ལ་དྭགས་ཨ་ལྕིའི་རྡོ་ཡིག་ལ་དཔྱད་པ།

0
1884

[ནང་དོན་གནད་བསྡུས།] མར་ཡུལ་ལ་དྭགས་ཨ་ལྕིའི་རྡོ་ཡིག་བརྒྱ་ལ་ཉེ་བའི་མ་ཡིག་རེ་རེ་བཞིན་བཀོད་དེ་ཞབས་མཆན་བཏབ་ཅིང་། རྡོ་ཡིག་དེ་དག་གི་ཡིག་གཟུགས་ཀྱི་ཁྱད་ཆོས་དང་བརྡ་སྤྲོད་ཀྱི་ཁྱད་པར། རྡོ་ཡིག་ཏུ་བཀོད་པའི་བློན་པོ་དང་དེ་དག་གི་མཚན་ལ་དཔྱད་པ་ཅུང་ཟད་བགྱིས་ཏེ། རྡོ་ཡིག་འདི་ནི་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་དུས་ནས་ཁྲི་སྲོང་ལྡེ་བཙན་གྱི་བར་དུ་བྱུང་བར་ངོས་འཛིན་བགྱིས་ཡོད།

[གནད་ཚིག] ཁྲི་སུམ། མང་ཞམས། བློན་སྟོང་རྩན།

མར་ཡུལ་ལ་དྭགས་ཀྱི་རྡོ་ཡིག་འདི་དག་ལ་ཞིབ་ཏུ་དཔྱད་རྒྱུ་ནི་རྔོ་ཐོགས་དཀའ་བ་ཞིག་སྟེ། གཙོ་བོ་ས་གནས་འདི་དང་འབྲེལ་བའི་བཙན་པོའི་དུས་ཀྱི་ཡིག་རྙིང་དུ་དཔྱད་གཞིའི་རྒྱུ་ཆ་ཉུང་ཞིང་། ད་སྔའི་ཏུན་ཧོང་ཡིག་རྙིང་དང་རྡོ་རིང་། བྲག་ཡིག ཁྲམ་ཤིང་སོགས་སུའང་བཙན་པོ་དང་བློན་ཆེན་གྱི་སྐོར་གཙོ་བོར་བྲིས་པ་ལས། བྱེ་བྲག་གི་སྟོང་དཔོན་སོགས་ཀྱི་སྐོར་བཀོད་པ་ཅུང་ཉུང་བས།ཞིབ་ཕྲར་དབྱེ་ཞིབ་བགྱིད་པར་ཅུང་དཀའ་ངལ་ཆེ་བ་ཞིག་ཏུ་མཆིས། ལ་དྭགས་པས་ཀྱང་རྡོ་ཡིག་དང་གནའ་ཡིག་རྒྱུ་ཆར་བཟུང་སྟེ་ས་གནས་ཀྱི་ལོ་རྒྱུས་བྲིས་པ་ནི་ཤིན་ཏུ་དཀོན་པས། ཕྱི་གླིང་བའི་དཔྱད་འབྲས་རེ་ཟུང་ལ་ཁུངས་བཅོལ་ནས་གསར་བཤད་ཀྱི་ཚུལ་དུ་བགྱིད་པ་ཙམ་དུ་ཟད། ས་གནས་ཀྱི་རྡོ་ཡིག་སོགས་ལོ་རྒྱུས་རྒྱུ་ཆ་རྩ་ཆེན་དག་གཤིབ་བསྡུར་དང་སྔོག་འདོན་བྱ་ཐུབ་མེད། དེ་བས་ཀྱང་ཨ་ལྕིའི་རྡོ་ཡིག་ལ་ཆེད་དུ་དཔྱད་བརྗོད་སྤེལ་བ་འགའ་རེ་ཡོད་ཀྱང་། དེ་ནི་ཕྱི་གླིང་བ་དང་རྒྱ་གར་གྱི་གནའ་དཔྱོད་པ་དག་གིས་རི་མོ་སོགས་མཛེས་དཔྱོད་དམིགས་ཡུལ་དུ་བཟུང་ནས་དཔྱད་གླེང་བྱས་པ་ཙམ་ལས། རྡོ་ངོས་ཀྱི་ཡི་གེར་དཔྱད་བརྗོད་སྤེལ་བ་མ་རྙེད། ཁོ་བོ་ས་གནས་འདིར་ཐེངས་གཉིས་ཕྱིན་པའི་མ་ཕྱི་སྔ་རྗེས་གཉིས་གཤིབ་བསྡུར་དང་དག་ཐེར་ཡང་ཡང་བྱས་ཏེ། ཐེངས་དང་པོའི་ཐོ་ཡིག་ཏུ། རྡོ་ཡིག་ཚན་པ ༥༣ དུ་དགར་བར་ནང་གསེས་དུ་མ་ཡོད་པའང་རེ་ཟུང་མཆིས་མོད། དེ་དག་གྲངས་ཚད་ཆེས་ཆེར་མང་བོ་མེད། ཐེངས་གཉིས་པའི་སྐབས་སུ་ཞིབ་ཏུ་འཚོལ་ཞིབ་བགྱིས་ཏེ། རྡོ་ཡིག ༡༡༧རྙེད་དེ་སྔར་ལས་ལྡབ་གཅིག་ལྷག་ཏུ་བྱུང་། ད་དུང་དེའི་འཕྲོར་མཁར་རྩེའི་གཙང་འགྲམ་གྱི་རྡོ་ཡིག ༡༠ ཙམ་ཡང་ཁ་སྣོན་བྱས་ཡོད། ས་གནས་འདིའི་རྡོ་ཡིག་དག་ཅུང་ཟད་འཐུས་ཚང་བར་བཤུ་ཐུབ་པ་བྱུང་ཡང་། ད་དུང་ཆད་ལྷག་དང་ཁ་གསབ་དགོས་པ་མང་བའང་འཆད་མི་དགོས་སོ།། (རྡོ་ཡིག་གི་མཆན་དུ་གཡས་དང་གཡོན་ཞེས་པ་ནི་རྡོ་ཡིག་ལས་ཚུར་ཕྱོགས་ཏེ་ངོས་གཟུང་དགོས། དེ་བཞིན་རྒྱལ་སྤྱིའི་ཨང་རིམ་ནི་རྡོ་ཡིག་གི་གྲངས་ཚད་ཡིན་ལ། བོད་ཡིག་གི་ཨང་གྲངས་ནི་རྡོ་ཡིག་གི་ཐིག་ཕྲེང་མཚོན་ཡོད།)

ཨ་ལྕིའི་རྡོ་ཡིག་གི་མ་ཡིག་དང་གསལ་བཤད། 

1 སོབློན རིཙེ
ཡིག་གཟུགས་དབུ་མེད་ལྟ་བུར་བྲིས་ཤིང་། ཚེག་མི་འདུག་ལ་སོ་བློན་ཞེས་པའི་ཕྱི་རུ་བར་སྟོང་ཞིག་བཞག་སྟེ་རི་ཙེ་ཞེས་བྲིས་འདུག ཡི་གེའི་གཡོན་ཟུར་དུ་མཆོད་རྟེན་ཞིག་ཀྱང་འདུག རྡོ་ཡིག་འདི་ནི་སེང་གེ་གཙང་བོའི་གད་ཁ་ཏག་ཏག་གི་ཕ་བོང་ཞིག་ཏུ་མཆིས། སོ་བློན་གྱི་མཚན་མཇུག་གི་ཙེ་ཞེས་པ་དག་ནི་གཙང་སྟོད་དམ་ཞང་ཞུང་ཕྱོགས་ཀྱི་སྔར་གྱི་མཚན་འདོགས་སྟངས་ཤིག་ཡིན་སྲིད་དེ། སྦ་བཞེད་ཞབས་བཏགས་མ་ལས། (ཤ༤༦) མཆན་བུ་མཁན་བུ་ཁྱུང་པོ་ཙེ་ཙེ་ལ་སོགས་པས་བྱ། ཞེས་ཁྱུང་བོའི་རུས་སུ་གཏོགས་པའི་མཚན་དུ་ཙེ་ཙེ་ཞེས་བྲིས་པ་ལྟ་བུའོ།། ཡང་སོ་བློན་འཛུགས་པའི་དུས་ནི་ཡིག་ཐོག་ཏུ་བཀོད་ཅུང་སྔ་ཤོས་ནི། མགར་ཁྲི་འབྲིང་དང་འྭོང་ཀེར་ཞང་ཤེ་གཉིས་ཀྱི་ཤགས་འགྱེད་ལས། སོ་བློན་སྡེ་ལྔ་ཡང་བཙུགས་སོ། ཞེས་དང་། ་་་་སྟོད་པྱོགས་དང་ལྷོ་པྱོགས་ཀྱི་རྒྱལ་པྲན་མང་པོ་ཡང་འབངསུ་བསྡུས་སཱོ།། (ཤ༣༢༧)ཞེས་སུ་བཀོད།

2 སྟ
རྡོ་ངོས་སུ་མཆོད་རྟེན་གསུམ་བརྐོས་ཤིང་དབུས་མ་མཆོད་རྟེན་དབྱིབས་ཅུང་ཆུང་བའི་གོང་དུ་སྟ་ཡིག་འདི་ཉིད་མཆིས། ཕལ་ཆེར་སྟག་ལོ་ཞེས་པ་འབྲི་འཕྲོར་ལུས་པར་ངེས། ཡི་གེ་ཆ་ཚང་མེད།

3 ༡ སེངཏོ ༢ཚཀོང ༣གིསཨོན(མོན) ༤རྐུསཔ ༥སྡིགསྦྱོང
མཆོད་རྟེན་ཆེ་བ་བྱོན་ལེགས་ཤིག་གི་གཡས་ཟུར་དུ། དབུ་མེད་ཀྱི་རྣམ་པར་ཚེག་ཤད་གང་ཡང་མེད་པར་ཐིག་ཕྲེང་ལྔ་ཙམ་དུ་བཀོད། མཆོད་རྟེན་རྐོ་བཞེངས་བྱེད་པའི་དམིགས་ཡུལ་ནི་སེང་ཏོ་ཚ་ཀོང་གི་སྡིག་པ་སྦྱོང་ཕྱིར་དུ་ཡིན་པར་གསལ་བར་བྲིས། འདི་ལྟ་བུ་དམག་དཔོན་སོགས་ཀྱིས་སྡིག་སྦྱོང་གི་དགེ་རྩར་བཞེངས་པའི་གནས་ཚུལ་མང་སྟེ། དཔེར་ན། ལྡེའུ་ཆོས་འབྱུང་ལས།(ཤ༢༥༡)དེ་ཡང་གཉེར་སྟག་བཅན(བཙན)སྟོང་གཟིགས་ཀྱིས་རྒྱ་ལ་དམག་དྲངས་པའི་སྡིག་སྦྱོང་དུ། གླིང་ཁྲི་རྩེའི་གཙུག་ལག་ཁང་བཞེངས། ཞེས་དང་། ཡང་། ཅོག་རོ་སྐྱེས་བཟང་རྒྱལ་འགོང་གིས་རྨེ་བྱས་པའི་སྡིག་སྦྱོང་དུ། མཁར་སྟོད་གནམ་རུའི་ལྷ་ཁང་བཞེངས། ཞེས་སོགས་མང་ངོ་།།

4 ༡སྟོངཔོན ༢ རྒྱལབཡེཤེས
མཆོད་རྟེན་ཞིག་གི་གཡོོན་ཟུར་གྱི་སྟེང་དུ་དབུ་ཅན་བྲིས་ལེགས་པ་ཆེ་ཙམ་ཚེག་དང་ཤད་མེད་པར་ཐིག་ཕྲེང་གསུམ་དུ་ཡོད་པ་ལས། ཐིག་ཕྲེང་ཕྱི་མའི་མཚམས་སུ་རྡོ་ཤུན་བཤུས་ཏེ་མཆོད་རྟེན་གྱི་སུམ་ཆ་གཉིས་ཙམ་དང་བཅས་མཐོང་ཐབས་མེད་པར་གྱུར། སྟོང་དཔོན་འདི་ཉིད་ནི་གནས་འདིར་རྟེན་བཞེངས་ཅུང་མང་ཤོས་ཀྱི་གྲས་ཤིག་ཡིན།

5 ༡ཇ བxx༢ ཁྱད་་་xx ༣ཕྱེབརཁར་ལས ༤ཆེ་ལ མི་ ༥ཅིལྟར་བགྱི
འདི་ནི་མཆོད་རྟེན་རྐོ་འབྲི་བྱས་པ་ཞིག་གི་ངོས་སུ་ཡོད་ཀྱང་།  དབུ་མེད་ཡི་གེ་བྲིས་ཀྱང་མི་ལེགས་ལ། གསལ་བོར་མ་དོད་པར་སྟེང་གི་རྡོ་ཤུན་ཡང་བཤུས་པས་ཐིག་ཕྲེང་ཕྱི་མ་ལས་ཇི་བཞིན་དུ་ཕབ་ཐབས་མ་འགྲིག

6 ༡༄ཁྱིའིལོལསྟོངཔོན ༢རྒྱལབཡེ་ཤེས
དབུ་མེད་ཀྱི་ཡི་གེ་རྐྱང་བ་ལས་གཞན་གང་ཡང་མི་འདུག ཐིག་ཕྲེང་གཉིས་ལ་ཚེག་གཅིག་ཙམ་ལས་ཤད་སོགས་གང་ཡང་མི་འདུག ཏུན་ཧོང་ཡིག་རྙིང་ལས། རྒྱལ་བས་བྲིས་།། (སྒྲུང་རབས ཤ༡༠༢) ཞེས་པའི་ཡིག་མཁན་འདུག་པས། སྟོང་དཔོན་འདི་ཉིད་དང་འབྲེལ་མིན་བཤད་དཀའ་ཡང་། མཚན་ཟུར་ཅུང་ཟད་འདྲ་བས་དཔྱད་གཞིར་བཀོད་པ་ཙམ་མོ།།

7 བཇ
དབུ་ཅན་ཡིག་འབྲུ་འདི་ཙམ་བཀོད་འདུག ཕལ་ཆེར་འབྲི་འཕྲོར་ལུས་པར་སྣང་།

8 ༡ ༅།། སྟག ༢ གིལོལསྟོང ༣པོན ༤རྒྱལབཡེ ༥ཤེས
མཆོད་རྟེན་གཉིས་ཀྱི་གཡས་ཟུར་དུ་དབུ་མེད་ཀྱི་རྣམ་པར་བྲིས་ལ། སྟོང་པོན་ཞེས་པའི་པོན་ནི་ཐིག་ཕྲེང་གཉིས་པ་དང་གསུམ་པའི་མདུན་ཐད་དུ་བཀོད་པར་གཞིགས་ན་ཆད་གསབ་ཏུ་སྣང་བས་འདིར་ཐིག་ཕྲེང་གསུམ་པར་བཀོད་པ་ཡིན། སྟོང་དཔོན་འདི་ཉིད་ཀྱི་མཚན་རྡོ་ཡིག་ཏུ་ཅུང་མང་ངོ་།།

9 ༡ཡོསབུལོལ་མྱེ ༢xབྲིས
རྡོ་ངོས་སུ་མཆོད་རྟེན་ཆུང་ཆུང་གསལ་ལ་མི་གསལ་གྱི་འོག་ཏུ་དབུ་ཅན་བྲིས་མི་ལེགས་པ་ཆེ་ཙམ་ཡིག་ཕྲེང་གཉིས་སུ་བཀོད་འདུག་ཀྱང་། ཡིག་ཕྲེང་ཕྱི་མའི་ཡི་གེ་གཅིག་མི་གསལ་བས་ཆ་ཚང་བཤུ་མ་ཐུབ།

10 ༡སྟོང་པོན་རྒྱལ་བ ༢ཡེ་ཤེས་ཀྱི
མཆོད་རྟེན་བྱོན་ལེགས་ཤིག་གི་གཡོན་གོང་དུ་བཀོད་འདུག དབུ་ཅན་ཚེག་དང་ལྡན་པར་ལེགས་ལ་གསལ་བར་འདུག མ་གཞི་ཕ་བོང་འདི་ནི་མགོ་མཇུག་ལོག་པས་ཡི་གེ་དང་རི་མོ་ཡང་དེ་ལྟར་མགོ་མཇུག་ལོག་སྟེ་རྡོའི་རྩེ་མོ་ས་འོག་ཏུ་ཟུག་འདུག

11 ༡ ༅། པོན་རྒ་བས ༢ བྲིས
མཆོད་རྟེན་གྱི་གཡོན་ཟུར་གྱི་གོང་དུ་དབུ་མེད་ཀྱི་རྣམ་པར་གསལ་བར་བཏོད། ཁོང་ནི་དོན་དུ་སྟོང་དཔོན་རྒྱལ་བ་ཡེ་ཤེས་ཡིན་པར་སྣང་

12 ༡སོབློན ༢ ཧལཔ
མཆོད་རྟེན་གྱི་གཡོན་ངོས་དབུ་ཅན་ཐིག་ཕྲེང་གཉིས་སུ་གསལ་བར་མཆིས། སོ་བློན་ཁོང་གི་མཚན་བཀོད་པའི་རྡོ་ཡིག་དུ་མ་ཡོད་པ་གོང་བཤད་པ་བཞིན་ནོ།།

13 ༡ བློནརྩན ༢ གིསབྲིས
རྡོ་ངོས་ཀྱི་མཆོད་རྟེན་གྱི་གཡས་འདབས་སུ་ཐིག་ཕྲེང་འདི་གཉིས་གསལ་བོར་ཡོད། ཐིག་ཕྲེང་གོང་མ་དབུ་ཅན་གྱི་རྣམ་པའི་ཤན་ཅུང་ཆེ་ཞིང་། ཕྱི་མར་དབུ་མེད་དུ་འདུག རྡོ་འདིའི་ཕྱོགས་གཉིས་སུ་མཆོད་རྟེན་རེ་བརྐོས་འདུག ཕལ་ཆེར་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་མནའ་བསྒགས་པའི་བློན་གྲས་སུ། བློན་བཙན་བཞེར་མདོ་ལོད་ཅེས་པའང་འདུག་པས། ཕན་ཚུན་བསྡུར་ཏེ་དཔྱད་གཞི་རུ་གཟུང་ཆོག་པར་སྙམ། ད་དུང་འོག་ཏུ་བློན་བཙན་ཅོ་ཀྲུ་ཞེས་པ་འདུག་པས་མི་སྣ་གཅིག་ཡིན་མིན་དཔྱད་འོས།

14 ༡ སྟོངཔོན ༢རྒྱལབཡེཤེས ༣ ཀྱིས ༡ སྟོང་པོན  ༢རྒ
རྡོ་འདིའི་གཡས་གཡོན་གྱི་ཟུར་ངོས་གཉིས་བཅག་འདུག་ལ། ཡི་གེ་དང་མཆོད་རྟེན་སོགས་གསལ་བར་འདུག འདིར་མཆོད་རྟེན་གཉིས་བཀོད་པའི་གཡོན་གོང་དུ་ཐིག་ཕྲེང་གསུམ་ག་དེ་དབུ་ཅན་དུ་གསལ་བར་འདུག མཆོད་རྟེན་གཉིས་ཀྱི་དཀྱིལ་དུ་ཐིག་ཕྲེང་ཕྱི་མ་གཉིས་དེ་བཀོད་འདུག དོན་དུ་སྟོང་དཔོན་མི་སྣ་གཅིག་ཡིན་ཡང་། རི་མོའི་བབ་ལ་གཞིགས་ན་དུས་ཀྱི་སྔ་ཕྱི་ཞིག་ཡོད་པར་སྣང་། གོང་གི་རྒ་ཞེས་པའང་དོན་དུ་སྟོང་དཔོན་འདིའི་མཚན་བསྡུས་པར་ངེས། ད་དུང་རྡོའི་རྒྱབ་ངོས་སུ་ཡི་གེ་འདུག་ཀྱང་ཚན་པ་ཕྱི་མར་བཀོད་ཆོག

15 ༡ སྟོང་པོན་བདུད ༢ འཇོམས
རྡོ་རྒྱབ་ཀྱི་མཆོད་རྟེན་འདབས་མི་གསལ་བའི་གཡས་གོང་དུ་དབུ་མེད་ཐིག་ཕྲེང་གཉིས་སུ་བཀོད་འདུག ལྡེའུ་ཆོས་འབྱུང་ལས། བཙན་པོས་འཆིམས་ཤཱཀྱ་སྲ(བྲ)བ། ཤུད་པུ་དཔལ་གྱི་སེང་གེ། སྣ་ནམ་རྡོ་རྗེ་བདུད་འཇོམས་གསུམ་ལ་གསེར་བསྐུར་ནས་བཏང་བས་བོད་དུ་བྱོན། ཞེས་སློབ་དཔོན་གདན་འདྲེན་དུ་མངགས་ཚུལ(ཤ༢༨༧)དུ་གསལ་བས། སེང་གེ་རྗེ་ཞེས་པའང་རྡོ་ངོས་སུ་མཐོང་དུ་ཡོད་པས། ཁོང་ཅག་རབ་ཏུ་མ་བྱུང་གོང་ཙམ་དུ་སྟོང་དཔོན་ཡིན་ཡང་སྲིད། ལྡེའུ་ཆོས་འབྱུང་ལས། དགེ་དང་ཡིག་ཚང་ཅན་བརྒྱ་བཞི་བཅུ་རབ་ཏུ་བྱུང་། ཞེས་བཀོད་པས། ཡིག་ཚང་ཅན་གྱི་ཁྲོད་དུ་ཁོང་ཅག་ཐེ་ཡང་སྲིད། གལ་ཏེ་ཁོང་ཅག་གི་མཚན་མིན་ཡང་སྐབས་དེར་མཚན་དེ་ལྟ་བུ་འབྱུང་བཞིན་པའི་ཤེས་བྱེད་དུའང་རུང་ངོ་།།

16 ༡ཨཱོཾ  ༢ མ(ཕྱིར་ལོག) ༣ ཨཱོཾ
རྡོ་ངོས་ཀྱི་མཆོད་གཡོན་ཟུར་གྱི་གོང་འགབ་ཏུ་དབུ་ཅན་གྱི་ཨྰོཾ་དང་མ་ཕྱིར་ལོག་གི་ཡིག་འབྲུ་འགའ་རེ་གོ་རིམ་པར་བཀོད་འདུག ཨྰོཾ་ལ་རིང་ཆ་ཡོད་པ་ནི་བཙན་པོའི་དུས་ཀྱི་འབྲི་སྲོལ་ཞིག་ཡིན་པས། རྡོ་ཡིག་ཏུ་འབྲི་སྲོལ་འདི་ཡང་ཡང་བྱུང་། བསྡོམས་པས་མཆོད་རྟེན་བཞི་ཙམ་བརྐོས་འདུག

17 ཁྲོམ
མཆོད་རྟེན་ཞིག་གི་གཡོན་ཟུར་དུ་དབུ་མེད་ལྟ་བུར་ངོས་འཛིན་དཀའ་བའི་ཡིག་འབྲུ་འདི་ཉིད་བྲིས་འདུག ཕལ་ཆེར་སྟོང་དཔོན་ཁྲོམ་ཞེས་པ་ཡིན་ངེས།

18 སྟོངཔོནཁྲོམ
མཆོད་རྟེན་ཞིག་གི་འོག་ཏུ་དབུ་མེད་དུ་བཀོད། ཁོང་གི་མཚན་ཡང་ཡང་བྱུང་།

19 སོ་བློནཧལ་པ།
མཆོད་རྟེན་གཉིས་འདུག་པ་ལས་ཅིག་ཤོས་མཆོད་རྟེན་བཟོ་བཀོད་ཅུང་མི་འདྲ་བར་འདུག དེ་གཉིས་ཀྱི་བར་དུ་སོ་བློན་གྱི་མཚན་དབུ་ཅན་གྱི་རྣམ་པར་བཀོད་འདུག

20 ༡ སྟོང ༢ པོཁྲོམ
མཆོད་རྟེན་གྱི་གཡོན་གོང་དུ་བཀོད་ལ། སྟོན་དཔོན་ཁྲོམ་ཞེས་པ་དང་གཅིག་མཚུངས་ཡིན་པར་ངེས།

21 ༡ འབྲོབཙན ༢ ཁྲོམ་ཀྱི ༣ བཞེང་སུ ༤གསོལ་ལོ
མཆོད་རྟེན་གཉིས་ཀྱི་གཡས་ཟུར་དུ་དབུ་ཅན་དུ་ཐིག་ཕྲེང་བཞི་རུ་བཀོད་འདུག ཁོང་གི་རུས་འབྲོ་ཡིན་པར་གསལ་བ་ཡང་དོན་སྙིང་ཆེས་ཆེར་ལྡན་པའོ།།

22 ༡ སྟོངཔོན ༢ གྲོམ
མཆོད་རྟེན་གཉིས་འདུག་པ་ལས། གཡས་ངོས་ཀྱི་མཆོད་རྟེན་ཆུང་ངུའི་འོག་ཏུ་དབུ་མེད་དང་འདྲེས་མར་བཀོད་པ་གསལ་བོར་བཏོད་མེད། ཕལ་ཆེར་གྲོམ་ནི་ཁྲོམ་ཡིན་ངེས། སྔར་ཁྲོམ་དང་གྲོམ་གཉིས་ནི་རེས་སུ་བྲིས་པ་མང་།

23 སྟོང་པོན་ཁྲོམ
འདི་ནི་རྡོའི་ངོས་གཉིས་ལས་གཅིག་ཏུ་མཆོད་རྟེན་གཉིས་དང་། ཅིག་ཤོས་སུ་དབུ་མེད་ཀྱི་སྟོང་དཔོན་གྱི་མཚན་བཀོད་འདུག

24 ༡སྟོངཔོན ༢ཁྲོམ
མཆོད་རྟེན་གཉིས་འདུག་པ་ལས་མཆོད་རྟེན་གཅིག་ནི་སླ་ཆོས་སུ་གྲུ་བཞི་ནར་མོ་ཆེ་ཆུང་རིམ་པ་གསུམ་བརྩེགས་པ་གསལ་ལ་མི་གསལ་བ་ཞིག་དང་། ཅིག་ཤོས་ཅུང་རྒྱས་སྤྲོས་སུ་བརྐོས་འདུག་པའི་གཡས་སུ་དབུ་མེད་ཐིག་ཕྲེང་གཉིས་སུ་མཆིས།

25 ༡འགོང(ར)མ ༢ ཡས་ཡིན
གཙང་འགྲམ་གྱི་གད་ཁའི་རྡོ་ཞིག་གི་ངོས་གཅིག་ལ་མཆོད་རྟེན་དང་། ངོས་གཞན་དུ་དབུ་ཅན་གྱི་ཡིག་ཕྲེང་འདི་གཉིས་བཀོད། ངམ་མམ་རམ། ཡས་སམ་ཡང་། ཡི་གེ་འདི་དག་གསལ་ཡང་ཚེག་གི་བར་ཆོད་མེད་པས་ཡིག་འབྲུ་གཉིས་པོ་ཁ་ཚོན་ཅུང་དཀའ་བར་འདུག

26 ༡ ཞང་ལོ་ཀོ ༢ ཞང་ལོ་
མཆོད་རྟེན་ཆེ་ལ་གསལ་བ་ཞིག་གི་གཡོན་ངོས་གོང་འོག་གཉིས་ཡི་གེ་མི་གསལ་བར་འདུག་པས། མཆོད་རྟེན་དང་ཡི་གེའི་བར་དུ་དུས་ཀྱི་ཁྱད་པར་ཞིག་མེད་དམ་སྙམ། ཞང་བློན་གཅིག་གི་མཚན་ཐེངས་གཉིས་སྔ་ཕྱིར་བཀོད་དེ་དགེ་རྩ་བསྔོས་པ་ཙམ་མིན་ནམ་སྙམ།

27 ༡ ༄ ཀཤིཔལ ༢ གིས ༣ བྲིསབ
མཆོད་རྟེན་ཞིག་གི་གཡོན་ངོས་རི་དྭགས་སྐྱིན་གཉིས་ཀྱི་ཕྱི་རྗེས་སུ་རྔོན་པ་མདའ་ལྟོང་སྤྲད་པ་ཞིག་དང་། རི་དྭགས་ཀྱི་སྔོན་དུ་ཁྱི་ཞིག་རི་དྭགས་ཀྱི་ཁ་གཏད་དུ་བྲིས། མཆོད་རྟེན་དང་རི་མོ་གཞན་གཉིས་དུས་གཅིག་ཏུ་བྲིས་མིན་ཁ་ཚོན་གཅོད་དཀའ་བར་འདུག རི་དྭགས་དང་རྔོན་པའི་གཡོན་ངོས་སུ། ཇ (རྔ) ཊེ ཤ འདི་འདྲའི་ཡི་གེ་མི་གསལ་བ་ཞིག་ཀྱང་འདུག་མོད། ཞིབ་ཏུ་བལྟས་ཚེ་ཡེ་ཤེས་ཞེས་པ་ཨེ་ཡིན་སྙམ་པས་དོན་རྟོགས་དཀའ། དེ་བཞིན་དབུ་མེད་ཀྱི་ཡིག་ཕྲེང་གསུམ་ག་ལས་ཐོག་མའི་མཚན་དེ་ཡིག་མགོ་ཅུང་ཟད་འཛིང་བར་གཏན་ཁེལ་མ་ཐུབ། ཕལ་ཆེར་མཆོད་རྟེན་དང་རི་དྭགས་ཀྱི་རི་མོ་གསལ་ཚད་གཅིག་མཚུངས་ལྟ་བུར་སྣང་བས། རི་དྭགས་བསད་པའི་སྡིག་སྦྱོང་དུ་བྲིས་པ་ཡིན་ངེས།

