དང་བོ། སྨིན་གླིང་ལོ་ཆེན་གྱི་གདན་ས་སྨིན་གྲོལ་གླིང་།
སྨིན་གྲོལ་གླིང་དགོན་པ་ནི་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཁ་ཁུལ་དུ་གནས་པའི་གསང་སྔགས་རྙིང་མའི་ལུགས་ཀྱི་དགོན་སྡེ་གྲགས་ཅན་རྡོ་གླིང་དཔལ་གསུམ་སྟེ་རྡོ་རྗེ་བྲག་དང་། སྨིན་གྲོལ་གླིང་། འཕྱོངས་རྒྱས་དཔལ་རི་ཞེས་གྲགས་པའི་ནང་གསེས་ཤིག་ཡིན་ཞིང་ལྷོ་གཏེར་གྱི་གདན་སར་ཡང་འབོད། བོད་ཁམས་ཀྱི་སྔ་འགྱུར་རྙིང་མའི་མ་དགོན་དྲུག་(སྟོད་ཀྱི་རྡོར་སྨིན་གཉིས། བར་གྱི་ཞེ་རྫོགས་གཉིས། སྨད་ཀྱི་ཀ༔དཔལ་གཉིས།)གི་ཡ་གྱལ་ཡིན། ཐོག་མར་དབུས་གཙང་གི་མཁས་པ་མི་བཅུའི་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་དགོན་པ་ཐར་བ་གླིང་ཞེས་པ་ལྷོ་ཁུལ་འདིར་ཡོད་པ་དང་། ཕྱིས་སུ་རྒྱལ་དབང་ལྔ་བ་ཆེན་པོས་ཐར་བ་གླིང་གི་གནས་གཞིའི་ཡུལ་རིས་མངའ་འབངས་དང་བཅས་པས་མཚོན་པའི་མཁོ་དགུའི་མཐུན་རྐྱེན་མང་དག་ཅིག་སྟེ། “གཏེར་སྟོན་རིག་འཛིན་ཆེན་པོས་གྲྭ་ཚང་གསར་འཛུགས་མཛད་བཞེད་ཀྱི་མཐུན་རྐྱེན་དགོས་ཚུལ་གྱི་ཞུ་རྟེན་ལྷ་ལྕམ་མནྡ་ར་བའི་ཐུགས་དམ་རྟེན་གྱི་ཕག་མོའི་ལི་སྐུ་ཨོ་རྒྱན་ཆེན་པོས་ཆོས་རྒྱལ་ལ་གནང་བ་སྙིང་མཛོད་ནས་མངའ་རིས་པན་ཆེན་གྱིས་བཏོན་ཏེ་འབྲི་གུང་ཟུར་བར་གནང་། དེས་ཡོལ་མོ་བ་ནམ་མཁའ་བརྒྱ་བྱིན། དེས་མདོ་སྔགས་བསྟན་འཛིན་ལ་བརྒྱུད་པ། གཏེར་སྟོན་རཏྣ་གླིང་བས་ཞལ་ཀོ་བདེ་ཆེན་གླིང་བས་སྣ་ཚོགས་རང་གྲོལ་ལ་ཕུལ་བ། སྨན་ལུང་པ་མི་བསྐྱོད་རྡོ་རྗེའི་དབུ་ཐོད་ཆོས་རྒྱལ་ཕོ་བྲང་བས་མདོ་སྔགས་བསྟན་འཛིན་ལ་ཕུལ་བའི་ནང་དུ་ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱི་ཕྱག་བྲིས་མའི་ཚེ་མཆོག་གི་སྐུ་བརྙན་ཡོད་པ་པད་མ་གླིང་བའི་གཏེར་བྱོན་གྱི་གནམ་ལྕགས་རྡོ་རྗེ་བཅས་བྱུང་བར་བཟང་ཡུལ་གྲོང་གསར་དང་སྤང་འདབས་གཞིས་ཀ། ཐེམ་འཛིན་བཅུ་སྐོར། ལག་ཡོང་ཆིག་སྟོང་བརྒྱ་ལྷག་”[1]སོགས་དང་བཅས་ཆོས་རྒྱལ་གཏེར་བདག་གླིང་བར་བསྩལ་བས། རབ་བྱུང་བཅུ་གཅིག་པའི་མེ་འབྲུག་༡༦༧༦ ལོར་གཏེར་བདག་གླིང་བ་པད་མ་གར་དབང་འགྱུར་མེད་རྡོ་རྗེས་སྨིན་གྲོལ་གླིང་ཕྱག་འདེབས་མཛད། དགོན་པ་འདིའི་མཚན་ཆ་ཚང་ལ་“འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོ་”ཞེས་ཞུ་བར་ཡང་། སྨིན་གྲོལ་གླིང་གི་གནས་རྟེན་དཀར་ཆག་ཏུ་དྲངས་པ་ལས། “ས་ལ་འོག་མིན་ཨོ་རྒྱན་མཁའ་འགྲོའི་གནས།། གཉིས་པ་སྨིན་ཅིང་གྲོལ་བ་ཨ་ཏིའི་གླིང་།། ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོ།། ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་ཤོག །” [2]ཅེས་འབྱུང་།
གཏེར་བདག་གླིང་བ་ནི་རྒྱལ་དབང་ལྔ་བ་ཆེན་པོའི་བླ་མ་གྲ་ནང་སྐྱེས་བུ་བཅུ་གསུམ་དུ་གྲགས་པའི་ཁོངས་ཀྱི་གཅིག་ཡིན། གཙུག་ལག་ཁང་གསར་བཞེངས་ཐོག་ཆོས་གྲྭ་དང་སྒྲུབ་གྲྭ་བཙུགས་ནས་གསང་སྔགས་རྙིང་མའི་རིང་ལུགས་རྒྱ་ཆེར་སྤེལ་ཞིང་། དུས་མཚུངས་སུ་གྲྭ་ཚང་དུ་དུས་བཞིའི་འཆད་ཉན་དང་དཀྱིལ་འཁོར་དུ་མའི་སྒྲུབ་མཆོད། ཆོས་བཞིན་འདུལ་བའི་གཞི་གསུམ་གྱི་ཕྱག་བཞེས་བཟང་བོའི་སྲོལ་རྣམས་བཏད། དང་ཐོག་གྲྭ་གཙང་བཞི་བཅུ་སྐོར་འདུས་པ་ནས་ཕྱིས་སུ་རིམ་བཞིན་གྲྭ་གཙང་སུམ་བརྒྱ་ལྷག་གི་འདུས་སྡེར་གྱུར་ཏེ་མདོ་སྔགས་ཟུང་ལ་སློབ་གཉེར་གྱི་ཕྱག་སྲོལ་ཤིན་ཏུ་སྨར་བ་བྱུང་། རྒྱལ་དབང་ལྔ་བ་མཆོག་གིས་“ཨྱོན་སྨིན་གྲོལ་གླིང་བར་ཚོགས་དུང་དགོས་ཚུལ་བྱུང་བ་ལྟར་དངུལ་གཤོག་མ་ལེགས་པ་ཆ་གཅིག་བསྲིངས་” [3]འདུག་པ་བཅས་ལྔ་བ་ཆེན་པོ་མཆོག་དང་། གཏེར་ཆེན་བླ་མ་གཉིས་ཕན་ཚུན་གྱི་ཐུགས་ནང་རབ་ཏུ་གཤིན་པའི་ངོས་ནས་དགོངས་བཞེད་ཀྱང་ཕྱོགས་གཅིག་ཏུ་བབས་པས་ཕན་ཚུན་བླ་སློབ་ཏུ་གྱུར། གཏེར་བདག་གླིང་བ་དགུང་གྲངས་སུམ་ཅུ་སོ་དགུ་བཞེས་པ་ཤིང་བྱི་༡༦༨༤ ལོར་བླ་བྲང་ཆོས་འཁོར་ལྷུན་པོ་དང་། བསམ་གྲུབ་གླིང་། བཀྲ་ཤིས་རབ་བརྟན་བཅས་དང་། དེ་རྗེས་སྐུ་འབུམ་མཐོང་གྲོལ་ཆེན་མོ། བྱང་ཆེན་ལ་སོགས་པའི་མཆོད་རྟེན་ལྷག་མ་བདུན་སོགས་རྟེན་གསུམ་མང་བོ། གསང་སྔགས་ཕོ་བྲང་བཅས་གསར་བཞེངས་མཛད། དུས་སྐབས་དེ་དག་སྤྱི་དང་། ཁྱད་པར་དུ་གཏེར་བདག་གླིང་བའི་སྐུ་མཆེད་གཅུང་སྨིན་གླིང་ལོ་ཆེན་གྱིས་སངས་རྒྱས་ཀྱི་བསྟན་པའི་གཞི་ཐུན་མོང་དང་ཐུན་མོང་མིན་པའི་ཤེས་བྱ་རིག་པའི་གནས་སྤྱི་ཡོངས་ལ་ཐུན་མིན་གྱི་རླབས་ཆེའི་མཛད་བཟང་རྒྱ་ཆེར་བསྐྱངས་པའི་རྒྱུན་ལས། སྨིན་གྲོལ་གླིང་གི་ཐུན་མོང་རིག་གནས་ཀྱི་ཁྲིད་རྒྱུན་ཤིན་ཏུ་ཁུངས་དག་ཅིང་སྐད་གྲགས་ཆེ། དེར་བརྟེན་དགོན་པ་འདི་ནས་གསོ་བ་རིག་པ་དང་། སྒྲ་རིག་པ། སྐར་རྩིས་རིག་པ། འབྱུང་རྩིས། ཡིག་རིགས་སོགས་གཙུག་ལག་རིག་གནས་ཀུན་ལ་མཁས་པའི་མཁས་དབང་ཆེན་པོ་དུ་མས་གཙོས་པའི་གསང་ཆེན་སྔ་འགྱུར་རྙིང་མའི་བསྟན་འཛིན་གྱི་སྐྱེས་ཆེན་མང་བོ་དུས་ཐུང་ཞིག་གི་ནང་དུ་བརྒྱུད་མར་བྱོན་ཞིང་། སློབ་ཁང་པད་མ་བཀོད་ཅེས་པའི་རིག་གནས་ཀྱི་སློབ་གྲྭ་ཞིག་ཀྱང་བཙུགས་པར་གྲགས། དེ་ཡང་“གོང་ས་ལྔ་བ་ཆེན་པོའི་དུས་ནས་བཟུང་། རིག་གནས་ཆེ་ཆུང་དང་། ལཉྫ། ཝརྟུ་སོགས་ཡིག་རིགས་ཀྱི་ཚད་མར་འཛིན་པའི་དགེ་རྒན་བློ་གསལ་རྒྱ་མཚོ་ཞེས་པ་རྩེ་པོ་ཏ་ལར་རྒྱུན་བཞུགས་ཀྱིས་སློབ་ཁྲིད་མཛད་སྲོལ་ཆགས་པའི་ཁར། སྨིན་གྲོལ་གླིང་དུའང་སློབ་ཁང་པད་མ་བཀོད་ཅེས་པ་གསར་འཛུགས་ཀྱིས་སྐབས་དེར་བཅུ་ཕྲག་རིག་པའི་གནས་ལ་སྦྱང་བརྩོན་མཛད་མཁན་མང་དག་ཅིག་བྱུང་” [4]ཡོད་ཚུལ་ཆོས་འབྱུང་དང་རྣམ་ཐར་འགར་གསལ། གོང་གི་དགེ་རྒན་བློ་གསལ་རྒྱ་མཚོ་ལ་ཡོངས་གྲགས་སུ་དགེ་སློང་བློ་གསལ་ཞེས་འབོད་སྐད།
