ཁྲི་ལ་ལོ་བཅུ་ལས་བཞུགས་སྐབས་གཏན་ནས་མེད་དོ། །སྤྱིར་ཁྲི་ལས་ཕབ་ལོ་དེ་ཕྱི་ལོ་ ༡༧༡༧ ལོར་ཡིན་པ་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེ་ཞལ་གཅིག་མཐུན་ལྟ་བུར་འདུག་ཀྱང་། དེ་ལྟར་ཡིན་པའི་རྒྱུ་མཚན་ཅུང་གསལ་དུ་བཏང་ན། སླེ་ལུང་རྗེ་དྲུང་རིན་པོ་ཆེ་དགུང་གྲངས་ཉི་ཤུ་པར་བསྙེན་པར་རྫོགས་པའི་ཕྱི་ལོ་སྟེ། རབ་བྱུང་བཅུ་གཉིས་པའི་མེ་བྱ། ཕྱི་ལོ་ ༡༧༡༧ ལོར། ཇུན་གར་བས་དྲུང་འཁོར་ཚང་མ་བསྡུས་ཏེ་གྲོས་བྱས་མཐར་ཁོང་ཉིད་རྒྱལ་བའི་ཡང་སྲིད་མིན་པར་གྲོས་མཐུན་བྱུང་ནས་ལྕགས་པོ་རིར་གདན་དྲངས་པར། 《རང་རྣམ་》ལས།“མེ་བྱའི་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཉིན། ་་་་་་་་”[28]ཞེས་སོགས་ནས། “ཉིན་གཅིག་དྲུང་འཁོར་ཚང་མ་པོ་ཏ་ལ་བསྡུས་པའི་ད་ལྟ་ཁྲི་ཐོག་ཏུ་ཡོད་པའི་བླ་མ་འདི་གོང་ས་ལྔ་པའི་སྐུ་སྐྱེ་ཡིན་མིན་ཇི་ལྟར་གྱི་སྐོར་སྦྱང་མང་དུ་བགྱིས་པས་ཚང་མ་འདོད་པ་གཅིག་གིས་མིན་པར་ཐག་ཆོད་དེ། མཁན་པོ་རིན་པོ་ཆེ་ཡེ་ཤེས་རྒྱ་མཚོ་པོ་ཏ་ལ་ནས་ལྕགས་པོ་རིར་གདན་དྲངས་སོང་བར།”[29]ཞེས་གསལ་བས་ཤེས་སོ། །