28 ༡ ལྷ་སྐྱབ ས  ༡ ཨཱོཾ ༢ སྦ
རྡོ་ངོས་འདིར་མཆོད་རྟེན་གསུམ་རིམ་པར་ཡོད་པ་ལས། ཐོག་མའི་གཡས་སུ་དབུ་ཅན་དུ་ལྷ་སྐྱབས་ཞེས་པ་བཀོད་ལ། སྐྱབས་དང་སྐྱ་བ་ས་གང་ཡིན་བཤད་དཀའ། སྐྱབས་ཀྱི་ཡང་འཇུག་ས་འོག་ཟུར་དུ་བཀོད་པར་བསམ་ན། མཆོད་རྟེན་སྔོན་དུ་བཞེངས་ཏེ་ཡི་གེ་རྗེས་སུ་བྲིས་པ་དཔག་ཐུབ། དེའི་འཕྲོའི་མཆོད་རྟེན་དང་མཆོད་རྟེན་འདི་གཉིས་ཀྱི་བར་དུ་ཨྰོྃ་ཡིག་ཅིག་དང་འོག་ཏུ་དབུ་མེད་ལྟ་བུའི་སྦ་འདྲ་བ་བཀོད་འདུག སྔ་ཕྱི་གཉིས་ཀ་རྡོ་ངོས་གཅིག་གི་གནས་མི་འདྲ་བར་ཡོད་པས་དེ་ལྟར་བཀོད་པའོ།།

29 ༡ བློན རྩན ༢ ཅོ་ཀྲུ
མཆོད་རྟེན་ཞིག་གི་གཡོས་ངོས་སུ་ཡིག་ཕྲེང་གཉིས་གོང་འོག་ཏུ་བཀོད་པའི་བར་ཐག་ཅུང་ཕྱེས་ཏེ་གསལ་བོར་འདུག་པས། མི་སྣ་གཅིག་གི་མཚན་དུ་གཏོགས་མིན་ཆ་མ་འཚལ་བས་དཔྱད།  ཡིག་ཕྲེང་གོང་མ་ནི་དབུ་ཅན་ལ་དབུ་མེད་ཀྱི་ཤན་ཅུང་ཟད་མཆིས། ཕྱི་མ་ནི་དབུ་ཅན་འབའ་ཞིག་ཏུ་གཏོགས། དེ་ལས་ཀུ་ལ་ཀྲུ་ལྟ་བུའི་ར་བཏགས་ཆུང་ངུ་ཞིག་ཡོད་པར་སྣང་བས།  དེ་ལྟར་ཡིན་ཚེ་རུས་མིང་དུ་གཏོགས་པར་འདོད་དེ། ཅོག་ཁྲུ་འབྲོང་ཁོང་ཐོལ་བརྒྱད་ཀྱིས། ཞེས་ཟླ་བའི་རྒྱལ་རབས་སུ་གསལ་བས། ཅོག་ཁྲུ་ཞེས་རུས་ཅོག་རོ་ཞེས་པའི་འབྲི་ཚུལ་གཞན་དུ་སྙམ་སྟེ།བཙུན་མོ་ཅོག་ཀྲུ་ཟ་དཔལ་གྱི་ངང་ཚུལ་གྱིས་བཙན་ཐང་གཡུའི་ལྷ་ཁང་བཞེངས། ཞེས་དབའ་བཞེད་དུ་བཀོད་པས། གོང་གི་རུས་མིང་དེ་ཁ་གསལ་དུ་བཏང་འདུག བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་ལས། ཅོག་ཀྲུ་ཞེས་པའི་ཚབ་ཏུ་ལྕོག་རོ་རུ་བྲིས་འདུག་པས། དེ་བས་ཀྱང་གསལ། ལྡེའུ་ཆོས་འབྱུང་དུ། ཅོག་རོ་བཟའ་དཔལ་གྱི་ངང་བཙུན་མ། ཞེས་བཀོད་པས། དོན་དུ་ཅོག་རོ་ཞེས་པའི་རུས་ཀྱི་འབྲི་སྲོལ་ཞིག་ཡིན་པ་ཤེས་ཐུབ། སྐབས་འདིར་ཅོག་རོའི་རྒྱུད་དུ་གཏོགས་པའི་མི་སྣ་ཞིག་འདི་གར་འབྱོར་བ་ཚོད་དཔག་བྱ་ཐུབ་པར་སེམས། ལ་དྭགས་ཀྱི་ཐང་རྩེ་བྲག་ཡིག་གཞན་ཞིག་ཏུའང་། ཅོ་ཀྲུ་ཤེསx ཞེས་པ་ཞིག་གི་མིང་མཐའ་མི་གསལ་བ་ཞིག་ཏུའང་། གོང་གི་ཅོ་ཀྲུ་གཅིག་མཚུངས་སུ་གསལ་བོར་བཀོད་འདུག ཁྲི་ལྡེ་སྲོང་བཙན་གྱི་བཀའ་གཙིགས་སུ་ཡང་། ཅོག་རོ་བློན་ལྷ་གོང་། ཞེས་དབང་བོ་དང་དམག་དཔོན། ཕྱིས་བློན་བཀའ་ལ་གཏོགས་པའི་ཁྲོད་དུ་འདུག་ཅིང་། ཡང་། བོད་ཐང་མནའ་རྡོ་རུའང་། ཕྱྀ་བློན་བཀའ་ལ་གཏོགས་པ་ཅོག་རོ་བློན་བཙན་བཞེར་ལྷོ་གོང་། ཞེས་པ་ལྷ་གོང་དང་ལྷོ་གོང་མི་སྣ་གཅིག་ཡིན་ནམ་དཔྱད། ཉི་མའི་རིགས་ཀྱི་རྒྱལ་རབས་ལས། ཅོག་གྲུ་ལྷག་ལེབ། ཅེས་པའང་འདུག་པས། ཅོག་རོ་ཞེས་པའི་རུས་ཀྱི་འབྲི་ཚུལ་འདྲ་མིན་བྱུང་བ་ཤེས་ཐུབ་བོ།།

30 ༡ ཆོས ༢ གྲུབ
མཆོད་རྟེན་འདབས་མི་གསལ་བའི་གཡས་ཟུར་གྱི་འོག་ཏུ་དབུ་མེད་དུ་བཀོད། འགོས་ཆོས་གྲུབ་ལྟ་བུ་སོགས་ཀྱང་སྔར་བྱུང་བས། མི་སྣ་གཅིག་མིན་ཡང་མཚན་འདི་ལྟར་སྔར་ནས་བྱུང་བའི་ཤེས་བྱེད་ཅིག་གོ།

31 ༡༄།།སྟོངཔོན ༢ རྒྱལབཡེཤེས ༣ཀྱིསབཞེང ས ༤སུ་གསོལ ༥ བ
རྡོ་ངོས་འདིར་མཆོད་རྟེན་ལྔ་ཙམ་འདུག་ལ། དེ་ལས་གསུམ་ནི་གྲལ་བསྟར་མཉམ་ཞིང་པད་འདབ་ཀྱིས་བརྒྱན་ཞིང་བྱོན་ཤིན་ཏུ་ལེགས་ལ་གསལ་བར་མཆིས། དེའི་འོག་ཏུ་བྱ་གཉིས་ཁ་སྤྲོད་དུ་བུམ་པ་ཞིག་ཏུ་ཆུ་འཐུང་བ་ལྟ་བུར་སྣང་།  མཆོད་རྟེན་གསུམ་གྱི་གཡས་ཟུར་དུ་དབུ་ཅན་ཡིག་གཟུགས་ལེགས་པའི་ཡིག་ཕྲེང་ཚེག་མེད་པར་བཀོད། བཞེངས་ཞེས་པའི་ཡང་འཇུག་ས་མཆོད་རྟེན་གཡས་སུ་མ་ཤོང་བར་གཡོན་ངོས་སུ་རྐྱང་བར་བཀོད་དེ་ཐིག་ཕྲེང་གང་གི་ཁོངས་སུ་མ་འདྲེས་པར་འདུག

32 ༡ སོ་བློན ༢ ཧལ་པ་
མཆོད་རྟེན་གཉིས་ཀྱི་གཡས་ཟུར་དུ་དབུ་ཅན་གྱི་ཡིག་ཕྲེང་གཉིས་སུ་གསལ་བར་འདུག སོ་བློན་འདི་ཐེངས་རེ་གཉིས་འདུག

33 ༡ སྟོངཔོན ༢ གཞོནུ ༣ དབངཕྱུ ༤ ག
མཆོད་རྟེན་ཞིག་གི་གཡས་ངོས་སུ་དབུ་མེད་དང་དབུ་ཅན་འདྲེས་མར་བཀོད། གནས་འདིར་སྟོང་དཔོན་གཞོན་ནུ་དབང་ཕྱུག་གི་མཚན་མི་ཉུང་བ་རེ་འདུག

34 ༡ སྟོང་པོནཤེས ༢ རབ་བློན
མཆོད་རྟེན་གྱི་གཡས་ངོས་སུ་དབུ་མེད་ཤན་ཅུང་ཆེ་བའི་ཡིག་ཕྲེང་གཉིས་སུ་འདུག

35 ༡ སྟོངཔོན ༢ གཡུརང ༣འགོན
མཆོད་རྟེན་གྱི་གཡས་ངོས་སུ་དབུ་མེད་ལྟ་བུར་ཡིག་ཕྲེང་གསུམ་དུ་བཀོད།

36 ༡ སྟོངཔོནགཞོ ༢ ནུདབངཕྱུག
མཆོད་རྟེན་གཉིས་ཀྱི་གཡས་ངོས་སུ་དབུ་མེད་དུ་ཡིག་ཕྲེང་གཉིས་སུ་བྲིས་འདུག

37 ༡ སྟོང་པོན་ཀྲ་ཤིས ༢ རིན་ཅེན་ཀྱིས
མཆོད་རྟེན་བྱོན་ལེགས་གཉིས་ཀྱི་གཡོན་ངོས་སུ་དབུ་མེད་དང་ཚེག་ལྡན་དུ་བཀོད།

38 ༡ ༅། ཞང་ ༢ ལོནཆེན་ ༣པོས
མཆོད་རྟེན་ཞིག་གི་གཡས་ངོས་སུ་དབུ་མེད་དུ་བྲིས། མཆོད་རྟེན་གྱི་གཡོན་ཟུར་དུ། ཨེ (ཡེ) ཞེས་པ་ཞིག་ཀྱང་འདུག

39 ༡སྟོངཔོ ༢ནཁྲོམགྱ
མཆོད་རྟེན་གཉིས་ཀྱི་གཡས་སུ་དབུ་མེད་ཡིག་ཕྲེང་གཉིས་སུ་འདུག སྟོང་དཔོན་ཁྲོམ་གྱིས་ཡིན་པར་སྣང་ཡང་། གྱ་ཡིག་ཙམ་ལས་མི་གསལ་བས། དབྱངས་ཡིག་དང་རྗེས་འཇུག་ས་ཡིག་ཀྱང་རིམ་གྱི་ཟུབ་ཟིན་པར་ངེས། དོན་དུ་སྟོང་དཔོན་ཁྲོམ་གྱིས་བྲིས་པའམ་བཞེངས་ཞེས་སུ་གོ་དགོས་པར་སྣང་།

40 ༡༄། སྟོང་པོན་བདུད་འཇོམས ༢ ཀྱི
མཆོད་རྟེན་རྐོ་བཞེངས་ལེགས་པ་གཉིས་ཀྱི་གོང་དུ་དབུ་མེད་ཀྱི་ཡིག་ཕྲེང་གཉིས་སུ་ཚེག་དང་བཅས་བཀོད་འདུག ལྡེའུ་ཆོས་འབྱུང་ལས། རྒྱལ་པོ་དགྱེས་ནས་སྤྱན་འདྲེན་པའི་མི་གསུམ་བཏང་སྟེ།སྣ་རྣམ་རྡོ་རྗེ་བདུད་འཇོམས། ཞེས་མང་ཡུལ་དུ་སློབ་དཔོན་སྤྱན་འདྲེན་དུ་བཏང་ཚུལ་བཀོད་པས། ཁོང་ནི་རབ་བྱུང་བ་ཞིག་སྟེ་རྗེ་འབངས་ཉེར་ལྔའི་ཡ་གྱལ་ཞིག ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ཆོས་བློན་ཞིག་ཡིན་ངེས་པས། (ལོ་པཎ་དང་འགྱུར་བྱང་ཞིབ་འཇུག ཤ༥༠ གསལ།)སྟོང་དཔོན་དུ་བརྗོད་དཀའ་ཡང་། གཅིག་བྱས་ན་སྔར་སྟོང་དཔོན་དུས་ཀྱི་མཚན་སོར་འཇོག་ཡིན་ཡང་སྲིད།བཀའ་ཐང་སྡེ་ལྔ་རུ།(ཤ༡༣༢) རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་པ་མེད།། ཅེས་ཀྱང་བཀོད།། གང་ལྟར་བཙན་པོའི་སྐབས་སུ་མཚན་འདོགས་སྟངས་འདི་ལྟ་བུ་ཡོད་པའི་ཟུར་ཞིག་ཀྱང་མཚོན་ཐུབ་སྙམ། ཁོང་གི་མཚན་ནི་གོང་དུའང་བྱུང་།

41 ༡ ༄། སྟོང་པོན ༢ སེང་གེ ༣ རྗེས ༤ བྲིས
མཆོད་རྟེན་གཉིས་ཀྱི་གཡོན་ངོས་སུ་དབུ་མེད་ཀྱི་རྣམ་པར་ཡིག་ཕྲེང་བཞི་རུ་བྲིས་ཤིང་། དེའི་འོག་ཏུ་མི་ཞིག་འགྲེང་སྟེ་ལག་ཟུང་སྐེད་པའི་ཐད་དུ་ཅུང་རྐྱོང་ཙམ་བྱས་པ་ཞིག་ཀྱང་བྲིས་འདུག པུ་ཧྲེང་རྡོ་རིང་དུ། སེང་གེ་ཞང་ཆེན་པོ་འབྲོ་ཁྲི་བརྩན་སྒྲ་ཞེས་པ་ཞིག་འདུག་པས། འདི་ནི་བཙན་པོ་ནས་སྐབས་འདི་དག་ཏུ་སེང་གེ་ཞེས་པའི་མིང་མི་ཉུང་བ་རེ་མཆིས།  ཡང་བཙན་པོའི་དུས་ཀྱི་ཞུ་དག་མཁན་དུ། སེང་གེ་ཡང་ཞུས། ། ཞེས་པའང་ཡོད། འདི་ནི། བོད་ཡིག་གནའ་དཔེ་བྲིས་མའི་མཛད་བྱང་དང་མཚན་གྱི་ངོས་འཛིན་དུའང(ཤ༨༡) བཀོད། ཡང་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཁྲོད་དུ། ཤུད་པུ་དཔལ་གྱི་སེང་གེ་ཞེས་པའང་འདུག་པས་དཔྱད། ( ལོ་པཎ་དང་འགྱུར་བྱང་ཞིབ་འཇུག ཤ༥༣ གསལ།) ཁོང་ནི་ཁྲི་སྲོང་ལྡེ་བཙན་དུས་ཀྱི་ཆོས་བློན་ཞིག་ཡིན་ཡང་། བཀའ་ཐང་ལྡེ་ལྔ་རུ་འདི་ལྟར་བཀོད་ཡོད་དེ། བློན་ཆེན་བགྲེས་པོ་ཤུད་པུ་དཔལ་སེང་།། (ཤ༨༨)ཞེས་པར་དཔྱད་ན་བློན་ཆེན་གྱི་ཐོབ་ཀྱང་ཡོད་པར་མ་ཟད་བགྲེས་ཉམས་བཞེས་པ་ཞིག་ཀྱང་ཡིན་ཚོད་སྙམ།ད་དུང་། དེ་བཞིའི་རུ་པའི་དཔོན་པོ་ནི། འབྲོ་རྒྱལ་མཚན་སེང་གེ་ལགས། ཞེས་པས།(ལྡེའུ་ཆོས་འབྱུང་། ཤ༢༤༦) ཁོང་ནི་གཙང་སྟོད་ཕྱོགས་ཀྱི་རུ་དཔོན་ཡིན་པས། དེ་དང་དེ་མཚུངས་ཀྱི་མཚན་མང་བས་དཔྱད།

42 སོ་བལོ
མཆོད་རྟེན་སླ་ཆོས་སུ་བྲིས་པའི་གཡོན་འདི་ལྟར་གསལ་བོ་མེད་པ་ཞིག་ཏུ་མཆིས་ཀྱང་། སོ་ལོན་ནམ་སོ་བློན་དུ་གོ་ཆོག་སྙམ།

43 ༡༄།། ཞང་ལོན  ༢ཆེན་པོས་བྲིས ༣ པ
མཆོད་རྟེན་བཞེངས་ལེགས་པ་ཞིག་གི་གཡས་གོང་དུ་དབུ་མེད་ཀྱི་ཡིག་འབྲུ་ཆེ་ཞིང་གསལ་བར་འདུག

44 ༡ སོ་བལོན་རི་ ༢ ཙེསx
མཆོད་རྟེན་སྟབས་བདེར་བྲིས་པ་ཞིག་གི་འོག་ཏུ་དབུ་ཅན་དང་དབུ་མེད་འདྲེས་མར་བྲིས་ཤིང་། ཕྱི་མ་མི་གསལ་བས་བཀོད་ཐབས་མ་འགྲིག ཕལ་ཆེར་སོ་བློན་རི་ཙེ་ཞེས་པས་བྲིས་པར་སྣང་།ཁོང་གི་མཚན་གོང་དུའང་བྱུང་བའི་སོ་བ་ལོ་ཞེས་པ་དང་འདྲ་བར་ངེས།

45 ༡ སྟགིལོལདགེ ༢ སུམ་བརྩནབྲིསོ
མཆོད་རྟེན་ཧ་ཅང་ཆུང་བ་སྟབས་བདེ་ཞིག་གི་གོང་དུ་དབུ་ཅན་དུ་བྲིས། ད་དུང་རྡོ་ངོས་འདིར་ཡིག་རིས་འདུག་ཀྱང་ཕྱི་མར་འགོད་ཆོག

46  ༡སྟགལོལ་འབྲོ  ༢ བཙནཁྲོམགྱི བཞང ༣ སུགསོལལོ
འདི་ནི་གོང་མ་དང་རྡོ་ངོས་གཅིག་ཏུ་ཡོད་ལ། མཆོད་རྟེན་ཞིག་གི་གཡས་ཟུར་དུ་དབུ་ཅན་གྱི་ཐིག་ཕྲེང་གསུམ་དུ་མཆིས། བཞང་ཞེས་པ་བར་སྟོང་ཅུང་འདུག་པས་སོར་བཞག་བྱས། རྡོ་ཡིག་གོང་མ་འདི་གཉིས་ཀྱི་གོང་དུ་མཆོད་རྟེན་ཆུང་ཆུང་ཅུང་ཟུར་དུ་འཁྱོག་པ་ཞིག་ཀྱང་བཞེངས་འདུག སྟོང་དཔོན་འདི་ཉིད་གོང་དུའང་བྱུང་ཟིན།

47 ༡ ༄།། སྟོང་པོན ༢ རྒྱལབ་ཡེ་ཤེ ༣ ས་ཀྱིས ༤ བྲིས
མཆོད་རྟེན་བྱོན་ལེགས་ཤིག་གི་གཡས་ངོས་སུ་དབུ་ཅན་ཚེག་དང་བཅས་གསལ་ཞིང་ཡིག་གཟུགས་ལེགས་པར་བྲིས། ཕལ་ཆེར་སྟོང་དཔོན་རང་རང་ལ་ཡིག་མཁན་ཡོད་པའམ། ཁོང་གིས་བྲིས་པ་གང་ཡིན་ཆ་མ་འཚལ་ཡང་། སྟོང་དཔོན་འདི་ཉིད་ཀྱི་མཆོད་རྟེན་དང་ཡི་གེ་མང་ཤོས་ཤིན་ཏུ་ལེགས་པར་བྲིས་འདུག

48 ༡ ཨྰོྃམཎིཔདམེེཧྰུྃ  ༢ རྡོརརྗེ  ༣ འེཤེསཀྱིསབྲིས
མ་ཎི་དེ་ནི་དབུ་ཅན་ཆེ་ཙམ་དུ་བྲིས་ཤིང་། དེའི་འོག་ཏུ་དབུ་ཅན་ཡིག་ཕྲེང་གཉིས་སུ་བྲིས་འདུག རྡོ་རྗེས་ཞུས། ཞེས་པའང་གནའ་དཔེ་བྲིས་མའི་མཛད་བྱང་དང་མཆན་གྱི་ངོས་འཛིན་དུ་གསལ་བས(ཤ༨༡) ། བཙན་པོའི་དུས་སུ་རྡོ་རྗེ་ཞེས་པའི་ཞུ་དག་མཁན་གྱི་གསལ་བས། དེ་ལྟ་བུ་མཚན་འདོགས་སྲོལ་ཁྲི་སྲོང་ལྡེ་བཙན་གྱི་སྔ་རྗེས་སུ་ཡོད་པར་སྣང་སྟེ། དགེ་སློང དཔལ་གྱྀ་རྡོ་རྗེ། ཞེས་པ་བྲག་ཡེར་བའི་རྡོ་རྐོས་སུའང་གསལ།

49 ༡ སྟོང ༢ པོནགཞོན ༣ དབང ༤ ཕྱུ
མཆོད་རྟེན་ཆེན་པོ་ཞིག་གི་གཡོན་ངོས་སུ་དབུ་མེད་ཤན་ཅུང་ཆེ་བར་བྲིས་འདུག ཁོང་གི་མཚན་རྡོ་ཡིག་ཏུ་ཅུང་མང་ཙམ་སྣང་།

50 ༡ ༄།། སྟོངབོནརྒེབ ༢ རིནཅེནགིས
མཆོད་རྟེན་བྱོན་ལེགས་ཆུང་བ་ལྔ་བྲིས་ཤིང་། དེ་དག་གི་དབུས་མའི་འོག་ཏུ་དབུ་ཅན་ཡིག་གཟུགས་ཆེར་མི་ལེགས་པའི་ཡིག་ཕྲེང་གཉིས་སུ་འདུག ཕལ་ཆེར་སྟོང་དཔོན་རྒྱལ་བ་རིན་ཆེན་ཞེས་པའི་དོན་ཡིན་ནམ་སྙམ་མོ།

51 ༡འབྲོདབང ༢ ཁར བ
མཆོད་རྟེན་སྤྱན་ཟུང་བཀོད་པ་ཞིག་གི་གཡས་སུ་དབུ་ཅན་དུ་བཀོད་ཀྱང་མི་གསལ་བས། འབྲོ་དབང་ཞེས་པ་ཡིག་འབྲུ་ཆེ་ཞིང་གསལ་ལ། ཡིག་ཕྲེང་ཕྱི་མ་ཁར་བ ཞེས་པ་ཆུང་དྲགས་ལ་མི་གསལ་བས་དེ་ལྟར་ཡིན་མིན་ཁ་ཚོན་གཅོད་དཀའོ།། འབྲོ་ཡི་རུས་མིང་བཀོད་པ་རྡོ་ཡིག་ཏུ་རེ་ཟུང་ཡོད་པའང་ཞར་ལ་ཤེས་དགོས་པ་ཞིག་གོ།

52 སྨེརབཟངལེགསཀྱིསབྲྀས
མཆོད་རྟེན་སྟབས་བདེ་ཞིག་གི་ངོས་སུའང་། ཨོཾ་ཡིག་ཆེ་ཙམ་ཞིག་ཀྱང་བཀོད་འདུག མཆོད་རྟེན་གོང་དུ་ཡིག་ཕྲེང་འདི་ཉིད་དབུ་ཅན་མཆིས། ད་དུང་གཡུང་དྲུང་ཆུང་བ་གཡས་འཁོར་ཞིག་ཀྱང་ཡིག་ཕྲེང་འོག་ན་འདུག ད་དུང་། ངོཇ ཞེས་པ་ལྟ་བུའི་ཡིག་འབྲུ་ཁ་ཚོན་གཅོད་དཀའ་བ་ཞིག་ཀྱང་མཆོད་རྟེན་གཡོན་ཟུར་དུ་འདུག མཆོད་རྟེན་གཡོན་དུ། ཀ་ཤུ  ཞེས་པ་ཞིག་ཀྱང་འདུག་པས།དེ་ནི་ཀ་ཤི་པལ་ཞེས་པ་དང་འདྲའམ་སྙམ། བོད་ཐང་རྡོ་རིང་ལས། བྱང་ཕྱོགས་ཀྱྀ་དྲུ་གུ་ནོ་སྨེལ་ལ་སྩོགས་པ། ཞེས་པའི་ནོ་སྨེལ་ཞེས་པ་ཙམ་ལས་དཔྱད་གཞི་གཞན་མ་རྙེད།

53 ༡ རྟའྀལོལ ༢ མནེན རྨུལཐོས ༣ བྲིས།
མཆོད་རྟེན་ཆུང་ངུ་ཞིག་གི་སྟེང་དུ འོམ ཡིག་དང་། འོག་ཏུའང་། ཨོཕད ཡི་གེ་ལྟ་བུར་བྲིས་པ་ཞིག་གི་གཡས་ངོས་སུ། དབུ་ཅན་གྱི་ཡིག་ཕྲེང་གསུམ་དུ་འདུག་ལ། མནེ་ཞེས་པའི་འོག་ཏུ་ནོའམ་ན་ཡིག་ཅིག་ཀྱང་ཆིག་རྐྱང་དུ་འདུག་པས་དཀྱུས་གཅིག་ཏུ་སྦྱར་རུང་མིན་ཆ་མ་འཚལ་ཡང་། རྡོ་ཡིག་ཏུ་མནེན་ཞེས་པ་མང་བས་དེ་ལྟར་དུ་གོ་བ་བླངས་པས་བྲིས། གཅིག་བྱས་ན་མནེན་ཡང་མནོན་ཞེས་པའི་རུས་མིང་ཡིན་ཡང་སྲིད་པས་དཔྱད་པར་འཚལ།

54 ཨྰོྃམཎིཔདམེཧྰུྃ (ས)བག་དར་སྐྱས་ཞངས ཨེནུས་ཁར་ཟླབ
མ་ཎི་ཆེ་ཙམ་ཞིག་དབུ་ཅན་དུ་བྲིས་པའི་འོག་ཏུ་ཡིག་ཕྲེང་དེ་གཉིས་བཀོད་འདུག ས་ཡིག་ཆེན་པོ་ཞིག་ཐིག་ཕྲེང་སྔ་མ་གཉིས་སུ་མི་གཏོགས་པར་མདུན་ཐད་དུ་ཅུང་འཁྱོག་སྟེ་འདུག་པས། ཁ་སྐོང་དུ་བཞག་སྟེ་དཔྱད་གཞིར་ཕུལ་བའོ།། དར་སྐྱབས་ཡིན་ནམ་སྙམ་སྟེ། ལྷ་སྐྱབས་ལྟ་བུའང་ཡོད་པས་སོ།། དེ་ལྟར་ཁོང་གིས་མ་ཎི་ས་ག་ཟླ་བའི་དགེ་རྩར་བཞེངས་པ་གསལ་བས། སྔར་གྱི་ཡི་གེ་ཞིག་ཡིན་མིན་དཔྱད་པར་ཞུ།

55 ༡ སྟོང་པོན་ ༢ བཙན་ཕྱུག ༣ རྗེས་ ༤ སན ༥ དག
གཙང་འགྲམ་གྱི་གད་ཁའི་རྡོ་ངོས་སུ་མཆོད་རྟེན་ཆུང་ཆུང་གཉིས་ཀྱི་གཡོན་ངོས་སུ་དབུ་མེད་ཡིག་ཕྲེང་ལྔ་རུ་འདུག་མོད། ཡིག་ཕྲེང་ཕྱི་མ་གཉིས་ཏེ། སན དག ཞེས་པ་ཇི་བཞིན་དུ་བཤུ་མ་ཐུབ།སན་དག་ནི་གོང་གི་མིང་དང་ཆེས་ཆེར་མི་འབྲེལ་བས་གང་ཡིན་དཔྱད་པར་ཞུ། ཡར་ལུང་ཇོ་བོའི་ཆོས་འབྱུང་ལས། ན་ག་ལྡེའི་སྲས་བཙན་ཕྱུག་ལྡེ་ཡ་ཙེར་བྱོན། (ཤ༦༢)ཞེས་པ་འདུག་པས།ཕྱིས་སུ་ལྷ་བླ་མའི་སྔ་རྗེས་སུའང་མཚན་དེ་ལྟར་བྱུང་བར་སྣང་། བཙན་ཕྱུག་རྗེ་ཞེས་པ་དང་འདྲ་བའི་ཁྱད་ཆོས་འདི་ཉིད་རྒྱུད་འཛིན་བྱུང་བ་ཡིན་ནམ་དཔྱད།