དེ་བཞིན་དུ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་དང་། རྡོ་རིང་གུང་པཎྚི་ཏ། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་སོགས་སྐྱ་སེར་རིས་མེད་མང་བོས་སློབ་ཁང་པད་མ་བཀོད་དུ་སློབ་གཉེར་གནང་ཡོད་པས་མཚོན། དེར་“གཞུང་སའི་བླ་རྩིས་པ་ཁྲོ་རྒྱལ་དཔལ་མགོན་དང་། སྨིན་གྲོལ་གླིང་ནས་བློ་གྲོས་ཀྱི་མཐུ་ལྡན་དགེ་སློང་བློ་གསལ་རྣམ་གཉིས་ནས་སྙན་ངག་མེ་ལོང་ལེའུ་གཉིས་པ་ཚར་རེ་ཁྲིད་པར་རྩོམ་རྒྱུག་ཀྱང་ཕུལ་གྲུབ་རྗེས། དགེ་སློང་བློ་གསལ་ལགས་ནས། ལྷ་མོ་དབྱངས་ཅན་མའི་བསྟོད་པ་འཇིགས་བྲལ་གྱིས་མཛད་པའི་དཔེ་ཆ་ཞིག་དང་བཅས། འཇིགས་མེད་གྲགས་པའི་ལེགས་བཤད་ཡོངས་འདུའི་ཚལ།། ལས་འོངས་བསྟོད་ཚིག་ཨུཏྤལ་གཞོན་ནུའི་འཕྲེང་།། དབྱངས་ཅན་དགའ་བ་ཚེ་རིང་དབང་རྒྱལ་གྱི།། རྣམ་དཔྱོད་མགུལ་བའི་རྒྱན་དུ་བདག་གིས་སྤེལ།། ཞེས་མིང་འདོགས་ཀྱང་མཛད་” [5]ཚུལ་<<བཀའ་བློན་རྟོགས་བརྗོད་>>དུ་འཁོད་པ་ལྟར། དུས་སྐབས་དེ་དག་ལ་བོད་ཀྱི་ཕྱོགས་མཐའི་ས་ཁུལ་ཁག་ནས་ཀྱང་སེར་སྐྱ་རིས་མེད་མང་བོ་སྨིན་གྲོལ་གླིང་དུ་སློབ་གཉེར་བྱེད་པར་ཕེབས་སྲོལ་བྱུང་འདུག དེ་བཞིན་དུ་གཏེར་ཆེན་ཆོས་ཀྱི་རྒྱལ་བོའི་རྣམ་ཐར་ནང་དུ་མདོ་ཁམས་པ་པད་མ་རིག་འཛིན་(༡༦༨༦-༡༧༤༦)ཞེས་ཡང་ཡང་འབྱུང་བ་དེ་ཉིད་ནི། མདོ་སྨད་རེབ་གོང་འཇའ་མོའི་སྔགས་འཆང་པད་མ་རིག་འཛིན་ཞུ་བ་ཁོང་ཉིད་ཡིན་ཚུལ་འཇའ་མོ་ཚེ་མཁར་རྒྱལ་གྱིས་བརྩམས་པའི་<<རེབ་གོང་འཇའ་མོའི་ལོ་རྒྱུས་དང་མ་ཎི་ཡུལ་ཁམས་བདེ་བའི་འཁོར་ཆེན་གྱི་རྟེན་བཤད་དད་ལྡན་ཡིད་ཀྱི་དགའ་སྟོན་>>དུ་གསལ་བ་དང་། རེབ་གོང་འཇའ་མོའི་སྔགས་མང་གི་ཆོས་སྲོལ་དེ་ཡང་སྨིན་གྲོལ་གླིང་གི་ཕྱག་རྒྱུན་ལས་ཚུགས་ཡོད་པ་ཡོངས་གྲགས་ཡིན།
གཞན་སྨིན་གྲོལ་གླིང་གི་དགོན་བདག་གཏེར་ཆེན་ཆོས་ཀྱི་རྒྱལ་བོ་ནས་བཟུང་གདུང་སྲས་ཁྲི་ཆེན་ནམ་གདན་སའི་ཁྲི་རབས་ལ་ཁྲི་ཆེན་འགྱུར་མེད་ཀུན་བཟང་དབང་རྒྱལ་བར་དུ་ཡོངས་གྲགས་ཀྱི་ཁྲི་རབས་བཅུ་གཅིག་བྱོན་ཡོད་པ་དང་། དེ་བཞིན་དུ་སྨིན་གྲོལ་གླིང་འདུལ་འཛིན་གྱི་མཁན་རབས་ཕྱོགས་ནས་ཀྱང་། མཁན་རབས་དང་བོ་གཅུང་རྒྱལ་སྲས་བསྟན་པའི་ཉི་མ་ནས་མཁན་རབས་དགུ་བ་ངག་དབང་མཁྱེན་བརྩེ་ནོར་བུའི་བར་དུ་བརྟན་མཁས་ཡོན་ཏན་གཉིས་ལྡན་གྱི་འདུལ་འཛིན་གསེར་རིའི་ཕྲེང་བ་བརྒྱུད་མར་བྱོན་པ་བཅས་ཀྱིས། བསྟན་རྩ་འདུལ་བའི་ཕྱག་བཞེས་བཟང་བོ་རྒྱུན་སྐྱོང་གིས་བསྟན་འགྲོའི་ཕན་བདེ་རྒྱ་ཆེར་སྤེལ་ཡོད། མེ་བྱ་༡༧༡༧ ལོར་སོག་པོ་ཨོ་རོད་ཇུན་གར་བའི་མི་བསྲུན་རྩིང་སྤྱོད་ཀྱིས་གློ་བུར་དུ་དབུས་ཕྱོགས་ཀྱི་སྔ་འགྱུར་རྙིང་མའི་དགོན་པ་ཕལ་ཆེ་བ་གཏོར་བཅོམ་བྱེད་སྐབས་ཀྱི་དེའི་ཕྱི་ལོར། སྨིན་གྲོལ་གླིང་དགོན་པར་ཡང་སོག་དམག་དཔུང་འཇུག་གིས་གསང་སྔགས་ཕོ་བྲང་མ་གཏོགས་གཞན་ཚང་མ་གྱང་རོ་འབའ་ཞིག་ཏུ་བསྒྱུར་བའི་སྐྱོ་གར་དེ་བྱུང་།
ཞར་བྱུང་དུ་སྨིན་གྲོལ་གླིང་ཕྱག་འདེབས་མཛད་མཁན་གཏེར་བདག་གླིང་བ་རིག་འཛིན་འགྱུར་མེད་རྡོ་རྗེ་ནི། ཡབ་སྨྱོས་སྟོན་ཆེན་པོ་རིག་འཛིན་འཕྲིན་ལས་ལྷུན་གྲུབ་དང་། ཡུམ་ལྷ་འཛིན་སྒྲོལ་མའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་༡༦༤༦ ལོར་འཁྲུངས། དགུང་ལོ་བཞི་བ་ནས་ཡབ་ལས་བཀའ་བརྒྱད་གསང་རྫོགས་ཀྱི་དབང་སོགས་གསན་པས་དབང་བཞིའི་ས་བོན་ཐུགས་རྒྱུད་ལ་ཐེབས། བཅུ་གཅིག་པ་ལ་རྒྱལ་དབང་ལྔ་བ་ཆེན་པོར་གཙུག་ཕུད་ཕུལ་བས་མཚན་ལ་ངག་དབང་པདྨ་བསྟན་འཛིན་དུ་བསྩལ། དེ་སྐབས་སྐྱིད་གྲོང་གི་འཕགས་པ་ཝ་ཏི་གཟིམ་ཁང་དུ་ཐོག་མར་ཕེབས་པ་དང་དུས་འགྲིག་པས་རྟེན་འབྲེལ་ངོ་མཚར་ཆེ་བ་བྱུང་ལུགས་ཀུན་གྱིས་གླེང་། སྔ་རྗེས་སུ་སྨིན་གྲོལ་ཟབ་མོ་གསན་པའི་བསྟན་འཛིན་བཅུ་དྲུག་དང་། ཟབ་ཆོས་སྣ་ཚོགས་གསན་པའི་ཡོངས་འཛིན་སུམ་ཅུ་རྩ་ལྔ་རྣམས་ཚུལ་བཞིན་བསྟེན་ཏེ་ཐུན་མོང་རིག་གནས་དང་བཅས་པ་སྤྱི་དང་། ཁྱད་པར་དུ་སྡེ་སྣོད་གསུམ། རྒྱུད་སྡེ་བཞི། མདོ་སྒྱུ་སེམས་གསུམ། མཉམ་སྦྱོར། ཡང་ཕུར་གཤེད་སྐོར་སོགས་སྔ་འགྱུར་བཀའ་མ་དང་། གཏེར་མ་བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་སྤྱི་བྱེ་བྲག་གི་དགོས་བཀའ། དེ་རྣམས་ཀྱི་རྩ་བ་བཀའ་འགྱུར་རོ་ཅོག་གི་ལུང་སོགས་ཇི་སྙེད་ཅིག་ཡང་དག་པར་གསན་བཞེས་མཛད། ཉེར་གཅིག་པ་ནས་བཟུང་རྒྱལ་དབང་ལྔ་བ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྣམ་གཉིས་ཀྱི་བླ་མར་བཀུར་བས་ལོ་རེ་བཞིན་གྱི་གེགས་སེལ་སྐུ་རིམ་དང་བཀའ་གཏེར་གྱི་ཆོས་བཀའ་ཇི་སྙེད་པ་ཕུལ། དེ་ལ་ལྔ་བ་ཆེན་པོས་“གཏེར་སྟོན་རིག་འཛིན་ཆེན་པོའི་གསུང་གིས་བསྐུལ་བའི་ངེད་རང་དང་སྡེ་པ་ཐུན་མོང་གི་རིང་འཚོའི་སྨོན་ལམ་དགོངས་བཞེད་བཞིན་བྲིས།” [6]ཞེས་གསུངས་ཡོད་པས་ཀྱང་ཤུགས་བསྟན་གོ་ནུས། སོ་གཅིག་པ་མེ་འབྲུག་༡༦༧༦ ལོར་རྒྱལ་དབང་མཆོག་གིས་ཆོས་གཞིས་གྲྭ་རྒྱུན་སོགས་ཀྱི་མཐུན་རྐྱེན་བླ་ན་མེད་པ་བསྩལ་བ་ལ་བརྟེན་ནས། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ཞེས་པའི་ཆོས་སྡེ་འདི་ཉིད་ཕྱག་བཏབ་པ་དང་། བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་ཞིང་སྡོམ་པ་གསུམ་གྱིས་རྒྱུད་ལེགས་པར་བསྡམས་པའི་གྲྭ་གཙང་གི་འདུས་སྡེ་སུམ་བརྒྱ་ལྷག་གསར་བསྡུ་མཛད་པ་སོགས་བསྟན་འགྲོའི་ཕན་བདེ་ལ་གཅིག་ཏུ་སྨན་པའི་མཛད་བཟང་རྒྱ་ཆེར་བསྐྱངས། མཛད་པའི་མཆོག་གི་ལེགས་བཤད་བསྟན་བཅོས་ཀྱི་གླེགས་བམ་ལ་ཡང་པོད་ཆེན་བཅོ་ལྔ་བཞུགས་ཡོད་ཅིང་། མཐར་དགུང་གྲངས་རེ་དགུ་བ་ཤིང་རྟ་༡༧༡༤ ལོར་སྐུ་ཞི་བར་གཤེགས།