དེ་ལྟར་ན་རྒྱལ་བ་སྐལ་བཟང་རྒྱ་མཚོ་དགུང་གྲངས་བཅུ་གསུམ་པ། རབ་བྱུང་བཅུ་གཉིས་པའི་ལྕགས་བྱི། ཕྱི་ལོ་ ༡༧༢༠ ལོར་གསེར་ཁྲིར་འཁོད་པའི་བར་ལོ་གསུམ་འགོར་ཡོད་འདུག །འོན་ཀྱང་འདིར་དཔྱད་དགོས་པ་ལ། 《རང་རྣམ་》དེ་ལས། “དེ་དུས་རང་ལོ་ཉི་ཤུའི་ཐོག་སླེབས་པས་བསྙེན་རྫོགས་སྒྲུབ་རན་ཚོད་དུ་འདུག”[30]ཅེས་དང་། “འདི་སྐབས་ཀྱི་རྩེ་བསྙེན་རྫོགས་བཞེས་ནས་ལོ་བཅུ་ལོན་པ་དང་། གཞན་ལ་བསྙེན་རྫོགས་གནང་བའི་ཐོག་མར་ངེད་ལྟ་བུ་ཞིག་བྱུང་ན་ལེགས་འདྲ་སྙམ་པ་རྒྱལ་པོའི་ཐུགས་བཞེད་ལ་བྱུང་བར་བརྟེན།”[31]ཞེས་དང་། “ཚེས་བཞིའི་ནངས་པར་ངེད་དང་མངའ་རིས་གྲྭ་ཚང་གི་དབུ་མཛད་ངག་དབང་བློ་བཟང་སོགས་མི་དྲུག་གཟིམ་ཆུང་ཉི་འོད་འཁྱིལ་བར་རྩེ་ཡེ་ཤེས་རྒྱ་མཚོས་མཁན་པོ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་དོན་འགྲུབ་ཕུན་ཚོགས་ཀྱིས་ལས་སློབ། བྷ་ག་བླ་མས་གསང་སྟོན། བློ་གྲོས་བཟོད་པས་ཁ་སྐོང་། རབས་འབྱམས་པ་ཐུབ་བསྟན་གྱིས་དུས་བསྒོ་བ་བགྱིས་ཏེ་དུས་ཚོད་ཉི་མའི་བཞི་ཆ་ཤར་བ། གྲིབ་མ་སྐྱེས་བུ་གཅིག་དང་རྐང་པ་གསུམ་དུ་སླེབས་པའི་དུས་སུ་བསྙེན་རྫོགས་སུ་མིང་བཏགས།” [32]ཞེས་རབ་བྱུང་བཅུ་གཉིས་པའི་མེ་གླང་། ཕྱི་ལོ་ ༡༦༩༧ ལོར་འཁྲུངས་པའི་སླེ་ལུང་རྗེ་དྲུང་དགུང་ལོ་ཉི་ཤུ་ལ་ཕེབས་པའི་མེ་བྱ། ཕྱི་ལོ་ ༡༧༡༦ གི་ལོར་པད་དཀར་འཛིན་པ་བསྙེན་རྫོགས་བཞེས་ནས་ལོ་བཅུ་བྱུང་ཡོད་པར་གསུངས་ཀྱང་། གོང་དུ་དྲངས་པ་ལྟར་ཁོང་ཉིད་བསྙེན་རྫོགས་གསེར་ཁྲིར་འཁོད་ལོ་སྟེ། ཕྱི་ལོ་ ༡༧༠༧ ལོར་བཞེས་པ་གཏན་ཁེལ་ཡིན་པས། འདི་ལོར་ལོ་བཅུ་འཁོར་ཚུལ་གཏན་ནས་མེད་ལ། འོན་ཀྱང་ལོ་ངོ་ཙམ་བརྩིས་ན་འགྲིག་ཙམ་འོང་བར་གདའོ། །འདི་དམུ་དགེ་རིན་པོ་ཆེས་སླེ་ལུང་རྗེ་དྲུང་པ་ལས་ཁོང་བསྙེན་པར་རྫོགས་པ་ལྟ་བུར་བཤད་པ་ནི་ནོར་བར་ཤེས་སླའོ། །

སྤྱིར་པད་དཀར་འཛིན་པ་འདི་ཉིད་འདུལ་ཁྲིམས་ཤིན་ཏུ་གཙང་ཞིང་རྣམ་པར་དག་པས། ཚུལ་ཁྲིམས་ཀྱི་ངད་བཟང་ཕྱོགས་ཀུན་ཏུ་འཕྲོ་བ་སོགས་སྙིགས་དུས་ཀྱི་འདུལ་འཛིན་བྱེ་བའི་ཁྱུ་མཆོག་ཏུ་བཞུགས་པ། 《སུམ་པའི་ཆོས་འབྱུང་》ལས། “པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་ཞེས་པ་ཚུལ་ཁྲིམས་ཀྱི་དྲི་ངད་རྒྱང་རིང་པོ་ནས་བྲོ་བའི་འདུལ་འཛིན་ཆེན་པོ་དེ་ཉིད་གདན་སར་བྱོན།”[33]ཞེས་སོགས་ལོ་རྒྱུས་རྣམ་ཐར་མང་པོ་ལས་གསུངས་པ་ལྟར་ལགས་ཀྱང་། སླེ་ལུང་རྗེ་དྲུང་པ་སོགས་ལ་བསྙེན་རྫོགས་ལན་གཅིག་གནང་བ་ལས། གཞན་འདུལ་བའི་བསྟན་པར་བྱ་བ། གང་དུ། སུ་ལ། ཇི་ལྟར་བྱས་ཡོད་པའི་སྐོར་གྱི་རྒྱུ་ཆ་གང་ཡང་མཐོང་ཐོས་མ་བྱུང་ངོ་། །གཞན་ཁོང་ཉིད་རྒྱལ་བའི་ཡང་སྲིད་འཁྲུལ་མེད་ཉིད་དུ་གདན་སའི་གྲྭ་མངས་དང་། མངས་ཚོགས་སྤྱིའི་ངོས་ནས་ཁས་ལེན་བྱེད་ཀྱིན་མེད་ཀྱང་། དེ་ལྟར་ངོས་ལེན་བྱེད་མཁན་ཡང་ཀུན་མཁྱེན་ཡབ་སྲས་སོགས་འགའ་རེ་བྱུང་ཡོད་པར་འདུག་གོ །