56 ༡ ༄། སྟོང་ ༢ པོན་བཙན ༣ ཕྱུག་རྗེས ༤ བྲིས
མཆོད་རྟེན་རིང་མོ་ཞིག་གི་གཡོན་ངོས་སུ་དབུ་མེད་ཚེག་མང་ཤོས་ཡོད་པའི་ཡིག་ཕྲེང་བཞི་རུ་བཀོད། འབྲི་མཁན་གོང་མའི་སྟོང་དཔོན་དང་མཚན་གཅིག་ཏུ་སྣང་།

57 ༡༄། ཞང་ལོན ༣ཆེན་པོས
རྡོ་ངོས་དཔང་ཆུང་བར་མཆོད་རྟེན་ཆུང་ཆུང་གཉིས་ཀྱི་གོང་དུ་དབུ་མེད་ཀྱི་ཡིག་འབྲུ་དེ་ཙམ་མི་གསལ་བར་བྲིས་འདུག ཏུན་ཧོང་ཡིག་རྙིང་ལས། (ཤ༤༡༨) ཞང་ལོན་ཆེན་ཕོ་སྤོ་བླེག་མཛདེ།ཞེས་པ་ཤིང་འབྲུག་སྟེ ༧༦༤ ལོ་ཡིན་པས། དེ་བཞིན་ཁྲི་ལྡེ་གཙུག་བཙན་སྐབས་སུ། ཞང་བཙན་ཏོ་རེ་ལྷས་བྱིན་ཞེས་པ་སོགས་ཞང་ཞེས་པ་ཙམ་ཤིན་ཏུ་མང་བས། ཞང་བློན་གང་ཡིན་དཔྱད་དཀའ་བའི་གནས་ཤིག་གོ། སྤྱིར་རྡོ་བ་འདི་ནི་ཡིག་རིས་ཅུང་མང་ས་ཞིག་ཡིན་པས། ཚན་པ་ཕྱི་མར་དབྱེ་སྟེ་དགོད་པར་བྱའོ།།

58 ༡ རྟའྀལོལསྨེར ༢ སྟགམྱིསབྲིས
རྡོ་བ་འདི་ནི་གོང་དང་གཅིག་ཡིན་ཡང་། ངོས་འདིར་གཡུང་དྲུང་དང་མི་མདའ་གཞུ་ཐོགས་པ། རི་དྭགས་དང་། ཉི་མ། གཡུང་དྲུང་གཡོན་འཁོར་སོགས་་རི་མོ་ཆེ་ཆུང་དུ་མ་དང་ཡི་གེ་ཅུང་མང་བས་རེ་རེ་བཞིན་ཕྱི་མར་དགོད་ཆོག གོང་གི་ཡིག་ཕྲེང་འདི་གཉིས་དབུ་ཅན་དུ་གོང་དུ་འདུག

59 ༡ འབྲུགགིལོལརྭང ༢ ཀླིང་ལེགས ༣ ཏྲུམང
གོང་གི་རྡོ་ངོས་གཅིག་ཏུ་ཡོད། དབུ་ཅན་གྱི་ཡིག་ཕྲེང་འདི་ནི་རྡོ་ངོས་གཡོན་ཟུར་དུ་ཅུང་འཕྲེད་གསེག་ཏུ་བྲིས་ཡོད།

60 ༡ རླངགིལོལ ༢ ལྕིལའ་། (ལྕེ་ལམ)
གོང་གི་རྡོ་བའི་ངོས་གཅིག་མཚུངས་སུ་ཡོད་ཀྱང་། དབུ་ཅན་ཡིག་ཕྲེང་འདི་གཉིས་རྡོ་ཞབས་སུ་ཁེལ་བས་ཡིན་ནམ། ལྕིལའ་ཞེས་པའམ། ལྕེ་ལམ་ཞེས་པ་གང་ཡིག་ཚོད་ཐིག་དཀའ། བྲིས་མི་ལེགས་ལ་གསལ་བོར་ངོས་འཛིན་དཀའ་བས་དཔྱད་གཞི་ཙམ་དུ་ལུས། རླང་གི་ཞེས་པའི་གི་ཡིག་དེ་ཡང་ཆད་པའམ་རླང་ཡིག་གི་འོག་ཏུ་བཀོད་འདུག དོན་དུ་གླང་གི་ལོ་ཡིན་པར་ངེས།

61 བང
རྡོ་ངོས་གཅིག་ཏུ་ཡིག་འབྲུ་འདི་ཁོ་ན་ལས་མེད་པས། བང་ཆེན་ཞེས་པའི་འབྲི་འཕྲོར་ལུས་གང་ཡིན་བཤད་དཀའ་བས་བཞག

62 གཞོནུ
མཆོད་རྟེན་འོག་ཏུ་དབུ་ཅན་དང་དབུ་མེད་འདྲེས་མར་འཕྲེད་དུ་བྲིས། ཕལ་ཆེར་གོང་གི་སྟོང་དཔོན་གཞོན་ནུ་དབང་ཕྱུག་གི་བསྡུས་མིང་ཡིན་པར་ངེས།

63 ༡ སྟགགིལོགྱེརསྟིལ ༢ བྲིས།
མཆོད་རྟེན་ཆུང་ཆུང་ཞིག་གི་ཞབས་སྟེགས་ཙམ་བྲིས་མེད་ལ། དེའི་གོང་དུ་དབུ་ཅན་དང་དབུ་མེད་འདྲེས་མར་བྲིས་འདུག གྱེར་ནི་རྒྱེར་ཡིན་ཡང་སྲིད། སྟིལ་ཞེས་པའང་གཏན་འཁེལ་དཀའ་བ་ཙམ་དུ་འདུག འདིར་ད་དུང་གཞན་ཞིག་མཆིས་ཀྱང་འོག་ཏུ་དགོད་དོ།།

64 ༡ ཁྱྀ་ལོ(ག)ལྱོ་ཙེ ༢ བྲིས།
གོང་གི་རྡོ་དང་གཅིག་གི་ངོས་སུ་དབུ་ཅན་ཡིག་ཕྲེང་འདི་གཉིས་བྲིས་འདུག ག་ཡིག་དེ་ནི་ལོ་ཡིག་གི་སྟེང་དུ་འདུག་ཀྱང་བྲིས་ཀྱི་གསལ་མིན་གཞིགས་ན་སོ་སོར་སྣང་ཡང་། ཡང་གཅིག་བསམ་ན་མིང་འདི་དང་འབྲེལ་བ་ཡོད་ཀྱང་སྲིད་པས་དཔྱད་གཞིར་བཀོད། ལྱོ་ཞེས་པ་ཁྱི་ལོ་ལ་ཞེས་པའི་ལ་ཡིག་ལ་ཕྱི་མའི་མིང་ཡིག་ཅིག་བསྡུས་འབྲི་བྱེད་མེད་དམ་སྙམ་པས་དཔྱད། ཙེ་ཞེས་པ་ནི་རི་ཙེ་ཞེས་པ་སོགས་འདི་གའི་རྐོས་ཡིག་གི་མིང་གི་ཆ་ཤས་སུ་མཐོང་དུ་ཡོད།  ད་དུང་རྡོ་དེའི་ངོས་གཞན་དུ། ལུང ཞེས་པ་ལྟ་བུའི་ཡིག་འབྲུ་ཞིག་ཀྱང་འདུག་པས། དེ་ནི་ལུག་ལོ་དང་འབྲེལ་བ་ཡོད་པ་ཞིག་ཏུ་འདུག་ཀྱང་། འབྲི་འཕྲོར་ལུས་པར་ངེས།

65 ༡ སྦྲུལགྱིལོ་ས་གམརལ ༢ བྲྀས
རྡོའི་ངོས་གཅིག་ལ་དབུ་ཅན་གྱི་ཡིག་ཕྲེང་འདི་ཉིད་་བཀོད། ད་དུང་གཞན་ཞིག་སྟེང་ངོས་སུ་མཆིས་པས་ཕྱི་མར་དགོད་ཆོག སྦྲུལ་གྱི་ལོ་ས་ག་ཟླ་བའི་མར་ངོར་བྲིས་པ་ཞིག་ཡིན་པར་ངེས། འདི་ལྟ་བུའི་ས་ག་ཟླ་བར་བྲིས་པ་རེ་གཉིས་བྱུང་།

66 ༡ སྟགྀལོཧུམསག ༢ ཤཀརཙེཅངཀོབྲི
དབུ་ཅན་ཡིག་གཉིས་ལ་གསོར་འབིགས་ཀྱི་རྩེ་ཁ་རགས་ཞིབ་དང་གསལ་མིན་འདུག་པས། གཅིག་ཏུ་སྦྱར་རུང་མིན་ཐག་གཅོད་མ་ནུས། ཧུམ། ཞེས་པ་དང་། ས་ག་ཞེས་པ་ནི་ཟླ་བཞི་བ་མཚོན་ཡང་སྲིད། གའི་རྗེས་མི་གསལ་བས་ཇི་བཞིན་ཡིན་མིན་དོགས་པ་མཆིས། ཕྱི་མའི་ཡིག་ཕྲེང་སྔ་མའི་འདབས་ཀྱི་རྡོ་ཤུན་བཤུས་ཟིན་པས་ཕལ་ཆེར་ཤཀར་ཙམ་ལས་མི་མངོན་པས། འདོགས་ཅན་ཡོད་མེད་མ་ངེས།

67 ཕྲུ་གུ
ཡིག་འབྲུ་འདི་ཁོ་ན་དབུ་ཅན་དུ་འདུག

68 ༡ ཨཱོཾ ༢ ལུགགྀལོརྭངཀླྀང ༣ འདུས་ལེགསབྲྀས
རྡོ་ངོས་འདིར་ཨྰོྃ་ཡིག་ཆེ་ཙམ་གྱི་འོག་ཏུ་དབུ་ཅན་ཡིག་གཟུགས་ཆེ་ལ་སྙོམས་ཤིང་། བྲིས་ལེགས་ཤིང་གསལ་བར་དོད་པའི་ཡིག་ཕྲེང་གཉིས་སུ་འདུག རྭང་གླིང་ས་མིང་ངམ་རུས་མིང་གང་རུང་ཡིན་ངེས་པས་འགའ་རེ་མཐོང་དུ་མཆིས།

69 ༡ བྱགགལོལ ༢ མནེནདགེལེགས ༣ ཀྱྀསབྲིས
རྡོ་ངོས་ཀྱི་དབུ་ཅན་ཡིག་གཟུགས་ཆེ་ཙམ་ཡིག་ཕྲེང་དུ་གསུམ་དུ་མཆིས། དེའི་མདུན་ངོས་སུ་ཡིག་ཕྲེང་ཞིག་འདུག་པ་ཕྱི་མར་དགོད་པར་བྱ། ས་གནས་འདིའི་རྡོ་ཡིག་ཏུ་མནེན་ཞེས་པ་ཅུང་མང་ཙམ་མཐོང་དུ་ཡོད།

70 ཀའཏངསླེམེསླེབས།
གོང་མ་དང་རྡོ་གཅིག་ཏུ་འདུག་པའི་དབུ་ཅན་རིགས་གཉིས་འདུག་པ་ལས་གཅིག་ཡིན་ལ། འདི་ལ་ཐིག་ཕྲེང་གཅིག་ལས་མེད། ཀའཏངསླེ་མེ་སླེབས་ཞེས་པའམ། ཀརཏཨླེམེསླེབས ཞེས་གང་ཡིན་བརྡར་ཤ་གཅོད་དཀའ། གསས་སླེབས་ཞེས་པ་མིང་མཐར་སླེབས་སྒྲ་ཡོད་པ་བཙན་པོའི་དུས་སུ་ཅུང་མང་སྟེ། ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་མནའ་བསྒགས་པ་ལས་ཀྱང་སླེབས་ཡིག་དུ་མ་རྙེད་ཐུབ།

71 ཁྱུངསེཔོརཔོ
དབུ་ཅན་ཡིག་ཕྲེང་འདི་ཙམ་འདུག ལྡེའུ་ཆོས་འབྱུང་ལས། (ཤ༢༥༠) ཁྱུང་པོ་སྤུ་སྟངས་ཀྱིས་བྱང་ཚ་དང་མཛོའི་ལ་སྒོ་ཕྱེ་སྟེ་མངའ་མཛད། ཅེས་པ་ཡང་གསལ། ཁྱུང་ནི་རུས་སུ་གཏོགས་ཏེ།མྱང་ཆོས་འབྱུང་དུའང་གསལ་བར་གསུངས།

72 ལུགྀལོལ་ བྲགཨོདལས བྲིས
རྡོ་ངོས་འདིར་དབུ་ཅན་གྱི་ཡིག་ཕྲེང་འགའ་རེ་འདུག རེ་གཉིས་མི་གསལ་ལ་གང་དུ་གཏོགས་པ་ཚོད་དཔག་བྱེད་དཀའ། དུས་ཀྱི་སྔ་རྗེས་ཤིག་ཡིན་ངེས། ཡི་གེའི་ཆེ་ཆུང་ལ་གཞིགས་ན་གོང་གི་དེ་ནི་ཁ་འཕྲོད་པ་ཞིག་འདུག དོན་དུ་ཡིག་ཕྲེང་གཅིག་ཡིན་མོད། བར་དུ་རྡོ་ལ་ཤུར་རིས་འདུག་པས། བར་ཅུང་ཟད་ཆོད་འདུག དེ་མིན་ལུགྀ་ལོ་ཞེས་པའི་འོག་ཏུ། རྒྱཧྲདང ལྟ་བུ་གསལ་ལ་མི་གསལ་ཞིག་འདུག དེའི་འོག་ཏུའང་། སྟ ཞེས་རབ་རིབ་ཙམ་ཡང་འདུག ད་དུང་ རྭ་ཡིག་ཅིག་ཀྱང་འོག་ཏུ་ཆིག་རྐྱང་དུ་མཆིས། ཡིག་གཟུགས་དང་གསལ་མིན་ལ་བལྟས་ན་ཡིག་ཕྲེང་འདི་གཉིས་ཁ་འཕྲོད་པར་འདུག

73 ༡ སྤྲའུལོལས ༢ ཟསགཏོ ༣ ཙེ
གོང་མ་དང་རྡོ་གཅིག་ཏུ་འདུག་ཀྱང་། དབུ་ཅན་ཡིག་ཕྲེང་འདི་ཉིད་གཡོན་ངོས་སུ་ཁེལ། རྡོའི་ཟུར་སྣེ་བཅག་སྟེ་ག་ཤེད་དུ་བརླགས་ཟིན་པས། ཡིག་ཕྲེང་གསུམ་གའི་མཇུག་མཐོང་ཐབས་མ་བྱུང་ངོ་།། གཅིག་བྱས་ན་ས་ག་སྟེ་ཟླ་བཞི་བའི་དོན་ཡང་ཡོད་སྲིད་སྙམ་པས་དཔྱད།

74 ༡ སྦྲུལགྱྀལོལ ༢ སྨེརསྟོངསུམརྗེབྲྀས
རྡོ་ངོས་འདིར་དབུ་ཅན་ཆེར་མི་གསལ་བའི་ཡིག་ཕྲེང་འདི་གཉིས་མཆིས། ཁྲི་སྲོང་ལྡེ་བཙན་གྱི་ལོ་ཚིགས་གནད་བསྡུས། སྟོང་སར་སྟོང་སྡེ་གསུམ་གྱྀ་སྟོང་དཔོན་དུ་བསྐོས། ཞེས་པ་གསལ་བས།སྟོང་སུམ་རྗེ་ཞེས་པའང་མཚན་ལས་དཔོན་ཐོབ་ཅིག་ཀྱང་རྟོགས་ཐུབ་བོ།།

75 ༡ བྱགགལོལ ༢ བློནསྟོངརྩནགྱིསབྲྀས
ཕ་བོང་འདིའི་སྟེང་དུ་རི་དྭགས་དང་ཡིག་ཕྲེང་ཅུང་མི་འདྲ་བ་དུ་མ་འདུག་ཀྱང་། དེ་ལས་ཆེས་མངོན་གསལ་དོད་ལ་ཡིག་གཟུགས་ཆེ་ཙམ་དུ་བྲིས་པ་དབུ་ཅན་བྲིས་ལེགས་པ་འདི་ཉིད་ཡིན། ཕལ་ཆེར་མགར་སྟོང་བརྩན་ནམ་ཞང་སྟོང་བརྩན་གང་རུང་ཞིག་ཡིན་ངེས་པས་འོག་ཏུ་འཆད་ཆོག ཕལ་ཆེར་ཕྱི་མ་ཡིན་ངེས་ཏེ། ཁྲི་སྲོང་ལྡེ་བཙན་དུས་ཀྱི་ཞང་བློན་གལ་ཆེན་ཞིག་ཡིན་པར་མ་ཟད།རྒྱ་ནག་ཁྲང་ཨན་དུ་དམག་རྒྱག་སྐབས་ཀྱང་མཆིས། ཕྱིས་སུ་གཡུ་ཡི་ཐོབ་ཀྱང་བསྩལ་འདུག ཡིག་ཕྲེང་འདི་ནི་རྡོ་ངོས་ཀྱི་མཐོ་སའི་དཀྱིལ་དུ་བཀོད་དོ།།

76 སྨེར་འདྲོན་ལ བརྩན་གྱྀས་བྲིས
གོང་གི་ཕ་བོང་དེའི་སྟེང་གི་བློན་སྟོང་རྩན་གཡས་ཟུར་དུ་བཀོད་པའི་དབུ་ཅན་ཡིག་ཕྲེང་གཉིས་ཡིན། འདྲོན་ལ་ཏོར་ཞུས། ཞེས་པ་ལྟ་བུ་བོད་ཡིག་གནའ་དཔེ་བྲིས་མའི་མཛད་བྱང་དང་མཆན་གྱི་ངོས་འཛིན། (ཤ༩༦)ཞེས་པར་གསལ་བས། དཔྱད་གཞིར་བཀོད་པ་ཙམ་མོ།།

77 ༡ རྟ་འྀ་ལོ་ལ་སྨེར་པློ ༢ འཕན་སླེབས མནེན་ལ་ཏུང ༣ སྨེར
འདི་ནི་བློན་སྟོང་རྩན་གྱི་འོག་ཏུ་བཀོད་པའི་དབུ་ཅན་ཡིག་ཕྲེང་ཞིག་ཡིན་ལ། ཡིག་ཕྲེང་དང་བོ་ནི་ཤིན་ཏུ་ཆུང་བས་བར་འཚང་ག་ལྟ་བུར་འདུག་སྟེ། སྨེར་པློ(དློ་)ཞེས་པའང་དོན་དུ། སྨེར་འདྲོནལ ཞེས་པ་གང་ཡིན་དཔག་དཀའ་བར་འདུག ཡིག་ཕྲེང་གཉིས་པ་ལ་བར་སྟོང་ཞིག་འདུག་པས། དེ་གཉིས་དཀྱུས་གཅིག་ཏུ་སྦྱར་ཆོག་མིན་དཔྱད་དགོས། ཡིག་གཟུགས་ཆེ་ཆུང་འདྲ་བ་ཙམ་དུ་སྣང་ཡང་། དོན་དུ་འབྲེལ་མིན་བཤད་དཀའ།

78 སྤྲེ་འུ་ལོ་ལ་རྱེ་ཤྀན
མཆོད་རྟེན་ཆུང་བ་སྟབས་བདེར་བྲིས་པ་གཉིས་ལས་གཡས་པའི་གོང་དུ་དབུ་ཅན་དུ་བཀོད། པྲ་དུན་གཙུག་ལག་ཁང་གི་རྡོ་རིང་བུ་ཡིག་ཏུའང་མཚན་འདི་ལྟ་བུ་ཡོད་པས་དཔྱད། ད་དུང་། རྒྱེ་ཤིན་རྡོ་རྗེ་གྲུབ་ཀྱིས་བྲིས་།། ཞེས། བོད་ཡིག་གནའ་དཔེ་བྲིས་མའི་མཛད་བྱང་དང་མཆན་གྱི་ངོས་འཛིན་ལས་གསལ། ( སྟོད་ཆ ཤ172) ཡང་། འདུས་སྲོང་སྐོར་གྱི་ཡིག་རྙིང་ལས། རྱེ་ཤྀན་ཁུ་བུལ་བུ་དང་ལྕོག་ལ་རྀང་ཙུག་སྐོར་དང་གཉིས། གློ་བ་རྀངསྟེ། ཞང་ཞུང་ལོག་ཅྀང་་་། ཞེས་པས། རྒྱེ་ཤིན་ནི་ཞང་ཞུང་ཕྱོགས་ཀྱི་རུས་མིང་ངམ་ས་མིང་གང་རུང་ཡིན་ཡང་སྲིད་དོ།།

79 ཁྱིལོནང
རྡོ་བའི་ངོས་གཉིས་སུ་མཆོད་རྟེན་ཆེ་ཙམ་རེ་འདུག་ཀྱང་། དབུ་ཅན་དང་དབུ་མེད་འདྲེས་མའི་ཡིག་ཕྲེང་ཆ་ཚང་བ་ཞིག་མིན་པར་སྣང་།

80 རེ་བ་ཆེ
མཆོད་རྟེན་ཞིག་གི་སྟེང་ལ་དབུ་མེད་དུ་བྲིས་འདུག་པ་ཁོལ་དུ་ཕྱུང་བའོ།།

81 རའངསྐྱི
རྡོ་ངོས་སུ་མཆོད་རྟེན་གཉིས་འདུག་པའི་ཅིག་ཤོས་ཀྱི་འོག་ཏུ་བཀོད་འདུག སྐྱིའམ་སྐྱེ། སྐྱོ་གང་ཅུང་དབྱེ་དཀའ་བར་མཆིས།

82 ༡ ༄ཞང ༢ ལོན་ཆེན ༣ པོས་བྲིས་ ༤ པ
རྡོ་ངོས་སུ་མཆོད་རྟེན་ཆེ་ཆུང་གསུམ་འདུག་པ་ལས་གཡས་ཕྱོགས་ཀྱི་ཆུང་བའི་གོང་དུ་དབུ་མེད་དུ་བྲིས། ཞང་བློན་ཆེན་པོ་ཐེངས་འགར་བཀོད་འདུག་གོ།

83 ཡོསབུབྲགམྱྀཙེས
མཆོད་རྟེན་རྒྱ་གར་ལུགས་ལྟ་བུ་སྟབས་བདེ་ཞིག་གི་གཡས་ངོས་སུ་གསལ་ལ་མི་གསལ་བར་དབུ་ཅན་དུ་ཕབ། བྲག་ཅེས་བུག་གམ་བྲལ་གང་རུང་ཡིན་ཡང་སྲིད་ཀྱང་། བྲག་དང་འབྲེལ་བ་རྡོ་ཡིག་ཏུ་འདུག་པས། སྔར་གྱི་ལོ་རྒྱུས་སུ་བྲག་སྟེངས་པ་སོགས་ཡོད་པར་གཞིགས་ན་བྲག་ཡིན་ངེས་སྙམ།

84 ལུགྀ ཐ་ཐོ་ཨོནཝགྱྀས བྲྀས
རྡོ་ངོས་ཀྱི་ཡི་གེ་འབྲི་གསུབ་ལྟ་བུས་མི་གསལ་བས་ཐ་ཐོ་ཞེས་ཡིག་འབྲུ་འདི་གཉིས་ཆ་འཇོག་ཅུང་དཀའ་བར་མཆིས།

85 རྟའ་ལོལསད བྲུགགྀལོལསདལྱུ ཨངརྀནུསབྲྀས
རྡོ་ངོས་ལོ་ཚིགས་གཉིས་ཐིག་ཕྲེང་སྟེང་འོག་ཏུ་བཀོད་འདུག་མོད། ཕལ་ཆེར་སད་ཅེས་པའི་མི་སྣ་གཅིག་གིས་ཐེངས་གཉིས་ལ་བྲིས་པར་ངེས་པས། དབུ་ཅན་གྱི་ཡིག་ཕྲེང་གསུམ་ག་ཚན་པ་འདིར་བཀོད་པ་ཡིན། ཡིག་ཕྲེང་འོག་ཏུ་གཡུང་དྲུང་གཡོན་དུ་འཁོར་བ་ཆུང་ཙམ་ཞིག་དང་ཉི་མ་དང་ཟླ་བའི་རིས་ཆུང་བ་བཅས་ཀྱང་འདུག

86 སྨེརལེག
རྡོ་འདི་བཅག་འདུག་པས་གཞན་ཅང་མི་གསལ། སྨེར་ཞེས་པ་ཡང་ཡང་བྱུང་བའང་བསམ་གཞིགས་བྱ་རིན་ཡོད་པ་ཞིག་གོ།

87 ༡ ཁྲིསུམ ༢ ཀྱིསབྲིས
མཆོད་རྟེན་གསལ་བ་དང་མི་གསལ་བ་གཉིས་འདུག་པ་ལས།གཡོན་ཕྱོགས་ཀྱི་གསལ་བའི་གཡོན་གོང་དུ་དབུ་མེད་དུ་བཀོད། ཁུད་པ་ཆེན་ཕེོ་འབངས་ཁྲྀ་སུམ་རྗེ་རྩང་བཞེར་ལ་ཕུལ་བར་ལོ་ཆིག། ཅེས་པ་སོགས་ཁྲི་སུམ་གྱི་སྐོར་དུ་མ་ཏུན་ཧོང་ཡིག་རྙིང་དུ་ཡོད་ཀྱང་། དེ་ནི་གཙོ་བོ་དཔོན་ཐོབ་དང་འབྲེལ་བའི་མཚན་དུ་གཏོགས་པས། འོག་ནས་ཅུང་ཞིབ་ཙམ་དཔྱད་ཆོག

88 ༡ སྟོངཔོན ༢ ཆོསགྲུ ༣ བ
མཆོད་རྟེན་གཉིས་ཀྱི་བར་དུ་དབུ་མེད་ཤན་ཆེ་བའི་ཡིག་ཕྲེང་གཉིས་ཏེ། སྟོང་དཔོན་ཆོས་གྲུབ་ཀྱི་མཚན་འདི་བཀོད་འདུག གོང་དུའང་ཆོས་གྲུབ་ཅེས་པ་རེ་གཉིས་བྱུང་།

89 ༡ ༄།། སྟོང་པོན ༢ ཙན་ཕྱུག་རྗེས་ ༣བཞེངས་སུགསོལ་ ༤ ལོ་
གཙང་འགྲམ་གྱི་གད་ཁའི་རྡོ་ངོས་ཀྱི་མཆོད་རྟེན་ཞིག་གི་གཡས་ངོས་སུ་དབུ་མེད་དུ་བཀོད། ཁོང་གི་མཚན་གོང་དུའང་བྱུང་བས་བསྡུར་ཆོག་གོ།

90 ཁྲི་སུམ་ཀྱིསཞེངསསུསོལབ
རྡོ་རྩེག་རིམ་གྱི་འོག་ཏུ་ཕྱེད་ས་འོག་ནུབ་ཀྱང་། མཆོད་རྟེན་གྱི་ཟུར་ཙམ་ལས་མི་མཐོང་ཡང་། དབུ་མེད་ཀྱི་ཡིག་ཕྲེང་འདི་ཉིད་ཤིན་ཏུ་གསལ་བོར་འདུག གོང་དུའང་ཁོང་གི་མཚན་བཀོད་ཟིན་པ་ལྟར་རོ།།

91 ༡ ༄།། ལ ༢བློན་རྩན་ ༣ གིསབཞེངས་ ༤ སུགསོལ ༥ བ
མཆོད་རྟེན་སྤུས་དག་ཅིག་གི་གཡས་འདབས་སུ་བྱ་ཞིག་བུམ་པའི་ཁར་བབས་པ་ཞིག་དང་། གཡོན་དུ་དབུ་མེད་དང་དབུ་ཅན་འདྲེས་མའི་ཡིག་ཕྲེང་འདི་ཉིད་བྲིས་འདུག

92 ༡ བློན་རྩན ༢ གིསབྲིས
མཆོད་རྟེན་ཞིག་གཡས་ཟུར་དུ་དབུ་ཅན་དང་དབུ་མེད་འདྲེས་མར་བྲིས། དེའི་ཟུར་གྱི་རྡོ་བ་ཞིག་ཏུ། མཆོད་རྟེན་གཡས་ངོས་སུ། 1ཆོས་གྲུབ2གྱིས ཞེས་པའི་དབུ་མེད་ཅིག་ཀྱང་འདུག (ཡིག་ཕྲེང་ལ་ཨང་རྟགས་བཀོད་ཟིན་པས་ཆེད་དུ་འགོད་མ་ཐུབ)