རྒྱུད་འཛིན་རྗེས་འཇུག་སློབ་མ་ལ། རྒྱལ་དབང་ལྔ་བ་ཆེན་པོ་དང་དེ་བཞིན་གྱི་རང་གི་བླ་མ་དུ་མ། རྒྱལ་བ་ཚངས་དབྱངས་རྒྱ་མཚོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། གཅུང་ལོ་ཆེན་ངག་དབང་ཆོས་དཔལ། གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ་སོགས་འགྲན་ཟླ་བྲལ་བའི་སྐྱེས་ཆེན་མང་བོ་བྱོན་ཚུལ་ནི། “དམ་ལྡན་ཆོས་བདག་སློབ་བུ་ནི༔ ད་ལྟའི་མངའ་བདག་ཡབ་སྲས་སོགས༔ ས་ཐོབ་རྗེ་འབངས་སྐྱེ་བའི་མཐའ༔ འགྲོ་དོན་ནུས་པ་སུམ་ཅུ་ལྔ༔ རང་དོན་ཐུབ་པ་བརྒྱ་རྩ་བརྒྱད༔ ཆོས་ཀྱིས་འབྲེལ་བ་སྟོང་ཚོ་གཉིས༔ སྨོན་ལམ་འབྲེལ་བ་ཁྲི་ཕྲག་ལྔ༔ ལས་ཀྱིས་འབྲེལ་བ་དྲུག་ཅུ་བདུན༔ གདུགས་ཐོགས་བདུན་གྱིས་ཞབས་ནས་འདེགས༔ མི་ཆེན་གསུམ་གྱིས་མངའ་ཐང་སྤེལ༔” ཞེས་<<གཏེར་བྱང་>>དུ་འབྱུང་བ་ཇི་ལྟ་བ་བཞིན་དང་། ཡང་སྒོས་སུ་ཐུན་མོང་རིག་གནས་གྱིས་བརྒྱན་པའི་སློབ་ཚོགས་ལ། གུང་ཐང་པཎ་ཆེན་བཤེས་གཉེན་རྣམ་རྒྱལ་དང་། རྣམ་གླིང་པཎ་ཆེན་དཀོན་མཆོག་བདེ་ལེགས། འདར་བ་ལོ་ཆེན་ཕུན་ཚོགས་ལྷུན་གྲུབ་སོགས་མང་བོ་བསྐྱངས་པའི་ངོ་མཚར་མཛད་འཕྲིན་ནི་མཐའ་ཡས་སོ།།
གཉིས་པ། སྨིན་གླིང་ལོ་ཆེན་གྱི་སྐུ་ཚེ་སྟོད་ཀྱི་གནས་སྐབས།
“དེ་ཡང་རྗེ་བླ་མའི་གཏེར་ལུང་ལས། གཡུ་སྒྲའི་སྤྲུལ་པ་བློ་ལྡན་ངྷརྨའི་མིང་༔ ཞེས་དང་། རྒྱལ་མོ་གཡུ་སྒྲའི་སྤྲུལ་པ་ནི༔ མེ་ཁམས་ཤྲཱི་ལས་ཀྱི་མིང་༔ ཞེས་འབྱུང་བ་ལྟར་ངྷརྨ་ཤྲཱིའི་མིང་དང་། སྨྱོས་ཀྱི་རུས་ཁམས་ཇི་མེ་ཡིན་པར་མ་ཟད། ལོ་སྙིང་རྟའི་སྲོག་ཁམས་ཀྱང་མེ་ཡིན་པས་སྦྱར་དུ་རུང་བ་ལྟར།” [7]ཞེས་སོགས་ལུང་བསྟན་དུ་གསལ་བའི་སྨིན་གླིང་ལོ་ཆེན་ངྷརྨ་ཤྲཱིའམ་ངག་དབང་ཆོས་དཔལ་ནི། རབ་བྱུང་བཅུ་གཅིག་པའི་ཤིང་རྟ་༡༦༥༤ ལོར་གྲ་ནང་དར་རྒྱས་ཆོས་གླིང་(གྲ་ནང་དར་རྒྱས་ཆོས་སྡིང་དང་དར་གླིང་ཡང་ཟེར།)དུ་སྐུ་འཁྲུངས། ཐོག་མར་གཏེར་ཆེན་རཏྣ་གླིང་བའི་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱིས་རང་ལོ་ཞེ་གཉིས་པར་གྲ་ནང་དར་རྒྱས་ཆོས་སྡིང་གི་རི་ཁྲོད་བཏབ་རྗེས་དེར་བླ་ཁག་བཞི་ཙམ་བྱུང་སྐད། སྨིན་གླིང་ལོ་ཆེན་གྱི་ཐོག་མའི་མཚན་ལ་རྒྱུ་སྐར་རྟེན་འབྲེལ་ལ་བརྟེན་ནས་ལེགས་པ་དོན་གྲུབ་ཏུ་གསོལ། ཁོང་གི་ཡབ་ཀྱི་མཚན་ལ་སྨྱོས་སྟོན་ཆེན་པོ་གསང་བདག་འཕྲིན་ལས་ལྷུན་གྲུབ་དང་། སྨྱོས་སྟོན་གསང་བདག་ཆེན་པོ་འཕྲིན་ལས་ལྷུན་གྲུབ། སྨྱོས་སྟོན་མཁས་གྲུབ་ཆེན་པོ་ཨོ་རྒྱན་ཚེ་འཕེལ། རིག་འཛིན་འཕྲིན་ལས་ལྷུན་གྲུབ། ཨོ་རྒྱན་ཚེ་འཕེལ་བཅས་ཞུ་ཞིང་གནུབས་ཆེན་སངས་རྒྱས་ཡེ་ཤེས་(༧༨༤-༨༦༦)ཀྱི་སྐྱེ་སྲིད་དུ་བཞེད། སྨྱོས་ཞེས་རིགས་རྒྱུད་ཀྱི་མིང་ཅན་དུ་གྱུར་པ་ནས་བཟུང་སྔགས་རྙིང་མ་སྒྱུ་འཕྲུལ་གྱི་བཤད་སྒྲུབ་ལ་གཙོ་བོར་མཛད་མཁན་སྐོར་ཞིག་དང་། དེ་ནས་སྨྱོས་མཐུ་རྒྱལ་དང་། སྨྱོས་ལོ་ཙཱ་བ་ཡོན་ཏན་གྲགས། སྨྱོས་གཙང་ཚ་རྡོ་རྗེ་བླ་མ། སྨྱོས་ནག་གྲགས་པ་དཔལ། སྨྱོས་བཀྲ་ཤིས་དབང་ཕྱུག་བཅས་མང་བོར་སྨྱོས་ཕྱི་རུས་སུ་གྲགས། སྨྱོས་ནང་རུས་ལ་མཐིང་མ་སྨྱོས་ཞིག་ཆེན་པོ་གྲགས་པ་རྡོ་རྗེ། སྨྱོས་སྒོམ་ཆེན་པོ་པད་མ་རྡོ་རྗེ། དེའི་སྲས་སྨྱོས་སྟོན་ཨ་མི་ཀིརྟི། དེའི་སྲས་སྨྱོས་སྟོན་གྲགས་པ་བཀྲ་ཤིས། དེའི་སྲས་སྨྱོས་གྲགས་པ་འོད་ཟེར། སྨྱོས་གྲགས་པ་རྒྱལ་མཚན། སྨྱོས་གྲགས་འོད། སྨྱོས་ཇོ་འབུམ་དཔལ། སྨྱོས་བསོད་ནམས་གྲགས་པ། སྨྱོས་ཚེ་དབང་རྡོ་རྗེ། སྨྱོས་སྟོན་ཆེན་པོ་རིག་འཛིན་འཕྲིན་ལས་ལྷུན་གྲུབ་བཅས་པ་མང་དུ་སྣང་ཞིང་། ལོ་ཆེན་ཁོང་གིས་ཀྱང་“དེ་ཉིད་ཀྱི་སྡོམ་ཕྲུག་བདག་མཁན་པོའི་མིང་བཏགས་སྨྱོས་ཀྱི་དགེ་སློང་ངྷརྨ་ཤྲཱི་ནི།” [8]ཞེས་སྨྱོས་རིགས་སུ་གསུངས་ཡོད།
ལོ་རྒྱུས་ཀྱི་ཡིག་ཆ་གཞན་འགར་མྱོས་དང་གཉོས་ཞེས་བྲིས་པ་ཡོད་ཀྱང་། <<གཏེར་ཆེན་ནང་རྣམ་>>དུ། “བླ་ཡི་གནས་སུ་བཀུར་བ་ལས་མི་ཡི་གྲིབ་ཀྱིས་ལྷ་བུ་ཉིད་སྨྱོས་པར་གྱུར་པ་ན། སྨྱོས་ཞེས་རིགས་རྒྱུད་ལ་མིང་དུ་ཆགས་ཤིང་།” [9]ཞེས་འཁོད་པས་སྨྱོས་ཡིན་པ་ཤེས་ནུས། སྨིན་གླིང་ལོ་ཆེན་གྱི་ཡུམ་གྱི་མཚན་ལ་ལྷ་འཛིན་དབྱངས་ཅན་སྒྲོལ་མ་ཞུ་ཞིང་། བོད་ཆོས་རྒྱལ་གྱི་གདུང་རྒྱུད་མངའ་བདག་སྣ་མོ་བའི་རིགས་ལས་འཁྲུངས་པ་དང་ཤེལ་དཀར་རྡོ་རྗེ་མཚོའི་སྤྲུལ་བར་བཞེད། ཡབ་ཡུམ་གཉིས་ལ་རིགས་སྲས་ནི་གཏེར་བདག་གླིང་བ་འགྱུར་མེད་རྡོ་རྗེ་དང་། དེའི་གཅུང་རྒྱལ་སྲས་རིན་པོ་ཆེ་བསྟན་པའི་ཉི་མ། དེ་འོག་གཅུང་ཞིག་འཁྲུངས་མ་ཐག་པ་གློ་བུར་དུ་སྐུ་གཤེགས། སྲས་མོ་བསོད་ནམས་དཔལ་འཛོམས། སྨིན་གླིང་ལོ་ཆེན་ངྷརྨ་ཤྲཱིའམ་ངག་དབང་ཆོས་དཔལ། རྗེ་དབོན་ཕྱག་མཛོད་ཀུན་དགའ་ཚུལ་ཁྲིམས། སྲས་མོ་ལྷ་ཅིག་དཔལ་འཛོམས་བཅས་མིང་སྲིང་བདུན་མཆིས་པ་ལས་ལོ་ཆེན་ཁོང་ནི་རིགས་སྲས་ལྔ་བ་དེ་ཡིན། ཕྱིས་སུ་འཁྲུངས་གཞིས་ནས་ཀེག་སེལ་གྱི་རིམ་གྲོར་མིང་བསྒྱུར་དགོས་པའི་བཀའ་བབ་ལྟར་པད་མ་འཕྲིན་ལས་རྒྱལ་མཚན་དུ་བཏགས། དེ་རྗེས་གསུང་སྤྲུལ་ཀུན་བཟང་རྡོ་རྗེར་(ལར་ཚུལ་ཁྲིམས་རྡོ་རྗེ་དང་། བསྟན་འཛིན་གྲགས་པ་ཞེས་ཀྱང་བྲིས་སྣང་)གཙུག་ཕུད་ཕུལ་ཏེ་མཚན་ལ་ཨོ་རྒྱན་གྲགས་པ་བཟང་བོ་ཞེས་བཏགས། དགུང་ལོ་དགུ་བར་ཡབ་སྨྱོས་སྟོན་རིག་འཛིན་འཕྲིན་ལས་ལྷུན་གྲུབ་ཞི་བར་གཤེགས་རྗེས་བར་སྐབས་ཤིག་རིང་གཅེན་པོ་དང་ཡུམ་གཉིས་ཡུལ་གཞན་ལ་ཕྱོགས་ཐེགས་ཀྱིས་དུས་ཁོམ་མ་བྱུང་བས། ཡུམ་གྱི་ཞལ་ཏ་མ་བསམ་འགྲུབ་ཆོས་འཛོམས་ཀྱིས་བསྐུལ་ཏེ་ངག་བསླབས་ཀྱི་གསོལ་འདེབས་ལེའུ་བདུན་མ་སོགས་འདོན་ཆོས་སྤྱོད་ཀྱི་སྐོར་དང་། གསོལ་དཔོན་མཆོག་གྱུར་ཞེས་པས་ཡི་གེ་འབྲི་ཀློག་བཅས་བསླབས་པ་རྣམས་ཐུགས་སུ་ཆུད། ཡབ་ཞི་བར་གཤེགས་པ་ནས་བཟུང་གཅེན་གཏེར་བདག་གླིང་བ་ནི་ལོ་ཆེན་མཆོག་གི་འཇིག་རྟེན་ཕྱོགས་ནས་ཕའི་དོད་དང་། ཆོས་ཕྱོགས་ནས་བརྩེ་ཆེན་ཐུགས་རྗེས་ལེགས་པར་བསྐྱངས་པའི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མར་གྱུར།