༤ སོག་ཡུལ་དུ་ཕེབས་ཏེ་སྐུ་ཚེ་ཐ་མའི་མཛད་པའི་སྐོར། 

འདི་ཉིད་ཁྲི་ལས་ཕབ་ནས་ལྕགས་པོ་རིར་ལོ་གསུམ་ཙམ་བཞུགས་རྗེས་ཆིང་གོང་མའི་བཀའ་བཞིན་རྒྱ་ནག་ཏུ་གདན་འདྲེན་ཞུས་ཡོད་པ་པཎ་ཆེན་རང་རྣམ་ལས་ལྕགས་བྱི་ལོའི་(༡༧༢༠)ཟླ་བ་བཅུ་གཅིག་པའི་ཚེས་ཉེར་དགུའི་སྐོར་གྱི་གནས་ཚུལ་བྲིས་རྗེས། ཕལ་ཆེར་ཟླ་བ་བཅུ་གཉིས་པའི་ཚེས་ཀ་ཞིག་ལ་ཡིན་འདྲ་བར། “ངག་དབང་ཡེ་ཤེས་རྒྱ་མཚོར་སྔ་སོར་རྗོན་ཀར་བའི་དུས་གསོལ་ཆས་སོགས་སྔར་རྒྱུན་ལས་མི་དམན་པ་ཕུལ་བའི་ལྕགས་སྤོ་རིར་ཟུར་བཞུགས་གནང་བར། ད་ལམ་འཇམ་དབྱངས་གོང་མ་ཆེན་པོ་ནས་རྒྱལ་ཁབ་ཆེན་པོར་ཕེབས་དགོས་ཚུལ་བྱུང་བའི་ཆིབསབསྐྱོད་གནང་རྩིས་ཀྱི། ངོས་འཕྲད་དུ་ཕེབས་བྱུང་བར་སྔ་ཕྱིར་ཕུ་དུད་བླ་ན་མེད་པ་དང་། གཞན་ཡང་ཉེར་མཁོ་སོགས་དངོས་འབུལ་ཡང་དག་པས་མཉེས་པར་བྱས་ཤིང་། ཞབས་པད་ཡུན་རིང་བརྟན་པ་དང་། བསྟན་འགྲོར་ཕན་བདེ་རླབས་པོ་ཆེ་འབྱུང་བའི་ཐུགས་བསྐྱེད་སྨོན་པ་བཟང་པོ་དགོས་ཚུལ་སོགས་ཀྱི་སྙན་འདེབས་ཞུས། ”[34]ཞེས་འབྱུང་བ་ལྟར་ཕྱི་ལོ་ ༡༧༢༠ ལོར་རྒྱལ་བ་སྐལ་བཟང་རྒྱལ་མཚོ་ལྷ་སར་ཞབས་སོར་བཀོད་དེ། འདི་ཉིད་ཕྱིར་གདན་དྲངས་པ་ཡིན་ལ། སུམ་པའི་ཆོས་འབྱུང་ལས“ཡོང་ཊིང་རྒྱལ་པོའི་རིང་ལ་བླ་མ་རིན་པོ་ཆེ་ལྕགས་པོ་རི་པ་ཡེ་ཤེས་རྒྱ་མཚོ་འཕེབ་ཅིང་”[35]ཞེས་ཆིང་གོང་མ་ཡུང་ཀྲེང་སྐབས་ཡིན་པ་ལྟར་གསུང་ཀྱང་།  ཡུང་ཀྲེང་ཁྲི་ལོ་དང་པོ་ཕྱི་ལོ་ ༡༧༢༣ ལོ་ཡིན་[36]པས། དེ་ལྟར་ན་ངོ་ལྔ་ཙམ་ལྕགས་པོ་རིར་བཞུགས་ནས་ཕེབས་པར་གྱུར་ཡོད། འོན་ཀྱང་ཁོང་ཉིད་དེ་ཙམ་བཞུགས་མེད་པ་པཎ་ཆེན་རང་རྣམ་ལས་གསལ་བས་ཁང་ཞིའི་སྐབས་ནས་རྒྱ་ནག་ཏུ་ཕེབས་ཤིང་། ཡུང་ཀྲེང་ཁྲི་ལོ་ཁ་ཤས་ནང་དེར་བཞུགས་པར་འདྲའོ། །