93 ༡ ༅།། ཁྲི་སུམ ༢ ཀྱིསཆོས ༣ སུ
མཆོད་རྟེན་ཞིག་གི་གཡས་ངོས་སུ་དབུ་མེད་དུ་བྲིས།

94 ༡ ༅། སྟོང ༢ པོན་རྒ ༣ བ་ཡིས
མཆོད་རྟེན་གྱི་གཡས་གོང་དུ་དབུ་མེད་དུ་བྲིས། དོན་དུ་སྟོང་དཔོན་རྒྱལ་བ་ཡེ་ཤེས་ཡིན་པར་སྙམ་སྟེ། གོང་དུ་དེ་ལྟ་བུ་འབྲི་ཚུལ་བྱུང་བས་ཤེས་ཐུབ།

95 ༡ བློན་རྩན ༢ གིས་བྲིས
གཙང་གཞུང་དུ་ལྷུང་ལ་ཉེ་བའི་རྡོ་བ་རུ་མཆོད་རྟེན་གྱི་གཡས་སུ་དབུ་མེད་དང་དབུ་ཅན་འདྲེས་མར་གསལ་བར་བྲིས།

96 ༡ གཞོནུ ༢  དབང་ཕྱག
མཆོད་རྟེན་གྱི་གཡོན་འདབས་སུ་དབུ་མེད་དུ་མཆིས། གཞོན་ནུ་དབང་ཕྱུག་ཡིན་པར་ངེས།

97 ༡ ཆོས ༢ གྲུབཀྱིས ༣ བྲིས ༤བ
མཆོད་རྟེན་ཞིག་གི་གཡོན་འདབས་སུ་དབུ་མེད་དུ་མཆིས། ཁོང་གི་མཚན་ཐེངས་དུ་མར་བྱུང་།

98 སྟོངཔོནཁྲོམ
མཆོད་རྟེན་གྱི་གཡོན་ངོས་སུ་དབུ་མེད་དུ་བཀོད སྟོང་གི་རྗེས་འཇུག་ང་མི་གསལ།

99 རྭངཀླྀངརྒྱལཁྲིསབྲྀས ཨོ
རྡོ་ངོས་ཨྰོྃ་ཡིག་དུ་མ་དང་མཆོད་རྟེན་ཆུང་ཆུང་ཞིག་གི་འགྲམ་དུ་རྟ་ཞིག་ཀྱང་བྲིས་འདུག དབུ་ཅན་ཡིག་ཕྲེང་གོང་འོག་གཉིས་འདུག་ཀྱང་ཅིག་ཤོས་འོག་ཏུ་དགོད་ཆོག ཨོ་ཡིག་དེ་མཇུག་ཏུ་བར་སྟོང་གི་རྗེས་སུ་བཀོད་པས། གཞི་གཅིག་ཏུ་སྦྱར་མི་དགོས་པར་སྣང་། མངའ་རིས་ཀྱི་རྒྱལ་རབས་ཤོག་གཅིག་མ་ལས། མཁར་རྭ་ལའི་མཁར་མར་དུ་བཞུགས་ནས། ཞེས་པའང་རྭ་ལ་ལྟབུའང་ཡོད་པས། དེ་ནི་དེང་གི་མངའ་རིས་ཀྱི་ལྟེ་གནས་ཡུལ་སེང་གེ་ཁ་འབབ་གྲོང་བརྡལ་གྱི་ནུབ་མཐར་ཡོད་ཚུལ་ཡང་འདུག་པས། མིང་དེ་ལྟ་བུའང་དཔྱད་གཞི་ཙམ་དུ་བཀོད།

100 རྭངཀླྀངཔྲིལམྱིསབྲིས
གོང་གི་རྡོ་ངོས་སུ་དབུ་ཅན་དུ་བཀོད། ད་དུང་ཨཱོཾ་དང་ཨོ། ས། ཧྲ། དེ་ལྟ་བུའི་ཡིག་འབྲུ་རྐྱང་བ་ཐར་ཐོར་རེ་ཡང་གང་སར་ཡོད།

101 ༡ རྭངཀླྀངཨིཙེས ༢ བྲིས
རྡོ་བའི་གང་སར་བཀོད་པའི་ཡིག་ཕྲེང་གསུམ་ཙམ་འདུག་པས། ཚང་མ་དབུ་ཅན་རེད། གཞན་དག་ཕྱི་མར་འགོད།

102 ཕག་ཁི་ལོ རྭང་ཀླྀང  ཙརར
འདི་ནི་ཡི་གེ་ཆེ་ཡང་རྫོབ་པས་གཟུགས་ཏག་ཏག་མ་འཁྱོངས་པས། ཙརར ཞེས་པ་དཔག་དཀའ་བར་འདུག

103 རྭངཀླྀངདཔལསུམབྲིས
འདིའི་རྒྱབ་ངོས་སུ་ད་དུང རྟའ ཞེས་ཀྱང་བྲིས་འདུག

104 སྟོངཔོནརྩན
མཆོད་རྟེན་དང་དབུ་མེད་ཡི་གེ་གཉིས་ཀྱང་ཆུང་བར་བྲིས་འདུག བཙན་ཕྱུག་རྗེས་ཡིན་ནམ་དཔྱད།

105 རུཔོ
མཆོད་རྟེན་གཉིས་ཐོག་རྩེག་ཏུ་ཡོད་པའི་གཡས་གོང་དུ་དབུ་མེད་དང་དབུ་ཅན་འདྲེས་མར་མཆིས། དོན་དུ་རུ་དཔོན་ཞེས་པ་གོ་དགོས་སམ་དཔྱད།

106 ༡ སྟག་ལོ་ ༢ ལབྲོའབཙ  ༣ན་ཁྲོམགྱི
མཆོད་རྟེན་ཞིག་གི་གཡོན་འདབས་སུ་དབུ་མེད་དུ་བྲིས་པའི་རྡོའི་ཟུར་ཆག་པས། གྱིས་ཞེས་པ་གི་ཙམ་ལས་ཡ་བཏགས་དང་རྗེས་ཇུག་བཅས་བརླགས་ཟིན། མཆོད་རྟེན་དུ་ཨོ་ཡིག་ཅིག་བཀོད་འདུག་ལ། དོན་དུ་ཨོྃ་ཡིན་ངེས།
ལྡེའུ་ཆོས་འབྱུང་ལས། (ཤ༢༥༢) འགྲོ་ཁྲོམ་འདའ་ཆུང་པ་ལ་སེང་གེ་དཀར་མོའི་གོང་ལག་ཡོད་པས་ཆེ། ཞེས་པ་ཆེ་བདུན་གྱི་ཁྲོད་དུ་ཁོང་ཉིད་མཆིས་ལ། དེ་དང་འབྲེལ་མིན་བཤད་དཀའ་ཡང་། དཔྱད་གཞི་ཙམ་དུ་ཕུལ་བའོ།།

107 ༡ ཕགགི ༢ ལོལསྨེར ༣ གཉན
མཆོད་རྟེན་གཡས་ཀྱི་སྟེང་ཕྱོགས་སུ་དབུ་ཅན་ཡིག་གཟུགས་ཆེ་ཙམ་བཀོད་ཀྱང་། ཕ་ཞེས་པ་གསལ་བོ་མེད་པད་ཡིག་གཟུགས་སོགས་བསྡུར་ན་ཕལ་ཆེར་ཕག་ཡིན་སྙམ། ཡིག་ཕྲེང་གསུམ་པ་ཐག་གཅོད་དཀའ་ཙམ་འདུག

108 ཨརྱ་པ བྲྀས་པ (གཙང་བོའི་ཚུ་རོལ་ནས་རྙེད་པ།)
མཆོད་རྟེན་ཆུང་ཆུང་ཞིག་གི་གཡས་ངོས་སུ་དབུ་ཅན་ཆེ་ཙམ་བྲིས་འདུག་ཀྱང་རྙིང་དྲགས་ཏེ་རྡོ་རྩི་སོགས་ཀྱི་དབང་གིས་གསལ་བོར་འབྲི་མཁན་གྱི་མཚན་སོགས་མཐོང་མི་ཐུབ། ཨརྱ་པ ཞེས་པའི་མཇུག་ཏུ་ཡི་གེ་ཡོད་དེ་མི་གསལ་བས་བཞག

109   ༅།འཕོན་བ
མཆོད་རྟེན་གསུམ་ལས་གཉིས་ཆེ་ལ་ཧ་ཅང་སྤུས་དག་བཞེངས་ལ། ཆུང་བའི་གོང་དུ་དབུ་མེད་ལྟ་བུར་བྲིས།

110 སདལྱུམུལཐོ
རྡོ་འདིའི་ངོས་གཅིག་ཏུ་ཐོ་ཡིག་འདི་དང་། དེའི་འོག་ཏུགཡུང་དྲུང་གཡས་སུ་འཁོར་བ་ཞིག་འདུག ངོས་གཞན་དུ་མཆོད་རྟེན་ཞིག་འདུག་ཀྱང་། རྡོ་ཤུན་བཀོག་པས་རྩེ་ཙམ་ལས་མི་འདུག

111 ༡ ཁྱྀའིལོལ ༢ ལྷལེགསབྲིས
རྡོ་ངོས་འདིར་ཡིག་ཕྲེང་འདི་ལས་གཞན་ཅང་མི་འདུག

112 སྦྲུལོ་ལ་མདོ་སྟང་ཙེས
རྡོ་འདི་དཔང་དམའ་བས་དབུ་ཅན་གྱི་ཡིག་འབྲུ་གསལ་བོ་འདི་ཙམ་ལས་མེད། ཚེག་དག་ཀྱང་ཡི་གེའི་སྐེད་དུ་འདུག

113 ༡ སྨྱེར་དམག ༢པོན། ཀ།ཤི་སྒྲས་ཞེངསུ།སོལ། བ
མཆོད་རྟེན་ཞིག་གི་འོག་ཏུ་གསལ་ལ་མི་གསལ་བར་དབུ་མེད་དང་དབུ་ཅན་འདྲེས་མར་མཆིས། སྒྲ་ཞེས་པ་གསལ་བོ་མེད་པས་ཅུང་དོགས་པ་མཆིས།

114 ཀ་ཤིས
དབུ་ཅན་དུ་མཆོད་རྟེན་གྱི་ཞབས་ཙམ་འབྲི་འཕྲོར་ལུས་པའི་གཡས་ཟུར་དུ་མཆིས།

115 མངཞཾསནསབྲིས
མཆོད་རྟེན་ཞིག་གི་འོག་ཏུ་དབུ་ཅན་དང་དབུ་མེད་འདྲེས་མ་ལྟ་བུར་ཡོད། གསལ་བོར་འགོད་མ་ཐུབ་པས་དཔྱད།

116 ༡ ལུག ལོ ༢ ཐ་ཐོད་ཨོན་ཝགྱྀས་བྲྀས།
གསལ་བོ་མིན་པས་ཇི་བཤུ་མ་ཐུབ།

117  བྀབ
མཆོད་རྟེན་ཆུང་ཆུང་བྲིས་མི་ལེགས་པ་ཞིག་གི་གཡས་ཟུར་དུ་ཡོད། དབུ་ཅན་ཡིན་ཡང་བྀ་བའམ་བྀ་ཐ་གང་ཡིན་དབྱེ་མི་ནུས།

མཁར་རྩེ་ཟམ་གྱི་རྡོ་ཡིག

རྡོ་ཡིག་འདི་ནི་ཨ་ལྕིའི་རྡོ་ཡིག་ལྟ་བུ་གསལ་བར་བཏོད་པ་ཅུང་ཉུང་ལ། རྡོ་རིས་མང་ཤོས་རི་དྭགས་དང་འབྲོང་གཡག རྔོན་པ་དང་ཁྱི་སོགས་ཀྱི་སྐོར་ཡིན། འདིར་ཡང་མཆོད་རྟེན་དང་རྡོ་ཡིག་འགའ་རེ་འདུག་ཀྱང་། མང་ཤོས་བསུབ་ཟིན་པས་བཤུ་དཀའ་ནའང་། ཐབས་ཤེས་གང་ཡོད་བཏོན་ནས་རེ་ཟུང་ཕབ་པ་གཤམ་གསལ་ལྟར་ཡིན།

1 འགོས བྱང་སྟད
མཆོད་རྟེན་ཞིག་གི་གཡས་སུ་དབུ་མེད་དང་དབུ་ཅན་འདྲེས་མར་འདུག་ཀྱང་། སྟད་ཅེས་པ་དེ་འདྲ་མི་གསལ་བས་ཅུང་ཆ་འཇོག་དཀའ་བར་འདུག

2 སྨེར དབང་པོ དབང་བཙན
མཆོད་རྟེན་ཞིག་གི་གཡོན་ངོས་སུ་དབུ་ཅན་དང་དབུ་མེད་འདྲེས་མར་ཡོད། བཙན་གྱི་རྗེས་འཇུག་ན་མི་གསལ་ཡང་དེ་ལྟར་དུ་བཀོད།

3  ༡ ལ་ཆས ༢ ཡོ  ༣ བཞེངས ༤ སུ་སོལ་བ
རྡོ་ངོས་འདིར་མཆོད་རྟེན་བཞི་ལྔ་ཙམ་འདུག་ལ། རྡོའི་གཡོན་ངོས་ཀྱི་མཆོད་འདབས་སུ་དབུ་ཅན་གསལ་བོ་མི་འདུག་པས། ཐིག་ཕྲེང་གཉིས་པ་ཁ་ཚང་མེད་ལ་ཚོད་དཔག་ཀྱང་བྱེད་དཀའ།

4 ༡ xགྱིས ༢ བཞེངས ༣ སུ་གསོལ ༤ 
གཡས་དཀྱིལ་གྱི་མཆོད་རྟེན་ཉིས་རྩེག་གི་གཡས་ཟུར་ན་དབུ་ཅན་དུ་བཀོད་ཀྱང་། བཞེངས་མཁན་གྱི་མཚན་ཡལ་ཏེ་མི་སྣང་།

5 ༡ xསུམ ༢ གྱིས ༣ བཞེངས་སུ་སོལ
རྡོའི་གཡས་ཕྱོགས་ཀྱི་མཆོད་རྟེན་གཡས་ཟུར་གྱི་བཞེངས་མཁན་མཚན་ཆ་ཚང་མི་གསལ་ལ། ཐིག་ཕྲེང་གསུམ་པའི་བཞེངས་ཞེས་པའང་ས་འོག་ཏུ་བཅུག་འདུག

6 ༡ སངསརྒྱསབྱངཆུབ ༢ ས
གོང་གི་མཆོད་རྟེན་དེ་དག་གི་འོག་ན་དབུ་ཅན་གྱི་ཡི་གེ་འདི་ཡོད་མོད། འབྲི་མཁན་ཞིག་གམ་སྨོན་ཚིག་གང་ཡིན་ཆ་མ་འཚལ།

7 ༡ དབས ༢ ཆེམྱས
མཆོད་རྟེན་གྱི་མགོ་ཙམ་ལས་ས་འོག་ཏུ་ནུབ་འདུག་པའི་གཡས་གོང་དུ་དབུ་ཅན་འདི་ལྟར་བྲིས་འདུག

8 སྟགལོཞེངས
མཆོད་རྟེན་ཞིག་གི་འོག་ཏུ་དབུ་ཅན་ཡིག་འབྲུ་ཆེ་ཙམ་བྲིས་འདུག འབྲི་མཁན་མི་འདུག་ཀྱང་སྟག་ལོར་བཞེངས་པ་གསལ་བོར་བྲིས་པ་ཙམ་དུ་ཟད།

9 ན་མོ་ཨ་རྱ་ད་རེ་ སྨོན་ལམ་རིྣ་ཆེྣ བདག་ཀྱིས་གྲིས
རི་དྭགས་སྐྱིན་གཉིས་དང་མཆོད་རྟེན་ཆུང་ཆུང་ཞིག་གི་གཡོན་ཟུར་ན་དབུ་ཅན་དུ་བཀོད།

10 ༡ ཨ་མ ༢ ན་མོ་ཨ
མཆོད་རྟེན་ཧ་ཅང་མི་གསལ་བའི་གཡས་ཟུར་དུ་ཡི་གེ་ཤིན་ཏུ་བཀླག་དཀའ་བས་ཅུང་ཟད་མངོན་པ་དག་བཀོད་དོ།།

11 ཨོཾ་མ་ཎི་པད་མེ་ཧྰུཾ
རི་དྭགས་སྐྱིན་བཞི་ཙམ་གྱི་མདུན་ན་རྔོན་པ་མདའ་གཞུ་ཐོགས་པ་ཞིག་བྲིས་པའི་གོང་དུ་ཡིག་དྲུག་འདི་ཉིད་འདུག

གོང་དུ་བཀོད་པ་འདི་དག་ནི་མར་ཡུལ་ལ་དྭགས་ཀྱི་ཨ་ལྕིའི་རྡོ་ཡིག་གི་མ་ཡིག་དག་ཡིན་ལ། ཞོར་དུ་མཁར་རྩེའི་རྡོ་ཡིག་འགའ་བཀོད་ཡོད། འདིར་གཙོ་བོར་བརྗོད་འདོད་པ་ནི་ཨ་ལྕིའི་རྡོ་ཡིག་ཡིན་ལ། དེའི་ཁྲོད་དུ་ཆེས་མང་བ་ནི་མཆོད་རྟེན་གྱི་རི་མོ་ཡིན། མཆོད་རྟེན་གྱི་དབྱིབས་དང་འབྲི་སྟངས་ཀྱི་ཆ་ནས་སྐབས་དེའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་སེམས་ཁམས་འཛིན་སྟངས། དད་མོས་སོགས་མང་བོ་ཞིག་རྙེད་ཐུབ་ལ། མཆོད་རྟེན་གྱི་རི་མོ་དང་རྡོ་ཡིག་དེ་དག་ནི་སྐབས་དེར་བྲིས་ཤིང་རིམ་གྱིས་ཡལ་བ་ཞིག་ཀྱང་མིན་ཏེ། ད་ལྟ་མར་ཡུལ་ལ་དྭགས་ཀྱི་གཤོང་དུ་མཆོད་རྟེན་མང་བོ་དང་། རྡོ་ཡིག་གི་རྩིག་པ་རིང་མོས་གང་སར་ཁྱབ་ཅིང་། དེ་དག་ཏུའང་མཆོད་རྟེན་དང་སྐུ་བརྙན། སྔོ་ཡིག་དང་གསུང་རབ་རྐོ་འབྲི་བྱས་པ་ཤིན་ཏུ་མང་བར་ཤུགས་རྐྱེན་ཐེབས་ཡོད་ཅིང་། དེ་དག་ཀྱང་ལོ་ངོ་བརྒྱ་ཕྲག་རེ་འགའི་དཔྱད་གཞི་རྒྱུ་ཆ་གལ་བོ་ཆེ་མང་བའང་གསལ་བོར་ཤེས་བྱུང་། གང་ལྟར་རྡོ་ཡིག་དང་འབྲེལ་བའི་མཆོད་རྟེན་དེ་དག་ཀྱང་ངེས་པར་དུ་གླེང་དགོས་པའི་རིན་ཐང་ཤིན་ཏུ་ཆེ་ཡང་། སྐབས་འདིར་ཨ་ལྕིའི་རྡོ་ཡིག་གཙོ་བོར་བཟུང་སྟེ་བརྗོད་པར་འདོད་དོ།།

གཅིག རྡོ་ཡིག་གི་མཚན་ཐོའི་གྲངས་ཚད།

ཨ་ལྕིའི་རྡོ་ཡིག་ཏུ་བཙན་པོའི་དུས་ལ་སོགས་པའི་མི་སྣའི་མཚན༡༠༠ ལྷག་བཀོད་འདུག དེ་དག་ཏུ་མི་སྣ་གཅིག་གི་མཚན་ཡང་ཡང་བྱུང་བའང་ཡོད། དཔེར་ན། སྟོང་དཔོན་རྒྱལ་བ་ཡེ་ཤེས་ཀྱི་མཚན༡༠ ཙམ་བྱུང་། ཁོང་གི་མཚན་འབྲི་སྐབས་རྒྱས་བསྡུས་སོགས་མི་འདྲ་བ་དུ་མ་ཡོད་དེ། རྒ་བ་དང་རྒ་ཞེས་པ་ཁོ་ནར་བྲིས་པའང་འདུག དེ་བཞིན་སྟོང་དཔོན་ཁྲོམ་གྱི་མཚན ༨ འདུག་པ་ལས། སྟོང་དཔོན་མ་སྦྱར་བར་ཁྲོམ་ཁོ་ན་བྲིས་པ ༡ འདུག གཞན་སྟོང་དཔོན་གཞོན་ནུ་དབང་ཕྱུག་གི་མཚན ༥ འདུག དེ་ཡང་གཞོནུ་དབང་ཕྱུག ཅེས་སམ། གཞོན་དབང་ཕྱུག གཞོནུ། ཞེས་བསྡུས་འབྲི་ཅི་རིགས་བྱས། དེ་མིན་ཞང་ལོན་ཆེན་པོའམ་ཞང་ལོན་ཞེས་པ་༦ བྱུང་། ཡང་། བློན་རྩན ༥ བཙན་ཕྱུག་རྗེ༤ ཆོས་གྲུབ༤ འབྲོ་བཙན་ཁྲོམ ༣ ཁྲི་སུམ ༣ ཧལ་པ ༣ བདུད་འཇོམས༢ རི་ཙེ༢ མྱི་ཙེ ༢ སོགས་མི་སྣ༡༣ ཙམ་གྱི་མཚན་ཡང་ཡང་བཀོད་པས། དེ་དག་གིས་སྤྱིའི་མཚན་ཐོའི་གྲངས་འབོར་གྱི་ཕྱེད་ཙམ་ཟིན་འདུག ཡང་མཚན་རེ་འགའ་ངོས་གཟུང་དཀའ་བའང་མཆིས་ཀྱང་རིམ་གྱིས་གླེང་བར་བྱའོ།།

གཉིས། རྡོ་ཡིག་གི་དཔོན་ཐོབ་ཀྱི་གནས་རིམ།

ཨ་ལྕིའི་རྡོ་ཡིག་ཏུ་དཔོན་རིགས་ཀྱི་གནས་རིམ་གྱི་ཐད་ནས་དུ་མ་སྣང་སྟེ།

༡ ཞང་བློན། ཞང་ལོན་ཆེན་པོ་དང་ཞང་ལོན་ཞེས་པ་དྲུག་ཙམ་འདུག་ཅིང་། སྐབས་འདིར་བློན་ལ་ལོན་ཞེས་བྲིས་ཡོད་དེ། ཞོལ་རྡོ་རིང་ལས། ཞང་ལོན་ཡི་གེ་པའྀ་ཐང་དྔ། ཞེས་དང་། བཙན་པོའི་དུས་ཀྱི་དམག་ཁྲིམས་ལས་ཀྱང་། ཞང་ལོན་རུ་དཔོནད་གྱྀས། མཆིད་གྱིས། ཞེས་པ་སོགས་མང་བས། བློན་ལ་ལོན་ཞེས་རེས་སུ་འབྲི་བའང་ཡིག་རྙིང་གི་བརྡ་སྲོལ་ཞིག་གོ། ཞང་བློན་དེ་དག་ནི་ཕལ་ཆེར་མི་སྣ་གཅིག་ཡིན་ནམ་སྙམ་པ་ལས། བྱེ་བྲག་གི་མཚན་གསལ་བར་བཀོད་མི་འདུག་པས།  བཙན་པོའི་དུས་སུ་ཞང་བློན་ཤིན་ཏུ་མང་བས་གང་དུ་གཏན་ཁེལ་དགོས་པའང་བཤད་ཚོད་མི་ཐིག་པར་གྱུར། ཡང་ཞང་ལོན་ཀོ་ཞེས་པ་ལྟ་བུ་འདུག་ཀྱང་། དེ་ནི་བཙན་པོའི་དུས་ཀྱི་ཡིག་ཆའི་ཁྲོད་དུ་ལྷུ་འཕྲོད་པ་ཞིག་ད་དུང་མ་བྱུང་།

༢ བློན། བློན་ཞེས་པ་གཉིས་ཡོད་དེ། བཙན་པོའི་དུས་བློན་ཆེན་ནམ་བློན་ཆེ། བློན་ཆེན་གྱི་འོག་དཔོན་སོགས་མང་ཡང་། སྐབས་འདིར་བློན་སྟོང་རྩན་དང་བློན་རྩན་ཞེས་པ་གཉིས་ལས་མ་བྱུང་བས། བློན་ཕྱི་མ་ནི་བློན་བཙན་ཅོ་ཀྲུ་ཞེས་སུ་བཀོད་པས། ཅོག་རོ་ཞེས་པའི་རུས་མིང་སྦྱར་བ་ཞིག་ཡིན་ཡང་སྲིད་པས། དེ་ལྟ་ཅོག་རོའི་རུས་ལ་གཏོགས་པའི་བློན་བཙན་ཞིག་བཙལ་དགོས་ཀྱང་རྙེད་དཀའ་སྟེ། ཡང་། བློན་བཙན་བཞེར་མདོ་ལོད་ཅེས་པ་ཞིག་འདུག་པས། བློན་འདི་ཉིད་ཀྱི་བསྡུས་མིང་ཞིག་ཡིན་ནམ། ཡང་ཁོང་གི་རུས་ནི་ཅོག་རོ་ཡིན་མིན་ཁ་ཚོན་གཅོད་དཀའ་བས་རེ་ཞིག་བཏང་སྙོམས་སུ་བཞག་པའོ།།

༣ ཁྲི་སུམ། ཁྲི་སུམ་ཞེས་པ་ཐེངས་གསུམ་ཙམ་བྱུང་། དེ་ནི་ཁྲི་སུམ་རྗེ་དང་འདྲ་བར་སྙམ་སྟེ། ཁྲི་ལྡེ་གཙུག་བཙན་སྐོར་གྱི་ཡིག་རྙིང་དོན་ཆེན་གནད་བསྡུས་ལས། ཁུད་པ་ཆེན་ཕོའི་འབངས་ཁྲྀ་སུམ་རྗེ་རྩང་བཞེར་ལ་ཕུལ་བར་ལོ་ཆིག ཅེས་བཀོད་པས། དཔོན་ཐོབ་འདི་ནི་ཕལ་ཆེར་བཙན་པོ་འདིའི་དུས་སུ་ཐོག་མར་མངོན་པ་ལྟ་བུར་འདུག་པས། དཔོན་ཐོབ་འདི་ཡང་སྐབས་འདི་ཙམ་ནས་སྲོལ་ཚུགས་པ་ཡིན་ནམ་བརྟག

༤ སྟོང་སུམ་རྗེ། སྟོང་སུམ་རྗེ་ཞེས་པ་དང་འདྲ་བར་ངེས་ཏེ། སྨེར་སྟོང་སུམ་རྗེ་ཞེས་པ་ཡིན། ཁྲི་སྲོང་ལྡེ་བཙན་སྐོར་གྱི་ཡིག་རྙིང་དོན་ཆེན་གནད་བསྡུས་ལས། སྟོང་སར་སྟོང་སྡེ་གསུམ་གྱྀ་སྟོང་དཔོན་བསྐོས། ཞེས་སྟོང་སུམ་རྗེ་བསྐོས་ཚུལ་གསལ་བོར་གསུངས་འདུག སྟོང་སུམ་རྗེའི་ལམ་ལུགས་བྱུང་བ་ནི་དེ་བས་སྔ་སྲིད་ཀྱང་། ཡིག་ཐོག་ཏུ་གསལ་བར་བཀོད་པ་སྐབས་འདིར་བྱུང་། གཙོ་བོ་བཙན་པོའི་དུས་ཀྱི་བློན་འབངས་ཀྱི་མཚན་ཟུར་གྱི་སྟོང་སུམ་རྗེ་ཞེས་པ་ལྟ་བུ་དཔྱད་གཞིའི་རིན་ཐང་ཤིན་ཏུ་ཆེ་སྟེ། དེ་ནི་མཚན་རང་ག་བ་ཞིག་མིན་པར་དཔོན་གནས་ཀྱི་མཚན་ཐོབ་དང་གཅིག་ཏུ་འདྲེས་པའི་གནད་ཅིག་ཀྱང་ཡོད་པ་དེའོ།།