བཅུ་གཉིས་པ་ཤིང་སྦྲུལ་༡༦༦༥ ལོར་གཏེར་བདག་གླིང་བས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རིག་འཛིན་ཐུགས་ཐིག་གི་དབང་ནོད་ཅིང་། དེའི་ཕྱི་ལོར་ཁོང་གི་མདུན་ནས་ལུས་བསྒྱུར་ཏེ་གཙུག་ཕུད་ཕུལ་བ་དང་བསྟུན་ནས་མཚན་ལ་བསྟན་འཛིན་འཇམ་དབྱངས་དབང་བོ་ཞེས་བཏགས་ཤིང་དགེ་བསྙེན་གྱི་སྡོམ་པའང་དཀྱུས་གཅིག་ཏུ་མནོས། དུས་མཚུངས་སུ་བོད་ཡིག་བསྐྱར་སྦྱོང་ནས་སྒྲ་ཀ་ལཱ་བའི་མཚམས་སྦྱོར་ལྔའི་རི་མོ་དང་ཡིག་གཟུགས་བཅས་ལ་སྦྱངས་པ་མཛད་པ་དང་། མངའ་རིས་གུང་ཐང་གི་པཎ་ཆེན་བཤེས་གཉེན་རྣམ་རྒྱལ་(གུང་ཐང་རབ་འབྱམས་པ་བཤེས་གཉེན་རྣམ་རྒྱལ་ཡང་ཞུ)ལས་སྒྲ་ཀ་ལཱ་བའི་བཤད་པ་དང་ས་རིས་ཞུས་ཏེ་ཡོངས་རྫོགས་ཀྱི་རི་མོའི་རྒྱུགས་ཐུགས་ཐོག་ནས་སྡེབ་འབུལ་གནང་ཉིན་དེར། ས་སྐྱ་པཎ་ཆེན་སྐུ་གཏམས་པའི་དུས་ཚེས་དང་མ་བསྒྲིགས་རང་འཁེལ་བྱུང་བས་རྟེན་འབྲེལ་བཟང་བར་བརྩིས། <<དུ་ཀུ་ལའི་གོས་བཟང་>>གི་གླེགས་བམ་བར་མར། “དབྱངས་ཅན་བྱཱ་ཀ་ར་ཎའི་རྩ་བ་ལྷ་མཐོངས་ལོ་ཙཱ་བ་བཤེས་གཉེན་རྣམ་རྒྱལ་གྱིས་མིང་ལེའི་ཕྱེད་ཙམ་བསྒྱུར་བ་འཕྲོར་ལུས།” [10]ཞེས་འབྱུང་བའི་ལྷ་མཐོངས་ལོ་ཙཱ་བ་ནི་གུང་ཐང་པཎ་ཆེན་བཤེས་གཉེན་རྣམ་རྒྱལ་ཡིན་པར་བཞེད་མཁན་ཡོད་མོད། དེ་གཉིས་མིང་མཚུངས་ཙམ་ལས་ལོ་ཚིགས་དང་བསྟུན་ན་གུང་ཐང་པཎ་ཆེན་ནི་མིན་པར་ངེས།
གཞན་ཡང་། སྡེབ་སྦྱོར་གྱི་བཤད་པ་དང་། ཞ་ལུ་ལོ་ཆེན་གྱི་ཀ་ལཱ་བའི་སྤྱི་ཊིཀ་གཉིས་ཀྱི་ལུང་། ལཉྫ་དང་ཝརྟུ་ལའི་ཡི་གེ་སོགས་ཡིག་སྣ་འགའི་ཕྱག་ཁྲིད། སུམ་རྟགས་ཀྱི་བཤད་པ་སོགས་ཞུས་ཏེ་བརྡ་སྤྲོད་ཡན་ལག་དང་བཅས་པར་སྦྱངས་པ་བྱང་ཆུབ་པར་མཛད། དགུང་གྲངས་བཅོ་ལྔ་བ་ས་སྤྲེལ་༡༦༦༨ ལོར་གཏེར་བདག་གླིང་བས་ཕོ་བྲང་པོ་ཏ་ལར་རྒྱལ་དབང་ལྔ་བ་ཆེན་པོར་ཆོས་བཀའ་འབུལ་བཞིན་པའི་སྐབས་སུ་ཞབས་ཕྱིར་བཞུགས་རིང་། ལྔ་བ་ཆེན་པོ་ལས་རབ་ཏུ་བྱུང་སྟེ་ཚིགས་སྔ་མ་དགེ་ཚུལ་གྱི་བསླབ་སྡོམ་མནོས་པས་མཚན་ལ་ངག་དབང་ཆོས་དཔལ་ཞེས་བསྩལ། དེ་ནས་ལོ་གཉིས་ཙམ་གྱི་རྗེས་སུ་སྨིན་གྲོལ་གླིང་གི་གྲྭ་གཙང་གསར་ཚུགས་ཀྱི་སྐབས་ལ་དེའི་གྲྭ་ཁྱུའི་ཆོས་གྲྭར་དངོས་སུ་ཞུགས་ཏེ་དགོན་པའི་གར་ཐིག་དབྱངས་གསུམ་དང་བཅས་པའི་ཕྱག་བཞེས་རྣམས་སྦྱངས། བཅུ་དགུ་བ་ལ་ཡུམ་ལྷ་འཛིན་དབྱངས་ཅན་སྒྲོལ་མའི་ཡབ་ཞང་བོ་མཁས་དབང་དོན་འགྲུབ་དབང་རྒྱལ་གྱི་དྲུང་ནས་སྐར་རྩིས་ཀྱི་རིག་པ་ལྔ་བསྡུས་དང་དབྱངས་འཆར་གྱི་བཤད་པ། འབྱུང་རྩིས་ཀྱི་རྡེའུ་འགྲིམ་པ། དུས་ཀྱི་སྦྱོར་བ་སོགས་སྦྱངས་པ་དང་། ཞང་བོ་དོན་འགྲུབ་དབང་རྒྱལ་ལ་ཟླུམ་པོ་བ་དོན་གྲུབ་དབང་རྒྱལ་དང་། ལྡུམ་པོ་དོན་འགྲུབ་དབང་རྒྱལ། འདུམ་པོ་བ་དོན་འགྲུབ་དབང་རྒྱལ་ཞེས་འབྲི་ཚུལ་མི་འདྲ་བ་སྣང་ན་ཡང་། སྨིན་གླིང་ལོ་ཆེན་ཁོང་ཉིད་ཀྱིས་“དེ་ལས་འཇད་ཟླུམ་པོ་བ་མཆེད་པ་ལས་རིམ་པར་བརྒྱུད་དེ། སྐར་ནག་གི་རྩིས་རིག་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་རྗེ་དོན་འགྲུབ་དབང་རྒྱལ་སྐུ་མཆེད་ཀྱི་སྲས་མོ།” ཞེས་དང་། “ལྕགས་ཕོ་བྱི་བའི་བར་ཕལ་ཆེར་རང་གི་གཞིས་དགོན་པ་དང་། རེས་ཞང་བོའི་ཁྱིམ་ཟླུམ་པོ་གཉིས་སུ་བསྡད།” [11]ཞེས་<<གཏེར་ཆེན་ནང་རྣམ་>>དུ་འཁོད་པ་དེ་ལྟར་ན་ཟླུམ་པོ་ཡིན་དགོས་པར་སེམས། རྒྱ་སྟོན་ཀརྨ་ཀུན་མཁྱེན་ལས་དུས་འཁོར་འཇིག་རྟེན་བསྟན་ལེ། རྩིས་ཀུན་བསྡུས་པའི་བཤད་པ། སྡེབ་སྦྱོར་གྱི་ངོ་མཚར་བའི་སྦྱོར་བ་སོགས་ཞུས་པ་དང་། གྲ་ཕྱིར་སྟག་ལུང་བ་ངག་དབང་གཟུངས་མཆོག་ལས་དབྱངས་ཅན་བྱ་ཀ་ར་ཎའི་ས་རིས། ཙནྡྲ་བའི་ཡི་གེའི་བསྡུ་བ་དང་ཏིང་མཐའ་སོགས་ལ་ཞིབ་བཤད། གཞུང་སྤྱི་ལའང་བཤད་པ་མཛད་པ་སོགས་ཕྱི་ནང་གི་རིག་གནས་ཀུན་ལ་འབད་ཅིང་། ལྔ་བ་ཆེན་པོས་ཀྱང་ལོ་ཆེན་རྒྱལ་སྲས་ཁོང་ནི་སྒྲ་དང་སྙན་ངག རྩིས་རིག སྡེབ་སྦྱོར་སོགས་རིག་གནས་རྒྱ་མཚོར་སྦྱངས་པ་ཆེར་འདུག་པར་གཟིགས་ནས་མིང་སྨོས་མེད་པའི་རིག་གནས་ཀྱི་གླེགས་བམ་འགའ་ཆེད་དུ་གནང་སྦྱིན་བསྩལ་བ་<<དུ་ཀུ་ལའི་གོས་བཟང་>>དུ་ཟུར་ཙམ་གསུངས་ཡོད། གཅེན་ཆོས་རྒྱལ་གཏེར་བདག་གླིང་བའི་དྲུང་ནས་སྙན་ངག་མེ་ལོང་གི་བཤད་ཁྲིད་ཞུས་ཏེ་ལེའུ་གསུམ་གའི་རྩོམ་རྒྱུགས་ཕུལ་བས་མཚོན་གསན་བསམ་རྒྱ་ཆེར་མཛད་པས་མཁས་པ་ཆེན་པོར་གྱུར། གཞན་དེ་དག་གི་དུས་སྐབས་ཅི་རིགས་པར་སྤོས་ཁང་བ་རིན་ཆེན་རྒྱལ་མཚན་གྱི་ཤེར་ཕྱིན་འགྲེལ་རྐང་དང་། དོན་བདུན་ཅུའི་བཤད་པ། ས་པཎ་གྱི་སྡོམ་གསུམ་རབ་དབྱེ། བླ་མ་རྒྱལ་བའི་དགེ་སློང་གི་བསླབ་བྱ་རྣམས་ཐུགས་ཟིན་གྱིས་གསན་བསམ་གནང་།