རྒྱ་ནག་གོང་མས་ཁོང་ལ་ཧོ་ཐོག་ཐུ་ཞེས་པའི་འཇལ་ས་གནང་ཞིང་ཞེ་ཧོར་热河རམ། ད་སྐབས་ཧི་པེ་ཁྲིང་དི་河北承德ཞེས་པའི་ས་ཆར་ཕེབས་ཏེ། དེ་རུ་ལྷ་ཁང་ལྗང་གུ་དང་། པོ་ཏ་ལྷ་ཁང་ཞིག་བཅས་བཞེངས་ནས་བཞུགས་ཤིང་། གྲྭ་ཚོགས་སྟོང་གཉིས་ཙམ་བསྡུས་ནས་མཚན་ཉིད་ཀྱི་གྲྭ་གསར་འཛུགས་གནང་བ་སོགས། རྒྱ་སོག་ཀྱི་གདུལ་བྱ་དཔག་ཏུ་མེད་པ་ལ་བསྟན་པའི་བྱ་བ་རྒྱ་ཆེར་གནང་ཡོད་པ་《ལོ་རྒྱུས་ཀུན་དགའི་མེ་ལོང་》ལས། “པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་བོད་ནས་ཞེ་ཧོར་དུ་སྤྱན་དྲངས། ཞེ་ཧོར་དུ། ལྷ་ཁང་ལྗང་གུ་ཞེས་པ་བསམ་ཡས་ལ་དཔེ་བླངས་ནས་བཞེངས་པ་དང་། པོ་ཏ་ལའི་ཕོ་བྲང་ཞིག་ཀྱང་བཞེངས་ནས། དེར་བཞུགས་སུ་བཅུག །སོག་ཡུལ་ནས་གྲྭ་བ་སྟོང་གཉིས་ཙམ་བསྡུས་ནས་མཚན་ཉིད་ཀྱང་བཙུགས། སོག་པོ་རྣམས་ཀྱིས་ཁོང་ལ་ཞེ་ཧོར་ཏཱ་ལའི་བླ་མ་ཟེར་ཞིང་། ཆིན་གོང་མས་མཁན་པོ་ཧོ་ཐོག་ཐུ་ངག་དབང་ཡེ་ཤེས། ཞེས་ཞུ་བ་འདྲ།”[37]ཞེས་གསུང་པ་ལྟར་རོ། །