༥ སྟོང་དཔོན། རྡོ་ཡིག་ཏུ་སྟོང་དཔོན་སོ་གཉིས་ཡོད་པས་རྡོ་ཡིག་ཏུ་བཀོད་པའི་དཔོན་གནས་ཆེས་མང་ཤོས་སོ།། ཞོལ་རྡོ་རིང་ལས། སྟོང་དཔོན་དུ་གཞན་སུ་ཡང་མྱི་གཞུག་པར།ཞེས་དང་། སྟོང་དཔོན་གཡུང་དྲུང་དུ་སྩལད་པར་གནང་ངོ་། ཞེས་པ་དང་། གཞན་སྔར་གྱི་ཡིག་ཆར་སྟོང་སྡེའི་སྐོར་ཙམ་ལས། བྱེ་བྲག་ཏུ་སྟོང་དཔོན་གྱི་མཚན་སོགས་བཀོད་པ་ཅུང་ཉུང་བས། འདིར་བྱེ་བྲག་གི་དཔོན་གནས་འདི་ལྟ་བུར་ཞིབ་འཇུག་བྱེད་པར་རྒྱུ་ཆ་ཕུན་སུམ་ཚོགས་པར་བྱུང་བ་ནི་དགའ་འོས་པ་ཤིག་གོ། རྡོ་ཡིག་ཏུ་སྟོང་པོན་ལས་སྟོང་དཔོན་ཞེས་བཀོད་མེད། བཙན་པོའི་དུས་ཀྱི་དམག་ཁྲིམས་ལས། སྟོང་ཕོནད་ལུག་གཉིས་སྩོལད་ཆིག།། ཅེས་དང་། ཡང་། ཏུན་ཧོང་ཡིག་རྙིང་ལས་གནམ་རི་སྲོང་བཙན་སྐོར་དུ། མྱི་ཆེན་གྱིས་གསོལ་བ་བཞིན་གནང་ནས། དྭགས་པོ་འབངསུ་དགུག་པའྀ་དམག་པོན་དུ་བཀའ་སྩལ་ཏོ། ཞེས་དཔོན་ལ་ཕོནད། པོན། དཔོནད་ཅེས་པ་ཅི་རིགས་སུ་འབྲི་སྲོལ་བྱུང་བར་སྣང་ངོ་།། སྟོང་དཔོན་དེ་དག་ཏུ་མི་སྣ་གཅིག་པའང་མང་སྟེ། དཔེར་ན།སྟོང་དཔོན་རྒྱལ་བ་ཡེ་ཤེས་ཐེངས་བཅུ་བྱུང་བ་དང་། སྟོང་དཔོན་ཁྲོམ་གྱི་མཚན་བདུན་འདུག སྟོང་དཔོན་བཙན་ཕྱུག་རྗེ་ཞེས་པ་བཞི་ཙམ་བྱུང་། སྟོང་དཔོན་གཞོན་ནུ་དབང་ཕྱུག་ནི་གསུམ་འདུགཁོང་ལ་སྟོང་དཔོན་ཞེས་བྲིས་མེད་པ་དག་བགྲང་མེད། སྟོང་དཔོན་བདུད་འཇོམས་ཞེས་པ་གཉིས། གཞན་སྟོང་དཔོན་ཤེས་རབ་བློན་དང་། སྟོང་དཔོན་གཡུ་རང་འགོན། སྟོང་དཔོན་བཀྲ་ཤིས་རིན་ཆེན། སྟོང་དཔོན་སེང་གེ་རྗེ། སྟོང་དཔོན་ཆོས་གྲུབ། སྟོང་དཔོན་རྒེ་བ་རིན་ཆེན་ནམ་རྒྱལ་བ་རིན་ཆེན་བཅས་སོ།། དེ་དག་ཀྱང་མདོར་བསྡུས་ན་སྟོང་དཔོན་མི་སྣ༡༡གི་མཚན་དུ་གཏོགས་སོ།། ཨ་ལྕིའི་རྡོ་ཡིག་ཏུ་བཀོད་པའི་མཚན་ཐོའི་ཁྲོད་དུ་སྟོང་དཔོན་ཞེས་དངོས་སུ་མ་བཀོད་ཀྱང་། དོན་དུ་དེ་བས་མང་བ་ཚོད་དཔག་བྱ་ཐུབ་སྟེ། དཔེར་ན། ཆོས་གྲུབ་ཅེས་པ་བཞི་འདུག་ཀྱང་། སྟོང་དཔོན་ཞེས་བྲིས་པ་གཅིག་ལས་མ་བྱུང་། དེ་བཞིན་དུ་གཞོན་ནུ་དབང་ཕྱུག་ཅེས་པ་ལྔ་བྱུང་ཡང་སྟོང་དཔོན་བྲིས་པ་གསུམ་ལས་མེད་པས་ཀྱང་ཤེས་ཐུབ། གང་ལྟར་མཚན་ཡང་ཡང་བཀོད་པས་གནས་འདིར་ཐེངས་དུ་མར་ཕེབས་མྱོང་བའམ་བཞུགས་མྱོང་བའི་གནས་ཚུལ་ཞིག་ཀྱང་ཞར་ལ་རྟོགས་ཐུབ་བོ།།

༦ སོ་བློན། སོ་བློན་ཞེས་པ་ལྔ་ཙམ་བཀོད་འདུག་ལ། རྡོ་ཡིག་ཏུ་སོ་བལོ ཞེས་སམ། སོ་བལོན ཞེས་སུ་བྲིས་པས། སོ་བ་དང་ལོན་ཞེས་སུ་སྦྱར་དགོས་པའམ། ཡང་ཚེག་མེད་པར་བསམ་ན། སོ་དང་བལོན་ཞེས་པ་འདོགས་ཅན་འཕྲལ་བའི་རྣམ་པ་ཞིག་ཡིན་ཡང་སྲིད་པས་དཔྱད། གང་ལྟར་དོན་ལ་འགྱུར་བ་ཅི་ཡང་མེད་དོ།། ཏུན་ཧོང་ཡིག་རྙིང་དུ་མགར་བཙན་བྲོད་ཀྱི་སྐོར་ལས། སོ་བློན་སྡེ་ལྔ་ཡང་བཙུགས་སོ། ཞེས་གསལ་ཞིང་། ཡང་། གུ་གེ་རྒྱལ་རབས་ཤོག་གཅིག་མ་ལས། སོ་བློན་ཡོན་ཏན་རྗེ། ཞེས་པ་ཡོད་པར་གཞིགས་ན། སོ་བློན་གྱི་ལམ་ལུགས་འདི་ཉིད་བོད་བཙན་པོའི་དུས་ནས་སིལ་བུར་འཐོར་བའི་བར་དུ་གནས་ཡོད་པར་ངེས། རྡོ་ཡིག་ཏུ་དོན་དངོས་སུ་སོ་བློན་གཉིས་ལས་མེད་དེ། སོ་བློན་རི་ཙེ་དང་སོ་བློན་ཧལ་པ་གཉིས་ཡིན་ནོ།།

༧ དམག་དཔོན། དམག་དཔོན་ཞེས་པ་གཅིག་བཀོད་ཡོད་དེ། སྨྱེར་དམག་པོན་ཀ་ཤི་སྒྲ་ཞེས་པ་ཞིག་གོ། ཁོང་གི་མཚན་གྱི་ཐོག་མར་དམག་པོན་ཞེས་པ་མ་སྦྱར་བའང་རེ་གཉིས་མཆིས།

གཞན་ཡང་བང་ཞེས་པའི་ཡིག་འབྲུ་རེ་བྲིས་པའང་ཡོད་ཀྱང་། དེ་ནི་བང་ཆེན་སོགས་ཡིན་མིན་ཁ་ཚོན་གཅོད་དཀའ། དེ་མིན་རུ་པོ་ཞེས་པ་ཞིག་ཀྱང་ཡོད་མོད། དོན་དུ་རུ་དཔོན་ཡིན་ངེས་ཀྱང་དཔང་རྟགས་ཁུངས་འཕེར་བའི་རྒྱུ་ཆ་གཞན་མ་རྙེད་པས་བཞག འདིར་དཔོན་གནས་ཡི་གེར་དངོས་སུ་བཀོད་པ་ནི་རིམ་པ་བདུན་ཙམ་འདུག་པའོ།།

གསུམ། རྡོ་ཡིག་གི་མཚན་ཟུར་ལ་ལྟ་བ།

སྤྱིར་ན་ཨ་ལྕིའི་རྡོ་ཡིག་ཁྲོད་དུ་བཙན་པོའི་དུས་ཀྱི་མཚན་གྱི་འདོགས་སྟངས་མང་ནའང་། ཡང་མི་ཉུང་བ་ཞིག་ད་ལྟ་བཞིན་ཆོས་མིང་ལྟ་བུར་བཏགས་པའང་ཡོད་དེ། སྟོང་དཔོན་རྒྱལ་བ་ཡེ་ཤེས་ཞེས་པ་ལྟ་བུ་དང་། སྟོང་དཔོན་བདུད་འཇོམས། སྟོང་དཔོན་ཆོས་གྲུབ་ཅེས་པ་སོགས་དུ་མ་ཡོད། དེ་ལྟ་བུ་ཁྲི་སྲོང་ལྡེ་བཙན་གྱི་དུས་ནས་བྱུང་བར་སྣང་། བོད་གནའ་བོའི་རྒྱལ་བློན་གྱི་མཚན་འདོགས་ཚུལ་ནི་སྐབས་དེའི། དཔོན་གནས་ཐོབ་ཐང་དང་རིག་གནས་སྣང་ཚུལ། གོམས་གཤིས། འདུ་ཤེས་འཛིན་སྟངས། དད་མོས་སོགས་ལ་འབྲེལ་བ་དམ་པོར་ཡོད་པས། རེ་རེ་བཞིན་གསེད་བཀྲོལ་བྱ་རྒྱུ་ནི་ཅུང་དཀའ་བའི་གནད་ཅིག་སྟེ། རིག་གནས་དང་དུས་ཀྱི་རྒྱང་ཁད་རིང་བར་ཆོད་པས་སོ།། གནའ་དུས་ཀྱི་རུས་མིང་དང་ཐོབ་དང་ཐབས་ཀྱི་མིང་། ད་དུང་ཡུལ་མིང་སོགས་གཞི་གཅིག་ཏུ་འདྲེས་པའི་སྣང་ཚུལ་མང་བས། སྐབས་རེ་རྒྱལ་བློན་སོགས་ཀྱི་མིང་ཡང་འགྱུར་ལྡོག་དང་རྒྱས་བསྡུས་ཅི་རིགས་བྱུང་བའི་སྣང་ཚུལ་འདུག་པས། ཞིབ་ཕྲར་དཔྱད་པ་ནི་དམིགས་སུ་ཕོག་དཀའ་བའི་ལས་ཤིག་ཀྱང་རེད། དེས་ན་ཨ་ལྕིའི་རྡོ་ཡིག་གི་ཁྲོད་དུ་བྱུང་བའི་མཚན་ཐོ་དག་ལའང་འབྲི་སྲོལ་སོགས་འདྲ་མིན་ཅི་རིགས་བྱུང་ཞིང་། རེ་ཟུང་རུས་སམ་ཡུལ་མིང་དཀྱུས་གཅིག་ཏུ་སྦྱར་བས། བྱེ་བྲག་ཏུ་དབྱེ་ཞིབ་བགྱིས་ཏེ་ཁ་ཚོན་གཅོད་དཀའ་བའང་དུ་མ་འདུག་སྟེ། དཔེར་ན། སྨེར་ཞེས་པ་མཚན་གྱི་འགོར་བཀོད་པ་ནི། སྨེརབཟངལེགས། སྨེརསྟོངསུམརྗེ། སྨེརསྟགམྱི། སྨེར་འདྲོན་ལ བརྩན། སྨེར་པློ། སྨེརལེག སྨེར་གཉན། སྨྱེར་དམགཔོན།ཀ།ཤི། སྒྲ། ཞེས་ལྟ་བུར་སྨེར་རམ་སྨྱེར་ཞེས་མཚན་གྱི་ཐོག་དྲངས་པ་འདུག་པས། ཡུལ་མིང་ངམ་རུས་མིང་གང་ཡིན་བརྗོད་དཀའ་ཡང་། ཞིབ་ཏུ་བརྟག་ན་ཡུལ་མིང་ཞིག་ཡིན་ནམ་སྙམ་ཡང་དེ་ལྟ་བུ་ད་ལྟ་མཐོང་ཐོས་སུ་མ་གྱུར་བས་དཔྱད་པར་རིགས། གཞན་ཡང་། རྭང་ཀླིང་ཞེས་པ་སྟེ། རྭངཀླིང་ལེགས ཏྲུམང ཞེས་དང་། རྭངཀླྀང འདུས་ལེགས། རྭངཀླྀངརྒྱལཁྲི། རྭངཀླྀངཔྲིལམྱི། རྭངཀླྀངཨིཙེ། རྭངཀླྀངདཔལསུམ། ཞེས་པ་སོགས་རྭང་ཀླཱྀང་ནི། རོང་གླིང་ངམ་ར་བང་གླིང་ལྟ་བུའི་ས་མིང་ཞིག་ཡིན་ཡང་སྙམ་སྟེ། རྭ་ལའི་མཁར་ལྟ་བུའང་ཡོད་ལ། བལ་ཡུལ་དང་འདབས་འབྲེལ་བ་རོང་བ་ཞེས་པའི་བརྡ་སྲོལ་ད་ལྟའང་ཡོད་པས། ལྷ་བླ་མའི་རྣམ་ཐར་དུའང་རོང་ཞེས་ཐ་སྙད་འདི་ཡང་ཡང་བྱུང་བས་བརྟག་པར་འཚལ། དེ་བཞིན་དུ་མནེན་ཞེས་པ་འགའ་སྣང་སྟེ། མནེན རྨུལཐོ། མནེནདགེལེགས། མནེན་ལ་ཏུང་། ཞེས་མནེན་ཞེས་པས་མཚན་གྱི་ཐོག་དྲངས་པ་གཅིག་གྱུར་དུ་ཡོད་པས། ཕལ་ཆེར་མྱང་དབས་མནོན་གསུམ་གྱི་མནོན་གྱི་རུས་མིང་འབྲི་ཚུལ་ཞིག་ཡིན་ཡང་སྲིད་དེ། སྔར་གྱི་ཡིག་རྙིང་དུ་འགྲེང་བུ་དང་ན་རོ་བརྗེ་རེས་བྱས་པ་མང་བས་སོ།། ཡང་། མིང་མཐར་ཙེ་བཀོད་པ་འདུག་སྟེ། རི་ཙེ། ཨིཙེ། མྱྀཙེ། ཤཀརཙེ། ལྱོ་ཙེ། མདོ་སྟང་ཙེ། ཞེས་མཚན་མཐར་ཙེ་དྲངས་པ་ཡོད་པས། སྔར་གྱི་ཡིག་རྙིང་དུ། ཁྱུང་པོ་སྤུང་ཟད་ཟུ་ཙེ། ཞེས་དང་། སྦ་བཞེད་ཞབས་བཏགས་མ་ལས། ཁྱུང་པོ་ཙེ་ཙེ། ཞེས་པ་ལྟ་བུ་ཡོད་པས། སྔར་གྱི་མངའ་རིས་སྟོད་ཕྱོགས་ཀྱི་མིང་འདོགས་སྟངས་ཤིག་ཡིན་པར་ངེས། ད་དུང་མཚན་གྱི་ཁྲོད་དུ་དོན་ལ་ཚོད་དཔག་བྱེད་དཀའ་བའི་ཆ་ཡང་དུ་མ་མཆིས་ཏེ། སདལྱུཨངརྀནུ། ཞེས་པ་དང་། ལྱོ་ཙེ། ཐ་ཐོ་ཨོནཝ། རྨུལཐོ། བྲགཨོདལ། ཧལ་པ། ཞེས་པ་སོགས་མངའ་རིས་ཞང་ཞུང་གི་མིང་དང་འབྲེལ་བ་ཡོད་དམ་སྙམ་པས་དཔྱད།

བཞི། རྡོ་ཡིག་གི་ལོ་རྟགས་ཀྱི་སྐོར།

ཨ་ལྕིའི་རྡོ་ཡིག་ཏུ་ལོ་རྟགས་བཀོད་པ་ཅུང་མང་དུ་འདུག འདིར་ཞང་བློན་དང་སོ་བློན་ལ་ལོ་རྟགས་བཀོད་པ་མི་འདུག་པས་རྒྱུ་མཚན་ཅི་ཡིན་མ་ཤེས། སྟོང་དཔོན་ལའང་ལོ་རྟགས་བཀོད་པ་ཤིན་ཏུ་ཉུང་སྟེ། སྟོང་དཔོན་རྒྱལ་བ་ཡེ་ཤེས་ལ་ཐེངས་གཉིས་ལས་གཞན་མཐོང་དུ་མེད། སྟོང་དཔོན་ཁོང་ནི་རྡོ་ཡིག་ཏུ་མཚན་བཀོད་པ་ཆེས་མང་ཞིང་། ཡིག་གཟུགས་ཀྱང་ཤིན་ཏུ་ལེགས་པར་བྲིས་པ་ཅུང་བས། ས་གནས་དང་འབྲེལ་བའམ། གང་ལྟར་སྟོང་དཔོན་ལས་ཅུང་དམིགས་བསལ་བ་ཞིག་ཡིན་པ་ཤེས་ཐུབ། དེ་མིན་གཞན་མཚན་ཐོ་དག་གི་འགོར་ལོ་རྟགས་བཀོད་འདུག་པས། འདི་ནི་སྔར་གྱི་མཚན་འབྲི་སྟངས་ཀྱི་གནད་ཀ་ཞིག་གམ། ཡང་ན་གནས་འདིར་རྒྱུན་རིང་བཞུགས་མིན་གྱི་ཁྱད་པར་གང་ཡིན་བཤད་ཚོད་མ་ཐིག

སྟག་གི་ལོ་ཞེས་པ་བདུན་ཙམ་འདུག་ཅིང་། ཡོས་ལོ་ཞེས་པ་གཉིས་དང་། འབྲུག་ལོ་གཉིས། སྦྲུལ་ལོ་གསུམ། རྟ་ལོ་བཞི། ལུག་ལོ་བཞི། སྤྲེའུ་ལོ་གཉིས། བྱ་ལོ་གཉིས། ཁྱི་ལོ་བཞི། ཕག་ལོ་གཉིས།གླང་ལོ་གཅིག་བཅས་བསྡོམས་ལོ་རྟགས༣༣ འདུག དེ་དག་ལས་སྟོང་དཔོན་རྒྱལ་བ་ཡེ་ཤེས་ཀྱི་མཚན་གྱི་ཐོག་མར་ཁྱི་ལོ་དང་སྟག་ལོ་གཉིས་འདུག་པས། དེ་ནི་ཁོང་ཉིད་ལོ་ངོ་ལྔའམ་བརྒྱད་དུ་བཞུགས་པའམ། ཡང་ལོ་དེ་དག་ཏུ་གནས་འདིར་ཕེབས་པ་སོགས་གང་ཡིན་གྱི་ལོ་ཚིགས་ལ་དཔྱད་པའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་བའོ།།

ལྔ། རྡོ་ཡིག་གི་ཁྱད་ཆོས་བཤད་པ།

ཨ་ལྕིའི་རྡོ་ཡིག་མང་ཤོས་བཙན་པོའི་དུས་སུ་བྱུང་བ་ནི་བསྙོན་དུ་མེད་ལ། གནའ་བོའི་ཡིག་གཟུགས་དང་མཚན་འདོགས་སྟངས། ཐ་སྙད་ཀྱི་འགྱུར་བ། སྒྲའི་འགྱུར་བ་སོགས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གྱ་ནོམ་པ་ཞིག་བྱུང་། ཡིག་གཟུགས་ཀྱི་ཆ་ནས་དབུ་ཅན་དང་དབུ་མེད་སོ་སོར་བྲིས་པའམ། སྤེལ་མར་བྲིས་པ་ཅི་རིགས་སུ་སྣང་ལ། བཙན་པོའི་དུས་སུའང་ཡིག་མཁན་མང་དུ་བྱུང་ཡོད་པས། ཡིག་གཟུགས་ཀྱང་སོ་ཕག་གཤིབ་པ་ལྟ་བུ་དང་མུ་ཏིག་བསྟར་ལ་བརྒྱུས་པ་སོགས་འབྲི་རྩལ་ཐུན་མོང་མ་ཡིན་པ་བྱུང་བས། རྡོ་ཡིག་འདི་ལས་ཀྱང་སྟོང་དཔོན་རྒྱལ་བ་ཡེ་ཤེས་ཀྱི་མཚན་བཀོད་པའི་དབུ་ཅན་ཡིག་གཟུགས་དུ་མ་ཞིག་སྙོམས་ཤིང་གཟབ་ལ་བྱོན་ལེགས་པར་མཆིས། ཡང་སྟོང་དཔོན་གཞོན་ནུ་དབང་ཕྱུག་གི་མཚན་བཀོད་པ་རེ་གཉིས་དབུ་མེད་ཀྱི་ཤན་ཤུགས་ཆེ་བར་འདུག་པ་དང་། བཙན་པོའི་དུས་སུ་ཡིག་རྒྱུན་འདི་གཉིས་ཀྱི་ཁྱད་ཆོས་ཡོད་པ་གཏམ་ཤུལ་དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་ལས་ཀྱང་ཤེས་ཐུབ་པ་ལྟ་བུ་རེད། ཡི་གེ་འགའ་རེ་རྡོ་བའི་ཟུར་ཁ་རྣོན་པོས་གཏགས་ཏེ་བཀོད་པ་ཡིན་ངེས་པས། ཐིག་རིས་ཆིག་རྐྱང་དུ་མ་གཏོད་པར་གཙབ་མ་རབ་རིབ་ཏུ་གྱུར་བས་ཡི་གེ་ཀློག་དཀའ་བའམ། ཡིག་གཟུགས་བྱོན་མི་ལེགས་པ་ཡང་འགའ་རེ་མཆིས། ཡིག་གཟུགས་འགའ་རེ་གསལ་ཞིང་དག་ལ་ཉིན་འགའི་སྔོན་དུ་བྲིས་པ་ལྟ་བུར་འདུག་པས། དེ་དག་ནི་འབྲི་བྱེད་ཀྱི་གསོར་འབིགས་སམ་བྲི་བྱའི་རྡོ་རྒྱུ་བཟང་བ་སོགས་ལའང་འབྲེལ་བ་ཆེས་ཆེར་ཡོད་པར་འདོད། ཡི་གེ་འགའ་རེ་འབྲི་འཕྲོར་ལུས་པས་ཁ་མི་ཚང་བ་དང་། གཟབ་ཏུ་མ་བྲིས་པས་རང་བྱུང་གིས་ཡལ་བ། ཡང་འགའ་རེ་རྡོ་བ་བཅག་སྟེ་ཕྱེད་བརླགས་པ།གཞན་ཡང་ཕ་བོང་མགོ་མཇུག་སློག་སྟེ་ཡི་གེ་མི་མངོན་པ། གཞན་གྱིས་ཁྱེར་བ་སོགས་ཆག་འཇིགས་ཀློང་དུ་ལོ་ངོ་སྟོང་ཕྲག་གི་ཡོ་འཁྱོམ་ཁྲོད་ནས་ཤུལ་དུ་ལུས་པ་ནི་ད་ལྟའང་མཐོང་ལམ་དུ་ཡོད་པ་འདི་དག་གོ། གང་ལྟར་ཡི་གེ་འདི་དག་ལ་དཔྱད་རིན་ཤིན་ཏུ་ལྡན་པའི་ལོ་རྒྱུས་ཀྱི་ཤུལ་ནོར་རྩ་ཆེན་དུ་འཁུམས་པས། ཚན་པ་ཉུང་བསྡུས་སུ་དབྱེ་སྟེ་ཅུང་ཟད་འཆད་པར་བྱ།

 

༡ དབུ་ཁྱུད་བཤད་པ། དབུ་ཁྱུད་ནི་ཡི་གེའི་མགོ་འདྲེན་བྱེད་དུ་གཏོགས་པས། གནའ་བོའི་གསུང་རབ་སོགས་སུ་དབུ་ཁྱུད་མེད་པ་ཤིན་ཏུ་དཀོན་ལ། སྔར་གྱི་གླེགས་བམ་གྱི་ཤོག་ངོས་རེ་རེའི་ཉིན་ངོས་ཀྱི་མགོར་དབུ་ཁྱུད་འབྲི་སྲོལ་བྱུང་སྟེ། ཤོག་ལྡེབས་མ་འཁྲིགས་རྟགས་སུ་བགྱིས་པའང་ཡོད། དེའང་ཡིག་རྙིང་སོགས་སུ་འབྲི་སྟངས་མཛེས་ཆ་འདྲ་མིན་དུ་བྱུང་བ་འདུག་ཀྱང་། རྡོ་ཡིག་འདིར་དབུ་ཁྱུད ༡༧ ཙམ་འདུག དེ་དག་ལ་ཁྱད་ཆོས་བྱེ་བྲག་ཏུ་མང་བོ་མེད་ཀྱང་། གཅིག་གྱུར་དུ་ཡོད་པ་ནི་དབུ་ཁྱུད་ཆིག་རྐྱང་སྟེ། ཞབས་ཀྱུ་ལྟ་བུ་གཅིག་ཁོ་ན་ལས་འོག་ཐིག་སོགས་གང་ཡང་མེད་པ་ཤ་སྟག་ཏུ་སྣང་། (མ་ཡིག་ཕབ་དུས་འོག་ཐིག་བྱུང་བ་ནི་ཀློག་ཀླད་ལས་ལེན་མ་ཐུབ་པར་བཞག) ཡང་དབུ་ཁྱུད་དེ་དག་གི་རྗེས་སུ་ཤད་མེད་པ་གསུམ་དང་། ཆིག་ཤད་ཡོད་པ་བདུན།ཉིས་ཤད་ཅན་བདུན་བཅས་དབུ་ཁྱུད་ཀྱི་རྗེས་སུ་ཤད་ཀྱི་ཁྱད་པར་ཅི་རིགས་སུ་བྱུང་། སོ་བློན་དག་གི་མཚན་གྱི་ཐོག་མར་དབུ་ཁྱུད་བྲིས་པ་མི་འདུག ལོ་རྟགས་ཀྱི་མདུན་དུ་དབུ་ཁྱུད་བྲིས་པ་གཉིས་ཙམ་ལས་མེད་ཀྱང་། དེ་གཉིས་ནི་སྟོང་དཔོན་རྒྱལ་བ་ཡེ་ཤེས་ཀྱི་ལོ་རྟགས་གཉིས་ཡོད་པར་བྲིས་འདུག སྟོང་དཔོན་འདི་ནི་མཚན་རྡོ་ལ་བཀོད་པ་མང་ཤོས་དང་། སྤུས་དག་ཤོས་སུ་སྣང་བས་སྟོང་ཅུང་ཁྱད་པར་བ་ཞིག་ཏུ་འདུག་གོ།

༢ དབྱངས་ཡིག་བཤད་པ། སྔར་རྡོ་རིང་དང་ཤོག་དྲིལ། ཁྲམ་བྱང་སོགས་སུ་གི་གུ་ཕྱིར་ལོག་མང་བས། གནའ་ཡིག་གི་ཁྱད་ཆོས་ཤིག་ཀྱང་ཡིན། རྡོ་ཡིག་འདིར་དབྱངས་ཡིག་ལས་གི་གུ་ཕྱིར་ལོག་རགས་རྩིས་བྱས་ན༣༠ ཙམ་མཆིས། དཔེར་ན། བྲྀས་ལྟ་བུ༩ ཙམ་བྱུང་། གཞན་ཡང་། ཀླྀང་། ཀྱྀས། གྱྀས། མྱྀ། གྀ རྀ། ཁྱྀ། འྀ། ཤྀན་ལྟ་བུའོ།། དེ་བཞིན་དུ་འགྲེང་བུ་དང་ན་རོ་བརྗེས་པ་ཡིན་ནམ་སྙམ་པ་ནི། མནེན་ཞེས་པ་དུ་མ་འདུག་པས། དེ་ནི་རུས་མིང་མནོན་ཞེས་པའི་ཡིན་མིན་གོང་དུ་བརྗོད་པ་ལྟར་དཔྱད་པར་འོས་སོ།།