དགུང་གྲངས་ཉི་ཤུ་བ་ཆུ་གླང་༡༦༧༣ ལོར་ཕོ་བྲང་པོ་ཏ་ལར་རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ་མཆོག་ལས་ཡོངས་སུ་རྫོགས་པ་དགེ་སློང་གི་དངོས་པོར་མངོན་པར་བསྒྲུབས། དུས་མཚུངས་སུ་ལོ་དེར་སྨིན་གྲོལ་གླིང་གྲྭ་གཙང་གི་དགེ་བསྐོས་ལས་སྣེ་དང་། དེའི་ཕྱི་ལོར་སྨིན་གྲོལ་གླིང་གྲྭ་གཙང་གི་གེགས་སེལ་སྐུ་རིམ་དང་རྒྱུན་ཚོགས་བཅས་ཀྱི་སློབ་དཔོན་ལས་སྣེ་བཅས་ལ་བཞུགས་དགོས་བྱུང་བའི་རྐྱེན་གྱིས། དུས་དེ་ནས་ལོ་འགའི་རིང་ལ་སློབ་གཉེར་རྐང་ཚུགས་པ་ཞིག་གནང་མ་ཐུབ་པར་ཡུན་རིང་འདས། སྔར་ལོ་ཆེན་ཁོང་དགུང་ལོ་ཉི་ཤུ་བའི་སྐབས་སུ་ལྔ་བ་ཆེན་པོའི་མདུན་ནས་བསྙེན་རྫོགས་བསྒྲུབས་ཟིན་ན་ཡང་། དགོས་དབང་གིས་སྔ་འགྱུར་བསྟན་པའི་འབྲེལ་དང་སྡོམ་རྒྱུན་ཁྱད་པར་བ་ལ་གཟིགས་ནས་དགེ་སློང་བསྐྱར་སྒྲུབ་གནང་བར་ལྔ་བ་ཆེན་པོའི་བཀས་བསྐུལ་བས་ན། དགུང་གྲངས་ཉེར་བདུན་པ་ལྕགས་སྤྲེལ་༡༦༨༠ ལོའི་ནག་ཟླའི་ཚེས་བཅུ་གསུམ་ཉིན། སླར་ཡང་ཕོ་བྲང་པོ་ཏ་ལར་སྨད་འདུལ་སྡོམ་རྒྱུན་གྱི་རྒྱུད་འཛིན་དམ་པ་མཁན་ཆེན་དཀོན་མཆོག་བསྟན་འཛིན་(༡༦༢༣-༡༦༨༤)ལས་དགེ་སློང་བསྐྱར་སྒྲུབ་ཞུས་ཏེ་སྨད་འདུལ་སྡོམ་རྒྱུན་ཡང་དག་པར་བཞེས། དེ་ཡང་སྨད་འདུལ་སྡོམ་རྒྱུན་འདི་རྒྱུན་སྐྱོང་གིས་འཛུགས་བཞེད་ལ་བརྟེན་ནས་ལོ་ཆེན་ཉིད་ཀྱིས། “སྨད་འདུལ་བའི་ལུགས་དེ་ལས་བརྒྱུད་པའི་ཁྱད་པར་ཅུང་ཟད་མི་འདྲ་བ་འདི་ཉིད་ཤིན་ཏུ་ཉག་ཕྲ་བར་གྱུར་པ་ན། གོང་མ་ཐམས་ཅད་མཁྱེན་གཟིགས་རྒྱལ་མཆོག་ལྔ་པ་ཆེན་པོའི་བཀའ་ལུང་གིས་བླ་ཆེན་སྡོམ་རྒྱུན་རྣམ་པར་དག་པ་ཁ་རབ་ཞལ་སྔ་ནས་ལ་བཞུགས་ཤིང་། ཁོང་འདུལ་བའི་ངང་ཚུལ་ཤིན་ཏུ་གཙང་བས་སྔ་འགྱུར་གྱི་བསྟན་པའི་འབྲེལ་དང་བཅས་ཁྱེད་ཀྱིས་ཞུས་ནས་མ་ནུབ་པར་གྱིས་ཤིག་ཅེས་བསྩལ་བ་ལྟར་འདུན་མ་ལེགས་པ་ཡིན་ནོ།།” [12]ཞེས་སོགས་གསུངས་པ་ཇི་ལྟ་བ་བཞིན་དུ་མཛད་ཡོད།
གཞན་དུ་ཁ་རབ་དང་ཁ་རག ཁ་རེག་བཅས་འབྲི་སྲོལ་ཅུང་མི་མཐུན་ཡང་། <<དུ་ཀུ་ལའི་གོས་བཟང་>>སོགས་སུ་ཁ་རག་ཅེས་བྲིས་འདུག་པ་དེ་དག་པར་སྙམ། སྨིན་གླིང་ལོ་ཆེན་ཁོང་གིས་ལྔ་བ་ཆེན་པོའི་མཚན་གྱི་མགོར་“གོང་ཞབས་”དང་། “གོང་མ་”ཞེས་སྦྱར་ཏེ་ཧ་ཅང་གི་གུས་བཀུར་ཆེན་པོ་ཞུ་སྟངས་ནི་ཐུན་མོང་མ་ཡིན་པ་ཞིག་ཏུ་མངོན། དེ་བཞིན་དུ་བོད་ཀྱི་གྲྭ་བཙུན་གྱི་སྡེའི་ཐོག་མའི་འབྱུང་ཁུངས་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པའི་སྡོམ་རྒྱུན་སྟེ་སྨད་འདུལ་སྡོམ་རྒྱུན་དང་འབྲེལ་ནས་བསྟན་འགྲོའི་བྱ་བར་གཅིག་ཏུ་འབུངས་བཞིན་སྔ་ཕྱི་ཅི་རིགས་པར་སྙིང་བོའི་འགྲེལ་བ་པར་བཀབ་དང་། གཡུང་ཊཱིཀ མངོན་པ་མཛོད། དབུ་མའི་སྟོང་ཐུན། འདུལ་བ་སུམ་བརྒྱ་བ། ལུང་རིགས་གཏེར་མཛོད། ལུང་རིགས་རྒྱ་མཚོ་བཅས་ཀྱི་སྟེང་ནས་འདུལ་བ་དང་ཕར་ཕྱིན་གྱི་བཤད་པ་སོགས་མང་དུ་བགྱིས། གཞན་ཡང་གུང་ཐང་པཎ་ཆེན་བཤེས་གཉེན་རྣམ་རྒྱལ་དང་། གཅེན་རྒྱལ་སྲས་བསྟན་པའི་ཉི་མ་གཉིས་ལས་འདུལ་བའི་བརྡ་ཆད་དང་གཞི་གསུམ་གྱི་ཕྱག་ལེན་བཅས་པར་ཞིབ་ཏུ་མཁས་པར་བསླབས་ཤིང་། རབ་འབྱམས་པ་སངས་རྒྱས་ཆོས་དར་གྱི་མདུན་ནས་འདུལ་བའི་བཤད་རྒྱུན་མང་དུ་གསན་བཞེས་གནང་བ་བཅས་བསྟན་པའི་སྲོག་ཤིང་འདུལ་བ་རྒྱ་མཚོར་གསན་སྦྱོང་དཔྱིས་ཕྱིན་པར་མཛད། དུས་མཚུངས་སུ་གཏེར་བདག་གླིང་བས་གཙོས་པའི་བླ་མ་དམ་པ་དུ་མའི་ཞབས་པད་ཚུལ་བཞིན་བསྟེན་ནས་མདོ་སྒྱུ་སེམས་གསུམ། སེམས་ཀློང་མན་ངག་གི་སྡེ་གསུམ། རྒྱུད་སྡེའི་སྐོར། གཤིན་རྗེ་གཤེད་ཀྱི་སྐོར། གཏེར་མའི་སྐོར། བཀའ་བརྒྱད་སྤྱི་སྒོས་ཀྱི་སྐོར། ཟབ་མོ་དག་སྣང་གི་སྐོར། མདོའི་སྐོར། མདོ་སྔགས་སྤྱིའི་བཤད་ཆོས་སོགས་དབང་བཀའ། བཤད་ལུང། མན་ངག ཁྲིད་ཡིག་བཅས་པ་ཇི་སྙེད་ཀྱི་རྒྱུན་བཞུགས་སོ་ཅོག་ཐུགས་ཀྱི་ཡོལ་གོར་ཡོངས་སུ་གཏམས་པར་མཛད་ཡོད།
གསུམ་པ། སྨིན་གླིང་ལོ་ཆེན་གྱི་སྐུ་ཚེ་སྨད་ཀྱི་གནས་སྐབས།
སྨིན་གླིང་ལོ་ཆེན་གྱི་མཚན་ལ་ལེགས་པ་དོན་གྲུབ་དང་། པད་མ་འཕྲིན་ལས་རྒྱལ་མཚན། ཨོ་རྒྱན་གྲགས་པ་བཟང་བོ། ངྷརྨ་ཤྲཱི། ཆོས་དཔལ་རྒྱ་མཚོ། ངག་དབང་ཆོས་དཔལ་བཅས་འགའ་ཞིག་སྣང་ཞིང་། ལོ་ཆེན་ཁོང་སྨིན་གྲོལ་གླིང་གི་མཁན་ཁྲིར་བཞུགས་པའི་སྐུ་རིང་ལ་ཆོས་བཞིན་འདུལ་བ་ལ་ལེགས་པར་གནས་པའི་གྲྭ་ས་དང་བ་འདྲེན་པ་འདི་བཞིན་ཚུགས། ལོ་ཆེན་མཆོག་གིས་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་གཏན་ལ་ཕབ་པའི་དོན་རྣམས་བླང་དོར་གྱི་སྒོ་ནས་ཚུལ་བཞིན་དུ་བསྒྲུབས་ཤིང་ཉམས་སུ་བླངས་པས། དགུང་གྲངས་ཉེར་བདུན་པར་གཅེན་གཏེར་བདག་གླིང་བ་ལས་རིག་འཛིན་ཐུགས་ཐིག་གི་ཁྲིད་ཞུས་ཏེ་ནན་ཆེར་བསྒོམས་པས་ན། རྣམ་རྟོག་ངོ་ཤེས་ཀྱི་ཉམས་སྣང་གི་སྣེས་ཟིན་པའི་མྱོང་བ་རྒྱུད་ལ་སྐྱེས། མེ་སྟག་༡༦༨༦ ལོར་བྱ་རྒོད་པ་ཆོས་སྐྱོང་རྒྱལ་མཚན་(༡༦༤༨-༡༦༩༠)ལས་ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་ཞུས་རྗེས་མཚམས་རྒྱ་དམ་པོར་བཅད་དེ་འབད་པ་ཆེན་པོས་ལྷག་ཏུ་བསྒོམས་པ་ལས་ཞི་གནས་ཀྱི་ཉམས་སྣང་འཁྲུངས། དེ་བཞིན་དུ་མི་གཡོ་གསུམ་ལྡན་ངང་ནས་བཙན་ཐབས་ཀྱི་གནད་ལ་བརྟེན་ཏེ་སྒོམ་སྒྲུབ་དང་གང་ཟག་གཉིས་ཡ་བྲལ་དུ་མ་སོང་བར། ཟབ་ལམ་གྱི་གནད་རྣམས་ཉམས་འོག་ཏུ་ཆུད་པའི་ངེས་ཤེས་བརྟན་པོ་འདྲོངས་བཞིན་ཁྱད་པར་བཞི་ལྡན་གྱི་བསྐྱེད་རིམ་གྱི་གནད་ལ་གོ་བ་སྐྱེས་ཤིང་མོས་སྒོམ་ལ་སློབ་མུར་རྒྱུན་བཞུགས་གནང་། དེར་བསྟུན་གྱིས་“མདོར་ན་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་བཞིན་བབས་ཀྱི་བསམ་གཏན་གྱི་ངང་ལ་འཇོག་ལོ་ཙམ་དང་། དེ་ལྟར་མ་རྟོགས་པ་ལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོའི་རྩལ་སྣང་ལྷ་སྐུར་ལངས་ཏེ། རེས་འགའ་དེའི་ངང་ལ་འཇོག་པ་རྣམས་ཅི་རིགས་སུ་སྒོམ་ཞིང་། རྗེས་ཤེས་ཀྱི་གནས་སྐབས་ཀུན་ཏུ་ཤེས་བཞིན་གྱི་དྲན་པས་ཅི་སླེབས་ཀྱིས། གཙོ་བོར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་དམ་པར་རེ་ལྟོས་བཅས་ནས་ཐུགས་ཅི་ཟིན་དང་ཅི་མཉེས་ལྷུར་ལེན་པའི་བཀའ་ལུང་ལས་ནམ་དུའང་མི་འགོངས་པའི་ཞེ་དམ་དང་” [13]ཕྱོགས་ཀུན་ནས་ཡོངས་སུ་མཐུན་པར་ཉམས་བཞེས་གནད་དུ་ཐིངས་པ་མཛད། ཞོར་རྣམས་སུ་ཞབས་དྲུང་རིན་པོ་ཆེ་སྐུ་མཆེད་དང་། བཤེས་གཉེན་ཆགས་པ་ཆོས་འཕེལ། དགེ་སློང་ཨོ་རྒྱན་དཔལ་འབྱོར། མདོ་མཁར་བ་ཚེ་རིང་དབང་རྒྱལ་སོགས་ཤེས་ལྡན་སློབ་བུ་མང་བོར་སྒྲ་ཀ་ལ་བའི་ས་རིས་ཡོངས་རྫོགས་དང་། དབྱངས་ཅན་བྱ་ཀ་ར་ནའི་བཤད་པ། སྙན་ངག