འོན་ཀྱང་ཁྲིང་དིའི་ཕོད་ཉིང་དགོན་དང་། པོ་ཏ་ལ་ཆུང་བ་འདི་གཉིས་བཞེངས་པའི་ལོ་ཚིགས། རྒྱ་མིས་ད་སྐབས་ཡོངས་གྲགས་སུ་བཤད་པ་དག་དང་དེ་ཙམ་མི་འགྲིག་པ་འདྲ་བས་དཔྱད་པར་བྱའོ། །གལ་སྲིད་ཁོང་ཉིད་ཕྱི་ལོ་ ༡༧༢༠ ལོར་གནས་འདིར་གདན་དྲངས་པ་ཡིན་ངེས་ན། འདི་རུ་ལོ་དྲུག་བཞུགས་རྗེས་སྐུ་ཚེའི་མཛད་པ་བསྡུས་ཡོད་པ་སྟེ། ལྕང་སྐྱ་རིན་པོ་ཆེས། “མེ་ཕོ་རྟའི་གནམ་ལོ་གསར་ཚེས་ཀྱི་སྲིད་གསུམ་བདག་མོའི་གཏོར་སྐྱོང་དང་། ཉིན་གཉིས་ཀྱི་བར་བཞུགས་གྲལ་དགྱེས་སྟོན་སོགས་སྔར་འཁྱུད་བཞིན་གནང་། གོང་མའི་མི་སྣ་ཏཱ་བླ་མ་ཡེ་ཤེས་བསྟན་པའི་བཤེས་གཉེན་སོགས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྩལ། བྱེས་བླ་མ་ཟུར་བློ་བཟང་དོན་འགྲུབ་ཨོ་རོད་དུ་སོང་བའི་ཤུལ་ན་མཆིས་པ་རྣམས་ཀྱི་དངུལ་སྲང་བདུན་བརྒྱ་ཕུལ་བར་འཕྲལ་ཡུན་དགེ་བའི་ཐུགས་དམ་སྐྱབས་འཇུག་གནང་། བསྟན་པའི་གསལ་བྱེད་དམ་པ་མཁན་པོ་ཧུ་ཐོག་ཐུ་ངག་དབང་ཡེ་ཤེས་རྒྱ་མཚོ་ཞིང་གཞན་དུ་གཤེགས་པའི་དགོངས་རྫོགས་སྒྲུབ་མི་བྱུང་བར་དགེ་ཚོགས་རྣམས་བླ་མེད་རྫོགས་བྱང་གི་རྒྱུར་བསྔོ་བར་མཛད།”[38]ཅེས་རྒྱལ་བ་སྐལ་བཟང་རྒྱལ་མཚོ་དགུང་གྲངས་བཅུ་དགུར་ཕེབས་པའི་ལོ་སྟེ། རབ་བྱུང་བཅུ་གཉིས་པའི་མེ་རྟ་ལོར་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་ཞིང་དུ་གཤེགས་པའི་དགོངས་རྫོགས་དངོས་པོ་འབྱོར་ཡོད་པར་འདུག་ན། ཁོང་ཉིད་དགུང་གྲངས་ཞེ་གཅིག་པ་ཕྱི་ལོ་ ༡༧༢༦ ལོར་སྐུ་ཚེ་མཐའ་ཅན་དུ་གྱུར་ཡོད་པར་ངེས།

ལར་ཁོང་ཉིད་སྐུ་ཚེ་རིང་པོ་ཞིག་བཞུགས་མེད་པར་རབ་བྱུང་བཅུ་གསུམ་པའི་ས་འབྲུག་ ༡༧༤༨ ལོར་བརྩམས་གྲུབ་པའི་《སུམ་པའི་ཆོས་འབྱུང་》ལས། “པད་དཀར་འཛིན་པ་རྒྱ་ནག་ཏུ་གདན་དྲངས་པའི་ཕྱིས་སུ་འདས་ཏེ་སྤྲུལ་སྐུ་ཁམས་སུ་བྱོན་པའང་རྒྱ་ནག་ཏུ་བྱོན་ཀྱང་བྲུམ་བུས་གཤེགས་པའོ། །”[39]ཞེས་དེ་སྐབས་ཁོང་འདས་ཟིན་པ་མ་ཟད་ཡང་སྲིད་ཀྱང་འཁྲུངས་ནས་རྒྱ་ནག་ཏུ་ཕེབས་ཤིང་འདས་ཟིན་པར་གསལ་བས་སོ། །འདི་ཚོར་བལྟས་ནས་ཁོང་ཉིད་འདས་ལོ་རབ་བྱུང་བཅུ་གཉིས་པའི་མེ་རྟ། ཕྱི་ལོ་ ༡༧༢༦ ལོར་ཡིན་པ་གཏན་ཁེལ་ཆོག་པར་འདུག་ན། ཁོང་ཉིད་འཚོ་བཞུགས་ཀྱི་དུས་ཡུན་མི་ལོ་ཞེ་གཅིག་ཏག་ཏག་བྱུང་ཡོད་དོ། །སྤྱིར་ཁོང་ཉིད་ཆོས་ཕྱོགས་ཀྱི་མཛད་པར་ཁ་བྲལ་མ་མྱོང་བའི་སྐྱེས་བུ་ཆེན་པོ་ཞིག་ཡིན་ཀྱང་། ཞིབ་ཕྲའི་གནས་ཚུལ་གསལ་བའི་རྒྱུ་ཆ་གང་ཡང་མེད་པས། ཡང་སྲིད་སྐོར་གྱི་གནས་ཚུལ་དང་། འཁོར་སློབ་གཙོ་གྲས་གང་གང་བྱུང་མིན། ཕྱི་རབས་ཀྱི་བགོ་སྐལ་དུ་བཞག་པའི་གསུང་རྩོམ་སྐོར་གང་འདྲ་ཡོད་མེད་ཅི་ཡང་ཤེས་ཀྱིན་མེད་པས། རྗེས་སོར་ལྷའི་ལུང་བསྟན་འདྲ་བྱུང་ན་མཇུག་ཏུ་འགོད་དགོས་ཤིང་། སྐུ་ཚེའི་ལོ་རྒྱུས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་སྐོར་ནི་གོང་དུ་བཤད་པ་འདི་དག་ཙམ་ཡིན་པར་འདྲའོ། །