༣ ཚེག་དང་ཤད་བཤད་པ། རྡོ་ཡིག་འདིར་ཚེག་མེད་པ་དང་ཡོད་པ། ཡོད་མེད་སྤེལ་བ། ཚེག་ཤད་སྤེལ་མ། ཤད་མེད་དང་ཡོད་པ་འདྲ་མིན་སྣ་ཚོགས་སུ་སྣང་། འདིར་ཚེག་མེད་པའམ་ཉུང་བ་ཅུང་མང་སྟེ། དེ་ལྟར་ཚེག་མེད་པའང་སྔར་འབྲི་སྲོལ་མེད་པའང་མིན་ཏེ། འབིས་ཁོག་ཏུ་བྲག་ལ་བརྐོས་པའི་བཟང་སྤྱོད་སོགས་སུ་ཚེག་མེད་ལ། ཇག་རོང་དགའ་ལྡན་བྱིན་ཆེན་གྱི་ཅོང་ཡིག་ལ་ཚེག་མེད། ཁྲ་འབྲུག་གི་ཅོང་ཡིག་ལའང་ཚེག་མེད་པས། སྔར་འབྲི་སྲོལ་དུ་དེ་ལྟར་བྱུང་བའང་གསལ་བོར་ངེས། འདིར་མཚམས་རེར་ཚེག་མེད་པས་དོན་ཐག་གཅོད་དཀའ་བའང་རེ་གཉིས་འདུགདཔེར་ན། ཟསགཏོ ཙེ ཞེས་པ་ལྟ་བུ་དང་། ཀའཏངསླེམེསླེབས། བྲགཨོདལས བྲིས། འབྲོདབང ཁརབ ཞེས་པ་སོགས་ཆ་ཤས་ཤེས་ཀྱང་ཆ་ཚང་རྟོགས་དཀའ་བ་ལྟ་བུར་མཆིས། ཡང་ཚེག་ཡོད་མེད་སྤེལ་བ་ནི། སོ་བལོནརི་ཙེས ཞེས་པ་ནི། སོ་བློན་དུ་འབྲེལ་དགོས་པ་ལྟ་བུའང་ཡོད། ཡང་ཚེག་དང་ཤད་འདྲེས་པ་ནི། སྨྱེར་དམག པོན། ཀ། ཤི་སྒྲས་ཞེངསུ།སོལ།བ ཞེས་པ་ལྟ་བུ་ཚེག་གི་ཚབ་ཏུ་ཤད་བྲིས་པ་ལྟ་བུར་མཆིས། ཤད་མེད་པ་ནི་མང་བས་རེ་རེ་བཞིན་མ་བཀོད་དོ།། འདི་ལྟར་ཚེག་ཤད་ཡོད་མེད་དང་སྤེལ་མ་སོགས་བྲིས་པ་འདི་དག་ནི། གནའ་ཡིག་གི་མ་དཔེ་ཡང་དག་ལྟ་བུའི་རྒྱུ་ཆའི་ཁུངས་ཤིག་ཏུ་མི་གཏོགས་ཏེ། སྐབས་དེའི་སླ་ཆོས་དང་དུས་ཚོད་དང་ཡིག་མཁན། ཤེས་ཚད་སོགས་རྒྱུ་རྐྱེན་དུ་མ་ཞིག་དང་འབྲེལ་བ་ཡོད་ངེས་པས། དཔྱད་གཞིའི་ཟུར་སྣེ་གང་འཚམ་རེ་འབྱུང་བའང་རིན་ཐང་རྨ་མེད་པ་ཞིག་གོ།

༤ སྔོན་འཇུག་བཤད་པ། སྔོན་འཇུག་མེད་པ་ལྟ་བུ་རེ་ཟུང་བྱུང་འདུག་སྟེ། གནའ་བོའི་བརྡ་རུ་སྟོང་དཔོན་དང་དམག་དཔོན་སོགས་ལ་པོན་ཞེས་སྔོན་འཇུག་མེད་པ་མང་སྟེ། དཔེར་ན། སྟོང་པོན།ཞེས་པ་ལས་སྔོན་འཇུག་ད་ཡོད་པ་གཅིག་ཀྱང་མི་འདུག དེ་བཞིན་དུ་འབྲུག་ལ། བྲུག་ཅེས་འས་འཕུལ་མེད་པ། བཙན་ལ་རྩན་དང་ཙན་ཅི་རིགས་བྲིས་ཏེ་བ་ཡིག་མེད་པ། འབྲོ་བཙན་ཁྲོམ་ཞེས་པ་ཐེངས་གསུམ་བྱུང་ཡང་ད་ལྟའི་འབྲི་སྲོལ་ལྟར་བཙན་ཞེས་བྲིས་ཡོད། སྟོང་པོན་ཀྲ་ཤིས རིན་ཅེན ཀྱིས ཞེས་པའི་ཀྲ་ལ་འཕུལ་རྟེན་མེད་ལྟ་བུའང་ཡོད་པས། དེ་བཞིན་དུ་བཞེངས་ཞེས་པ་དང་།གསོལ་ཞེས་པ་སོགས་ལ་ཕུལ་རྟེན་ཡོད་མེད་ཅི་རིགས་སུ་སྣང་བས། དེ་དག་ལས་རེ་ཟུང་ཆད་པའམ་ནོར་བ་རུ་ཡང་ངོས་གཟུང་རིགས་པར་སྙམ་མོ།།

༥ རྗེས་འཇུག་བཤད་པ། རྗེས་འཇུག་ལ་དམིགས་བསལ་ཆེས་ཆེར་མེད་དེ། ཞང་ལོན་ནམ་ཞང་བློན་ཞེས་པར་མཚམས་རེར། ཞང་ལོ ཞེས་པ་རྗེས་འཇུག་ན་མེད་པ་གཉིས་ཙམ་འདུག་ཀྱང་།སྟབས་བདེ་འབྲི་སྲོལ་ཞིག་གམ་རྗེས་འཇུག་ན་ཆད་པ་གང་ཡིན་ཆ་མ་འཚལ། གཞན་རྡོ་རྗེ་ལ་རྡོར་རྗེ་ཞེས་ཕྱི་མའི་ར་མགོ་སྔ་མའི་རྗེས་འཇུག་ཏུ་དྲངས་པ། ད་ལྟའི་མདོ་སྨད་སོགས་ཀྱི་ཡུལ་སྐད་ཀྱི་གདངས་ལྟ་བུའང་མཆིས་པས། སྐབས་དེའི་མགོ་འདོགས་ཕུལ་བརྟེན་གྱི་གདངས་ཀྱི་ཁྱད་ཆོས་ཟུར་ཞིག་ཀྱང་རྟོགས་སྙམ། ཡང་། རྟའ་ལོ ཞེས་པའི་འ་མཐའ་རྟེན་དུ་བཞག་ཅིང་། དེ་ནི་གནའ་ཡིག་ཁྲོད་དུའང་ཆེས་ཆེར་མང་བས། ཕྱིས་སུ་སྐད་གསར་བཅད་སྐབས་སུ་གཏན་ལ་ཕབ་ཚུལ་གྱི་བཤད་རྒྱུན་ཡོད་པ་དེ་བཞིན་ནོ།།

༦ མིང་གཞི་བཤད་པ། སྤྱིར་ན་བོད་ཀྱི་ཡིག་རྙིང་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། ཀ་སོགས་སྡེ་བ་གཅིག་མཚུངས་ཀྱི་ནང་ཕན་ཚུན་བརྗེ་སྤེལ་བྱེད་པ་ནི་རྒྱུན་ལྡན་དུ་སྣང་། གཙོ་བོ་ཡི་གེ་སྐྱེས་གནས་སོགས་ཉེ་བར་ཡོད་པས་ཡིན། རྡོ་ཡིག་ཏུའང་། གླིང་ལ་ཀླྀང་། ཁྲོམ་ལ་གྲོམ། རིན་ཆེན་ལ་རིན་ཅེན། ཡེ་ཤེས་ལ་འེ་ཤེས། སྟོང་པོན་ལ་སྟོང་བོན། ཕག་གི་ལ་ཕག་ཁི། ས་ག་ཟླ་བ་ལ་ས་ཁར་ཟླབ ཞེས་པ་སོགས་སྐྱེས་གནས་ཅུང་འདྲ་བར་དག་ཕན་ཚུན་བརྗེས་ལྟ་བུའོ།། ཡང་། གླང་གི་ལོ་ལ་ལྟ་བུར། རླངགིལོལ ཞེས་གླང་ལ་རླང་བྲིས་པ་ལྟ་བུ་དང་། ད་དུང་། སོ་བློན་ལ། སོ་བལོན།ཞེས་བྲིས་པར་བསམ་ན་ཕྱི་མའི་བློན་ཡི་གེ་འཕྲལ་བ་ཨེ་ཡིན་འདོད་དེ། སྤྱིར་ན་རྡོ་ཡིག་འདིར་བློན་ལ་ལོན་མང་དུ་བྲིས་ཡོད་མོད། སོ་བློན་ཞེས་པར་བློན་ཉིད་དུ་བྲིས་པའང་ཡོད། དེ་མིན་སོ་བ་ལོན་ཞེས་སུ་གོ་ཆོག་ཀྱང་། ཚེག་གི་ཁྱད་པར་ལ་བསམ་ན་བློན་ཡིག་ཁ་འཕྲལ་བ་ལྟ་བུའི་སྣང་ཚུལ་ཡང་ཡོད་པར་སྙམ་པས་བརྟག གོང་དུའང་བརྗོད་ཟིན་པ་ལྟར་སོ་བལོན་ཞེས་པ་འདི་འདྲ་གཉིས་ཙམ་ལས་བྱུང་མེད་དོ།། གང་ལྟར་མིང་གཞི་བརྗེ་རེས་ཇི་ལྟར་བྱུང་བའི་གདངས་ལས་སྔར་གྱི་སྒྲ་གདངས་ཁྱད་པར་སོགས་ལ་སྐྱ་ཐིག་འཐེན་པར་གཞོགས་འདེགས་ངེས་ཅན་དུ་འོང་བར་སེམས་རིགས་སོ།།

༧ འདོགས་ཅན་བཤད་པ། བོད་ཀྱི་ཡིག་རྙིང་དག་ཏུ་མི་ལ་མྱི་དང་། མེ་ལ་མྱེ། གྲི་ལ་གྱི་ལྟ་བུ་མང་དུ་ཡོད་པ་བཞིན། ཨ་ལྕིའི་རྡོ་ཡིག་ཏུའང་། སྟག་མྱི། མྱི་དང་མྱེ་ཞེས་པ་དུ་མ་ཡོད་པས། དེ་ལྟར་དུ་གོ་བ་ལེན་ཆོག་གམ་སྙམ། གཞན་རྒྱལ་བ་ཞེས་པར་རྒེ་བ་བྲིས་པའང་འདུག་པས། དེ་ནི་ལ་དྭགས་པས་དཔྱིད་ཀ་ལ་དཔིད་ཀ ཕྱེད་ཀ་ལ་ཕེད་ཀ་ཞེས་པ་དང་འདྲ་བས། ལྷ་ས་བས་ཀྱང་ཕྱི་གླིང་ལ་ཕི་གླིང་ལྟ་བུ་ཟེར་བས། ཡ་བཏགས་ཀྱི་སྐོར་འདི་དག་ཡི་གེར་བཀོད་ན་ཡ་བཏགས་ཆད་པ་ལྟ་བུར་འདུག་མོད། དོན་དུ་ཡ་བཏགས་ཀྱི་སྒྲ་དངོས་ནི་ནི་འགྲེང་བུའི་གདངས་སུ་ཡོད་འོས་པར་སྙམ་སྟེ། བྱ་ལྟ་བུའང་བེ་ཞེས་པ་ལྟ་བུ་ལས་ད་ལྟའི་སྒྲ་གདངས་ལྟར་ཅའམ་ཞ་སྒྲ་ལྟ་བུ་ཡིན་མི་སྲིད་པས། རྒྱ་ལ་རྒེ་བྲིས་པའང་སྔར་གྱི་གདངས་ཇི་བཞིན་དུ་བསྡུས་པ་ཞིག་ཏུ་ངོས་གཟུང་ཆོག་སྙམ་མོ།།

༨ མགོ་ཅན་བཤད་པ། ཨ་ལྕིའི་རྡོ་ཡིག་འདི་དག་ཏུ་མགོ་ཅན་གྱི་ཁྱད་ཆོས་དམིགས་བསལ་བ་མང་བོ་མེད་མོད། དེ་ལས་ཅུང་ཁྱད་པར་བ་ཞིག་ནི་སྨེར་ལྟ་བུར་མཚོན་ན། ས་མགོ་དང་མ་གཉིས་དྲང་ཐད་དུ་བརྩེགས་པ་ཞིག་མིན་པར། མ་ནི་མགོ་ཅན་འོག་ཟུར་དུ་འབུར་ཏེ་ཡོད་པ་ཞིག་ཡིན། འདི་ནི་བཙན་པོའི་དུས་ཀྱི་བོད་ཡིག་གི་འབྲི་སྲོལ་ཞིག་སྟེ། སྤ་དང་སྨ་སོགས་ཀྱི་འབྲི་སྟངས་འདི་ནི་གནའ་ཡིག་ཡིན་མིན་གྱི་ཚད་ཐིག་ཅིག་བཞག་ཆོག་སྙམ། གང་ལྟར་འབྲི་སྲོལ་འདི་ལྟ་བུ་བྱུང་བས། ཕྱིས་ཀྱི་མཁས་པ་ཚོའི་ཁྲོད་དུ་དབུ་མེད་ཀྱི་སྤ་དང་ཡ་ཡིག་ནོར་བ་མང་དུ་ཡོད་དེ། སྤུ་ལ་ཡུ་བྲིས་པ་དང་སྤུན་ལ་ཡུན་ལྟ་བུ་སོགས་སོ།། སྔར་གྱི་སྨ་དང་སྤ་སོགས་ཐད་ཀར་དྲང་བར་བརྩེགས་མེད་པའང་ཡིག་རྙིང་གི་ཁྱད་ཆོས་གལ་ཆེན་ཞིག་ཡིན་པའང་ཤེས་དགོས་སོ།།

༩ རྣམ་དབྱེ་དང་ཚིག་ཕྲད་བཤད་པ། སྤྱིར་ན་རྡོ་ཡིག་འདིར་ངག་གི་རྒྱུན་རིང་མོར་བྲིས་པ་ཞིག་ཆེས་ཆེར་ཉུང་སྟེ། མང་ཤོས་ཚིག་ཐུང་ངུ་ཙམ་ལས་མེད། ཕྲད་སོགས་ཀྱི་ཁྱད་ཆོས་ཀྱང་འབུར་དུ་བཏོད་པ་མིན་ནའང་། བྱེད་འབྲེལ་དང་ཐོབ་ཐང་སོགས་ད་ལྟའི་བརྡ་སྤྲོད་ཇི་བཞིན་དུ་འབྱོར་དཀའ་བ་རེ་ཟུང་ཡོད། བཙན་པོའི་དུས་ཀྱི་རྡོ་རིང་སོགས་སུའང་དེ་ལྟ་བུ་ཡོད་ཀྱང་། སྐབས་འདིར་ད་ལྟའི་བརྡ་སྤྲོད་ཀྱི་མིག་ཟུང་གཡར་ཏེ་བལྟས་ཚེ། དཔེར་ན། བློན་རྩན་གིས་བཞེངས ཞེས་དང་། བློན་རྩན གིསབྲིས། ཞེས་པར་ན་མཐའ་རྟེན་གྱི་རྗེས་སུ་གྱིས་བྲིས་མེད་ལ། དེ་བཞིན་དུ། ཁྲི་སུམཀྱིསཆོས སུ ཞེས་པར་གྱིས་བྲིས་མེད་པ་འགའ་བྱུང་། ཕག་ཁི་ལོ ཞེས་པར་ཕག་གི་ལོ་ཞེས་པར་གི་དང་ཁི་བརྗེས་པ། ཡང་། འབྲོ་བཙན་ཁྲོམགྱི བཞང སུགསོལལོ ཞེས་པར་ཁྲོམ་གྱིས་ཞེས་བྱེད་སྒྲ་སྦྱར་མི་འདུག དེ་ཡང་བརྡ་སྤྲོད་ཀྱི་རྣམ་གཞག་འཐུས་ཚང་མིན་པ་ནས་ཡིན་པར་གྱུར་བའི་བརྒྱུད་རིམ་མཚོན་པའི་དཔང་རྟགས་ཆ་ཕྲ་མོ་རེ་མཚོན་ཡང་སྲིད།

༡༠ སྐུང་ཡིག་བཤད་པ། སྔར་སྐུང་ཡིག་ནི་དྲུང་ཡིག་སོགས་ལ་ཆེས་མཁོ་བའི་འབྲི་ཐབས་ལེགས་ཤོས་ཤིག་ཡིན་པར་མ་ཟད། ལོ་རྒྱུས་དང་གཞུང་ཡིག་སོགས་སུ་སྐུང་ཡིག་འབྲི་ཚུལ་ཁྱད་དུ་འཕགས་པ་ཡོད། ཕྱིས་བོད་སིལ་བའི་དུས་སུ་ཨང་གྲངས་ཀྱིས་ཀྱང་སྡུད་སྐུང་གི་ནུས་པ་ཆེས་ཆེར་བཏོན་པ་སོགས་སྐུང་ཡིག་རྣམ་གྲངས་མང་དུ་ཡོད་ནའང་། ད་ལྟ་འབྲི་སྲོལ་དེ་ནི་ཉམས་བཞིན་པའི་སྐབས་སུ་མཆིས་པས་ཤིན་ཏུ་ཕངས་པའི་གནས་སོ།། རྡོ་ཡིག་འདིར་ཡིག་ཕྲེང་རིང་མོ་མེད་པས་སྐུང་ཡིག་ནུས་པ་མངོན་གསལ་དོད་པོ་ཞིག་མིན་ནའང་། རྡོ་ལ་ཡི་གེ་གཏགས་རྒྱུ་ནི་ཅུང་དཀའ་ངལ་ཆེ་བའི་ལས་ཤིག་ཡིན་པ་དང་། རྡོ་བའི་ཤོང་ཚད་ལ་ཚད་བཀག་ཡོད་པ་སོགས་ལས། སྐུང་ཡིག་གི་ཁྱད་ཆོས་ཀྱི་རེ་ཟུང་མཆིས་ཏེ། དཔེར་ན། གཞོན་ནུ་ཞེས་པ་གཞོནུ་ལྟ་བུ་དང་། སྟག་གི་ལོ་ཞེས་པར་སྟགྀལོ། དེ་བཞིན་དུ་ལུག་གི་ལོ་ལྟ་བུར་ཡང་ལུགྀ་ལོ ཞེས་རྗེས་འཇུག་དང་མིང་གཞིའི་ཡི་གེ་གཉིས་ཀྱང་གཅིག་ཏུ་བསྡུས་ཤིང་སྐུང་བས་ཀྱང་ཟུར་ཞིག་མཚོན་ཐུབ་པ་བཅས་སོ།།མདོར་ན་རྡོ་ཡིག་འདིའི་བྱེ་བྲག་རེ་རེ་དང་ཟུར་ངོས་རེ་རེ་ནས་བལྟས་ཚེ་ལོ་རྒྱུས་ཀྱི་དོན་སྙིང་དང་སྐད་བརྡའི་རིན་ཐང་དང་ཡིག་གཟུགས་ཀྱི་ཁྱད་ཆོས། བརྡ་སྤྲོད་ཀྱི་རྣམ་གཞག སྒྲ་གདངས་ཀྱི་འགྱུར་བ་སོགས་དཔྱད་གཞིའི་རྒྱུ་ཆ་ཁྱད་དུ་འཕགས་པ་དུ་མ་འདུག་པས། རང་དགར་འདོར་མི་རུང་བའི་མེས་པོའི་ཤུལ་བཞག་རིན་ཐང་གཞལ་དུ་མེད་པ་ཞིག་གོ།

དྲུག རྡོ་ཡིག་ནམ་བྱུང་བར་དཔྱད་པ།

མར་ཡུལ་ཨ་ལྕིའི་རྡོ་ཡིག་འདི་ཉིད་དུས་ནམ་ཞིག་ཏུ་བྱུང་བར་ཁ་ཚོན་གཅོད་སླ་བ་ཞིག་མིན་ཏེ། རྡོ་ཡིག་ཏུ་ཐེ་བའི་མཚན་མང་ནའང་བློན་ཆེན་སོགས་གནས་རིམ་མཐོ་བའི་མཚན་བཀོད་པ་ཉུང་བ་གོང་དུ་སྨྲས་ཟིན་ཏེ། ཞང་བློན་སོགས་འགའ་རེ་ཡོད་ཀྱང་ཞང་ལོན་ཆེན་པོའམ་ཞང་ལོན་ཞེས་པ་ཙམ་ལས་བཀོད་མེད་པས། བྱེ་བྲག་མི་སྣ་ར་འཕྲོད་ཅུང་དཀའ་བའི་གནས་སུ་འདུག་པར་མ་ཟད། རྡོ་རིང་དང་ཏུན་ཧོང་ཡིག་རྙིང་སོགས་སུ་བཙན་པོ་དང་བློན་ཆེན་སོགས་ལས། སྟོང་དཔོན་སོགས་ཀྱི་མཚན་བཀོད་པ་ཉུང་བས། རྡོ་ཡིག་འདི་དང་བར་སྟོང་ཆེ་དྲགས་ཏེ་དཔྱད་གཞིས་མི་ལྕོགས་པའི་སྣང་ཚུལ་ཡང་ཡང་བྱུང་། ལྷག་པར་དུ་མར་ཡུལ་ལ་དྭགས་ཕྱོགས་ཀྱི་གནས་ཚུལ་ནི་ཡིག་རྙིང་དུ་བཀོད་པ་དེ་བས་ཀྱང་རྙེད་དཀའ། གང་ལྟར་རྡོ་ཡིག་དང་ཏུན་ཧོང་ཡིག་རྙིང་། བྲག་རྐོས། རྡོ་རིང་སོགས་ཅུང་ཟད་བསྡུར་ན། གནས་ཚུལ་རེ་གཉིས་ཀྱི་ཟུར་སྣེ་ལས་ལོ་རྒྱུས་ཀྱི་ཞལ་ཁེབས་ཅུང་ཟད་རེ་འབྱེད་པར་རེ་བ་ཡེ་ནས་མེད་པ་ཞིག་ཀྱང་མིན། དེས་ན་རྡོ་ཡིག་ཏུ་བཀོད་པའི་མི་སྣ་གལ་ཆེན་གསུམ་གཙོ་བོར་བཟུང་སྟེ་རྡོ་ཡིག་འདི་ཉིད་བྱུང་བའི་དུས་སྐབས་ལ་སྐྱ་ཐིག་ཅིག་འདེབས་རིགས་སོ།།

མར་ཡུལ་ལ་དྭགས་ཨ་ལྕིའི་རྡོ་ཡིག་ཏུ་བཀོད་པའི་མི་སྣ་གསུམ་ནི། ཁྲི་སུམ་དང་མང་ཞམས། བློན་སྟོང་རྩན་བཅས་ཡིན། གཞན་དག་ནི་རྒྱལ་རབས་སོགས་སུ་མཚན་འདྲ་བ་ཙམ་མང་ནའང་།དཔང་རྟགས་ཁུངས་འཕེར་བ་དཀའ་བས་མིང་ཡིག་གི་ཞབས་མཆན་དུ་དཔྱད་གཞི་ཙམ་བཀོད་དེ་བཞག་ཡོད། གོང་གི་མི་སྣ་འདི་གསུམ་ལ་བརྟེན་ནས་དཔྱད་པ་ཅུང་ཟད་བགྱིད་ན། དང་པོ་ཁྲི་སུམ་སྐོར་ནི། རྡོ་ཡིག་གི་ཨང་རྟགས87/ 90 / 93/ ཐེངས་གསུམ་ཙམ་བཀོད་ཡོད་དེ། དེ་ལས་ཨང་རྟགས87 ལས། ༡ ཁྲིསུམ ༢ཀྱིསབྲིས ཞེས་དང་། ཡང་། ཨང་རྟགས90 ལས། ཁྲི་སུམ་ཀྱིསཞེངསསུསོལབ ཞེས་དང་། ཡང་། ཨང་རྟགས93 ལས། ༡༄།། ཁྲི་སུམ ༢ ཀྱིསཆོས ༣ སུ ཞེས་ཁྲི་སུམ་གྱི་མཚན་ཐེངས་གསུམ་ཙམ་བཀོད་འདུག དེས་ན་འདི་ལྟ་བུ་མཚན་འདྲ་བའམ་སྔར་གྱི་ཡིག་རྙིང་སོགས་སུ་ཡོད་དམ་ཞེ་ན། ཁྲི་ལྡེ་གཙུག་བཙན་གྱི་དུས་སུ་ཁྲི་སུམ་ཞེས་པའི་མི་སྣ་གཉིས་བྱུང་ཡོད་དེ། ཏུན་ཧོང་ཡིག་རྙིང་ལས། ཁུད་པ་ཆེན་ཕོའི་འབངས་ཁྲྀ་སུམ་རྗེ་རྩང་བཞེར་ལ་ཕུལ་བར་ལོ་ཆིག ཅེས་ཁྲི་སུམ་རྗེ་ཞེས་པ་ཞིག་སྟེ། ཁོང་གི་རུས་རྒྱུད་དབས་ལ་གཏོགས་སོ།། ཡང་དེ་ལས། ཆོག་རོ་སྙ་ཞིན་ཀོང་དང་། གནུབས་ཁྲི་སུམ་རྗེ་སྟག་བཙན་གཉྀས་བཆུགཅེས་ཁྲི་སུམ་རྗེ་ཞེས་པ་བཅས། ཁྲི་སུམ་ཞེས་པ་འདི་ལྟར་གཉིས་ཙམ་བྱུང་། གཞན་ཡང་ཁྲི་ལྡེ་སྲོང་བཙན་གྱི་དུས་སུའང་ཁྲི་སུམ་ཞེས་པ་གཉིས་འདུག་སྟེ། བྲག་གཡབ་བྲག་རྐོས་སུ། ལྷོ་དོན་དམ་དང་ཞང་འབྲོའ་ཁྲྀ་གཟུའ་རམ་ཤགས་དང་ནང་བློན་དབའས་བློན་ཁྲི་སུམ་བཞེར་མདོའ་བརྩན་ལ་སྩོགས་པ་ཆབ་སྲིད་ལ་བཀའ་སྩལ་ཏེ། ཞེས་ཁྲི་སུམ་ཞེས་པ་ཞིག་བྱུང་། ཁྲི་ལྡེ་སྲོང་བཙན་གྱི་བཀའ་གཙིགས་ལས། དབའས་བློན་ཁྲི་སུམ་བཞེར་མདོ་བཙན། ཞེས་བཀོད་ཡོད། དེ་ནི་བྲག་གཡབ་བྲག་རྐོས་སུ་ཡོད་པའི་མི་སྣ་འདི་དང་གཅིག་ཏུ་ངེས། ཡང་ཁྲི་ལྡེ་སྲོང་བཙན་གྱི་བཀའ་གཙིགས་ལས། རླང་བློན་ཁྲི་སུམ་རྗེ་སྤེག་ལྷ། ཞེས་པ་ཞིག་ཀྱང་བྱུང་བས། ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་ཁྲི་སུམ་ཞེས་པ་གཉིས་ཙམ་ཡོད་པ་རྟོགས་ཐུབ། ཁྲི་གཙུག་ལྡེ་བཙན་གྱི་དུས་སུའང་། ཡིག་རྙིང་སྨོན་ལམ་ལས། ཆབ་སྲྀད་ཀྱྀ་བློན་ཆེན་པོ་ཞང་ཁྲྀ་སུམ་རྗེ་དང་། ཆེན་པོ་ཞང་ལྷ་བཟང་གྀས་འཛངས་ཀྱི་ཕུལ་ཕྱུང་བས་ནྀ། ཞེས་ཁྲི་སུམ་གྱི་མཚན་ཡང་ཡང་བྱུང་། ཡང་། བོད་ཐང་མནའ་རྡོ་ལས། xxxxxxདམག་གོ་ཆོག་གི་བློན xxཁྲི་སུམ་རྗེ xxx ཞེས་མཚན་ཆ་ཚང་མི་གསལ་ཡང་། དོན་དུ་གོང་དུ་བཙན་པོ་གང་གི་སྨོན་ལམ་དུ་བཀོད་པ་དང་མི་སྣ་གཅིག་ཡིན་ནམ་སྙམ་པས་དཔྱད། དེ་མིན་ལྡེའུ་ཆོས་འབྱུང་ལས། ཁེ་བརྒྱད་ནི། ལ་སྒོ་ཆེན་པོ་བཞི་ལ་མངའ་མཛད་པ་སྟེ། འབྲོ་རྗེ་ཁྲི་གསུམ་རྗེ་རྟགས་སྣང་གིས། ཤར་དར་ཟབ་ཀྱི་ལ་སྒོ་ཕྱེ་མངའ་མཛད། ཅེས་པ་ཞིག་ཀྱང་གསལ་བས། མདོར་ན་ཁྲི་སུམ་ལྔའམ་དྲུག་ཙམ་བྱུང་ཞིང་། ཕྱི་མ་ནི་ཁྲི་གཙུག་ལྡེ་བཙན་སྐབས་ཀྱི་ཁྲི་སུམ་དང་གཅིག་ཡིན་ཡང་སྲིད། འདི་ལྟར་ཁྲི་སུམ་གྱི་མཚན་མང་བའང་ཐོབ་ཐང་གི་གནས་རིམ་མཐོ་བས། རིམ་གྱིས་མི་སྣ་འདི་དག་ལས་མང་ཤོས་བློན་ཆེན་དང་བློན་ཆེན་འོག་དཔོན་ལྟ་བུའི་ལས་སུ་ཞུགས་པས། བཙན་པོའི་སྲིད་གཞུང་གི་ཡིག་ཆར་བཀོད་པའང་དེ་ལྟར་བྱུང་བར་ངེས།དེས་ན་འདི་དག་རེ་རེའི་ལོ་རྒྱུས་ཞིབ་ཕྲར་རྙེད་རྒྱུ་དཀའ་ནའང་། སྐབས་བབ་ཀྱི་ཨ་ལྕིའི་རྡོ་བརྐོས་ཀྱི་ཁྲི་སུམ་གང་ཡིན་ཐག་གཅོད་པ་ལ། ཁྲི་ལྡེ་གཙུག་བཙན་སྐབས་ཀྱི་དབས་ཀྱི་རུས་ལ་གཏོགས་པའི་ཁྲི་སུམ་དེ་ཡིན་འདོད་དེ། ཁོང་ནི་ཕྱིས་སུ་བློན་ཆེན་དུ་བཞུགས་ཏེ་གཙང་ཕྱོགས་སམ་སྟོད་ཕྱོགས་སུ་ཕྱག་ལས་རྒྱ་ཆེར་གནང་མཁན་ཞིག་ཏུ་གཏོགས་པས། བློན་པོ་འདི་ཉིད་མར་ཡུལ་ལམ་ལ་དྭགས་ཕྱོགས་སུའང་བཙན་དང་ཤེད་ཀྱི་ཆིབས་ཁ་བསྒྱུར་བའི་མཛད་རྗེས་བཞག་པར་རིགས་པས་བསྒྲུབ་ཐུབ་པ་ཞིག་གོ།