སྡེབ་སྦྱོར་གྱི་བཤད་པ། རྩིས་ཀྱི་ས་རིས་སོགས་ཐུན་མོང་རིག་གནས་ཀྱི་ཕྱོགས་ནས་སྐབས་བསྟུན་གྱི་འབེལ་གཏམ་དང་། མཐའ་དཔྱོད་བཅས་དང་སྦྱར་ཏེ་བཤད་ཁྲིད་སྤེལ་གསུམ་དུས་ཡུན་རིང་བོར་རྒྱ་ཆེར་གནང་ཡོད།
<<བཀའ་བློན་རྟོགས་བརྗོད་>>དུ་ཡང་། “ལྕགས་ཡོས་(༡༧༡༡)རང་ལོ་བཅོ་ལྔ་བའི་ཐོག་སྨིན་གྲོལ་གླིང་དུ་སློབ་གཉེར་ལ་ཐོན་ནས། ངེས་པ་དོན་གྱི་མཁས་པ་ཆེན་པོ་ལོ་ཆེན་ངྷརྨ་ཤྲཱིའི་ཞབས་པད་བསྟེན་ཏེ་འཕགས་ཡུལ་མཁས་དབང་དཎྜིའི་བཞེད་གཞུང་སྙན་ངག་ལེའུ་གསུམ་པའི་བཀའ་ཁྲིད་ཞུས་ཤིང་རྩོམ་རྒྱུགས་ཀྱང་ཕུལ་བ་དང་། སྟོང་འཇུག་མ་གཏོགས་པའི་སྐར་རྩིས་རི་མོ་ཡོངས་རྫོགས། ལཉྫ་དང་བཅས་པའི་ཡིག་རིས་ཀྱི་བཀའ་དྲིན་སྩལ་ཞིང་།” ཞེས་དང་། “ཆུ་མོ་སྦྲུལ་གྱི་ལོ་(༡༧༡༣)སླར་ཡང་སྐྱབས་མགོན་ལོ་ཆེན་མཆོག་གི་ཞབས་རྩར་བཅར་ཏེ། སྒྲ་དབྱངས་ཅན་མ་ཡོངས་རྫོགས། སྡེབ་སྦྱོར་རིན་ཆེན་འབྱུང་གནས། སྐར་རྩིས་ཀྱི་འཕྲོ་སྐྱོང་བཅས་བདག་ཉིད་ཀྱིས་གོང་དུ་ཇི་ལྟར་བསླབ་སྦྱངས་བགྱིས་པ་འདི་དག་ཐམས་ཅད་སློབ་དཔོན་བསྐོས་ཏེ་བསླབས་པ་སོགས་ཀྱང་མིན་པས་ལོ་ཆེན་མཚུངས་པ་མེད་པ་སྐུ་དངོས་རང་ནས་ལྗགས་ཁྲིད་གནང་བ་ཤ་སྟག་གི་སྐལ་བཟང་ཉམས་སུ་མྱོང་ཞིང་། སྒྲའི་རི་མོ་ཡོངས་སུ་རྫོགས་པར་གྲུབ་ནས་ཚངས་སྲས་དགྱེས་པའི་བློ་ལྡན་ཞེས་ཕྱག་བྲིས་མའི་མིང་འདོགས་སྩལ།” [14]ཞེས་འབྱུང་། དེ་བཞིན་དུ་སྔ་ཕྱིར་བློ་གསལ་སློབ་ཚོགས་མང་བོའི་རང་བློ་དང་འཚམས་པར་ཕར་ཕྱིན་དང་། དབུ་མ། མངོན་པ་མཛོད་སོགས་གཞུང་མང་བོའི་བཤད་ཁྲིད་ཡུན་རིང་མཛད་ཅིང་། སྒོས་སུ་སྔ་འགྱུར་གསང་སྔགས་རྙིང་མའི་ལུགས་ཀྱི་དབང་ལུང་ཡོངས་སུ་རྫོགས་པས་མཚོན། མན་ངག་གི་བཀའ་ཅི་རིགས་བཅས་པ་སོགས་ཀྱི་ཉམས་ཁྲིད་དང་། བཤད་ཁྲིད་ཟབ་མོའི་སྒོ་ནས་གསང་ཆེན་སྔ་འགྱུར་བསྟན་པར་སྲི་ཞུ་བླ་ན་མེད་པ་བསྒྲུབས་གནང་བས་སྔ་འགྱུར་བསྟན་པའི་དཔུང་གཉེན་དམ་པར་གྱུར། ཁྱད་པར་དུ་རྒྱལ་བའི་བསྟན་པ་ལ་སྙིང་ནས་གཅེས་པའི་ངེས་འབྱུང་གི་ཚུལ་ཁྲིམས་དོན་དུ་གཉེར་བའི་སློབ་མཆོག་རྣམས་ཀྱི་ངོར་སྡོམ་གསུམ་རྣམ་ངེས་དང་། སྡོམ་གསུམ་རབ་དབྱེ། འདུལ་བ་སུམ་བརྒྱ་བ། འདུལ་བ་མདོ་རྩ་བ། འདུལ་བའི་སྤྱི་དོན་ལུང་རིགས། འདུལ་བའི་བསླབ་བྱ་སོགས་དམ་ཆོས་འདུལ་བའི་བཤད་ཁྲིད་དང་ལག་ལེན་རྣམས་ཟུང་འབྲེལ་གྱིས་རྒྱུན་ཆགས་སུ་གནང་ཡོད་པ་རྣམས་ནི་ལོ་ཆེན་ཉིད་ཀྱི་ཞལ་ནས་ཀྱང་། “དེ་ལྟར་ན་ངོས་ཅག་གིས་ཀྱང་རང་ལ་ནུས་པ་མ་མཆིས་རུང་། དམ་པ་རྣམས་ཀྱིས་བྱིན་རླབས་ཅུང་ཟད་ཞུགས་པས་མཁན་པོའི་གཡར་ཁྲལ་བླངས་ནས་གང་སྤོབས་ཀྱིས་སྤེལ་ལོ་བགྱིས་པར། ད་ལྟའི་ལྕགས་སྦྲུལ་གྱི་ལོ་(༡༧༠༡)འདི་ཡན་ལ་སྡོམ་ཕྲུག་དགེ་སློང་ཉིས་བརྒྱ་ལྷག་ཙམ་དང་། དགེ་ཚུལ་སྟོང་ཕྲག་བརྒལ་བ་ཙམ་དུ་ཟིན་པ་ནི་ཆོས་ལྡན་གྱི་འཕྲིན་ལས་སུ་རློམ་པ་ལགས་པས།” [15]ཞེས་ཁེངས་སྐྱུང་གི་རྣམ་པ་དང་བཅས་ཏེ་ཟུར་ཙམ་གསུངས་ཡོད་པ་དེ་བཞིན་ཡིན། མཐར་ལོ་ཆེན་ཁོང་གིས་ཁྱོན་བསྡོམས་པས་བསྒྲུབ་བྱའི་གང་ཟག་བཞི་བརྒྱ་བཞི་བཅུ་ཞེ་བདུན་ལ་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོར་བསྒྲུབས་པ་དང་། ཚིགས་སྔ་མ་རབ་བྱུང་དུ་བསྒྲུབས་ཏེ་དགེ་ཚུལ་གྱི་སྡོམ་པ་བསྩལ་གྲངས་ལ་ཆིག་སྟོང་ཉིས་བརྒྱ་གོ་བརྒྱད་ཡོད་ཚུལ་གསལ།
དེ་ལྟར་སྨིན་གྲོལ་གླིང་དུ་གསང་ཆེན་སྔ་འགྱུར་རྙིང་མ་ལ་མཁན་ཆེན་ཞི་བ་འཚོའི་སྡོམ་རྒྱུན་ཅན་གྱི་རབ་བྱུང་གི་སྡེ་དང་། གཞི་གསུམ་གྱི་ཕྱག་ལེན་བཟང་བོ་ཉམས་མེད་དུ་ཚུགས་ཐུབ་ཡོད་པ་ནི་ལོ་ཆེན་ཁོང་ཉིད་ཀྱི་སྐུ་དྲིན་དུ་འཁུམས། བསྟན་པ་ཕྱི་དར་གྱི་རྗེས་ནས་འདུལ་བའི་སྡོམ་རྒྱུན་གྱི་ཐད་དུ་བོད་སྔ་རབས་ཀྱི་མཁས་པ་ཚོའི་ཁྲོད་ན་ཕན་ཚུན་གྱི་ཁས་ལེན་དང་དགོངས་ཚུལ་མི་མཐུན་པ་ཅུང་ཙམ་རེ་བྱུང་ཡོད་པས་ན། “བླ་ཆེན་སྡོམ་རྒྱུན་བཀའ་གདམས་སོགས་ཕལ་མོ་ཆེས་ཕྱག་ལེན་ལ་འདེབས་པར་མཛད་པར་མ་དག་པའི་སྐུར་བ་བཏབ་ན་ཆོས་སྤོང་གི་སྡིག་པ་གསོག་མོད།” [16]ཅེས་རྒྱལ་དབང་ལྔ་བ་ཉིད་ནས་ཀྱང་བླ་ཆེན་སྡོམ་རྒྱུན་ལ་ཐེ་ཚོམ་ཅུང་ཟད་མཛད་མྱོང་ཡོད། དེ་ལྟར་ན་ཡང་དུས་རབས་བརྒྱད་པའི་ནང་གངས་ཅན་བོད་དུ་འདུལ་བསྟན་ཐོག་མར་འཛུགས་མཁན་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པའི་འདུལ་བའི་སྡོམ་རྒྱུན་གྱི་བརྒྱུད་པ་ནི་ད་ལྟའི་བར་དུ་མཚམས་དང་བར་མ་ཆད་པར་ནར་མར་བྱོན་ཡོད་ལ། བོད་ཀྱི་མཁས་གྲུབ་གསེར་རིའི་ཕྲེང་བ་ཕལ་མོ་ཆེས་ཀྱང་སྨད་འདུལ་གྱི་སྡོམ་རྒྱུན་འདི་ལ་བརྟེན་ནས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དེ་ཉིད་ཉི་ཟླ་བཞིན་དུ་ཤིན་ཏུ་གསལ་བར་བྱས་ཚུལ་ནི་ཆོས་འབྱུང་རྣམ་ཐར་སོགས་སུ་ཆེས་ཆེར་གསལ། དེ་དང་རྟེན་ཅིང་འབྲེལ་འབྱུང་གིས་“སྨད་འདུལ་བ་འདི་ལ་སྡོམ་