མཇུག་བསྡུ་བའི་གཏམ།

མདོར་ན་རྗེ་འདི་ཉིད་ཕྱི་ལོ་ ༡༦༨༦ ལོར་མདོ་ཁམས་ཚ་བ་སྒང་དུ་སྐུ་འཁྲུངས་ཤིང་། དགུང་གྲངས་བཅུ་བཞི་པ། ཕྱི་ལོ་ ༡༦༩༩ ལོར་སེ་ར་དགོན་དུ་ཚོགས་ཞུགས་མཛད། དགུང་གྲངས་ཉེར་གཉིས་པ།  ཕྱི་ལོ་ ༡༧༠༧ ལོར་རྒྱལ་བའི་གསེར་ཁྲིར་མངའ་གསོལ་ཞིང་བསྙེན་པར་རྫོགས། དགུང་གྲངས་སོ་གཉིས་པ། ཕྱི་ལོ་༡༧༡༧ ལོར་རྒྱ་བའི་གསེར་ཁྲི་ལས་ཕབ་སྟེ་ལྕགས་པོ་རིར་དོ་དམ་བྱས། དགུང་གྲངས་སོ་ལྔ་པ། ཕྱི་ལོ་ ༡༧༢༠ ལོར་རྒྱ་ནག་ཏུ་གདན་དྲངས་ཏེ་ཞེ་ཧོར་རམ། དེང་སྐབས་ཁྲིང་དི་བྱ་བར་བཞུགས་ཤིང་བསྟན་འགྲོའི་བྱ་བ་གནང་བ་དང་། མཐར་དགུང་གྲངས་ཞེ་གཅིག་པ། ཕྱི་ལོ་ ༡༧༢༦ ལོར་སྐུ་གཤེགས་པ་བཅས། རྣམ་ཐར་ལོ་ཚིགས་གུང་བསྒྲིགས་ན་འཁྲུལ་བ་མེད་པ་འདི་ལྟར་ཡིན་འདུག་ལ། གཞན་ཐོས་བསམ་སློ་གཉེར་གྱི་སྐོར་དང་། བསྟན་པའི་བྱ་བ་གནང་ཚུལ་ཞིབ་ཕྲའི་སྐོར་ནི་རྣམ་ཐར་ལོ་རྒྱུས་གང་དུ་ཡང་མི་གསལ་བས་ཤེས་ཐབས་མེད། དེ་མིན་འབྲེལ་ཡོད་ཆབ་སྲིད་ཀྱི་གནས་ཚུལ་དང་། མི་སྣ་གཞན་པའི་གནས་སྟངས་སྐོར་ཡང་གླེང་སློང་གང་ཡང་མ་བྱས་པར། གཙོ་བོར་ཁོང་གི་སྐུ་ཚེའི་ལོ་རྒྱུས་རྐྱང་པར་གོ་བདེར་ངོ་སྤྲོད་བྱས་པའི་ཁུལ་བྱས་ཡོད་པས། གསར་བཤད་མེད་ཀྱང་ཐུགས་སྣང་ཅན་དག་ལ་དྲན་གསོའི་རྒྱུ་ཆ་ཙམ་དུ་རུང་བའི་རེ་བ་བྱས་ཡོད་དོ། །