དེས་ན་ཁོང་གི་མཚན་ཐོག་མར་ཏུན་ཧོང་ཡིག་རྙིང་དུ་བཀོད་པ་ནི ༧༡༣ ལོ་ཡིན། དོན་ཆེན་ལོ་ཚིགས་གནད་བསྡུས་སུ། ཁུད་པ་ཆེན་ཕོའི་འབངས་ཁྲྀ་སུམ་རྗེ་རྩང་བཞེར་ལ་ཕུལ་བར་ལོ་ཆིགཅེས་པ་ནས་ཁོང་ཉིད་བཙན་པོའི་ལོ་རྒྱུས་སུ་མངོན་འགོ་ཚུགས། ཡང་། དགུན་འདུན་མནོན་དུ་བློན་ཁྲྀ་སུམ་རྗེ་རྩང་བཞེར་གྱྀས་བསྡུསྟེ། ཞེས་པ་ནི༧༡༤ ལོར་ཁེལ་ཞིང་། སྐབས་འདིར་འདུན་མ་བསྡུ་བ་སོགས་ལ་གཞིགས་ན་ཁོང་ནི་ཐོབ་ནི་བློན་ཆེན་གྱི་འོག་དཔོན་ཞིག་ཡིན་པར་སྙམ་སྟེ། སྤྱིར་འདུན་མ་ཡོད་ཚད་བློན་ཆེན་དང་བློན་ཆེན་འོག་དཔོན་ཁོ་ནས་བསྡུ་བ་མིན་ནའང་། ཁོང་གི་མཛད་རྗེས་ཕྱི་མ་དག་དང་བསྡུར་ཚེ་དེ་ལྟར་བསམ་ཆོག ཡང་དེ་ལས། ༄།ཡོས་བུའྀ་ལོ(༧༡༥ལོ)ལ། བཙན་པོ་ཞེ་ཤྀང་གྱྀ་རྩིབས་བཞུགས། དབྱར་འདུན་ཟུ་སྤུགྀ་རྐྱང་བུ་དུ་བློན་ཁྲྀ་སུམ་རྗེ་རྩང་བཞེར་གྱྀས་བསྡུསྟེ། ཞེས་དང་། ཡང་། འདུན་མ་འོ་ཡུགྀ་ནུབསུ། བློན་ཁྲྀ་སུམ་རྗེ་རྩང་བཞེར་གྱིས་བསྡུསྟེ། ཞེས་ལོ་འདིར་འདུན་མ་གསུམ་བསྡུས་པ་ལས་གཉིས་ཁྲི་སུམ་གྱིས་བསྡུས་ཤིང་།དེའང་དབུས་གཙང་ཕྱོགས་སུ་བསྡུས་ཡོད། ཡང་། དགུན་འདུན་མོང་ཀར་དུ་བློན་ཁྲྀ་སུམ་རྗེ་རྩང་བཞེར་གྱིས། བསྡུསྟེ། ཞེས་པ་ནི༧༡༧ལོར་ཁྲི་སུམ་གྱིས་འདུན་མ་བསྡུས་པའི་གནས་ཚུལ་ཞིག་ཡིན་ལ། ༧༡༦ ལོ་ནི་ཏུན་ཧོང་ཡིག་རྙིང་དུ་འབྲི་འཕྲོར་་ལྟ་བུར་ལུས་པས་གནས་ཚུལ་ཆ་ཚང་རྟོགས་ཐབས་དཀའ་ཡང་། ལོ་ཚིགས་གོང་འོག་བསྡུར་ཚེ་ལོ་འདིར་ཁོང་གིས་འདུན་མ་བསྡུས་པ་ཐག་གཅོད་ཐུབ་པ་ཞིག་ཡིན།  དེ་ལྟར་ཁོང་དང་འབྲེལ་བའི་ལོ་ཚིགས་དོན་ཆེན་གནད་བསྡུས་ཀྱི་ཚིག་ཐོ་དག་བསྡུས་ཏེ་རགས་ཙམ་བཀོད་ན། ༅། རྟའི་ལོ(༧༡༨ལོ)ལ། བཙན་པོ་དབྱརད་བལ་པོ་ན་བཞུགས། དབྱར་འདུན་གྲོ་པུར་ཞང་བཙན་ཏོ་རེ་དྔ། བློན་ཁྲྀ་སུམ་རྗེ་རྩང་བཞེར་གྱིས་བསྡུསྟེ། དགས་པོེ་ཁྲམ་དམར་ཕོ་བཏབ། ཞེས་དང་། (༧༡༩ལོ)བློན་ཁྲྀ་སུམ་རྗེས་བསྡུསྟེ། རུ་གསུམ་གྱྀ་རྗེ་ཞིང་གྱྀ་ཕྱིང་རྀལ་གྱྀ་རྩིས་དྔ། སོག་མའྀ་རྩིས་དྔ། ཞེས་དང་། ཡང་། བློན་ཁྲྀ་སུམ་རྗེས་བསྡུསྟེ། ཞང་ཞུང་དང་མརད་ཀྱྀ་ཕ་ལོས་བཀུག། ཅེས་དང་། (༧༢༠ལོ)བློན་ཁྲྀ་སུམ་རྗེས་བསྡུསྟེ།རྩང་ཆེན་གྱྀ་རྗེ་ཞིང་གླྀངས་གྱི་པྱྀང་རིལད་གྱྀ་རྩིས་བགྱིས། དགུན་འདུན་བཟང་སུམ་ཚལ་དུ་ཞང་བཙན་ཏོ་རེ་དྔ། བློན་ཁྲྀ་སུམ་རྗེས་བསྡུསྟེ། ཞང་ལོན་གཙང་ལ། ཆྀབས་གྱྀ་ཆས་ཕབ། ཅེས་དང་།(༧༢༡ལོ)འདུན་མ་མཁར་ཕྲག་དུ། བློན་ཁྲྀ་སུམ་རྗེས་བསྡུས་ནས། མངན་དང། སླུངས་སྟོང(སྟོད)སྨད་གྱྀ་ཐང་ཁྲམ་ཆེན་པོ་བཏབ། ཞེས་དང་། དབའས་ཁྲྀ་སུམ་རྗེ་རྩང་བཞེར་བློན་ཆེན་པོར་བཀའ་སྩལད། ཅེས་དང་། (༧༢༢ལོ)དབྱར་འདུན་དྲྀབ་ནག་དུ་བློན་ཆེན་པོ་ཁྲྀ་སུམ་རྗེས་བསྡུས། ཞེས་དང་། དགུན་འདུན་མཁར་པྲག་དུ། བློན་ཆེན་ཕོ་ཁྲྀ་སུམ་རྗེས་བསྡུསྟེ། ཁབ་སོེ་ཐུགས་ཉེན་གྱྀ་ལྷག་ཅད་བརྩྀས། ཞེས་དང་། (༧༢༣ལོ)དབྱར་འདུན་དྲྀབ་ནག་དུ་བློན་ཁྲྀ་སུམ་རྗེས་བསྡུསྟེ། ཞེས་དང་། འདུན་མ་མོང་ཀར་དུ་བློན་ཁྲྀ་སུམ་རྗེས་བསྡུསྟེ། ཁུད་པ་ཆེན་ཕོ་བློན་ཁྲྀ་སུམ་རྗེས།ཞང་ཁྲྀ་མཉེས་སྨོན་ཟུང་ལ་ཕུལ་བའྀ་རྩིས་བགྱྀས། (༧༢༤ལོ)དབྱར་འདུན་དབུ་རུ་ཤོད་གྱྀ་ལྕྀའུ་ལུང་དུ་བློན་ཆེན་པོ་ཁྲྀ་སུམ་རྗེས་བསྡུས། པ་ནོང་གྱྀ་ཆོས་གྔོ་དུ་བློ་སྟ་གུ་རྀ་ཙབ་གྱིས་བསྡུསྟེ།ཞང་ཞུང་གྱྀ་མཀོས་བགྱྀས། དགུན་འདུན་བཙན་ཕོ་བྲག་མར་ན་བཞུགས། བློན་ཆེན་པོ་ཁྲྀ་སུཾ་རྗེས། དགུན་འདུན་ལྷས་གང་ཙལ་དུ་བསྡུས། ཞེས་དང་། (༧༢༥ལོ)བློན་ཁྲྀ་སུམ་རྗེས་བལ་བོའི་བྲྀའུ་ཏང་དུ་བསྡུསྟེ། བློན་ཆེན་པོ་ཁྲྀ་སུམ་རྗེ་གུམ། ཞེས་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་རིང་དུ་ཁྲི་སུམ་རྗེ་འདི་ཉིད་ཀྱིས་ཕལ་ཆེར་ལོ་ངོ་བཅུ་གསུམ་ཙམ་དུ་བློནཆེན་གྱི་འོག་དཔོན་དང་བློན་ཆེན་བཅས་རིམ་པར་བརྒྱུད་དེ་ཕྱག་རྗེས་བཞག་པའི་བརྒྱུད་རིམ་ཞིག་གསལ་བོ་གཅལ་དུ་བཀྲམས་འདུག་ལ། ཁོང་ནི་བཙན་པོ་གང་དེའི་སྐབས་སུ་ཤིན་ཏུ་གལ་འགངས་ཆེ་བའི་བློན་ཆེན་ཞིག་ཡིན་པའང་མཚོན་ཐུབ། མཐར་ཁོང་ཉིད༧༢༥ལོར་གློ་བུར་དུ་གུམ་ཟིན་ལ། དེ་ནི་རྒྱུ་རྐྱེན་ཅི་ཡིན་བཤད་ཚོད་མི་ཐིག་སྟེ། ཕལ་ཆེར་དབས་དང་འབྲོ་ཡི་རུས་རྒྱུད་ཀྱི་དབང་ཆའི་འཕྲོག་རྩོད་ཀྱི་ལྐོག་ཇུས་ཤིག་དང་འབྲེལ་བ་མེད་དམ་སྙམ་སྟེ། བལྟས་ཚོད་དུ་རྔེགས་མང་ཞམ་སོགས་དང་འབྲེལ་བ་ལྟར་སྣང་ཡང་། ཤུགས་སུ་འབྲོའི་ཕྱོགས་གཏོགས་ཀྱི་ལག་པ་གསུམ་པ་ཞིག་གིས་ཐག་པ་བསྒུལ་མེད་དམ་སྙམ་པས་དཔྱད། དེ་ལྟར་མིན་ཚེ་མང་ཞམ་ཁོང་གཉིས་སྟོད་འདུལ་གྱི་དུས་སུ་འགལ་འབྲེལ་མང་བོ་བྱུང་བའི་འབྲས་བུ་ཡིན་ཡང་སྲིད། གང་ལྟར་ཁོང་གིས་ཞང་ཞུང་སོགས་སུ་མཁོས་བགྱིས་པ་དང་འདུན་མ་བསྡུ་བ་སོགས་རླབས་ཆེ་བའི་ཆབ་སྲིད་ཀྱི་ལས་ལ་གཞོལ་བཞིན་སྐུ་ཚེ་གློ་བུར་དུ་བསྡུས་པར་སྣང་ངོ་།། བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་སྐུ་ཚེ་སྟོད་དུ་དབས་ཁྲི་གཟིགས་ཞང་ཉེན་དང་དབས་ཁྲི་སུམ་རྗེ་རྩང་བཞེར་གཉིས་ནི་བཙན་པོའི་སྲིད་གཞུང་གི་གདུང་འདེགས་ཀྱི་ཀ་བ་དང་གདུང་མ་ལྟ་བུར་གྱུར་ཡོད། སྐབས་དེར་བློན་ཆེན་ཁྲི་གཟིགས་ཀྱིས་གཙོ་བོ་མདོ་སྨད་ཕྱོགས་སུ་སྟོབས་ཀྱིས་ཁ་ལོ་བསྒྱུར་ཞིང་། ཁྲི་སུམ་རྗེས་ཞང་ཞུང་དང་དབུས་གཙང་། དྭགས་པོའི་ཕྱོགས་སུ་མཛད་པ་གཉེར་བཞིན་ཡོད། དེ་ལྟར་ཁྲི་སུམ་རྗེའི་མཚན་ཡང་བཙན་པོའི་སྲིད་དོན་གྱི་ཡིག་ཆའི་ཁྲོད་དུ་ལོ་ངོ་བཅུ་གསུམ་ཙམ་ལ་ཡལ་བ་མེད་པར་ཡང་ཡང་མངོན་ཡོད། (ལོ་ངོ་གཅིག་ནི་ཡིག་རྙིང་མ་ཡིག་ཏུ་ཆ་ཚང་མེད། ཁོང་ནི་དེ་བས་སྔ་བར་བཙན་པོའི་སྲིད་གཞུང་ལ་རོགས་འདེགས་བགྱིས་པ་ཤུགས་སུ་གོ་ཐུབ) དེ་ལྟར་ཁོང་མཛད་རྗེས་གཙོ་བོ་རེ་ཟུང་ནི། དོན་ཆེན་ལོ་ཚིགས་གནད་བསྡུས་ལས། རྩང་ཅེན་གྱྀ་བྲུང་པ་ལང་ས་ཙེང་གུམ་སྟེ། ཞང་ཁྲྀ་མཉེས་སྨོན་ཟུང་བཅུག ཅེས་པས་རྩང་ཆེན་གྱི་བྲུང་ཚབ་འཇུག་པ་དང་། ཡང་། ཆྀབས་པོན་ཞང་ཁྲྀ་མཉེས་མཉེན་ལོད་བྱུང་། ཞང་འབྲྀང་རྩན་ཁྱྀ་བུ་བཆུག ཅེས་ཆིབས་དཔོན་འབྱུང་འཇུག་གི་ལས་བགྱིས་པ།ཡང་།  དགས་པོེ་ཁྲམ་དམར་ཕོ་བཏབ། ཅེས་དང་། རུ་གསུམ་གྱྀ་རྗེ་ཞིང་གྱྀ་ཕྱིང་རྀལ་གྱྀ་རྩིས་དྔ། སོག་མའྀ་རྩིས་དྔ། རུ་ཡོང་ཕྱྀ་གསེང་གུམ་སྟེ། བྲུང་པ་སེང་གོ་མོན་བུ་བཆུག་པའྀ་རྩིས་བགྱྀས། ཞེས་པ་སོགས་མང་དུ་ཡོད་ཀྱང་རེ་རེ་བཞིན་འགོད་དུ་མི་ལང་བས་བཞག  དེ་བས་ཀྱང་གལ་ཆེ་བ་ཞིག་ནི། ཡང་དེ་ལས། ཞང་ཞུང་དྔ་མརད་ཀྱྀ་ཕ་ལོས་བཀུག  ཅེས་པ་དེ་ཡིན་ལ།སྐབས་འདིར་མརད་ཅེས་པ་ནི་གཅིག་བྱས་ན་མར་ཡུལ་ལ་དྭགས་སུ་གོ་འོས་ཀྱང་སྲིད་དེ། ཞང་ཞུང་དུ་དབང་བསྒྱུར་སྐབས་དེ་དང་འདབས་འབྲེལ་དག་ཏུའང་དཔུང་འཇུག་ཡང་ཡང་བྱེད་བཞིན་པའང་དོན་ཆེན་ལོ་ཚིགས་གནད་བསྡུས་ལས་གསལ་བོར་ཤེས་པས། མར་ནི་མར་ཡུལ་ཏེ་ལ་དྭགས་ཕྱོགས་སུ་འོས་པ་ལྟ་བུ་སྣང་ནའང་། ཡང་གཙང་ཕྱོགས་སུ་མར་ཞེས་པའི་ས་གནས་ཤིག་ཡོད་ཚུལ་རྗོད་མཁན་འདུག་ཀྱང་། སྐབས་འདིའི་ཚིག་གི་བབ་ལ་གཞིགས་ན་མར་ཡུལ་ལ་དྭགས་དང་འབྲེལ་བ་ཆེ་སྙམ་པས་དཔྱད། ཁོང་གི་སྐབས་འདི་དག་ཏུ་ཞང་ཞུང་གི་ཕྱོགས་སུ་ཆེས་ཆེར་དམིགས་ཏེ་ཕྱག་ལས་མཛད་ཡོད་དེ། དོན་ཆེན་ལོ་ཚིགས་གནད་བསྡུས་ལས། ཞང་ཞུང་གྱྀ་མཀོས་བགྱྀས། ཞེས་པ་དང་། གོང་དུ་བཀོད་པ་བཞིན། ཞང་ཞུང་དང་མརད་ཀྱི་ཕ་ལོས་བཀུག་ཅེས་པ་ལྟ་བུས་མཚོན་ཐུབ། དེ་བཞིན་དུ་བློན་ཆེན་འདི་ཉིད་གཙང་ཕྱོགས་ཡང་ཡང་ཕེབས་བཞུད་བྱེད་ཅིང་། དེ་འབྲེལ་གྱི་ལ་དྭགས་སུའང་བཙན་པོའི་རྟ་དམག་གི་རྨིག་རྡུལ་ལིང་ངེར་བྱུང་བ་ཚོད་དཔག་བྱ་ཐུབ་ཞིག་སྟེ། སྟོད་ཕྱོགས་གྱྀ་ཕོ་ཉ་མང་པོ་ཕྱག་འཚལད། ཅེས་པས། བཙན་པོ་འདིའི་དུས་སུ། ཏ་ཟིག་དང་དུར་གྱི། བྲུ་ཞ། ཀོག་ཡུལ་སོགས་སུ་སྔ་རྗེས་སུ་བཙན་པོའི་དཔུང་འཇུག་གི་གནས་ཚུལ་དང་ཕྱག་འཚལ་བ་སོགས་ཀྱི་གནས་ཚུལ་ཡང་ཡང་བྱུང་ཡོད། དེས་ན་མར་ཡུལ་ལ་དྭགས་ཨ་ལྕིའི་རྡོ་ཡིག་ཏུ་བཀོད་པའི་ཁྲི་སུམ་ཞེས་པའང་བཙན་པོ་ཁྲི་ལྡེ་གཙུག་བཙན་དུས་ཀྱི་དབས་ཁྲི་སུམ་རྗེ་རྩང་བཞེར་འདི་ཉིད་ཡིན་པར་འདོད་དོ།།

གཉིས་པ། མང་ཞམས་ཀྱི་སྐོར་ནི། མར་ཡུལ་ལ་དྭགས་ཀྱི་ཨ་ལྕིའི་རྡོ་ཡིག་ལས། རྡོ་ཡིག་ཨང115 པར། མངཞཾསནསབྲིས ཞེས་པ་གཅིག་ལས་མ་བྱུང་ཡང་། རྡོ་ཡིག་འདི་ནི་ཤིན་ཏུ་གལ་ཆེ་བ་ཞིག་སྟེ། མི་སྣ་འདི་ནི་གོང་གི་ཁྲི་སུམ་རྗེ་དང་དུས་སྐབས་གཅིག་ཏུ་ཁེལ་བས་སོ།། བཙན་པོ་ཁྲི་ལྡེ་གཙུག་བཙན་སྐབས་ཀྱི་དོན་ཆེན་ལོ་ཚིགས་གནད་བསྡུས་སུ། (༧༡༩ལོ)བློན་ཁྲྀ་སུམ་རྗེས་བསྡུསྟེ། ཞང་ཞུང་དྔ་མརད་ཀྱྀ་ཕ་ལོས་བཀུག རྔེགས་མང་ཞམ་སྟག་ཙབ་གྱྀས། རྩང་ཆེན་གྱྀ་རྗེ་ཞིང་གྱྀ་པྱིང་རྀལ་བཏབ། ཅེས་ཁྲི་སུམ་དང་མཉམ་དུ་མང་ཞམ་གྱི་མཚན་ཡང་བྱུང་ཡོད། ཁོང་གི་རུས་ནི་རྔེགས་ཡིན་པས། བཙན་པོའི་དུས་ལྷོ་རྔེགས་གཉིས་ནི་རུས་རྒྱུད་ཆེས་འགངས་ཅན་གཏོགས་པ་ཀུན་ལ་གསལ་བ་བཞིན་ནོ།། རྡོ་ཡིག་ཏུ་མང་ཞམས་ཞེས་ཡང་འཇུག་ཡོད་ཀྱང་། དོན་དུ་ཁྱད་པར་མེད་དེ་སྔར་གྱི་འབྲི་སྲོལ་དུ་དེ་ལྟ་བུ་མང་བས། མང་ཞམས་ཞེས་པ་ནི་མང་ཞམ་སྟག་ཚབ་ཅེས་པའི་བསྡུས་མིང་དུ་ངེས་སོ།། ཡིག་རྙིང་འདིར་ཡང་རྡོ་ཡིག་དང་འདྲ་བར་མང་ཞམ་ཞེས་པ་ལས་མ་བཀོད་པའང་མཆིས། དེ་བཞིན་ཁྲི་སུམ་རྗེ་གུམ་རྗེས་མང་ཞམ་བློན་ཆེན་དུ་བཅུག་པའང་གསལ་ཏེ། དོན་ཆེན་ལོ་ཚིགས་གནད་བསྡུས་ལས། (༧༢༥ལོ) བློན་ཆེན་པོ་ཁྲྀ་སུམ་རྗེ་གུམ།དགུན་ཕོ་བྲང་བྲག་མར་ན་བཞུགསྟེ། ཚང་བར་སྣར་སེང་གོ་མོན་ཆུང་སྤྱུགས། དཔྱྀད། རྔེགས་མང་ཞཾ་སྟག་ཙབ། བློན་ཆེན་ཕོར་བཀའ་སྩལད་པར། ལོ་གཅིག། ཅེས་བཀོད་པས། མང་ཞམ་ནི་བློན་ཆེན་པོར་བསྐོས་ཤིང་། (༧༢༦ལོར) བློན་ཆེན་ཕོ་མང་ཞམ་གྱྀས་ལྷ་གབ་དུབསྡུས། ཞེས་པས་ཨ་ལྕིའི་རྡོ་ཡིག་འདྲ་བར་མང་ཞམ་ཞེས་པ་ཁོ་ན་ལས་བཀོད་མེད་པས་ཀྱང་ར་འཕྲོད་པར་འདོད། (༧༢༧ལོ) བློན་ཆེན་ཕོ་མང་ཞམ་གུམ། ཞེས་པས། མང་ཞམ་ནི་ཕལ་ཆེར་བློན་ཆེན་དུ་ལོ་ངོ་གསུམ་ཟིན་མ་ཟིན་ཙམ་ལས་བཞུགས་མེད། སྤྱིར་ན་མང་ཞམ་ཡང་གློ་བུར་བློན་ཆེན་བསྐོས་པ་ཞིག་ཏུ་མི་འདོད་དེ། བཙན་པོའི་དུས་ཀྱི་བློན་ཆེན་སོགས་བསྐོ་བའི་ལམ་ལུགས་ནི་བརྒྱུད་རིམ་ལྡན་ཞིང་་ཤིན་ཏུ་འཐུས་ཚང་དུ་ཡོད་པས། ཁོང་གི་མཚན་གྱི་རྣམ་གྲངས་ཀྱང་ཅུང་ཟད་མི་འདྲ་བ་གཞན་ཞིག་མེད་དམ་སྙམ་སྟེ། དོན་ཆེན་ལོ་ཚིགས་གནད་བསྡུས་སུ། (༧༢༤ལོ) པ་ནོང་གྱྀ་ཆོས་གོང་དུ། བློན་སྟ་གུ་རྀ་ཙབ་གྱིས་བསྡུས་ཏེ། ཞང་ཞུང་གྱྀ་མཀོས་བགྱྀས། ཞེས་པ་ནི་མང་ཞམ་སྟག་ཚབ་བློན་ཆེན་དུ་མ་བསྐོས་པའི་སྔ་ལོར་བྱུང་བའི་གནས་ཚུལ་དུ་སྟ་གུ་རྀ་ཙབ་བྱུང་ཞིང་། མཚན་འདི་དང་འདྲ་བ་ཕྱིས་སུ་གློ་བུར་དུ་ཡལ་ཏེ་བཀོད་མེད་པར་གཞིགས་ན། བློན་སྟ་གུ་རི་ཚབ་ནི་སྟག་ཚབ་ཀྱི་མིང་རྒྱས་པར་འབོད་པའི་རྣམ་གྲངས་སུ་འདོད་རིགས་པར་སེམས། གལ་སྲིད་དེ་ལྟར་ཡིན་ཚེ། ཁོང་ནི་ཡར་འདེད་ཅིག་བྱེད་༧༡༠ ལོར་ཡང་བྱུང་ཡོད་དེ། མདོ་སྨད་གྱྀ་འདུན་མ་གཙེ་ནམ་ཡོར་དུ་ཞང་རྒྱ་སྟོ་དང་། སྟ་གུ་རྀ་ཙབ་གྱིས་བསྡུས་པར་ལོ་ཆིག ཅེས་པར་བསམ་ན། ཁྲི་སུམ་རྗེ་ལས་ལོ་གསུམ་གྱི་སྔོན་དུ་བཙན་པོའི་ཡིག་ཆར་མཚན་འདི་མངོན་ཡོད་པར་མ་ཟད།སྐབས་དེ་དུས་ནས་འདུན་མ་བསྡུ་བའི་ལས་སུ་ཞུགས་པར་གཞིགས་ན་སྔ་མོ་ནས་བློན་པོའམ་མི་སྣ་ཁྱད་པར་བ་ཞིག་ཡིན་པ་གསལ་བཤད་བགྱིས་ཡོད། དེ་ལྟར་ལོ་རེ་འགར་བཙན་པོའི་ཡིག་ཆར་ཅུང་བག་ལ་ཞ་བར་གྱུར་བའང་། དྲང་ཚུགས་ཆེ་ཞིང་དཔོན་གནས་ལ་ལག་མ་བསྲིངས་པའམ། ཡང་ན་ཁྲི་སུམ་རྗེ་སོགས་ལ་འགྲན་རྩོད་དོ་ཡ་མ་ཡོང་བ་ཞིག་སྟེ། དཔའ་ལྡན་པ་ཙམ་ལས་འཕྲུལ་ལྡན་པ་ཞིག་མིན་ཡང་སྲིད། ཡང་གནད་དོན་གཞན་ཡང་མེད་པ་མིན་ཏེ། འདུས་སྲོང་གི་སྐབས་སུའང་། (༦༨༢ལོ)མང་ཞམ་སྟག་ཚབ་གཉིས་གྱྀས། འདུན་མ་རྟེའུ་མཁར་དུ་བསྡུས་ཏེ། ཞེས་མང་ཞམ་སྟག་ཚབ་ཅིག་ཀྱང་ཡོད་པས། ཞིབ་ཏུ་བསམ་ན་ཁོང་ནི་གོང་གི་མང་ཞམ་དང་དུས་ཚོད་ཀྱི་བར་ཐག་ཆོད་པ་དང་། ཁོང་གི་མཛད་རྗེས་འཕྲོ་རིམ་འཕྲོར་བྱུང་མེད་པ་སོགས་ལ་གཞིགས་ན།ཡིག་རྙིང་མ་ཡིག་ལས་མང་ཉེན་སྟག་ཚབ་དང་ནོར་བ་མིན་སྙམ་པས་དཔྱད་པར་བྱ། གང་ལྟར་མང་ཞམ་ནི་འདུས་སྲོང་གི་སྐབས་སུ་བྱུང་བ་མ་བརྩིས་པར་ཕྱི་མར་ཚད་འཛིན་བྱེད་ཚེ། ༧༡༩ ལོ་ནས་ཁོང་གི་མཚན་དངོས་སུ་བྱུང་སྟེ༧༢༧ ལོའི་བར་དུ་ཉུང་མཐར་ལོ་ངོ་དགུའམ། ཡང་སྟ་གུ་རི་ཚབ་ཁོང་གི་མཚན་གྱི་རྣམ་གྲངས་ཡིན་པར་བགྱིད་ཚེ་ལོ་ངོ་བཅོ་བརྒྱད་དུ་བཙན་པོའི་སྲིད་གཞུང་ལ་ཞབས་ཞུ་བསྒྲུབས་པར་མ་ཟད། ཁྲི་སུམ་རྗེ་དང་མཉམ་དུ་སྟོད་ཕྱོགས་སུ་ཕྱག་ལས་ཡུན་རིང་གནངས་མྱོང་བའི་བློན་པོ་གལ་ཆེན་ཞིག་ཏུ་འཁུམས་པས། ཁོང་ཉིད་བློན་ཆེན་དུ་ཡུན་རིང་བཞུགས་མ་ཐུབ་པ་ནི་དབས་སུམ་པོ་སྐྱེས་བཀའ་བཀའ་གྱོད་ལ་ཐོགས་ཚུལ་དུ་གཞིགས་ན། བློན་ཆེན་དབས་ཁྲི་སུམ་གྱི་ཤ་གཉེར་དུ་དབས་འདི་ཉིད་ཀྱིས་ཚར་བཅད་པར་ཡིན་ངེས་ཏེ། གང་ལྟར་བཙན་པོ་མདོ་སྨད་འ་ཞར་ཕེབས་ཤུལ་དུ་བྱུང་བའི་བློན་པོ་ནང་ཁུལ་གྱི་འཐབ་རྩོད་ཅིག་བྱུང་བ་ཡིན་ངེས། དེ་ལྟར་མང་ཞམ་ནི་ཞང་ཞུང་དང་སྟོད་ཕྱོགས་སུ་ཕྱག་ལས་གནང་མཁན་གྱི་བློན་པོ་གཙོ་བོ་ཞིག་ཡིན་པས། ཨ་ལྕིའི་རྡོ་ཡིག་ཏུ་གསལ་བའི་མང་ཞམས་དང་སྐབས་འདིའི་རྔེགས་མང་ཞམ་གཉིས་མི་སྣ་གཅིག་ཏུ་ངོས་གཟུང་རུང་བ་དཀྱུས་གཅིག་ཏུ་ར་འཕྲོད་པར་སེམས་སོ།། འདི་ཡང་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་དུས་སྐབས་སུ་ཁེལ་ཡོད། བཙན་པོ་ཁོང་ནི་མཐའ་བཞིར་རྒྱ་བསྐྱེད་ཅིང་དབང་སྒྱུར་བར་མཛད་རྗེས་ཤིན་ཏུ་ཆེ་ལ་དཔའ་ཞིང་རྟུལ་ཕོད་པའི་བཙན་པོ་ཞིག་སྟེ། མདོ་སྨད་དམ་དྲུ་གུའི་ཕྱོགས་སུའང་སྐུ་དངོས་སུ་ཞབས་ཀྱིས་བཙུགས་ཏེ་ཐེངས་ལྔ་ཙམ་ཆབ་སྲིད་ཀྱི་དོན་དུ་དཔའ་བའི་ལས་བྱེད་པར་མངོན་ནོ།།