རྒྱུན་ཙམ་དུ་མ་ཟད། སྔོན་གྱི་སྐྱེས་མཆོག་རྣམས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་མཐུ་ལས་བཤད་རྒྱུན་ཀྱང་དུས་ཀྱི་ཐ་མའི་ཐ་མ་ད་ལྟའི་བར་དུ་དར་ཞིང་རྒྱས་པར་ཡོད་ཅིང་། སྟོད་འདུལ་བའི་བཤད་རྒྱུན་ཀྱང་གཟུས་རྡོ་རྗེ་རྒྱལ་མཚན་གྱི་ལོ་ཙཱ་བ་རླུང་སྐྱོག་གཉིས་ལ་མཁས་ཉན་མཛད་པས་སྨད་འདུལ་བའི་བཤད་རྒྱུན་ལ་འདྲེས་པའི་ཕྱིར་མ་ཆད་པར་སྣང་ངོ་།།” ཞེས་དང་། “ལར་དུས་ཕྱིས་ཀྱི་མི་ཐེ་ཚོམ་ཆེར་ཟོས་པས་སྔོན་བླ་ཆེན་པོའི་ཐུགས་རྒྱུད་ལ་སྡོམ་པ་རྣམ་དག་མ་འཁྲུངས་པར་བསྒྲུབ་པ་ནི་བཞད་གད་ཀྱི་གནས་སོ།། དེར་མ་ཟད་བླ་ཆེན་བརྒྱུད་པ་མ་དག་ན། ཁ་ཆེའི་པཎ་ཆེན་གྱིས་བྱང་རྡོར་རྣམ་གཉིས་དང་འཇམ་དབྱངས་ས་པཎ་གསུམ་བསྙེན་པར་རྫོགས་པ་ལའང་ལས་མ་ཆགས་པར་འགྱུར་ཏེ། རྒྱུ་མཚན་བྱང་ཆུབ་དཔལ་བའི་ལས་སློབ་ཤངས་པ་ཇོ་སྟོན་དང་། གསང་སྟོན་རྒྱང་རོ་གཞོན་རིན། རྡོ་རྗེ་དཔལ་བའི་ལས་སློབ་གཙང་པོ་བ་དང་། གསང་སྟོན་བསོད་རྒྱན། འཇམ་དབྱངས་ས་པཎ་གྱི་ལས་སློབ་སྤྱི་བོ་ལྷས་པ་དང་། གསང་སྟོན་མོ་རི་བ་རྣམས་པཎ་ཆེན་བོད་དུ་མ་བྱོན་གོང་དུ་བསྙེན་པར་རྫོགས་ཟིན་པས་བླ་ཆེན་བརྒྱུད་པ་ཡིན་དགོས་ལ། དེ་ཡིན་ན་ཁྱོད་རང་གི་རིགས་པ་དེས་པཎ་ཆེན་སྡོམ་རྒྱུན་ཀྱང་མ་དག་པར་ཁས་བླངས་པར་འགྱུར་རོ།།” [17]ཞེས་སོགས་གསུངས་པ་བཅས། སྡོམ་རྒྱུན་ཕྱོགས་ཀྱི་བཞེད་ཚུལ་ཐད་ནས་དྲི་མེད་འཐད་ལྡན་ལུང་རིགས་ཀྱིས་དགག་བཞག་ཡང་དག་སྤྲོས་ཏེ་བསྟན་རྒྱུན་ལ་ཀུན་ཏུ་ནས་སྨན་པའི་ཆོས་བཞིན་འདུལ་བ་འཛིན་པའི་རང་ལུགས་ཚུགས་ཐུབ་ཏུ་གྲུབ་པ་ཞིག་བསྐྱངས་ཡོད།
མཚུངས་མེད་རླབས་ཆེའི་མཛད་བཟང་དེ་དག་དང་རྗེས་སུ་འབྲེལ་ཏེ་ལོ་ཆེན་ཉིད་ཀྱིས། “ཕྱིས་ནས་ཀྱང་དགེ་བའི་བཤེས་གཉེན་མཁས་བཙུན་བཟང་བོའི་ཡོན་ཏན་མངའ་བ་རྣམས་ཀྱིས་གཅིག་ཏུ་བསྟན་པ་ལ་དགོངས་ཏེ། མཁན་པོ་གཏན་མེད་ཀྱི་ལུང་ཙམ་ལ་འཁྲིས་ནས་དགེ་སློང་བཞི་ཚོགས་ཀྱིས་བསྙེན་རྫོགས་འབོགས་པ་དང་། བསྒྲུབ་བྱ་ལོ་བདུན་དང་ཉི་ཤུ་མ་ལོན་པར་རབ་བྱུང་བསྙེན་རྫོགས་སྟེར་བ་དང་། བསྒྲུབ་བྱ་གསུམ་ལས་མང་བར་དུས་གཅིག་ཏུ་སྡོམ་པ་འབོགས་པ་དང་། གོས་བྱིན་རླབས་མཁན་པོ་ལས་གཞན་དག་གིས་ཀྱང་བྱེད་པ་དང་། ལས་ཆོག་དཔེ་ཀློག་བྱེད་པ་དང་། ལས་གྲྭ་རྣམས་ཀྱིས་ཀྱང་ཆོ་ག་ལ་ཐུགས་མི་གཏོད་པར། འགྲོ་འདུག་དང་། ངག་བཟླས་བྱེད་པ་དང་། ལས་གྲྭ་གྱེས་ནས་ལས་སློབ་ཀྱིས་གདམས་ངག་ཟུར་དུ་འདེབས་པ་སོགས་ཟོར་ཡང་མི་མཛད་པར། ཕྲ་ཞིབ་ཀྱི་ཕྱག་ལེན་རྣམ་པར་དག་པ་འདི་ཉིད་མི་ཉམས་གོང་འཕེལ་དུ་འགྱུར་བའི་སྒོ་ནས་སྤྱིར་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་མཁན་ཆེན་ཞི་བ་འཚོའི་རིང་ལུགས་རྒྱས་པར་བྱ་བའི་ཕྱིར་དང་། ངེས་འབྱུང་གི་ཚུལ་ཁྲིམས་དོན་དུ་གཉེར་བའི་བློ་ལྡན་རྣམས་ཀྱི་རྒྱུད་ཆུད་མི་གཟོན་པར་བསྐྱང་བ་ལ་ནན་ཏན་དུ་མཛོད་ཅིག་ཅེས་གསོལ་བ་འདེབས་སོ།།” [18]ཞེས་ཀྱང་ཆེད་དུ་གསལ་འདེབས་དང་སྦྲགས་ཏེ་ལེགས་པར་གསུངས་ཡོད།
སྐྱེས་ཆེན་དམ་པ་མང་བོ་ལོ་ཆེན་ཁོང་གི་རྗེས་འཇུག་ཞལ་སློབ་ཏུ་གྱུར་པ་ལ། ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས། ཡར་འབྲོག་གླིང་ཞབས་དྲུང་ཡབ་སྲས། ཕུན་ཚོགས་གླིང་དགེ་སློང་འབྱུང་གནས། གསང་སྔགས་གླིང་གདུང་རྒྱུད་མཆེད་བཅས། སྟག་སྣ་ཏྲེ་བོ་སྤྲུལ་བའི་སྐུ། གསུང་སྤྲུལ་ཀུན་བཟང་རྡོ་རྗེ། དཔལ་རི་སྤྲུལ་བའི་སྐུ། ཐང་འབྲོག་སྤྲུལ་བའི་སྐུ། ཟང་ལ་མཁར་སྤྲུལ་བའི་སྐུ། བོན་ལུང་སྤྲུལ་བའི་སྐུ། ཆབ་མདོ་འཕགས་པ་ལྷ་རྒྱལ་བ་རྒྱ་མཚོ། མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་སོགས་ཧ་ཅང་མང་བོ་མཆིས།
དུས་མཚུངས་སུ་<<རྟེན་འབྲེལ་བསྟོད་པ་>>ལས། “མཛད་པ་ཀུན་ལས་གསུང་གི་ནི།། མཛད་པ་མཆོག་ཡིན་་་་་”ཞེས་གསུངས་པ་ལྟར་གྱི་མཁས་པ་དགྱེས་པའི་ལེགས་བཤད་གསུང་རྩོམ་གྱི་ཕྱོགས་ནས། སྒྱུ་འཕྲུལ་རྩ་རྒྱུད་གསང་སྙིང་གི་འགྲེལ་བ་དང་། དཀྱིལ་འཁོར་བློས་བསླངས་ཀྱི་རྣམ་གཞག རྣམ་བཤད་རྒྱུད་ལུང་མན་ངག་གི་གནད་གསལ་བྱེད་སྒྲོན་མེ། རྒྱུད་དང་མན་ངག་གི་ལུགས་གཅིག་ཏུ་དྲིལ་བའི་དབང་ཆོག་རྡོ་རྗེའི་ཐེམ་སྐས། ཐུགས་རྗེ་ཆེན་པོའི་རྩ་ཁྲིད་ཀྱི་རྣམ་བཤད་རི་ཆོས་མཐར་ཐུག་ཟབ་དོན་གསལ་བའི་ཉི་མ། སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་བ་ལེགས་བཤད་ངོ་མཚར་དཔག་བསམ་སྙེ་མ། སྡེབ་སྦྱོར་གྱི་འགྲེལ་བ་དོན་གསལ་མེ་ལོང་། རྩིས་གཞུང་ཉིན་བྱེད་སྣང་བའི་དཀའ་འགྲེལ་གསེར་ཤིང་། འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས། གཏེར་ཆེན་ཆོས་ཀྱི་རྒྱལ་བོའི་ཕྱི་ནང་གི་རྣམ་ཐར་སོགས་ཁྱོན་བསྡོམས་གསུང་འབུམ་གྱི་པོད་ཕྲེང་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ཚུལ་དུ་གངས་ཅན་བོད་ཀྱི་ཤེས་རིག་གི་དཔལ་ཡོན་ཆེན་པོར་བཞུགས་སུ་གསོལ་ཡོད།
མདོར་ན། སྨིན་གླིང་ལོ་ཆེན་མཆོག་གིས་སྐུ་ཚེ་ཧྲིལ་བོར་གཞན་ཕན་གྱི་འཕྲིན་ལས་རྒྱ་ཆེ་ལ་རྒྱུན་མི་ཆད་པར་བསྒྲུབས་པས་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འགྲོ་བའི་མཆོད་སྡོང་ཉག་གཅིག་ཏུ་ཚུལ་བཞིན་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་རླབས་པོ་ཆེའི་སྒོ་ནས་དུས་འདའ་བར་མཛད། མཐར་དགུང་གྲངས་དྲུག་ཅུ་རེ་ལྔ་བཞེས་པ་རབ་བྱུང་བཅུ་གཉིས་པའི་ས་ཁྱི་༡༧༡༨ ལོར་སོག་པོ་ཇུན་གར་བའི་དམག་དཔུང་གིས་དབུས་ཕྱོགས་ཀྱི་རྙིང་ལུགས་དགོན་པ་རྣམས་རྩིང་སྤྱོད་ཀྱིས་བཅོམ་ཞིང་། དུས་མཉམ་དུ་བོད་ཀྱི་གྲགས་ཅན་བླ་ཆེན་འགའ་ཞིག་གི་སྐུ་སྲོག་ཀྱང་འཕྲོག་པར་གྱུར་པའི་དུས་དེར། གདུག་རྩུབ་ཅན་དེ་ཚོས་གསང་ཆེན་སྔ་འགྱུར་བསྟན་པའི་མིག་རྒྱན་དམ་པ་སྨིན་གླིང་ལོ་ཆེན་ངག་དབང་ཆོས་དཔལ་མཆོག་ཀྱང་སྐྱིད་ཆུའི་འགྲམ་དུ་བཀྲོང་ལ་ངེས་སྐབས། སྐྱེ་འཆི་ལ་མངའ་བརྙེས་པའི་སྐྱེས་ཆེན་དམ་པ་གང་དེས་དགྲ་ཕྱོགས་ཀྱི་རལ་གྲི་གཏན་བཞེས་མ་གནང་བར་འཕོ་བ་སྤར་ཏེ་སྐུ་གཤེགས་པའི་མཛད་པ་མཐའ་མ་བསྟན་ཡོད།