དཔྱད་གཞིའི་ཡིག་ཆ།

[1] ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱི་གསུང་འབུམ། པོད་དང་པོ། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། པར་ལོ། ༢༠༢༣ ཤོག་ངོས། ༡༧༩

[2] ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།  པོད་དང་པོ། དཔལ་ལྡན་འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། པར་ལོ། ༢༠༡༥  ཤོག་ངོས། ༩༨

[3] ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།  པོད་ལྔ་པ། དཔལ་ལྡན་འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། པར་ལོ། ༢༠༡༥  ཤོག་ངོས། ༣༣༨

[4] མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། པོད་བཞི་པ། མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༢༠༠༣   ཤོག་ངོས། ༡༡༣

[5] བོད་ཀྱི་ལོ་རྒྱུད་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། པར་ལོ། ༢༠༡༡  ཤོག་ངོས།༣༠༠

[6] བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེའུ་མིག །ཐུབ་བསྟན་ཕུན་ཚོགས། གློག་རྡུལ་དེབ། ཤོག་ངོས། ༧༧༦

[7] ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།  པོད་ལྔ་པ། དཔལ་ལྡན་འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། པར་ལོ། ༢༠༡༥  ཤོག་ངོས། ༣༣༨

[8] ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱི་གསུང་འབུམ། པོད་དང་པོ། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། པར་ལོ། ༢༠༢༣ ཤོག་ངོས། ༡༧༩

[9] མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། པོད་བཞི་པ། མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༢༠༠༣   ཤོག་ངོས། ༡༡༣

[10] པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར། བློ་བཟང་ཡེ་ཤེས་དང་དཔལ་ལྡན་ཡེ་ཤེས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། པར་ལོ། ༢༠༡༤ ཤོག་ངོས། ༣༨༤

[11] འོལ་དགའ་བཞད་པའི་རྡོ་རྗེའི་རང་རྣམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༢༠༡༣ ཤོག་ངོས། ༡༠༩

[12] འོལ་དགའ་བཞད་པའི་རྡོ་རྗེའི་རང་རྣམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༢༠༡༣ ཤོག་ངོས།  ༡༡༡

[13] ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱི་གསུང་འབུམ། པོད་དང་པོ། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། པར་ལོ། ༢༠༢༣ ཤོག་ངོས། ༡༦༣

[14] ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱི་གསུང་འབུམ། པོད་དང་པོ། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། པར་ལོ། ༢༠༢༣ ཤོག་ངོས།  ༡༧༢

[15] ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱི་གསུང་འབུམ། པོད་དང་པོ། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། པར་ལོ། ༢༠༢༣ ཤོག་ངོས།   ༡༧༩

[16] ཆོས་འབྱུང་དཔག་བསམ་ལྗོན་བཟང་། སུམ་པ་མཁན་ཆེན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༡༩༩༢  ཤོག་ངོས། ༩༠༣

[17] ཆོས་འབྱུང་དཔག་བསམ་ལྗོན་བཟང་། སུམ་པ་མཁན་ཆེན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༡༩༩༢  ཤོག་ངོས། ༩༠༣

[18] པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར། བློ་བཟང་ཡེ་ཤེས་དང་དཔལ་ལྡན་ཡེ་ཤེས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། པར་ལོ། ༢༠༡༤ ཤོག་ངོས།  ༣༨༠

[19] ཚངས་དབྱངས་རྒྱ་མཚོའི་གསང་རྣམ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༡༩༨༡ ཤོག་ངོས། ༢༤