གསུམ་པ་བློན་སྟོང་རྩན་ནི། མར་ཡུལ་ལ་དྭགས་ཀྱི་ཨ་ལྕི་རྡོ་ཡིག ཨང75 ལས། ༡བྱགགལོལ ༢བློནསྟོངརྩནགྱིསབྲྀས ཞེས་སྟོང་རྩན་གྱི་མཚན་གཅིག་ལས་བྱུང་མེད། བཙན་པོའི་དུས་སུ་སྟོང་བཙན་གཉིས་བྱུང་ཡོད་དེ། མགར་སྟོང་རྩན་དང་ཞང་སྟོང་རྩན་གཉིས་སོ།། མགར་སྟོང་བཙན་ནི་སྲོང་བཙན་སྒམ་པོ་དང་མང་སྲོང་མང་བཙན་དུས་ཀྱི་བློན་པོ་དང་ཞང་སྟོང་རྩན་ནི་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བློན་པོ་བགྱིས། སྲོང་བཙན་སྒམ་པོའི་དུས་སུ་ཞང་ཞུང་ཕྱོགས་སུ་དམག་དྲངས་ཏེ་དབང་དུ་བསྡུས་པ་ཤིན་ཏུ་གསལ་ཏེ། དོན་ཆེན་ལོ་ཚིགས་གནད་བསྡུས་ལས། ལྀག་སྙ་ཤུར་བརླག་སྟེ་ཞང་ཞུང་ཐཾས་ཅད་འབངསུ་བཀུག་སྟེ་མངའོ། ཞེས་དང་། ཡང་། ཞང་ཞུང་བརླགས་པའི་དགའ་སྟོན་གྱི་ཡིག་རྙིང་ལས། ཞང་ཞུང་གྀ་རྒྱལ་པོ་ལྀག་མྱི་རྒྱ་སྲིད་བརླག་སྟེ།། ཞང་ཞུང་ཐམས་ཅད་འབངས་སུ་བཀུག་གོ། ཞེས་དང་། ཡང་། ཏོ་ཡོ་ཆས་ལ་ལསྩོགས་ཏེ་བྱང་གི་ཞང་ཞུང་ཐམས་ཅད། ཁྲྀ་སྲོང་རྩན་གྱི་ཕྱག་དུ་ཕུལ་ཏེ་།། ཟུ་ཙེ་གློ་བ་ཉེའོ།། ཞེས་ཞང་ཞུང་གི་སྐོར་བཙན་པོའི་ཡིག་ཆར་བཀོད་པ་སྔ་ཤོས་དག་ཡིན་ལ། ཡང་མར་ཡུལ་ནི་ཞང་ཞུང་དུ་གཏོགས་པར་བསྒྲུབས་པ་མིན་ཏེ། སྟོད་ཕྱོགས་སུ་དབང་སྒྱུར་སྐབས་ཞང་ཞུང་ནི་མར་ཡུལ་དང་འདབས་འབྲེལ་དུ་ཡོད་པས། ཡིག་རྙིང་ཁྲོད་ཀྱི་ཞང་ཞུང་སྐོར་བཀོད་པ་ཅུང་མང་བས། སྐབས་དེའི་ཞང་ཞུང་གི་གནས་ཚུལ་བརྒྱུད་ནས་མར་ཡུལ་གྱི་གནས་བབ་ཀྱང་རྟོགས་སླ་བས་ཡིན།  གང་ལྟར་ཞང་ཞུང་བཟའ་བསུས་པ་དང་སད་མར་ཀར་བག་མར་བསྐྱལ་བ་སོགས་ལས་ཀྱང་གཉེན་གྱི་འབྲེལ་ལམ་ཞིག་སྔ་ནས་ཡོད་པའང་རྟོགས་ཐུབ། དོན་དངོས་སུ་སད་མར་ཀར་གྱི་སྐབས་སུ། ཞང་ཞུང་ལྟེ་བུ།། གཉེན་གྱི་ཡང་དོ་།། འཐབ་ཀྱྀ་ཡང་སྐལ་ཏེ།། ཞང་ཞུང་བདག་དུའ(འོ)།། ཞེས་པ་ལྟར་དགྲ་གཉེན་ཟུང་དུ་འབྲེལ་ཏེ་ད་གཟོད་དབང་དུ་བསྡུས་པར་ངེས། དོན་ཆེན་ལོ་ཚིགས་གནད་བསྡུས་ལས། ཞང་ཞུང་ཡུལ་གྱྀ་མངན་དུ་སྤུག་གྱྀམ་རྩན་རྨ་ཆུང་བཆུག།ཅེས་པས༦༥༣ལོ་སྟེ་མང་སྲོང་སྐབས་སུ་སྤུ་རྒྱལ་བཙན་པོའི་ཆབ་སྲིད་སྒྲིག་གཞི་ཞང་ཞུང་དུ་ལག་ལེན་བསྟར་བ་གསལ་བོར་ཤེས་ཐུབ།ཡང་། (༦༥༦ལོ) བློན་ཆེ་སྟོང་རྩན་གྱྀས། གཙམ་གྱི་ཡུལ་མར་དུའ་ཤ་ལྀངས་ཆེན་ཕོ་བཏབ་ཕར་ལོ་གཆིག། ཞེས་པའི་གཙམ་གྱི་ཡུལ་མར་ཞེས་པའང་འགའ་རེས་གཙང་དུ་མར་ཞེས་པའི་ས་གནས་ཤིག་ཡོད་ཚུལ་བརྗོད་ཀྱང་། བཙན་པོའི་དུས་ཀྱི་ཡིག་ཆར་ད་ལྟའི་གཙང་ཞེས་པར་རྩང་ཁོ་ན་བྲིས་པས། འདིའང་མར་ཡུལ་ཕྱོགས་སུ་གོ་ན་འགྲིག་མིན་དཔྱད་གཞི་ཙམ་དུ་བགྱིད་ཆོག་པར་སྙམ། དེ་མིན་ཕོ་བྲང་ན་མར་ཞེས་པ་ཡང་ཡང་བྱུང་བ་དག་ནི་འབྲེལ་བ་ཆེར་མེད་པར་སེམས།(༦༦༢ལོ)བློན་ཆེ་སྟོང་རྩན་གྱིས། དུ་གུལ་དུ་ཞང་ཞུང་གྱི་མཁོས་བགྱྀས་ཕར་ལོག་གཆྀག། ཅེས་པ་ནི་བློན་སྟོང་བཙན་མ་གྲོངས་པའི་ལོ་ལྔའི་ཡར་སྔོན་གྱི་གནས་ཚུལ་ཞིག་རེད། མགར་སྟོང་བརྩན་གྲོངས་རྗེས་སྙ་ཤུར་སྤུངས་རྱེ་རྒྱུག་ལ་བཙན་མོ་སྙ་མོ་སྟེངས་བག་གཤེགས་ཤིང་། འདུས་སྲོང་སྐབས་སུ་ཞང་ཞུང་ངོ་ལོག་པས། སྤུངས་རྱེ་རྒྱུག་ལ་བཀྱོན་ཕབ་པའི་གནས་ཚུལ་ཡང་བྱུང་། ཡང་མགར་སྟོང་བཙན་གྱི་རྗེས་སུ་ཁོང་གི་བུ་མགར་བཙན་སྙ་ལྡོམ་བུས་ཀྱང་ཞང་ཞུང་དུ་མཁོས་བགྱིས་པར་བཀོད་ཀྱང་། འདུས་སྲོང་སྐབས་ཀྱི་གནས་ཚུལ་ལ་གཞིགས་ཚེ་ཞང་ཞུང་གི་གནས་བབ་ཤིན་ཏུ་ཚགས་སུ་ཚུད་པ་ཞིག་མ་བྱུང་བར་སྣང་ངོ་།།

དེས་ན་ཁོ་བོའི་བསམ་པར་སྟོང་རྩན་ཕྱི་མ་སྟེ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ཞང་སྟོང་རྩན་དེ་ཉིད་ཡིན་པར་འདོད་དེ། གཅིག་སྲོང་བཙན་དུས་རྡོ་ཡིག་འགོད་པའི་སྲོལ་ཆེས་ཆེར་དར་མེད་པ་དང་།ཡང་ཨ་ལྕིའི་རྡོ་ཡིག་ཏུ་ཆོས་མིང་ལྟ་བུ་ཅུང་མང་སྟེ། དཔེར་ན། རྒྱལ་བ་ཡེ་ཤེས། བདུད་འཇོམས། ཆོས་གྲུབ། ཤེས་རབ་བློན། གཞོན་ནུ་དབང་ཕྱུག རྡོ་རྗེ་ཡེ་ཤེས། དགེ་ལེགས། རྒྱལ་བ་རིན་ཆེན།བཀྲ་ཤིས་རིན་ཆེན་ལྟ་བུ་སོགས་ཡོད་པས། ཁྲི་སྲོང་ལྡེ་བཙན་གྱི་དུས་ཏེ་ཞང་སྟོང་རྩན་སྐབས་སུ་ཁེལ་བར་སྙམ། དོན་ཆེན་ལོ་ཚིགས་གནད་བསྡུས་ལས། (༧༥༦ལོ)བློན་ཁྲི་བཟང་དྔ། ཞང་སྟོང་རྩན་གཉིས་གྱིས་མཁར་ཏེའུ་ཅུ་ཕབ། ཅེས་པ་ནས་ཞང་སྟོང་རྩན་འདི་ཉིད་བཙན་པོའི་ཡིག་ཆར་མངོན་འགོ་ཚུགས་ཏེ། ཞང་སྟོང་རྩན་དང་འབྲེལ་བའི་གནས་ཚུལ་མང་དུ་བཀོད་འདུག་ཀྱང་ཡིག་ཚོགས་ལ་འཇིགས་ནས་རེ་ཞིག་བཞག གང་ལྟར་ཞང་བློན་འདི་ནི་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་དང་པོའི་བློན་གྲས་མཚན་མ་ཐེ་བར་བསམ་ན། དེའི་ཡར་སྔོན་དུ་ཞང་བློན་འདི་ཉིད་ཀྱི་སྐུ་ལ་བར་ཆད་ཅིག་བྱུང་ཟིན་པར་ངེས། དེས་ན་ཁོང་ནི་༧༥༦ལོ་ནས་༧༧༩ལོའི་གོང་ཙམ་སྟེ་ཕལ་ཆེར་ལོ་ངོ་ཉི་ཤུ་ཡས་མས་ཙམ་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆབ་སྲིད་ལ་གཞོགས་འདེགས་ཆེས་ཆེར་གནངས་པའི་མཛད་རྗེས་ཤིན་ཏུ་ཆེ་བ་ཞིག་གོ། ཁོང་ནི་རྒྱ་ནག་གི་རྒྱལ་ས་ཀེང་ཤིར་དམག་འདྲེན་སྐབས་ཀྱང་ཡོད་པའི་ཞང་བློན་མཛད་རྗེས་ཆེ་བ་ཞིག་ཡིན་ལ། དོན་ཆེན་ལོ་ཚིགས་གནད་བསྡུས་སུ། སྟོང་རྩན་གཡུའྀ་ཡྀ་གེ་སྩལ་ཏེ། སོ་མཐ་བཞྀ་དམག་ཕོན་དུ་བཀའ་སྩལད་།། པར་ལོ་གཅིག།། ཅེས་སོ་མཐའ་བཞིའི་དམག་དཔོན་དུ་བཀའ་བསྩལ་བ་ལས་ཀྱང་ཤེས་ཐུབ་སྙམ། ཡང་། སྟོད་པྱོགས་གྱི་ཕོ་ཉ་ཕྱག་འཙལད། ཅེས་སྐབས་འདིར་ཡང་བྱུང་བས། མཐའ་སྲུང་གི་ནུས་པ་སྔར་ལས་བརྟན་བརླིང་དུ་གྱུར་བ་ཚོད་དཔག་བྱ་ཐུབ་སྟེེ། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བཙུགས་པའི་འཕྱོངས་རྒྱས་སྟག་རྩེ་ཟམ་སྣའི་རྡོ་རིང་དུའང་། ཡར་ནི་ཏ་ཞིག་གྱི་མཚམས་མན་ཆད། མར་ནི་ལོང་ཤན་གྱི་ལ་རྒྱུད་ཡན་ཆད། ཆབ་འོག་འདུ་སྟེ། ཆབ་སྲིད་ནི་ལྷོ་བྱང་ཤར་ནུབ།མཐའ་ཀླས་པར་ཆེའོ།། ཞེས་གདེངས་སྤོབས་མཐོན་པོའི་ཉམས་ཀྱིས་བོད་བཙན་པོའི་སྟོད་ཀྱི་ས་ཁོངས་ཏ་ཟིག་མན་དུ་མཐའ་མཚམས་སུ་བཟུང་བར་དཔག་ན། མར་ཡུལ་དང་ཞང་ཞུང་སོགས་ལས་བརྒལ་བར་གྱུར་བ་གསལ་བོར་ཤེས་ཐུབ་བོ།།

མདོར་ན་མར་ཡུལ་ཨ་ལྕི་རྡོ་ཡིག་བྱུང་བའི་དུས་ནི་ཁྲི་ལྡེ་གཙུག་བཙན་ནས་ཁྲི་སྲོང་ལྡེ་བཙན་གྱི་བར་ཏེ། ༧༡༩ལོའི་ཡས་མས་ཙམ་ནས༧༧༩ལོའི་བར་གྱི་ལོ་ངོ་དྲུག་ཅུའི་རིང་དུ་གཙོ་ཆེར་བྱུང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གཞལ་དུ་མེད་པ་ཞིག་སྟེ། རྡོ་ཡིག་རེ་འགའ་ཇག་རོང་དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་གི་ཅོང་ཡིག་ལས་སྔ་བའམ་དུས་མཉམ་ཡིན་ངེས་པས། ད་སྔ་རྡོ་ཡིག་ལས་ཆེས་སྔ་ཤོས་སུ་གཏོགས་པའི་ཆ་ཡང་ཡོད་པར་འདོད། དེས་ན་ཨ་ལྩིའི་རྡོ་ཡིག་འདི་ནི་ཤིན་ཏུ་གལ་འགངས་ཆེ་བའི་ལོ་རྒྱུས་ཀྱི་རྒྱུ་ཆ་རྩ་ཆེན་ཞིག་གོ། ཡང་འདི་ལས་བྱུང་བའི་མཚན་ཡོད་ཚད་བཙན་པོའི་དུས་སུ་བྱུང་བར་ཆ་འཇོག་རུང་མིན་ཡང་དྲི་རྟགས་ཤིག་ཡིན་པས། དབྱེ་ཞིབ་མུ་མཐུད་དུ་བྱ་རིགས་སོ།།

མཐར་ཨ་ལྕིའི་རྡོ་ཡིག་འདི་ལྟ་བུ་ཞིག་འབྲི་དགོས་པའི་དམིགས་ཡུལ་དང་བཅས་ཏེ་མཇུག་བསྡུ་བར་བྱའོ།། དོན་དངོས་སུ་རྡོ་ཡིག་མང་བོ་ཕྱོགས་གཅིག་ཏུ་བྲིས་པ་ནི་ཅུང་ཡ་མཚན་པ་ཞིག་ཡིན་ལ། དེ་བས་ཀྱང་རྡོ་ཡིག་ཙམ་ཟད་དེ་དང་མཉམ་དུ་མཆོད་རྟེན་ཤིན་ཏུ་མང་ལ། མཆོད་རྟེན་ལ་ཡི་གེ་གང་ཡང་མེད་པའང་མང་བས། དེ་ནི་ཆོས་ལུགས་སམ་ནང་བའི་མཚོན་རྟགས་ལྟ་བུ་ཞིག་ཀྱང་ཡིན་པས། སྟབས་བདེ་བར་བརྗོད་ན་དད་མོས་ཀྱི་ཕྱིར་དུ་བཞེངས་སྐྲུན་བྱས་པའི་སྲོལ་ཞིག་བྱུང་བར་གོ་ཆོག དགེ་རྩ་སྒྲུབ་པའམ་སྡིག་པ་སྦྱངས་པའི་ཕྱིར་དུ་ཡིན་ཏེ། རྡོ་ཡིག་ཨང3 པར།༡སེངཏོ༢ཚཀོང༣གིསཨོན(མོན)རྐུས་པ༤སྡིག་སྦྱོང ཞེས་གསལ་བས། སེང་ཏོ་ཚ་ཀོང་གིས་རྐུས་པའི་སྡིག་པ་འདག་ཕྱིར་དུ་བཞེངས་པ་གསལ་བོར་བྲིས་འདུག་ལ། དེ་མིན་ཨྰོཾམཎིཔད་མེཧྰུཾ ཞེས་པ་ཡིག་དྲུག་བྲིས་པ་གཉིས་འདུག་པས་ཀྱང་དགོས་པ་ཅིའི་ཕྱིར་དུ་བྲིས་རྟོགས་ཐུབ། གཞན་ཡང་ཨྰོྃ་དངཨོ་ལྟ་བུ་དུ་མ་ཡོད་པར་མ་ཟད། སྦྲུལགྱིལོ་ས་གམརལ ཞེས་པ་དང་།ཨཱོྃམཎིཔདམེཧྰུཾ (ས)བག་དར་སྐྱས་ཞངས ཨེ་ནུས་ཁར་ཟླབ ཞེས་ས་ག་ཟླ་བའི་དུས་ཆེན་སུམ་འཛོམས་ཀྱི་སྐབས་དང་བསྟུན་ནས་དགེ་རྩ་བསྒྲུབས་པ་ཞིག་ཏུ་ངེས་པས། ལྡེའུ་ཆོས་འབྱུང་ལས། ཡང་ཁེར་བརྒྱད་ཅེས་བྱ་སྟེ། བོད་ཀྱི་དམག་དཔོན་བརྒྱད་ཀྱིས་སྡིག་སྦྱོང་དུ། གཙུག་ལག་ཁང་བརྒྱད་བཞེངས་པས་སྡིག་པ་ཐམས་ཅད་ཁེར་བས་ཁེར་ཆེ་བས་ན་ཁེར་བརྒྱད་ཅེས་བྱའོ།། དེ་ཡང་གཉེར་སྟག་བཅན་སྟོང་གཟིགས་ཀྱིས་རྒྱ་ལ་དམག་དྲངས་པའི་སྡིག་སྦྱོང་དུ། གླིང་ཁྲི་རྩེའི་གཙུག་ལག་ཁང་བཞེངས། ཞེས་སོགས་ཁེར་བརྒྱད་ཀྱི་སྡིག་སྦྱོང་དུ་བཞེངས་པའི་ལྷ་ཁང་སོགས་རེ་རེ་བཞིན་བཀོད་འདུག་པས། བཙན་པོའི་དུས་སུ་རྒྱལ་བློན་འབངས་གསུམ་གྱིས་སྡིག་སྦྱོང་དུ་དགེ་རྩ་བསྒྲུབ་པར་ལྷ་ཁང་དང་མཆོད་རྟེན་བཞེངས་པ་སོགས་བཞེངས་པའི་ལམ་སྲོལ་བྱུང་བའང་།ད་ལྟའི་སེང་གེ་གཙང་བོའི་འགྲམ་དུ་ད་བར་དུ་ཁྲ་གྱིག་གེར་གནས་པའི་རྡོ་ཡིག་དང་མཆོད་རྟེན་གྱི་རི་མོ། རི་དྭགས་སོགས་ཡོད་པས་ལོ་རྒྱུས་ཀྱི་དཔང་རྟགས་གསལ་བོར་བཀོད་པ་ཞིག་གོ།

འདི་ལྟར་ཁོ་བོས་མར་ཡུལ་ལ་དྭགས་ཨ་ལྕིའི་རྡོ་ཡིག་ནི་བཙན་པོ་ཁྲི་ལྡེ་གཙུག་བཙན་ནས་ཁྲི་སྲོང་ལྡེ་བཙན་བར་གྱི་ལོ་ངོ་དྲུག་ཅུ་ལྷག་གི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཏུ་ངོས་བཟུང་བ་ཡིན་ལ།ཡང་དཔྱད་གཞི་རྒྱུ་ཆ་དཀོན་པ་དང་རྡོ་ཡིག་འཚོལ་ཞིབ་ཀྱི་དུས་ཚོད་ཐུང་བ། དཔྱད་པ་གནད་དུ་མ་ཐིངས་སོགས་ཅི་རིགས་བྱུང་ངེས་པར་མ་ཟད། ད་དུང་དཔྱད་གཞི་འཐུས་ཚང་མིན་པ་དང་གསལ་ཁ་མ་བྱུང་བ། དེ་བཞིན་དུ་ཁ་གསབ་དགོས་པ་སོགས་བཤད་མ་དགོས་པས། མུ་མཐུད་དུ་འཚོལ་ཞིབ་དང་དག་ཐེར་ཅི་རིགས་བྱ་འོས་སོ་ཞེས་གཞེན་སྐུལ་དང་བཅས་མཇུག་བསྡུས་པའོ།།

༢༠༢༡ལོའི་ཟླ༣ ཚེས༣༡ ལ་བྱང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ།

དཔྱད་གཞིའི་རྒྱུ་ཆ།

[1] ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་ཞིང་བཀྲལ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོའི་ཟླ༢་པར་པར་གཞི༢ པ་བསྒྲིགས་པ།

[2] 吐蕃简牍综录。文物出版社出版。1986年3月第一版第一次印刷。

[3] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་༡༠ པར་དཔར་ཐེངས་གཉིས་པ་བཏབ།

[4] མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ༡༢པར་དཔར་ཐེངས་གཉིས་པ་བཏབ།

[5] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ༦ པར་དཔར་ཐེངས་གསུམ་པ་བཏབ།

[6] ཡར་ལུང་ཇོ་བོའི་ཆོས་འབྱུང་། ཤྰཀྱ་རིན་ཆེན་སྡེས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ༤ པར་པར་ཐེངས༡ བཏབ།

[7] ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ་གསུམ་པར་པེ་ཅིན་དུ་པར་ཐེངས་གཉིས་པ་བརྒྱབ།

[8] བཀའ་ཐང་སྡེ་ལྔ། མིརིགས་དཔེ་སྐྲུན་ཁང་། ༡༩༨༦ལོའི་ཟླ༡༢པར་པར་གཞི༡ པོ་བསྒྲིགས་པ།

[9] བོད་ཡིག་རྡོ་རིང་ཞིབ་འཇུག ཆབ་འགག་རྟ་མགྲིན་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ༤ པར་པར་ཐེངས༡ བཏབ།

[10] སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ། པ་ཚབ་པ་སངས་དབང་འདུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ༤ པར་པར་ཐེངས༢བཏབ།

[11] བོད་ཀྱི་བརྡ་རྙིང་ཡིག་ཆུ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་། གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཟླ༤་བར་པར་ཐེངས་དང་པོ་བཏབ།

[12] བོད་བཙན་པོའི་རྒྱལ་རབས། སྒྲིག་རྩོམ་པ། འབྲི་གུང་སྐྱབས་མགོན་ཆེ་ཚང་། ༢༠༡༠ སྲོང་བཙན་དཔེ་མཛོད་ཁང་།

[13] ཉི་མའི་རིགས་ཀྱི་རྒྱལ་རབས་དང་ཟླ་བའི་རིགས་ཀྱི་རྒྱལ་རབས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོའི་ཟླ༧ པོར་པར་ཐེངས་༡བཏབ།

[14] ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པའི་མཆན་འགྲེལ་ཏི་སེའི་མགུལ་རྒྱན། གུ་གེ་པཎྚི་ཏ་གྲགས་པ་རྒྱལ་མཚན་གྱིས་བརྩམས། འདར་ཚ་ཁྱུང་བདག་གིས་མཆན་བཏབ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ༩ པར་པེ་ཅིན་དུ་པར་ཐེངས་དང་པོ་བཏབ།

[15] དུས་རབས༩-༡༩པའི་བོད་ཡིག་གནའ་དཔེ་བྲིས་མའི་མཛད་བྱང་དང་མཆན་གྱི་ངོས་འཛིན། སྟོད་སྨད། པད་མ་བཀྲ་ཤིས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༥ པར་པར་ཐེངས༡ བཏབ།

[16] བོད་ཀྱི་ཁྲིམས་སྲོལ་སྐོར་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག རྡོ་སྦིས་ཚེ་རིང་རྒྱལ་གྱིས་དག་སྒྲིག་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༥ པར་པར་ཐེངས༡ བཏབ།

[17] བླ་ལྷ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་བཞུགས་སོ།། གུ་གེ་པཎྚིཏ་གྲགས་པ་རྒྱལ་མཚན་གྱིས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ༡༢ པར་པར་ཐེངས༡ བཏབ།

[18] བྱེ་བྲག་རྟོགས་བྱེད་འབྲིང་བའམ། སྒྲ་སྦྱོར་བམ་གཉིས་བཞུགས་སོ།། ༢༠༠༠ལོ། བོད་གཞུང་ཤེས་རིག་དཔར་ཁང་།

[19] རྦ་བཞེད་ཕྱོགས་བསྒྲིགས། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༨ པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ།

[20] བོད་ཀྱི་གནའ་རབས་ཅོང་དྲིལ་ཞིབ་འཇུག ཉི་བསྟན། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ལོའི༡༢ པར་པར་ཐེངས་དང་པོ་བཏབ།

[21] མར་ཡུལ་ལ་དྭགས་ཀྱི་སྔོན་རབས་ཀུན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ།། བཀྲ་ཤིས་རབ་རྒྱས། ༢༠༠༦ གླེ།

[22] མང་ཡུལ་ལ་དྭགས་ཀྱི་རྒྱལ་རབས་ཟླ་སྣང་གསར་པ། ཆོས་རྗེ་རྟོགས་ལྡན་དཀོན་མཆོག་ཐུབ་བསྟན་བསྟན་པའི་རྒྱལ་མཚན། དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་། གླེ ལ་དྭགས། སྤྱི་ལོ ༢༠༡༥

[23] ཨོ་རྒྱན་སྟག་ཚང་རས་པ་དང་པོ་ངག་དབང་རྒྱ་མཚོའི་རྣམ་ཐར། མགུར་འབུམ། ལམ་ཡིག་བཅས་བཞུགས་སོ།། ཧེ་དགོན་གསང་སྔགས་ཆོས་གླིང་། ༢༠༡༦ གླེ ལ་དྭགས།

[24] འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་པའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་ཕྲེང་ཞེས་བྱ་བ་བཞུགས་སོ།།

[25]གཏེར་རྙིང་། Dr.Sonam Spalzin. 2015 New Delhi.

(དཔར་སྐྲུན་བདག་དབང་སོགས་ཀྱི་དབང་གིས་དབྱིན་དེབ་མི་ཉུང་བ་ཞིག་བཀོད་མེད།)

– – – – –

Loading

ལན་ཞོག

མཆན་སྤེལ་རོགས།
ཁྱེད་ཀྱི་མཚན།