[གསལ་བཤད། ལུང་འདྲེན་རྣམས་ལུང་ཁུངས་སོ་སོར་ཇི་ལྟར་འཁོད་པ་བཞིན་སོར་བཞག་བྱས་ཡོད།]
ཟུར་ལྟའི་དཔེ་དེབ་ཁག
[1] <<ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀུ་ལའི་གོས་བཟང་།>> རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོས་བརྩམས། གླེགས་བམ་གཉིས་པ། ལྡེབ་རིང་ཤོག་ངོས་༧༧ ན་ཡོད།
[2] <<སྨིན་གླིང་ལོ་ཆེན་ངྷརྨ་ཤྲཱིའི་གསུང་འབུམ་པར་བསྐྲུན་ཞུས་པའི་གཏམ་ངོ་མཚར་ལྷའི་རྔ་སྒྲ>> སྔགས་བཙུན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས། སྨིན་གླིང་ལོ་ཆེན་གྱི་གསུང་འབུམ་ཀ་པ། ཤོག་ངོས་༡༩ ན་ཡོད།
[3] <<ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀུ་ལའི་གོས་བཟང་།>> རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོས་བརྩམས། གླེགས་བམ་གཉིས་པ། ལྡེབ་རིང་ཤོག་ངོས་༡༠༧ ན་ཡོད།
[4] <<གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་ཀྱི་རྣམ་ཐར་ཕྱོགས་བསྒྲིགས།>> བྱམས་པ་འཕྲིན་ལས་ཀྱིས་བརྩམས། ༢༠༠༠ ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ཤོག་ངོས་༣༡༡ ན་ཡོད།
[5] <<བཀའ་བློན་རྟོགས་བརྗོད།>> མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱིས་བརྩམས། ༡༩༨༡ ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས་༦ ན་ཡོད།
[6] <<ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀུ་ལའི་གོས་བཟང་།>> རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོས་བརྩམས། གླེགས་བམ་གཉིས་པ། ལྡེབ་རིང་ཤོག་ངོས་༡༠༧ ན་ཡོད།
[7] <<རང་ཉིད་ཀྱི་ཆོས་དང་རྗེས་སུ་འབྲེལ་བའི་སྤྱོད་པ་ལས་བརྩམས་པའི་ལོ་རྒྱུས་བདེན་གཏམ་རྣ་བའི་བདུད་རྩི།>> སྨིན་གླིང་ལོ་ཆེན་ངག་དབང་ཆོས་དཔལ་གྱིས་བརྩམས། སྨིན་གླིང་ལོ་ཆེན་གྱི་གསུང་འབུམ་ཁ་བ། ལྡེབ་རིང་ཤོག་ངོས་༢༥༤ ན་ཡོད།
[8] <<སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེ།>> སྨིན་གླིང་ལོ་ཆེན་ངག་དབང་ཆོས་དཔལ་གྱིས་བརྩམས། སྨིན་གླིང་ལོ་ཆེན་གྱི་གསུང་འབུམ་ཁ་བ། ལྡེབ་རིང་ཤོག་ངོས་༣༤༠ ན་ཡོད།
[9] <<རྗེ་བཙུན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་བོའི་ནང་གི་རྟོགས་པ་བརྗོད་པ་ཡོན་ཏན་མཐའ་ཡས་རྣམ་པར་བཀོད་པའི་རོལ་མོ།>> སྨིན་གླིང་ལོ་ཆེན་ངག་དབང་ཆོས་དཔལ་གྱིས་བརྩམས། སྨིན་གླིང་ལོ་ཆེན་གྱི་གསུང་འབུམ་ཁ་བ། ལྡེབ་རིང་ཤོག་ངོས་༡༥ ན་ཡོད།
[10] <<ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀུ་ལའི་གོས་བཟང་།>> རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོས་བརྩམས། གླེགས་བམ་གཉིས་པ། ལྡེབ་རིང་ཤོག་ངོས་༥ ན་ཡོད
[11] <<རྗེ་བཙུན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་བོའི་ནང་གི་རྟོགས་པ་བརྗོད་པ་ཡོན་ཏན་མཐའ་ཡས་རྣམ་པར་བཀོད་པའི་རོལ་མོ།>> སྨིན་གླིང་ལོ་ཆེན་ངག་དབང་ཆོས་དཔལ་གྱིས་བརྩམས། སྨིན་གླིང་ལོ་ཆེན་གྱི་གསུང་འབུམ་ཁ་བ། ལྡེབ་རིང་ཤོག་ངོས་༡༨ ན་ཡོད།
[12] <<སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེ།>> སྨིན་གླིང་ལོ་ཆེན་ངག་དབང་ཆོས་དཔལ་གྱིས་བརྩམས། སྨིན་གླིང་ལོ་ཆེན་གྱི་གསུང་འབུམ་ཁ་བ། ལྡེབ་རིང་ཤོག་ངོས་༣༤༤ ན་ཡོད།
[13] <<རང་ཉིད་ཀྱི་ཆོས་དང་རྗེས་སུ་འབྲེལ་བའི་སྤྱོད་པ་ལས་བརྩམས་པའི་ལོ་རྒྱུས་བདེན་གཏམ་རྣ་བའི་བདུད་རྩི།>> སྨིན་གླིང་ལོ་ཆེན་ངག་དབང་ཆོས་དཔལ་གྱིས་བརྩམས། སྨིན་གླིང་ལོ་ཆེན་གྱི་གསུང་འབུམ་ཁ་བ། ལྡེབ་རིང་ཤོག་ངོས་༢༦༨ ན་ཡོད།
[14] <<བཀའ་བློན་རྟོགས་བརྗོད།>> མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱིས་བརྩམས། ༡༩༨༡ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས་༦ དང་༧ ན་ཡོད།
[15] <<སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེ།>> སྨིན་གླིང་ལོ་ཆེན་ངག་དབང་ཆོས་དཔལ་གྱིས་བརྩམས། སྨིན་གླིང་ལོ་ཆེན་གྱི་གསུང་འབུམ་ཁ་བ། ལྡེབ་རིང་ཤོག་ངོས་༣༤༤ དང་༣༤༥ ན་ཡོད།
[16] <<ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀུ་ལའི་གོས་བཟང་།>> རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོས་བརྩམས། གླེགས་བམ་གསུམ་པ། ལྡེབ་རིང་ཤོག་ངོས་༥༧ ན་ཡོད།
[17] <<སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེ།>> སྨིན་གླིང་ལོ་ཆེན་ངག་དབང་ཆོས་དཔལ་གྱིས་བརྩམས། སྨིན་གླིང་ལོ་ཆེན་གྱི་གསུང་འབུམ་ཁ་བ། ལྡེབ་རིང་ཤོག་ངོས་༣༤༢ ན་ཡོད།
[18] <<སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེ།>> སྨིན་གླིང་ལོ་ཆེན་ངག་དབང་ཆོས་དཔལ་གྱིས་བརྩམས། སྨིན་གླིང་ལོ་ཆེན་གྱི་གསུང་འབུམ་ཁ་བ། ལྡེབ་རིང་ཤོག་ངོས་༣༤༥ ན་ཡོད།
– – – – –