[20] ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱི་གསུང་འབུམ། པོད་དང་པོ། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། པར་ལོ། ༢༠༢༣ ཤོག་ངོས།   ༡༨༧

[21] པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར། བློ་བཟང་ཡེ་ཤེས་དང་དཔལ་ལྡན་ཡེ་ཤེས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། པར་ལོ། ༢༠༡༤ ཤོག་ངོས།  ༣༨༧

[22] ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱི་གསུང་འབུམ། པོད་དང་པོ། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། པར་ལོ། ༢༠༢༣ ཤོག་ངོས། ༡༨༧

[23] བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྔ་ཡི་རྔ་ཆེ།   ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༡༩༨༩ ཤོག་ངོས། ༣༥༡

[24] ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།  པོད་ལྔ་པ། དཔལ་ལྡན་འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། པར་ལོ། ༢༠༡༥  ཤོག་ངོས།

[25] བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། རྒྱལ་མོ་འབྲུག་པ། མི་རིགས་དཔེ་སྐྲུན་ཁང་།   པར་ལོ། ༡༩༩༥ ཤོག་ངོས།  ༣༨༤

[26]  བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེའུ་མིག །ཐུབ་བསྟན་ཕུན་ཚོགས། གློག་རྡུལ་དེབ། ཤོག་ངོས། ༧༧༧

[27] བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། ཆབ་སྤེལ་དང་ནོར་བྲང་། བར་ཆ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། པར་ལོ། ༡༩༨༩  ཤོག་ངོས།  ༦༩༢

[28] འོལ་དགའ་བཞད་པའི་རྡོ་རྗེའི་རང་རྣམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༢༠༡༣ ཤོག་ངོས། ༣༥༡

[29] འོལ་དགའ་བཞད་པའི་རྡོ་རྗེའི་རང་རྣམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༢༠༡༣ ཤོག་ངོས།   ༣༥༩

[30] འོལ་དགའ་བཞད་པའི་རྡོ་རྗེའི་རང་རྣམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༢༠༡༣ ཤོག་ངོས།   ༢༧༩

[31] འོལ་དགའ་བཞད་པའི་རྡོ་རྗེའི་རང་རྣམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༢༠༡༣ ཤོག་ངོས།    ༡༨༠

[32] འོལ་དགའ་བཞད་པའི་རྡོ་རྗེའི་རང་རྣམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༢༠༡༣ ཤོག་ངོས།   ༢༨༢

[33] ཆོས་འབྱུང་དཔག་བསམ་ལྗོན་བཟང་། སུམ་པ་མཁན་ཆེན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༡༩༩༢ ཤོག་ངོས། ༥༩༠  ༩༥༧

[34] པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར། སྨད་ཆ། བློ་བཟང་ཡེ་ཤེས་དང་དཔལ་ལྡན་ཡེ་ཤེས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། པར་ལོ། ༢༠༡༤ ཤོག་ངོས། ༧༩

[35] པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར། སྨད་ཆ། བློ་བཟང་ཡེ་ཤེས་དང་དཔལ་ལྡན་ཡེ་ཤེས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། པར་ལོ། ༢༠༡༤ ཤོག་ངོས། ༧༩

[36] པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། ཡཱ་ཧན་ཀྲང་གིས་བརྩམས། བློ་བཟང་ཕུན་ཚོགས་དང་། རྟ་མགྲིན་འབྲུག་གྲགས་ཀྱིས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། པར་ལོ། ༡༩༩༢ ཤོག་ངོས། ༡༧༨

[37] རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་པོད་དྲུག་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༢༠༠༩ ཤོག་ངོས། ༡༡༩

[38] ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་འབུམ། པོད་ཀ་པའི་སྟོད་ཆ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། པར་ལོ། ༢༠༡༥ ཤོག་ངོས། ༡༤༢

[39] ཆོས་འབྱུང་དཔག་བསམ་ལྗོན་བཟང་། སུམ་པ་མཁན་ཆེན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། པར་ལོ། ༡༩༩༢  ཤོག་ངོས། ༡༠༢༡

– – – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།